Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཀྱི་ལས་བྱང་དང་འབྲེལ་བའི་ཚོགས་མཆོད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཀྱི་ལས་བྱང་དང་འབྲེལ་བའི་ཚོགས་མཆོད།next

ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཀྱི་ལས་བྱང་དང་འབྲེལ་བའི་ཚོགས་མཆོད།


GLG024_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཀྱི་ལས་བྱང་དང་འབྲེལ་བའི་ཚོགས་མཆོད་བཞུགས་སོ། །


GLG024_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཀྱི་ལས་བྱང་དང་འབྲེལ་བའི་ཚོགས་མཆོད་ནི། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པའི་རྩེར། །རཾ་ལས་ཡེ་ཤེས་མེ་ཡིས་རྫས་རྣམས་ཀྱི། །མ་དག་ཉེས་པའི་སྐྱོན་ཀུན་མ་ལུས་བསྲེགས། །ཡཾ་ལས་ཆོས་ཉིད་རླུང་གིས་རྫས་རྣམས་ཀྱི། །མ་དག་ཉེས་པའི་སྐྱོན་ཀུན་མ་ལུས་གཏོར། ཁཾ་ལས་མཚན་མེད་ཆུ་ཡིས་རྫས་རྣམས་ཀྱི། །མ་དག་ཉེས་པའི་སྐྱོན་ཀུན་མ་ལུས་བཀྲུས། །ཨཱོཾ་གྱིས་ཀུན་རྫོབ་ཆོས་ཀུན་སྟོང་པའི་ངང་། །ཐབས་མཆོག་ཨཱ༔ལས་པདྨའི་སྣོད་ཡངས་པོར། །ཤེས་རབ་ཧཱུཾ་གིས་ཚོགས་ཀྱི་དངོས་པོ་ཀུན། །ཟུང་འཇུག་ཧྲཱིཿལས་ཟག་མེད་བདུད་རྩིར་གྱུར། །སླར་ཡང་འོད་འཕྲོས་འབྱུང་བཞི་ལྷ་མི་སོགས། །སྣོད་བཅུད་ཀུན་གྱི་ཡོན་ཏན་ཐམས་ཅད་དང་། །རྒྱལ་བ་ཞི་ཁྲོའི་སྐུ་གསུང་ཐུགས་བྱིན་རླབས། །འཁོར་འདས་ཡོངས་ཀྱི་རོ་བཅུད་ནུས་པའི་ཚོགས། །ཐོགས་མེད་བཀུག་ནས་དབྱེར་མེད་གཅིག་ཏུ་གྱུར། །རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུཾ་ལན་གསུམ་གྱིས་བྱིན་བརླབས། སྤྱན་འདྲེན་པ་ནི། རང་སྣང་དག་པའི་ཞིང་ཁམས་ནས། །རྩ་བ་གསུམ་གྱི་ལྷ་(༢ན)


GLG024_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་རྣམས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །གནས་ཁང་འདི་རུ་བྱིན་གྱིས་རློབས། །ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ། །འདིར་ཚོགས་མཆེད་ལྕམ་ཉམས་རྟོགས་སྤོར། །སྣང་སྲིད་བདེ་བ་ཆེན་པོར་མཛོད། །ཨཱོཾ་གུ་རུ་དེ་ཝ་ཌཱ་ཀི་ནཱི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ བཞུགས་སུ་གསོལ་བ་ནི། སྒྲུབ་པའི་རྟེན་དང་གཏོར་མ་ལ། །གཉིས་སུ་མེད་པར་བརྟན་པར་བཞུགས། །པདྨ་ཀ་མ་ལཱ་ཡེ་སྟྭཾ། ཡི་གེ་བཅུ་པ་ལན་བདུན་བཟླས་ནས། གནས་མཆོག་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དབང་བཞི་སྐུར། །བགེགས་དང་ལོག་འདྲེན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཚོགས་དང་པོ་འབུལ་བ་ནི། འཕགས་མཆོག་ཐུགས་རྗེའི་དཀྱིལ་འཁོར་ལ། །གཟུགས་སྒྲ་དྲི་རོ་རེག་བྱ་སོགས། །འདོད་ཡོན་ཕྱིར་མཆོད་ནམ་མཁའ་གང་། །བདུད་རྩི་སྨན་ཕུད་རཀྟ་དང་། །དམ་རྫས་རྒྱན་ལྡན་ནང་མཆོད་བཤམས། །མཛེས་སྡུག་ཕྱག་རྒྱར་མཉམ་སྦྱོར་བ། །གསང་བ་བདེ་ཆེན་མཆོད་པའི་རྫས། །ཀུན་ཀྱང་རིག་པའི་རང་གདངས་ལས། །མཆོད་བྱ་མཆོད་བྱེད་དང་(༢བ)


