Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
བྱང་གཏེར་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་གྱི་ལས་བྱང་ཕན་བདེའི་འབྱུང་གནས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབྱང་གཏེར་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་གྱི་ལས་བྱང་ཕན་བདེའི་འབྱུང་གནས།next

བྱང་གཏེར་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་གྱི་ལས་བྱང་ཕན་བདེའི་འབྱུང་གནས།


GLG024_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་གཏེར་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་གྱི་ལས་བྱང་ཕན་བདེའི་འབྱུང་གནས་ཞེས་བྱ་བ་བཞུགས་སོ། །


GLG024_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ན་མ་ཨཱརྱ་པཱ་ཎི་པདྨ་ཤུཀླ་དྷ་རཱ་ཡ། རྨད་བྱུང་ཐུགས་རྗེ་ཆེན་པོའི་ཆར་རྒྱུན་གྱིས། །འགྲོ་བའི་ཕན་བདེའི་ལོ་ཏོག་རྒྱས་མཛད་པའི། །འཁོར་ལོའི་དབང་ཕྱུག་རྗེ་བཙུན་པད་དཀར་འཛིན། །འབྲལ་མེད་གཙུག་གི་པད་མཚོར་རྟག་ཏུ་བསྟེན། །གང་དེའི་སྤྲུལ་པའི་རྣམ་རོལ་པདྨ་འབྱུང་། །གསང་ཆེན་བཀའ་ཡི་བསྡུ་པོ་མཁར་ཆེན་བཟའ། །ཟབ་དོན་གཏེར་གྱི་སྒོ་འབྱེད་རྒོད་ལྡེམ་སོགས། །དངོས་བརྒྱུད་རིག་འཛིན་ཚོགས་རྣམས་ཕྱག་གི་ཡུལ། ཁྱད་པར་ཆོས་རྒྱལ་མངྒའི་མཚན་ཅན་གྱི། །དྲི་མེད་རིང་ལུགས་འཛིན་པའི་རྡོ་རྗེ་འཆང་། །བཀའ་དྲིན་མཉམ་མེད་རྗེ་བཙུན་པདྨ་དབང་། །སྙིང་དབུས་རྡོ་རྗེའི་གདན་ལ་རྟག་བཞུགས་ཤིག །མཐོང་ཐོས་དྲན་པས་འཁོར་བ་ལས་སྒྲོལ་ཞིང་། །ཉམས་སུ་བླངས་ན་རང་རིག་ཀུན་ཏུ་བཟང་། །ཚེ་འདིར་མངོན་དུ་འགྱུར་བྱེད་ཟབ་མོའི་ལམ། །འཕྲིན་ལས་མཁས་པའི་ཕྱག་ལེན་བཞིན་དུ་འདྲི། །བྱང་གཏེར་ཐུགས་སྒྲུབ་རྣམ་གསུམ་ལས་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་གྱི་འཕྲིན་ལས་འཁྲིགས་སུ་བསྒྲིགས་པ་ལ། བུམ་པ་མཆོད་གཏོར་སོགས་ཡོ་བྱད་རྣམས་ཕྱག་ལེན་ལྟར་བཤམས་ལ། དང་པོ་དད་ལྡན་སྐྱེས་བུ་རྣམས༔ འཁོར་བའི་ཆོས་ལ་སྐྱོ་བ་སྐྱེས༔ ཡང་དག་སྙིང་པོའི་དོན་ཚོལ་ན༔ ལེགས་པར་ངན་སོང་སྡུག་བསྔལ་བསམ༔ དབེན་པའི་གནས་སུ་ཡོ་བྱད་བསགས༔ བདེ་བའི་(༢ན)


