Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
རྒྱལ་པོ་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་ལས་བྱང་ཉི་མའི་སྙིང་པོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྒྱལ་པོ་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་ལས་བྱང་ཉི་མའི་སྙིང་པོ།next

རྒྱལ་པོ་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་ལས་བྱང་ཉི་མའི་སྙིང་པོ།


GLG024_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་ལས་བྱང་ཉི་མའི་སྙིང་པོ་བཞུགས་སོ། །


GLG024_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿཨཱཪྻ་ལོ་ཀེ་ཤྭ་རཱ་ཡ། ཀ་དག་ཆོས་སྐུ་བདེ་བ་ཆེན་པོའི་ཀློང་། །ལྷུན་གྲུབ་འོད་ལྔ་ཞི་ཁྲོ་རབ་འབྱམས་གར། །ཐུགས་རྗེའི་དོན་མཛད་སྤྲུལ་སྐུ་སྲོང་བཙན་ཞབས། ཁ་བའི་ལྗོངས་འདིར་ཕན་བདེའི་དཔལ་སྩོལ་ཞིག །གང་དེའི་རྡོ་རྗེའི་ཚིག་གི་ཚངས་པའི་གསུང་། །མི་འགྱུར་ཕྱག་རྒྱས་བཏབ་པ་གསང་བའི་གཏེར། །སྒོ་འབྱེད་སྤྲུལ་པའི་གཏེར་སྟོན་རྣམ་གསུམ་སོགས། །རིགས་འཛིན་བརྒྱུད་པའི་ཚོགས་རྣམས་ཕྱག་གི་ཡུལ། །དཔལ་ལྡན་སྐུ་བཞིའི་འབྱོར་བ་ལྷུན་གྲུབ་པའི། །འཕྲིན་ལས་སྲིད་མཐར་རབ་རྒྱས་རྡོ་རྗེ་འཛིན། །བཀྲ་ཤིས་གཡས་སུ་འཁྱིལ་བའི་ཀུན་དགའི་དཔྱིད། །དྲིན་ཅན་རྩ་བའི་བླ་མ་གཙུག་ན་མཛེས། །གངས་ཅན་ཕན་བདེའི་འདབ་སྟོང་འཛུམ་བྱེད་པའི། །འཇིག་རྟེན་དབང་ཕྱུག་གྲུབ་ཐོབ་ཉིན་བྱེད་དབང་། །རྣམ་དཔྱོད་ཤིང་རྟ་བདུན་པོས་ཉེར་དྲངས་ཚེ། །སྲིད་ཞིའི་རྒུད་པའི་མུན་ཚོགས་ད་ག་ར། །མཐོང་ཐོས་དྲན་པ་ཙམ་གྱིས་འཁོར་བ་ལས། །རྣམ་གྲོལ་ཉམས་སུ་བླངས་ན་ཚེ་གཅིག་ལ། །རང་རིག་ཀུན་བཟང་གོ་འཕང་མངོན་བྱེད་པའི། །ལས་བྱང་ཉི་མའི་སྙིང་པོ་དེང་འདིར་སྤྲོ། །དེ་ལ་འདིར་ཆོས་སྐྱོང་(༢ན)


GLG024_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྒྱལ་པོ་སྲོང་བཙན་སྒམ་པོའི་བཀའ་འབུམ་ལས་བྱུང་བའི་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ལྷ་ཉེར་གསུམ་མའི་ལས་བྱང་ངག་འདོན་འཁྱེར་བདེ་བ་བརྗོད་པར་བྱའོ། །སྐྱབས་སེམས་ཚོགས་ཞིང་ཚད་མེད་བཞི། །སྲུང་འཁོར་བསྒོམ་ཞིང་བྱིན་དབབ་པ། །ཕྱི་མཆོད་སྨན་རག་གཏོར་མ་རྣམས། །བྱིན་བརླབས་སྔོན་འགྲོའི་རིམ་པའོ། །དང་པོ་སྐྱབས་འགྲོ་ནི། བདག་སོགས་ནམ་མཁའི་མཐའ་མཉམ་འགྲོ་བ་ཀུན། །དེང་ནས་རང་རིག་ཀུན་བཟང་མངོན་གྱུར་བར། །བསླུ་བ་མེད་པའི་དཀོན་ཅོག་རྣམ་གསུམ་ལ། །མི་ཕྱེད་གུས་པའི་ཡིད་ཀྱིས་སྐྱབས་སུ་མཆི། །གཉིས་པ་སེམས་བསྐྱེད་པ་ནི། གདོད་ནས་དག་པའི་རིག་པ་ཀུན་ཏུ་བཟང་། །མ་རིག་འཁྲུལ་བའི་རྙོག་མས་རབ་སྦགས་ཏེ། །འཁོར་བའི་རྒྱ་མཚོ་ཆེན་པོར་བྱིང་བ་རྣམས། །སྒྲོལ་ཕྱིར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །གསུམ་པ་ཚོགས་ཞིང་ནི། རང་ཉིད་སྤྱན་རས་གཟིགས་སུ་གསལ་བ་ཡི། །ཐུགས་ཀར་པཾ་ལས་པདྨ་དཀར་པོ་དང་། །ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་གང་སྟེང་། །ཧྲཱིཿཡིག་དཀར་ལས་འོད་ཟེར་འཕྲོས་པ་ཡིས། །བླ་མ་རིགས་བདག་རྣམ་པར་ལེགས་བཞུགས་པའི། །ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་ལྷ་ཚོགས་ལ། །(༢བ)


GLG024_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་བྱང་ཆུབ་སེམས་དཔས་རབ་བསྐོར་བ། །མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ། །དུས་གསུམ་བཞུགས་པའི་བླ་མ་ཐམས་ཅད་དང་། །ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་ལྷ་ཚོགས་དང་། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་སྲས་དང་བཅས། །སེམས་ཅན་འཁོར་བའི་སྡུལ་བསྔལ་བསལ་བའི་ཕྱིར། །རང་བཞིན་གནས་ནས་སྤྱན་འདྲེན་གཤེགས་སུ་གསོལ། །ཉི་ཟླ་པདྨའི་གདན་ལ་བརྟན་པར་བཞུགས། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་དམ་པ་བཞེས། །ཚེ་རབས་སྔོན་ནས་ད་ལྟ་ཡན་ཆད་དུ། །སྡིག་པའི་ལས་རྣམས་ཅི་བགྱིས་སོ་སོར་བཤགས། །སྐྱེ་བོ་ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །དུས་གསུམ་དགེ་རྩ་བགྱིས་ལ་རྗེས་ཡི་རང་། །དུས་གསུམ་སངས་རྒྱས་ཞལ་ནས་གསུངས་པ་ཡི། །ཆོས་འཁོར་སེམས་ཅན་རྣམས་ལ་བསྐོར་དུ་གསོལ། །འགྲོ་དོན་མི་མཛད་མྱ་ངན་འདའ་བཞེད་ལ། །འགྲོ་བའི་དོན་དུ་བཞུགས་པར་གསོལ་བ་འདེབས། །བདག་གཞན་དགེ་བའི་རྩ་བ་གང་བསགས་པ། །བླ་མེད་རྫོགས་པའི་བྱང་ཆུབ་མྱུར་ཐོབ་ཤོག །བཞི་པ་ཚད་མེད་བཞི་བསྒོམ་པ་ནི། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་བྱ། ལྔ་པ་སྲུང་འཁོར་ནི། རང་གི་སྙིང་གར་རཾ་ཡིག་དམར་པོ་ལས། །ཉི་མའི་དཀྱིལ་འཁོར་སྟེང་དུ་ཧྲཱིཿཡིག་དམར། །དེ་ལས་འོད་ཟེར་དམར་པོས་ལུས་ཀུན་ཁྱབ། །རྣམ་སྨིན་ལུས་བསྲེགས་འོད་ཀྱི་གོང་བུར་གྱུར། །དེ་ཡི་ངང་ལས་རང་སེམས་ཧྲཱིཿཡིག་ནི། །ཡོངས་གྱུར་དཔལ་ཆེན་རྟ་མགྲིན་སྐུ་མདོག་དམར། །ཞལ་གཅིག་ཕྱག་གཉིས་གཡས་པ་བེ་ཅོན་དང་། །གཡོན་པ་རྡོ་རྗེའི་ཐོ་བས་གདུག་པ་འདུལ། །ཞལ་གདངས་མཆེ་གཙིགས་སྡང་མིག་ཕྱོགས་བཅུར་གཟིགས། །ཤངས་(༣ན)