GLG024_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་བ། །འདོད་ཡོན་ཚོགས་ཀྱི་མཆོད་པ་འབུལ། །ཐུགས་དམ་སྐོངས་ལ་དངོས་གྲུབ་སྩོལ། །ཨཱོཾ་གུ་རུ་དེ་ཝ་ཌཱ་ཀི་ནཱི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་གྷ་ཎ་ཙ་ཀྲ་པཱུ་ཛ་ཁཱ་ཧི། བར་པ་བཤགས་པ་ནི། བདག་ཅག་མ་རིག་དབང་གྱུར་པས། །ཉམས་ཆགས་འགལ་འཁྲུལ་ཅི་མཆིས་པ། །རྩ་གསུམ་ལྷ་ཚོགས་རྣམས་ལ་བཤགས། །ཚངས་པ་འཕྲུལ་གྱི་དངོས་གྲུབ་སྩོལ། །ཨཱོཾ་པདྨ་ས་ཏྭ་ས་མ་ཡ་སོགས་སྣང་བ་མཐའ་ཡས་ཀྱི་ཡི་གེ་བརྒྱ་པ་གསུམ་མམ་བདུན་བརྗོད། ཐ་མ་བསྒྲལ་བ་ནི། ཨེ་ལས་ཐར་མེད་འབྲུབ་ཁུང་འབར་བའི་ནང་། །ཪྣྲི་དང་ཏྲི་ལས་གནོད་བྱེད་གཟུགས་ཕུང་ལ། །ཕོ་ཉ་རྣམས་ཀྱིས་དགྲ་དང་བགེགས་ཀྱི་ཚོགས། ཁུག་ཅིག་ཛཿཧཱུཾ་བཾ་ཧོཿས་གཉིས་མེད་གྱུར། །དབང་ཆེན་རབ་ཁྲོས་སྐུ་སྨད་ཕུར་པའི་དཔལ། །སྙིང་གར་བཏབ་པས་སྲོག་བཅད་རྣམ་ཤེས་སྤར། །སྤུ་གྲི་འབར་བས་ཡན་ལག་ཤ་ཁྲག་རུས། །ནང་ཁྲོལ་མ་ལུས་ཕྱེ་མ་དུམ་བུར་གཏུབས། །ཧྲཱིཿབཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་དགྲ་བགེགས་ཀྱི་བླ་ཚེ་སྲོག་གསུམ་ཐམས་ཅད་མཱ་ར་ཡ་རྦད་ཅེས་བསྒྲལ། སྟོབ་པ་ནི། ཕྱི་ལྟར་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས། །ནང་དུ་ཚོགས་བརྒྱད་དག་པའི་ཕུང་པོ་ལྔ། །གསང་བ་བདེ་སྟོང་ཡེ་ཤེས་ལྔའི་རང་བཞིན། །གནས་ལུགས་རང་ངོ་ཤེས་པའི་ངང་ནས་འབུལ། །གོང་གི་སྔགས་གཤམ་དུ། མ་ཧཱ་མཾ་ས་རཀྟ་ཀེཾ་ནྲྀ་ཏི་ཁ་རཾ་ཁཱ་ཧི། ལྷག་མ་ནི་ཁ་ཆུས་སྦྲན་ལ། ཕྱི་ཡི་ཁོར་ཡུག་ལ་གནས་པའི། །ཐུགས་རྗེ་ཆེན་པོའི་བཀའ་སྐྱོང་ཚོགས། །ཡང་འཁོར་སྡེ་བརྒྱད་ཕོ་ཉར་བཅས། །ལྷག་མའི་གཏོར་མ་འདི་ལོང་ལ། །སངས་རྒྱས་བསྟན་པ་བསྲུང་བ་དང་། །བསྟན་གནོད་དགྲ་བགེགས་འཇོམས་(༣ན)