GLG024_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རླུང་འཚུབ་སྙན་ནས་འབྲུག་སྟོང་ལྡིར། །གློག་སྟོང་ལྗགས་འཁྱུག་ཧྲཱིཿདང་ཕཊ་སྒྲ་སྒྲོག །ཐོད་པའི་ཕྲེང་བ་སྦྲུལ་གྱིས་སྐུ་ལ་བརྒྱན། །དབུ་གཙུག་རྟ་མགོ་ལྗང་ཞུར་རྟ་སྐད་འཚེར། །པདྨ་ཉི་ཟླ་བགེགས་ཀྱི་གདན་སྟེང་དུ། །ཞབས་གཉིས་གྱད་ཀྱི་རོལ་པའི་དོར་སྟབས་ཀྱིས། །ཡེ་ཤེས་མེ་དཔུང་འབར་བའི་དབུས་ན་བཞུགས། །ཐུགས་ཀའི་ཧྲཱིཿལས་གྲངས་མེད་ཁྲོ་བོའི་ཚོགས། །ཕྱོགས་བཅུར་རབ་སྤྲོས་ཧཱུཾ་ཕཊ་སྒྲ་ཆེན་སྒྲོག །རྣོ་ངར་མཚོན་ཆའི་འཁོར་ལོ་གྲངས་མེད་འཕྲོ། །འཇིགས་རུང་ཉམས་ཀྱིས་གདུག་པའི་དཔུང་ཚོགས་ཀུན། །རེངས་རྨུགས་རྒྱལ་སྨྱོས་སྲོག་དང་རྣམ་ཕྲལ་ཏེ། །ལྷག་མ་མཐའ་ཡི་རྒྱ་མཚོའི་ཕ་རོལ་བསྐྲད། །འཇིགས་པ་མེད་པ་སྲུང་བའི་འཁོར་ལོ་ཡི། །འབར་བ་ཆེན་པོའི་མཚམས་ལས་མ་འདའ་ཞིག །སུམྦྷ་སོགས་བརྗོད། སྟེང་འོག་ཕྱོགས་མཚམས་རྡོ་རྗེའི་ས་གཞི་དང་། །ར་གུར་བླ་བྲེ་ཡེ་ཤེས་མེ་དཔུང་འབར། །འཇིགས་རུང་ཁྲོ་ཆུ་ཚོགས་ཀྱིས་རབ་གཏམས་པའི། །སྲུང་བའི་གུར་ཁང་མཚམས་ལས་མ་འདའ་ཞིག །ཨོཾ་ཨཱཿཧཱུཾ། ཨོཾ་ཧ་ཡ་གྲཱི་ཝ་ཧཱུཾ། ཨོཾ་པདྨཱནྟ་ཀྲྀ་ཏ་ཧཱུཾ། ཧྲཱིཿཧྲཱིཿཧྲཱིཿཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། དྲུག་པ་བྱིན་དབབ་པ་ནི། མི་འགྱུར་བདེ་བ་ཆེ་ལས་མ་གཡོས་ཀྱང་། །སྣ་ཚོགས་སྤྲུལ་པས་འགྲོ་བའི་དོན་མཛད་པའི། །དཔལ་ལྡན་རྩ་བ་གསུམ་གྱི་ལྷ་ཚོགས་ཀྱིས། །དབང་བསྐུར་བྱིན་དབབ་དངོས་གྲུབ་ཆར་ལྟར་ཕོབ། །ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས། །བཅོམ་ལྡན་ཚེ་དཔག་མེད་མགོན་བྱིན་རླབས་ཅན། །འདིར་གཤེགས་བདག་དང་གནས་ཁང་སྒྲུབ་རྫས་ལ། །བྱིན་ཆེན་ཕོབ་ལ་དངོས་གྲུབ་སྩལ་དུ་གསོལ། །ཚིག་འོག་མ་གཉིས་ལྷག་མ་ཀུན་ལ་འགྲེ །གྲུ་འཛིན་རི་བོའི་ཕོ་བྲང་ཆེན་པོ་ནས། །(༣བ)


GLG024_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་མཆོག་སྤྱན་རས་གཟིགས་དབང་བྱིན་རླབས་ཅན། །༴འཕྲུལ་སྣང་སྤྲུལ་པའི་གཙུག་ལག་ཁང་ཆེན་ནས། །ཆོས་རྒྱལ་སྲོང་བཙན་སྒམ་པོ་བྱིན་རླབས་ཅན། །༴སྤྱི་གཙུག་པདྨ་ཉི་མའི་གདན་སྟེང་ནས། །རྩ་བ་བརྒྱུད་པའི་བླ་མ་བྱིན་རླབས་ཅན། །༴རང་ལུས་རྒྱལ་བའི་ཞིང་ཁམས་དམ་པ་ནས། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་བྱིན་རླབས་ཅན། །༴མགྲིན་པ་ལོངས་སྤྱོད་འཁོར་ལོའི་ཞིང་ཁམས་ནས། །གྲག་སྟོང་སྔགས་ཀྱི་རང་སྒྲ་བྱིན་རླབས་ཅན། །༴སྙིང་དབུས་གཞོན་ནུ་བུམ་པའི་ཞིང་ཁམས་ནས། །རིག་རྩལ་གདོད་མའི་ཀུན་བཟང་བྱིན་རླབས་ཅན། །༴ལུས་ལ་བདེ་དྲོད་འབར་བར་བྱིན་གྱིས་རློབས། །ངག་ལ་ནུས་པ་སྐྱེ་བར་བྱིན་གྱིས་རློབས། །སེམས་ལ་ཡེ་ཤེས་འཆར་བར་བྱིན་གྱིས་རློབས། །ཕུང་པོ་འོད་སྐུ་གྲོལ་བར་བྱིན་གྱིས་རློབས། །དམ་རྫས་བདུད་རྩིར་འགྱུར་བར་བྱིན་གྱིས་རློབས། །གྲུ་འཛིན་གནས་སུ་བགྲོད་པར་བྱིན་གྱིས་རློབས། །འཕགས་པའི་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །མཆོག་ཐུན་དངོས་གྲུབ་འགྲུབ་པར་བྱིན་གྱིས་རློབས། །ཨོཾ་མ་ཎི་པདྨེ་ཧཱུཾ། ས་མ་ཡ། ཨཾ་བེ་ཤ་ཡ་ཨ་ཨཱཿ བདུན་པ་ཕྱི་མཆོད་བྱིན་གྱིས་བརླབ་པ་ནི། རང་གི་ཐུགས་ཀའི་ས་བོན་ལས་འཕྲོས་པའི། །རཾ་ལས་མེ་བྱུང་མ་དག་སྐྱོན་རྣམས་བསྲེགས། །ཡཾ་ལས་རླུང་བྱུང་མ་དག་སྐྱོན་རྣམས་གཏོར། ཁཾ་ལས་ཆུ་བྱུང་མ་དག་སྐྱོན་རྣམས་བཀྲུས། །ངོ་བོ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལ། །རྣམ་པ་ཉེར་སྤྱོད་འདོད་ཡོན་ལ་སོགས་པའི། །མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པས། །ས་གཞི་བར་སྣང་ཁྱོན་ཀུན་ཁྱབ་གྱུར་ཅིག །ཨཱཪྻ་ལོ་ཀི་ཏེ་ས་པ་རི་ཝཱ་ར་ཨརྒྷཾ། པཱ་དྱཾ། པུཥྤེ། དྷུ་པེ། དཱི་པཾ། གནྡྷེ། ནཻ་ཝི་དྱེ། ཤཔྟ། སརྦ་པཱུ་ཛ་མེ་གྷ་ཧཱུཾ། རཱུ་པ། ཤཔྟ། གནྡྷེ། རཱ་ས། (༤ན)


GLG024_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

སྤཪྴ། བཛྲ་ལཱ་སེ། བཛྲ་ཤཔྟ། བཛྲ་དྷཱུ་པེ། བཛྲ་ནཻ་ཝི་དྱེ། བཛྲ་པཉྩ་ལི་ཀ །བཛྲ་དྷརྨ། བཛྲ་པུ་ཛ་ས་མ་ཡ་མཎྜ་ལ། ཨ་ལ་ལ་ཧོ། བརྒྱད་པ་སྨན་མཆོད་བྱིན་གྱིས་བརླབ་པ་ནི། ཨཱཿལས་བྱུང་བའི་ཐོད་པའི་སྣོད་ཡངས་སུ། །རྩ་བརྒྱད་ཡན་ལག་སྟོང་སྦྱར་ཨ་མྲྀ་ཏ། །ཕྱོགས་བཅུའི་རྒྱལ་བའི་བྱིན་རླབས་ཀུན་བསྟིམ་ནས། །ཟག་མེད་ཡེ་ཤེས་བདུད་རྩིའི་རྒྱ་མཚོར་གྱུར། །ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཋ། དགུ་པ་རཀྟ་བྱིན་གྱིས་བརླབ་པ་ནི། །རབ་དཀར་མཚན་ལྡན་བནྡྷའི་སྣོད་ཡངས་སུ། །ངོ་བོ་ཟག་པ་མེད་པའི་བདུད་རྩི་ལ། །རྣམ་པ་རཀྟའི་རྒྱ་མཚོ་རབ་འཁྱིལ་བ། །རླབས་ཕྲེང་ལྦུ་བའི་དོ་ཤལ་རྒོད་གྱུར་ཅིག །མ་ཧཱ་རཀྟ་ཨ་མྲྀ་ཏཱ་ཧཱུཾ་ཧྲཱིཿཋ། བཅུ་པ་གཏོར་མ་བྱིན་གྱིས་བརླབ་པ་ནི། །རིན་ཅེན་ཐོད་པའི་སྣོད་དུ་གཏོར་མ་ནི། །ངོ་བོ་ཐོགས་པ་མེད་པའི་བདུད་རྩི་ལ། །རྣམ་པ་འདོད་པའི་ཡོན་ཏན་ཀུན་ལྡན་པ། །མཐའ་ཀླས་ནམ་མཁའི་ཁྱོན་ཀུན་ཁྱབ་གྱུར་ཅིག །ཨཱོཾ་མ་ཧཱ་བ་ལིཾ་ཏ་ཧཱུཾ། ཏིང་འཛིན་རྣམ་གསུམ་རྟེན་བརྟེན་པ། །སྙན་གསན་སྤྱན་འདྲེན་བཞུགས་དབང་ཕྱག །ཕྱི་མཆོད་སྨན་རཀ་གཏོར་མ་བསྟོད། །འཛབ་དང་དངོས་གྲུབ་དངོས་གཞིའི་ཁྲིགས། །དང་པོ་ཆོས་སྐུ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི། སྣ་ཚོགས་སྣང་བའི་སེམས་ཀྱི་རོལ་པའི་རྩལ། །སྣང་བའི་ངོ་བོ་ཀ་དག་སྟོང་པའི་གཤིས། །སྤྲོས་བྲལ་བརྗོད་དུ་མེད་པ་ཆོས་ཀྱི་དབྱིངས། །དབྱེར་མེད་རིག་པའི་ངོ་བོ་ཀུན་ཏུ་བཟང་། །གཉིས་པ་ལོངས་སྐུ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནི། འཁྲུལ་བའི་འགྲོ་ལ་བརྩེ་བའི་སྙིང་རྗེ་ཡིས། །རིག་པའི་རང་མདངས་འོད་ལྔའི་ཀློང་ཤར་བ། །དངས་པའི་མཚོ་ནང་ཟླ་བའི་གཟུགས་བརྙན་བཞིན། །མི་(༤བ)