GLG024_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། །རྣལ་འབྱོར་སྟོང་གྲོགས་བྱ་བ་དང་། །འགྲོ་ཀུན་ཕན་བདེ་སྒྲུབ་པར་མཛོད། །ཨཱོ་ཨུཙྪིཥྚ་བ་ལིཾ་ཏ་བྷཀྵ་སེ་སྭཱཧཱ། ཆད་མཐོ་ནི། སྔོན་ཚེ་འོག་མིན་བདེ་ལྡན་ཞིང་ཁམས་སུ། །དཔལ་ལྡན་ཀུན་བཟང་གར་གྱི་དབང་པོ་ཡིས། །རང་ལས་གཞན་མིན་དག་པའི་འཁོར་རྣམས་ལ། །བྱར་མེད་ངང་ནས་ཆོས་ཀྱི་གནས་ལུགས་ཀུན། །ཚིག་དང་ཡི་གེ་མེད་པར་བསྟན་པའི་ཚེ། །གསང་བ་ཡེ་ཤེས་ལ་སོགས་མཁའ་འགྲོ་ཡིས། །ཇི་ལྟར་ཁས་བླངས་དམ་བཅས་ཇི་བཞིན་དུ། །གཏོར་མ་འདི་ལོང་བཅོལ་བའི་འཕྲིན་ལས་མཛོད། །དེ་འོག་བར་གྱི་བསྐལ་པ་དབུས་མ་ལ། །ར་ས་འཕྲུལ་སྣང་དཔལ་གྱི་གཞལ་ཡས་སུ། །སྲོང་བཙན་སྒམ་པོ་ཨྱོན་ཁྲི་སྲོང་རྗེས། །འཕགས་མཆོག་ཞི་ཁྲོའི་དཀྱིལ་འཁོར་ཞལ་ཕྱེ་ནས། །གཏེར་ཁ་གསུམ་དུ་ཟབ་གཏེར་སྦས་པའི་ཚེ། །དུང་སྐྱོང་མ་སོགས་ཆོས་སྲུང་གཏེར་བདག་གིས། །ཇི་ལྟར་༴། །གཏོར་མ་འདི་༴། །དེ་འོག་རྩུབ་འགྱུར་བསྐལ་པའི་ཐ་མ་ལ། །ལངྐའི་རྒྱལ་ཁབ་དཔལ་རིའི་ཕོ་བྲང་དུ། །སློབ་དཔོན་ཐོད་འཕྲེང་སློབ་མ་དངོས་གྲུབ་ཉང་། །ཤཱཀྱ་བཟང་པོ་གཏེར་སྟོན་རྣམ་གསུམ་གྱིས། །འཇིག་རྟེན་དབང་ཕྱུག་དཀྱིལ་འཁོར་ཞལ་ཕྱེ་ནས། །མ་སྲིང་དྲེགས་པ་དམ་ལ་བཏགས་པའི་ཚེ། །ཇི་ལྟར་༴། །གཏོར་མ་༴། །ད་ལྟ་བཀྲ་ཤིས་བྱིན་ཆགས་གནས་མཆོག་འདིར། །དམ་གཙང་རྡོ་རྗེ་སྤུན་གྲོགས་མཆེད་ལྕམ་གྱིས། །འགྲོ་འདུལ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ། །བདག་དོན་བྱང་ཆུབ་ནར་མར་བསྒྲུབས་པའི་ཚེ། །ཡར་གནས་མཆོད་ཅིང་མར་གནས་སྐྱོང་བ་དང་། །བསྟན་སྲུང་དམ་སྐོང་གཡར་དམ་གསོ་བྱེད་ན། །ཇི་(༣བ)