GLG024_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བདེ་བའི་རང་མདངས་གཟུགས་སུ་འཆར། །གསུམ་པ་སྤྲུལ་སྐུ་རྒྱུའི་ཏིང་ངེ་འཛིན་ནི། རང་བཞིན་མི་འགྱུར་ཁ་དོག་སྣ་ལྔ་པ། །གཅིག་ཏུ་རབ་འདུས་ཧྲཱིཿཡིག་དཀར་པོ་ནི། །འཇིགས་མེད་སྟོང་པའི་ངང་དུ་རབ་སྣང་བ། །སྐར་ཆེན་ཐང་ལ་ཕེབས་པ་ལྟ་བུར་གྱུར། །བཞི་པ་གཞལ་ཡས་ཁང་བསྐྱེད་པ་ནི། དེ་ལས་ཧཱུཾ་བབས་རྡོ་རྗེའི་རྒྱ་གྲམ་གྱུར། །བྷྲུཾ་ཡིག་སེར་པོ་བབས་ལས་འོད་འཕྲོས་པས། །བདེ་གཤེགས་ཞིང་ཁམས་ཀུན་ཁྱབ་དེ་དག་གི །བཅུད་རྣམས་ཀུན་བསྡུས་ཡོངས་སུ་གྱུར་པ་ལས། །ཕྱི་བལྟས་ནང་གསལ་རིན་ཅེན་གཞལ་ཡས་ཁང་། །གྲུ་བཞི་སྒོ་བཞི་གྲུ་ཆད་བར་ཁྱམས་བཅས། །རིན་ཅེན་རྣམ་པ་ལྔ་ཡི་རྩིག་པའི་སྟེང་། །ཕ་གུ་དྲ་བ་དྲ་ཕྱེད་ད་རུ་སྐད། །རྟ་བབས་བཞིའི་སྟེང་ཆོས་འཁོར་གདུགས་རི་དྭགས། །སྣ་ཚོགས་རྒྱན་གྱིས་མཛེས་ཤིང་ཡིད་དུ་འོང་། །སྟེང་ན་འཁོར་ལོ་རྩིབས་སྟོང་རྣམ་པ་ལ། །འོག་གཞི་པདྨ་སྟོང་གི་དབྱིབས་སུ་མཛེས། །རིན་ཅེན་གཞལ་ཡས་ཁང་གི་དབུས་ཉིད་ན། །པདྨ་འདབ་བཞི་ལྟེ་བ་དང་བཅས་པ། །དེ་ཡི་ཕྱི་རོལ་འདབ་མ་བཅུ་གཉིས་དང་། །སྒོ་བཞིར་པད་རྐྱང་གདན་བཅས་གསལ་བར་གྱུར།ལྔ་པ་ལྷ་བསྐྱེད་པ་ནི། གོང་གི་པདྨའི་འདབ་མ་བཅུ་དྲུག་སྟེང་། །པཾ་ལས་སྣ་ཚོགས་པདྨ་འདབ་བརྒྱད་ཁར། །ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་གང་པའི། །དབུས་ཀྱི་གདན་སྟེང་ཧྲཱིཿལས་འོད་འཕྲོས་པས། །དོན་གཉིས་བྱས་ཤིང་ཚུར་འདུས་ཧྲཱིཿལ་ཐིམ། །དེ་ཉིད་པདྨ་དཀར་པོར་གནས་གྱུར་ལས། །འོད་ཟེར་འཕྲོས་འདུས་ཡོངས་གྱུར་བདག་ཉིད་ནི། །ཐུགས་རྗེ་ཆེན་པོ་འཕགས་མཆོག་སྤྱན་རས་གཟིགས། །སྐུ་མདོག་རབ་དཀར་ཞལ་གཅིག་ཕྱག་བཞི་པ། །རྩ་ཕྱག་ཐལ་སྦྱར་གཡས་འོག་ཤེལ་ཕྲེང་དང་། །གཡོན་གྱི་འོག་ན་པདྨ་(༥ན)


GLG024_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་འཛིན། །ཞི་ཞིང་འཛུམ་པའི་ཉམས་དང་ལྡན་པ་ལ། །རིན་ཆེན་དབུ་རྒྱན་སྙན་རྒྱན་མགུལ་རྒྱན་དང་། །དཔུང་རྒྱན་སྐ་རགས་ཕྱག་ཞབས་གདུ་བུས་མཛེས། །མགུར་ཆུ་དོ་ཤལ་སེ་མོ་དོ་ཡིས་བརྒྱན། །ལྷ་རྫས་དར་གྱི་ན་བཟའི་ལྷབ་ལྷུབ་མཛེས། །ཞབས་གཉིས་མི་ཕྱེད་རྡོ་རྗེའི་སྐྱིལ་ཀྲུང་ཅན། །མཚན་དཔེས་སྤྲས་པ་འོད་ཕུང་དབུས་ན་བཞུགས། །མདུན་གྱི་པད་སྟེང་ཧྲཱིཿཡིག་ཡོངས་གྱུར་ལས། །ལྷ་མོ་ཡི་གེ་དྲུག་མ་སྐུ་མདོག་དཀར། །ཞལ་གཅིག་ཕྱག་བཞི་ཞབས་གཉིས་སྐྱིལ་ཀྲུང་བཞུགས། །རིན་ཅེན་རྒྱན་དང་དར་གྱི་ན་བཟས་མཛེས། །ལྷག་མའི་ཕྱག་གཉིས་ཤེལ་ཕྲེང་པདྨ་འཛིན། །རྩ་ཕྱག་ཐལ་སྦྱར་གཙོ་ལ་འདུད་ཚུལ་ཅན། །གཡས་ཀྱི་འདབ་སྟེང་སྲས་མཆོག་ནོར་བུ་འཛིན། །ཕྱག་གཉིས་གཡས་པ་ནོར་བུ་རིན་ཅེན་དང་། །གཡོན་པ་ཕྲེང་འཛིན་གཙོ་ལ་འདུད་ཚུལ་མཛད། །གཡོན་གྱི་འདབ་སྟེང་སྲས་མོ་རིག་སྔགས་འཛིན། །སྐུ་མདོག་དཀར་མོ་ཕྱག་གཡས་ཤེལ་ཕྲེང་དང་། །གཡོན་པ་པདྨ་འཛིན་ཞིང་གཙོ་ལ་འདུད། །རྒྱབ་ཀྱི་འདབ་མར་སྣང་བ་མཐའ་ཡས་ནི། །དམར་པོ་ཕྱག་གཉིས་ཏིང་འཛིན་ཕྱག་རྒྱ་ཅན། །ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །བཞི་གའང་ཞི་ཞིང་འཛུམ་པའི་ཉམས་དང་ལྡན། །དེ་ཡི་ཕྱི་རོལ་འདབ་མ་བཅུ་གཉིས་ལ། །མདུན་ནས་བརྩམས་ཏེ་གཡས་སྐོར་རིམ་པ་བཞིན། །རྣམ་པར་སྣང་མཛད་དཀར་པོ་འཁོར་ལོ་བསྣམས། །བཅོམ་ལྡན་མི་བསྐྱོད་སྔོན་པོ་རྡོ་རྗེ་བསྣམས། །རིན་ཅེན་འབྱུང་ལྡན་སེར་པོ་ནོར་བུ་བསྣམས། །སྣང་བ་མཐའ་ཡས་དམར་པོ་པདྨ་བསྣམས། །དོན་ཡོད་གྲུབ་པ་ལྗང་གུ་རྒྱ་གྲམ་བསྣམས། །ཐུགས་རྗེ་ཆེན་པོ་དཀར་པོ་(༥བ)


GLG024_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་བསྣམས། །སངས་རྒྱས་སྤྱན་མ་དཀར་མོ་འཁོར་ལོ་བསྣམས། །མཱ་མ་ཀི་ནི་སྔོན་མོ་རྡོ་རྗེ་བསྣམས། །ཀུན་ཏུ་བཟང་མོ་སེར་མོ་རིན་ཅེན་བསྣམས། །གོས་དཀར་མོ་ནི་དམར་མོ་པདྨ་བསྣམས། །སྒྲོལ་མ་ལྗང་གུ་རྡོ་རྗེ་རྒྱ་གྲམ་བསྣམས། །ཤེས་རབ་ཕ་རོལ་ཕྱིན་དཀར་པདྨ་བསྣམས། །རིན་ཅེན་རྒྱན་དང་དར་གྱི་ན་བཟས་མཛེས། །ཤར་སྒོར་ལྷ་ཡི་ཐུབ་པ་བརྒྱ་བྱིན་ནི། །སྐུ་མདོག་དཀར་པོ་ཕྱག་གཉིས་པི་ཝཾ་འཛིན། །ལྷ་མིན་ཐུབ་པ་ཐགས་བཟང་རིས་སྔོན་པོ། །ཕྱག་གཉིས་སྲ་བའི་གོ་ཆ་འཛིན་པར་བྱེད། །ལྷོ་སྒོར་མི་ཡི་སྟོན་པ་ཤཱཀྱ་ཐུབ། །སྐུ་མདོག་སེར་པོ་ཕྱག་གཉིས་གསེག་གཤང་འཛིན། །ནུབ་སྒོར་བྱོལ་སོང་ཐུབ་པ་ཤཱཀྱ་སེང་། །སྐུ་མདོག་སེར་པོ་ཕྱག་གཉིས་པོ་ཏི་འཛིན། །ཡི་དྭགས་ཐུབ་པ་ནམ་མཁའ་མཛོད་དམར་པོ། །ཕྱག་གཉིས་འཛད་མེད་གཏེར་གྱི་སྒྲོམ་བུ་འཛིན། །བྱང་སྒོར་དམྱལ་བའི་ཐུབ་པ་ཆོས་ཀྱི་རྒྱལ། །སྐུ་མདོག་ནག་པོ་ཕྱག་གཉིས་མེ་ཆུའི་འཛིན། ཁྱམས་ལ་དུས་གསུམ་སངས་རྒྱས་སྟོང་རྩ་གཉིས། །བྱང་ཆུབ་སེམས་དཔའི་རྣམ་པའི་ཚུལ་དུ་བཞུགས། །དྲུག་པ་སྙན་གསན་དབབ་པ་ནི། ཆོས་དབྱིངས་བདེ་བ་ཆེ་ལས་མ་གཡོས་ཀྱང་། །འགྲོ་བའི་དོན་ཕྱིར་གཟུགས་སྐུའི་རྣམ་རོལ་དུ། །མངོན་པར་བཞེངས་ཤིག་བཅོམ་ལྡན་ཐུགས་རྗེའི་ལྷ། །ཕྱག་ན་པདྨ་འཁོར་དང་བཅས་པ་ཀྱེ། །བདུན་པ་སྤྱན་དྲངས་པ་ནི། རང་བཞིན་ལྷུན་གྱིས་གྲུབ་པའི་གནས་མཆོག་ནས། །ཆོས་སྐུ་སྐྱེ་མེད་ངང་ལས་མ་གཡོས་ཀྱང་། །གཟུགས་སྐུ་འགྲོ་བའི་དོན་དུ་སྐུ་སྤྲུལ་བ། །ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ། །ཨོཾ་མ་ཎི་པདྨེ་ཧཱུཾ། ཨེ་ཧྱེ་ཧི། ཛཿཧཱུཾ་བཾ་ཧོཿ། བརྒྱད་པ་བཞུགས་སུ་གསོལ་བ་ནི། ཐུགས་རྗེ་ཆེན་པོ་འཁོར་དང་(༦ན)


GLG024_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་རྣམས། །འགྲོ་བ་མ་ལུས་སེམས་ཅན་དོན་མཛད་ཕྱིར། །བདག་ལ་ཐུགས་རྗེས་ཉེ་བར་དགོངས་མཛོད་ལ། །ཐུགས་དམ་དབང་གིས་བཞུགས་ལ་བྱིན་གྱིས་རློབས། །ཨོཾ་མ་ཎི་པདྨེ་ཧཱུཾ། །ས་མ་ཡ་ཏིཥྛ་ལྷན། དགུ་པ་དབང་བསྐུར་བ་ནི། སྐུ་ལྔ་ཡེ་ཤེས་ལྔ་ཡི་སྐུར་བཞུགས་ནས། །རྒྱལ་བ་རིགས་ལྔ་རང་བཞིན་གནས་ནས་བཞེངས། །རིགས་ཀྱི་བདག་པོས་དབང་བསྐུར་བྱིན་གྱིས་རློབས། །རིགས་ལྔ་ཡེ་ཤེས་ལྔ་ཡི་དངོས་གྲུབ་སྩོལ། །ཨཱོཾ་ཨཱཿཧཱུཾ་སྭཱཧཱ། ཨཱོཾ་ཧ་ཨ་བྷི་ཥིཉྩ་ཨ། གནས་གསུམ་བྱིན་གྱིས་བརླབ་པ་ནི། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་དང་དབྱེར་མེད་ཕྱིར། །སྐུ་གསུང་ཐུགས་སུ་བྱིན་བརླབས་ནས། །བྱིན་རླབས་དབང་བསྐུར་རྒྱས་གདབ་པོ། །ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿཙིཏྟ་སིདྡྷི་ཧཱུཾ། བཅུ་པ་ཕྱག་འཚལ་བ་ནི། ཆོས་ཀྱི་སྐུ་ལ་གཉིས་འཛིན་མི་མངའ་ཡང་། །འགྲོ་བའི་དོན་ཕྱིར་ལོངས་སྤྱོད་རྫོགས་སྐུ་བསྟན། །ཐུགས་རྗེས་སྤྱིར་ཡང་སྤྲུལ་སྐུར་འགྲོ་དོན་མཛད། །སྐུ་གསུམ་ཡེ་ཤེས་ལྔ་ལ་ཕྱག་འཚལ་བསྟོད། །ཨོཾ་མ་ཎི་པདྨེ་ཧཱུཾ། ཨཱཏྨ་ན་ནིཪྻ་ཏ་ཡཱ་མི། བཅུ་གཅིག་པ་ཕྱི་མཆོད་ནི། ཐུགས་རྗེ་ཆེན་པོ་འཁོར་དང་བཅས་པ་ལ། །ཉོན་མོངས་སྐྱེས་གྲོལ་གདུང་བ་མི་མངའ་ཡང་། །བདག་ཅག་བསོད་ནམས་ཡེ་ཤེས་ཚོགས་བསག་ཕྱིར། །པུ་ཛའི་ཚོགས་ཀྱིས་མཉེས་ཤིང་བཞེས་སུ་གསོལ། ཨོཾ་ཨ་ཝ་ལོ་ཀི་ཏེ། ཨརྒྷཾ། པཱདྱཾ། པུཥྤེ། དྷུ་པེ། དཱི་པཾ། གནྡྷེ། ནཻ་ཝི་དྱེེ། ཤཔྟ། སརྦ་པཱུ་ཛ་མེ་གྷ་ཧཱུཾ། ཧཱུཾ་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས། །བཀྲ་ཤིས་ལྷ་མོས་ནམ་མཁའི་ཁམས་བཀང་ནས། །དཀྱིལ་འཁོར་ལྷ་ཚོགས་མཉེས་ཕྱིར་(༦བ)