GLG024_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་༴། །གཏོར་མ་༴། །བསྟན་མ་བསྐྱང་བ་ནི། བདག་ཉིད་ཆེན་མོ་ལ་སོགས་བདུད་མོ་བཞི། །གངས་དཀར་ཤ་མེད་ལ་སོགས་གནོད་སྦྱིན་བཞི། །ཀོང་བཙུན་དེ་མོ་ལ་སོགས་སྨན་བཙུན་བཞི། །འཁོར་བཅས་དམ་རྫས་བདུད་རྩི་འདི་བཞེས་ལ། །དབུས་གཙང་རུ་བཞིའི་ནད་རིམས་དལ་ཁ་ཆོད། །སད་སེར་བཙའ་ཐན་ལོ་ཉེས་དམག་འཁྲུག་སོགས། །ཉེར་འཚེ་ཀུན་ཞི་ཆོས་སྲིད་ལེགས་ཚོགས་རྣམས། །ཡར་ངོའི་ཟླ་ལྟར་འཕེལ་བའི་འཕྲིན་ལས་མཛོད། །བྲོ་བརྡུང་ནི། གཏོར་གཞོང་རི་རབ་གསལ་བའི་འོག །གནོད་བྱེད་དགྲ་བགེགས་དམ་སྲི་རྣམས། །ལུས་ངག་ཡིད་གསུམ་མནན་བྱས་ནས། །ཐར་བ་མེད་པའི་བྲོ་བརྡུང་ངོ་། །དབང་ཆེན་རྟ་སྐད་ཙེར་རེ་རེ། །རོལ་པའི་རྟ་བྲོ་ཆེམས་སེ་ཆེམ། ཁྲོ་བོ་རྣམས་ཀྱིས་བྲོ་བརྡུངས་པར། ཁྲོ་མོ་རྣམས་ཀྱིས་རྒྱས་འདེབས་སོ། །དབང་དྲག་ཞི་རྒྱས་བྲོ་བརྡུངས་བས། ཁམས་གསུམ་དབང་སྡུད་གནོད་བྱེད་བསྒྲལ། །ནད་གདོན་ཀུན་ཞི་ཚེ་དཔལ་རྒྱས། །ལས་ཞི་ཐམས་ཅད་ལྷུན་གྲུབ་ཤོག །པཱ་ཤཾ་ཀུ་རུ། མཱ་ར་ཡ། ཤནྟིཾེ་ཀུ་རུ། པུཥྚིཾ་ཀུ་རུ་སྭཱཧཱ། ཞེས་རྒྱལ་པོ་བཀའ་འབུམ་དུ་ཚོགས་འཁོར་གྱི་ཚིག་ཟིན་མེད་ཅིང་། གངས་རི་བའི་ཡིག་ཆར་ཕྱོགས་ཙམ་སྣང་བ་ཧ་ཅང་ཚང་བ་མི་འདུག་པ། ཉེ་ཆར་འཕྲུལ་སྣང་བྱ་འདབས་ཀྱི་མ་ཎི་བ་ཨྱོན་ཅན་སྤྱི་སོས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེ་བྱང་སེམས་མྱུ་གུ་རྩལ་གྱིས་ལྕགས་བྱ་གླུ་དབྱངས་ཀྱི་ཟླ་བར་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་མཆོག་གོ །སརྦ་མངྒ་ལཾ།། །།


previousཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཀྱི་ལས་བྱང་དང་འབྲེལ་བའི་ཚོགས་མཆོད།next