GLG024_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་འབུལ། །དགྱེས་ཤིང་བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །བཛྲ་ལཱ་སེ། བཛྲ་ཤཔྟ། བཛྲ་དྷཱུ་པེ། བཛྲ་ནཻ་ཝི་དྱེ། བཛྲ་པཉྩ་ལི་ཀ །བཛྲ་དྷརྨ། བཛྲ་པུ་ཛ་ས་མ་ཡ་མཎྜ་ལ། ཨ་ལ་ལ་ཧོ། བཅུ་གཉིས་པ་བདུད་རྩི་སྨན་མཆོད་ནི། རྩ་བ་བརྒྱད་དང་ཡན་ལག་སྟོང་སྦྱར་བའི། །གདོད་ནས་རྣམ་དག་དམ་རྫས་བདུད་རྩིའི་མཆོག །མྱོང་གྲོལ་སྨན་གྱི་མཆོད་པ་དམ་པ་འདི། །རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །ཨོཾ་ཨ་ཝ་ལོ་ཀི་ཏེ། ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། སྣང་བ་མཐའ་ཡས་ཐུགས་རྗེ་ཆེན་པོ་དང་། །ཆོས་རྒྱལ་སྲོང་བཙན་སྒམ་པོ་པདྨ་འབྱུང་། །གྲུབ་ཐོབ་དངོས་གྲུབ་མངའ་བདག་མྱང་བན་ལ། །བདུད་རྩི་སྨན་མཆོད་འབུལ་ལོ་བཞེས་སུ་གསོལ། །ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཚིག་རྐང་ཕྱི་མ་དང་སྔགས་འོག་མ་ཀུན་ལ་རིགས་འགྲེ །མི་བསྐྱོད་རྡོ་རྗེ་རྗེ་བཙུན་ཤཱཀྱ་བཟང་། །ལྷ་རྗེ་དགེ་འབུམ་སངས་རྒྱས་ལྕམ་མོ་དང་། །ཆུ་སྒོམ་ཞིག་པོ་མཐའ་བཞི་བྱ་བྲལ་ལ། །༴བསོད་ནམས་སེང་གེ་བཀྲ་ཤིས་རྒྱལ་མཚན་དང་། །བློ་གྲོས་རྒྱལ་མཚན་འཕགས་ཆེན་ནོར་བུ་བཟང་། །རྒྱལ་མཚན་བཟང་པོ་མདོ་སྔགས་ཆོས་རྒྱན་ལ། །༴རིན་ཅེན་རྡོ་རྗེ་བཀྲ་ཤིས་རྒྱ་མཚོའི་ཞབས། །ཀུན་དགའ་ཚེ་མཆོག་ངག་དབང་ཡེ་ཤེས་གྲུབ། །པདྨ་བཛྲ་ཟིལ་གནོན་དྲག་རྩལ་ལ། །༴ཐུགས་རྗེ་ཆེན་པོ་ཡི་གེ་དྲུག་མ་དང་། །ནོར་བུ་འཛིན་དང་རིག་སྔགས་འཛིན་མ་ཟུང་། །བཅོམ་ལྡན་སྣང་བ་མཐའ་ཡས་བཅས་པ་ལ། །༴རིགས་ལྔ་ཡབ་ཡུམ་ཐུགས་རྗེ་ཆེན་པོ་དང་། །ཤེས་རབ་ཕ་རོལ་ཕྱིན་མ་ཐུབ་པ་དྲུག །དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་བཅས་པ་ལ། །༴དངོས་གྲུབ་བླང་བ་ནི། བླ་མ་ཡི་དམ་(༧ན)


GLG024_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་མར་བཅས་རྣམས་ཀྱི། །མི་འགྱུར་གསང་བ་གསུམ་གྱི་དངོས་གྲུབ་ཀུན། །དུས་འདིར་རྡོ་རྗེའི་མཆེད་ལྕམ་སྤུན་གྲོགས་ལ། །ཐོགས་པ་མེད་པར་མྱུར་དུ་སྩལ་དུ་གསོལ། །ཨོཾ་ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུཾ། བཅུ་གསུམ་པ་རཀྟ་ནི། འབྱུང་བའི་རྩ་བཅུད་མཁའ་དབྱིངས་པད་དཀར་སོགས། །གཅིག་ཏུ་རབ་འཁྱིལ་མཚམས་སྤྲིན་མདངས་འཛིན་པ། །འགྲོ་ལ་རྗེས་སུ་ཆགས་པའི་སྙིང་རྗེའི་མདངས། །དབྱེར་མེད་ངོ་བོ་གཅིག་པའི་མཆོད་པ་འབུལ། །ཨོཾ་ཨ་ཝ་ལོ་ཀི་ཏེ་སྭ་ར་ས་པ་རི་ཝཱ་ར་མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། བཅུ་བཞི་པ་གཏོར་མ་ནི། ཤ་ལྔ་བདུད་རྩི་ལྔ་ལས་གྲུབ་པའི་རྫས། །ངོ་བོ་ཡེ་ཤེས་ལྔ་ཡི་རང་བཞིན་ཅན། །རྣམ་པ་བདུད་རྩིའི་རྒྱ་མཚོ་ཆེན་པོ་འདི། །བཅོམ་ལྡན་ལྷ་ཚོགས་འཁོར་དང་བཅས་ལ་འབུལ། །ཨོཾ་ཨ་ཝ་ལོ་ཀི་ཏེ་ས་པ་རི་ཝཱ་ར་མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། བཅོ་ལྔ་པ་བསྟོད་པ་ནི། ཧྲཱིཿ འཕགས་པ་ཐུགས་རྗེ་ཆེན་པོ་ལྷ་ཡི་ལྷ། །ཡི་གེ་དྲུག་མ་ཤེས་རབ་དབྱིངས་ཀྱི་ཡུམ། །ནོར་བུ་འཛིན་པ་སྲས་མཆོག་ཐབས་ཀྱི་ཚུལ། །རིག་སྔགས་འཛིན་མ་ཤེས་རབ་སྲས་མོའི་ཚུལ། །ཡེ་ནས་མ་གྲུབ་རང་དང་གཉིས་མེད་ལྷ། །ཡེ་ཤེས་ལྷ་ཡི་སྐུ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་སྤྱན་གྱིས་འགྲོ་ལ་གཟིགས། །རྣམ་པར་སྣང་མཛད་ཆོས་དབྱིངས་ཡེ་ཤེས་དང་། །མི་བསྐྱོད་རྡོ་རྗེ་མེ་ལོང་ཡེ་ཤེས་དང་། །རིན་ཆེན་འབྱུང་ལྡན་མཉམ་ཉིད་ཡེ་ཤེས་དང་། །སྣང་བ་མཐའ་ཡས་སོར་རྟོག་ཡེ་ཤེས་དང་། །དོན་ཡོད་གྲུབ་པ་བྱ་གྲུབ་ཡེ་ཤེས་དང་། །སྐུ་ལྔ་ཡེ་ཤེས་ལྔ་ལ་ཕྱག་འཚལ་བསྟོད། །ཕ་རོལ་ཕྱིན་མ་ཆོས་སྐུ་དབྱིངས་ཀྱི་ངང་། །སངས་རྒྱས་སྤྱན་མ་བསམ་གཏན་ཕ་(༧བ)


GLG024_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་ཕྱིན། །ཀུན་ཏུ་བཟང་མོ་བརྩོན་འགྲུས་ཕ་རོལ་ཕྱིན། །ན་བཟའ་དཀར་མོ་སྦྱིན་པའི་ཕ་རོལ་ཕྱིན། །མཱ་མ་ཀི་ནི་ཚུལ་ཁྲིམས་ཕ་རོལ་ཕྱིན། །དམ་ཚིག་སྒྲོལ་མ་བཟོད་པའི་ཕ་རོལ་ཕྱིན། །ཕ་རོལ་ཕྱིན་དྲུག་ཡུམ་གྱི་སྐུ་ལ་བསྟོད། །དུས་གསུམ་བཞུགས་པའི་སངས་རྒྱས་སྟོང་དང་གཉིས། །འགྲོ་བའི་དོན་དུ་བྱང་ཆུབ་ཐུགས་བསྐྱེད་ནས། །བྱང་ཆུབ་སེམས་དཔའི་ཚུལ་གྱིས་འགྲོ་ཀུན་འདུལ། །བསྐལ་བཟང་སེམས་དཔའ་སྟོང་ལ་ཕྱག་འཚལ་བསྟོད། །ལྷ་ཡི་ཐུབ་ཆེན་བརྒྱ་བྱིན་ལྷ་རྣམས་འདུལ། །ལྷ་མིན་ཐུབ་པ་ཐགས་བཟང་ལྷ་མིན་འདུལ། །མི་ཡི་ཐུབ་པ་ཆེན་པོས་མི་རྣམས་འདུལ། །ཤཱཀྱ་སེང་གེ་ཐུབ་པས་དུད་འགྲོ་འདུལ། །ཐུབ་ཆེན་ནམ་མཁའ་མཛོད་ཀྱིས་ཡི་དྭགས་འདུལ། །ཐུབ་པ་ཆོས་ཀྱི་རྒྱལ་པོས་དམྱལ་བ་འདུལ། །འགྲོ་དྲུག་སོ་སོའི་སྐད་དུ་ཆོས་སྒྲ་སྒྲོག །སོ་སོའི་སྡུག་བསྔལ་སེལ་མཛད་སྐྱེ་སྒོ་གཅོད། །ཐུབ་པ་ཆེན་པོ་དྲུག་ལ་ཕྱག་འཚལ་བསྟོད། །བཅུ་དྲུག་པ་འཛབ་བཟླ་བ་ནི། དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱིས་སྔགས་ཀྱི་སྒྲ། །བཟླས་པའི་སྔགས་ཕྲེང་དག་ལས་འོད་ཟེར་འཕྲོས། །སངས་རྒྱས་རྣམས་ལ་མཉེས་པའི་མཆོད་པ་ཕུལ། །སེམས་ཅན་ཀུན་གྱི་སྡིག་སྒྲིབ་མ་ལུས་སྦྱངས། །སྣོད་ཀྱི་འཇིག་རྟེན་ཐམས་ཅད་གཞལ་ཡས་ཁང་། །བཅུད་ཀྱི་སེམས་ཅན་སྤྱན་རས་གཟིགས་སུ་གྱུར། །ཞེས་དམིགས་པ་དང་བཅས་ཏེ་ཡི་གེ་དྲུག་པ་ཅི་ནུས་སུ་བཟླ། །བཅུ་བདུན་པ་དངོས་གྲུབ་བླང་བ་ནི། ཐུགས་རྗེ་ཆེན་པོ་ཡབ་ཡུམ་སྲས་དང་བཅས། །བདེ་གཤེགས་རིགས་ལྔ་ཕ་རོལ་ཕྱིན་དྲུག་ཡུམ། །ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་ཏིང་འཛིན་སྦྱོང་། །སྤྲུལ་སྐུ་ཐུབ་དྲུག་འགྲོ་དྲུག་ཐབས་(༨ན)


GLG024_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་འདུལ། །འགྲོ་བ་འདུལ་ཕྱིར་ཐུགས་རྗེས་སྐུ་བསྐྱོད་ལ། །གྲུབ་པ་རྟགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་མ་ཎི་པདྨེ་ཧཱུཾ། ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུཾ། ཡེ་ཤེས་ཀྱི་ལྷ་རྣམས་ཀྱི་སྐུ་མི་འགྱུར་བ་ལྷུན་གྱིས་གྲུབ་པའི་དངོས་གྲུབ་གསུང་མི་འགྱུར་འགག་མེད་སྙིང་པོ་ལུང་གི་དངོས་གྲུབ། ཐུགས་མི་འགྱུར་བ་སྤྲོས་བྲལ་ཆོས་ཉིད་རང་གསལ་གྱི་དངོས་གྲུབ་སྩལ་དུ་གསོལ། ཚོགས་ཀྱི་མཆོད་པའི་ཆོ་ག་དང་། །གཏང་རག་བཏང་ཞིང་དཀྱིལ་འཁོར་བསྡུ། སྨོན་ལམ་ཤིས་པ་བརྗོད་པ་ནི། མཇུག་གི་བྱ་བའི་ཁྲིགས་རིམ་མོ། །དང་པོ་ཚོགས་མཆོད་ནི། གཞུང་དུ་མི་གསལ་ཞིང་ཕྱག་ལེན་དུ་པར་བཀབ་མི་མཛད་ལ། ཕུན་སུམ་ཚོགས་པའི་ཡན་ལག་ཏུ་བྱེད་པར་སྤྲོ་ན། ཆོས་དབང་དང་བྱང་གཏེར་སོགས་ཐུགས་རྗེ་ཆེན་པོའི་ཆོས་བཀའ་གཞན་ནས་འབྱུང་བའི་ཚོགས་མཆོད་ཀྱི་ཁ་བསྐང་ན་ལེགས་པར་སེམས་སོ། །གཉིས་པ་གཏང་རག་ནི། ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་ལྷ་ཚོགས་ལ། །ཕྱི་དང་ནང་དང་གསང་བའི་མཆོད་པ་སོགས། །དངོས་བཤམས་ཡིད་ཀྱིས་སྤྲུལ་ནས་ལེགས་འབུལ་ན། །བརྩེ་བས་བཞེས་ནས་དངོས་གྲུབ་སྩལ་དུ་གསོལ། །གསུམ་པ་དཀྱིལ་འཁོར་བསྡུ་བ་ནི། དཀྱིལ་འཁོར་གཞལ་ཡས་འོད་ཞུ་འཁོར་ལ་ཐིམ། །དེ་ཡང་འོད་ཞུ་གཙོ་བོའི་ཐུགས་ཀར་ཐིམ། །གཙོ་བོ་ཐུགས་ཀའི་ཧྲཱིཿར་བསྡུས་ཧྲཱིཿཡིག་ཀྱང་། །མི་དམིགས་སྤྲོས་བྲལ་ཀ་དག་ངང་དུ་གྱུར། །བཞི་པ་སྨོན་ལམ་ནི། འདི་ལྟར་བསྐྲུན་པའི་དགེ་ཚོགས་ཅི་མཆིས་པས། །འགྲོ་ཀུན་འཁོར་བའི་མཚོ་ལས་རབ་བསྒྲལ་ནས། །སྤྱན་རས་གཟིགས་དབང་གོ་འཕང་མངོན་གྱུར་ཏེ། །དོན་གཉིས་འདོད་དགུའི་དཔལ་(༨བ)


GLG024_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྤྱོད་པར་ཤོག །ལྔ་པ་ཤིས་བརྗོད་ནི། ཆོས་སྐུའི་བཀྲ་ཤིས་མགོན་པོ་འོད་དཔག་མེད། །ངོ་བོ་འགྱུར་མེད་ཀ་དག་བཀྲ་ཤིས་ཤོག །ལོངས་སྐུའི་བཀྲ་ཤིས་འཕགས་མཆོག་སྤྱན་རས་གཟིགས། །རང་བཞིན་ལྷུན་གྲུབ་འོད་ལྔའི་བཀྲ་ཤིས་ཤོག །སྤྲུལ་སྐུའི་བཀྲ་ཤིས་སྲོང་བཙན་སྒམ་པོའི་ཞབས། །ཐུགས་རྗེས་འགྲོ་དྲུག་འདྲེན་པའི་བཀྲ་ཤིས་ཤོག །ཡང་སྤྲུལ་བཀྲ་ཤིས་རིགས་འཛིན་པདྨ་འབྱུང་། །འགྲོ་ཀུན་བདེ་སྐྱིད་འཕེལ་བའི་བཀྲ་ཤིས་ཤོག །བྱིན་རླབས་འབྱུང་གནས་རྩ་གསུམ་ལྷ་ཚོགས་ཀྱི། །དངོས་གྲུབ་ཆར་ལྟར་འབེབས་པའི་བཀྲ་ཤིས་ཤོག །མཐུ་སྟོབས་དབང་ཕྱུག་ཆོས་སྐྱོང་གཏེར་སྲུང་གིས། །བར་ཆད་གཡུལ་ལས་རྒྱལ་བའི་བཀྲ་ཤིས་ཤོག །གཞན་ཡང་བཀྲ་ཤིས་པའི་ཚིགས་སུ་བཅད་པ་ཅི་རིགས་པ་བརྗོད་པར་བྱའོ། །སྨྲས་པ། བསམས་པ་ཙམ་གྱིས་འདོད་པ་ཡི། །རེ་བ་མ་ལུས་སྐོང་བྱེད་པའི། །སྔོན་མེད་དཔག་བསམ་ལྗོན་པ་ཡི། །ལས་བྱང་འདི་ཀོ་ཡིད་བཞིན་ནོར། །སྲོང་བཙན་ཐུགས་ཀྱི་གསང་བའི་མཛོད། །སྒོ་འབྱེད་གཏེར་སྟོན་རྣམ་གསུམ་དང་། །བརྒྱུད་ལྡན་བླ་མས་ཉེར་དྲངས་པའི། །ཟབ་དོན་འབྱོར་བ་ཁོ་བོས་རྙེད། །སོ་སོའི་གཞུང་བཞིན་མ་སྦྱངས་པར། །རྒྱས་འགེབས་རང་བཟོའི་ཟོལ་སྦྱོར་ཅན། །ཆེར་རློམ་སྟོང་པའི་འུར་བརྒྱངས་མཁན། །མི་སྨྲའི་ཁྲི་ལ་ངལ་སོས་ཤིག །ཕྱོགས་འདིར་མཁས་པར་རློམ་འགའ་ཡང་། །གབ་དཀྲུགས་དགོངས་དོན་མ་རྟོགས་པར། །གྱ་ཚོམ་བརྩམས་པའི་ཆོག་སྒྲིགས་དག །བརྟགས་ཚེ་གཡར་ཁྲལ་ཁོ་ནར་བས། །དཀྲུགས་བསྡེབས་གབ་པ་མངོན་ཕྱུང་ཞིང་། །མ་ཚང་ཁ་བཀང་འཁྱེར་བདེ་བའི། །ལས་བྱང་(༩ན)


GLG024_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མའི་སྙིང་པོ་འདི། །རྣམ་དཔྱོད་ནམ་མཁའི་ངོས་ལ་ཤར། །དགེ་འདིས་བདག་སོགས་འགྲོ་བ་ཀུན། །འཁོར་བའི་ཆུ་གཏེར་ལས་བསྒྲལ་ནས། །གྲུ་འཛིན་རིན་ཅེན་གླིང་བགྲོད་དེ། །དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །དེ་ལྟར་བོད་ཡུལ་གྱི་ཕན་བདེའི་སྲོག་ཤིང་སྐྱིད་ཤོད་ཉང་བྲན་ཕ་བོང་ཁ་ཞེས་སྤྲུལ་པའི་རྒྱལ་པོའི་གནས་ཁྱད་པར་ཅན་དེར་འདི་ཉིད་ཀྱི་སྒྲུབ་པ་ཉམས་ལེན་གྱི་རིམ་པ་ཚུགས་ན་བོད་ཡུལ་བསྟན་དང་འགྲོ་བའི་ཕན་བདེའི་སྲོག་ཤིང་དུ་འགྱུར་བར་ངེས་ནས་འཛུགས་པའི་འདུན་པ་མངོན་དུ་གྱུར་སྐབས། མཁས་གྲུབ་གོང་མ་དག་གིས་མཛད་པའི་ཡིག་ཆ་ཡོད་མེད་བརྟགས་ཤིང་བཙལ་བ་ན། པཎ་ཆེན་པདྨ་དབང་རྒྱལ་མཆེད་གཉིས། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་རིགས་འཛིན་ཀུན་དགའ་ཚེ་མཆོག་སོགས་ཀྱིས་མཛད་པ་ནི་མཆིས་ཤིང་། སྡེ་པ་སྣང་རྩེ་གཏེར་སྟོན་པས་མཛད་པ་ཞིག་འདུག་ནའང་། སྔར་འགྱུར་རང་སྐད་ལ་དགོས་པའི་ཁ་འགེངས་མེད་ཅིང་། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ་སོགས་གསར་མའི་ཁ་བགེངས་སྣ་ཚོགས་འདུག་པ་དང་ཆ་ལག་ཚང་བར་ཡང་མི་སྣང་བས་ཚུལ་འདི་ཉམས་སུ་ལེན་པའི་སྐལ་ལྡན་རྣམས་ལ་ཕན་པའི་ཕྱིར་དུ་མཚན་ཉིད་དང་ལྡན་པ་ཞིག་བྱུང་ན་ལེགས་སམ་སྙམ་པའི་བློས་གསར་དུ་བསྐྲུན་པའི་ལས་བྱང་ཉི་མའི་སྙིང་པོ་ཞེས་བྱ་བ་འདི་ནི་བརྒྱུད་པའི་གསུང་འཕྲོས་དང་མན་ངག་ལ་བརྟེན་ནས་རྡོ་རྗེ་འཆང་འཁོན་སྟོན་ཆོས་ཀྱི་རྒྱལ་པོ་དཔལ་འབྱོར་ལྷུན་གྲུབ་སོགས་དམ་པ་དུ་མའི་བཀའ་དྲིན་ལ་བརྟེན་ནས། སྔ་འགྱུར་གྱི་བརྗོད་དོན་ཕྱོགས་ཙམ་རིག་ཅིང་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས་རྗེས་སུ་བཟུང་བའི་ཟ་ཧོར་བནྡྷེ་ངག་དབང་བློ་(༩བ)


GLG024_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་རྒྱ་མཚོ་མིང་གཞན་ཟིལ་གནོན་དྲག་པོ་རྩལ་དུ་འབོད་པས་ཆུ་འབྲུག་ནག་པ་ཟླ་བའི་ཚེས་བཅུའི་དུས་ཀྱི་མཆོད་པའི་ཉིན་དགའ་ལྡན་ཕོ་བྲང་དུ་སྦྱར་བའི་ཡི་གེ་པ་ནི་སློབ་དཔོན་སྨོན་འགྲོ་པཎ་ཆེན་བློ་བཟང་འཇམ་དབྱངས་ལྷུན་གྲུབ་བོ། །བཀྲ་ཤིས།


previousརྒྱལ་པོ་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་ལས་བྱང་ཉི་མའི་སྙིང་པོ།next