GLG024_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

གདན་ལ་འདུག་པར་བྱ༔ རིན་ཆེན་གནད་ཀྱི་གཟེར་ལྔ་བརྩིས༔ དང་པོ་སྐྱབས་འགྲོ་སེམས་སྐྱེད་ནི༔ བདག་དང་ཁམས་གསུམ་སེམས་ཅན་ཀུན༔ ལོག་པའི་ལམ་ལས་བཟློག་ནས་ཀྱང་༔ དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ༔ ཉོན་མོངས་དབང་གྱུར་སྡུག་བསྔལ་ལས༔ ཐར་པར་བྱ་ཕྱིར་སེམས་བསྐྱེད་དོ༔ བདག་གི་སྤྱི་བོ་ནམ་མཁའི་ཁམས༔ ཉི་ཟླ་པདྨའི་གདན་སྟེང་དུ༔ བླ་མ་བཀྲག་དང་གཟི་མདངས་ལྡན༔ མཛེས་པའི་ན་བཟའ་སྐུ་ལ་གསོལ༔ ཞལ་འཛུམ་མདངས་དང་ལྡན་པར་བསམ༔ ཤར་ཕྱོགས་མདུན་གྱི་ནམ་མཁའ་ལ༔ ཤཱཀྱ་སེང་གེ་ལ་སོགས་པའི༔ ཡི་དམ་ལྷ་ཚོགས་ཐམས་ཅད་ཀུན༔ ཁ་དོག་ལྔར་གསལ་རྣམ་དག་བསམ༔ ལྷོ་ཕྱོགས་བདེ་བར་གཤེགས་པའི་གསུང་༔ གླེགས་བམ་ཡི་གེའི་རྣམ་པ་ལ༔ དམ་ཆོས་མ་ལུས་འདུས་པར་བསམ༔ ནུབ་ཕྱོགས་བྱང་ཆུབ་སེམས་དཔའི་ཚོགས༔ རིགས་གསུམ་མགོན་པོ་བྱམས་པ་དང༔ འགྲོ་དོན་མཛད་པ་ཐམས་ཅད་བསམ༔ བྱང་ཕྱོགས་དམ་ཆོས་སྐྱོང་བ་ཡི༔ ཆོས་སྐྱོང་མཁའ་འགྲོ་དམ་ཅན་རྣམས༔ བཀའ་ཉན་ལས་བྱེད་ཕོ་ཉར་བསམ༔ འོག་ཏུ་རིགས་དྲུག་སེམས་ཅན་རྣམས༔ སྙིང་རྗེའི་སེམས་ཀྱིས་ཀུན་བསྡུས་ནས༔ ལས་ལ་འགྱོད་པས་སེམས་སྐྱེད་བསམ༔ རྩེ་གཅིག་གུས་པས་སྐྱབས་འགྲོ་བྱ༔ ཀྱེ་མ། ཁམས་གསུམ་འཁོར་བར་འཁྱམས་པའི་(༢བ)


GLG024_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཀུན༔ བླ་མེད་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ མ་རིག་མུན་པས་བསྒྲིབས་པའི་ལས་ངན་སྦྱངས༔ དག་པ་ཡེ་ཤེས་རང་གནས་བསྟན་དུ་གསོལ༔ བདག་དང་འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ བྱང་ཆུབ་མ་ཐོབ་བར་དུ་ཐུགས་རྗེས་གཟིགས༔ ཡོན་ཏན་ཀུན་འབྱུང་དངོས་གྲུབ་མཆོག་གི་གནས༔ བླ་མ་རིན་པོ་ཆེ་ལ་སྐྱབས་སུ་མཆི༔ གང་ལ་གང་འདུལ་འགྲོ་བའི་དོན་མཛད་པའི༔ ཡི་དམ་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆི༔ སངས་རྒྱས་གསུང་ལས་སྤྲུལ་པའི་ཡི་གེར་བྱོན༔ ཉོན་མོངས་འཇོམས་བྱེད་ཆོས་ལ་སྐྱབས་སུ་མཆི༔ ཐུགས་རྗེ་ཆེན་པོས་འགྲོ་དོན་སྟོབས་ཆེན་མཛད༔ བྱང་ཆུབ་སེམས་དཔའི་ཚོགས་ལ་སྐྱབས་སུ་མཆི༔ གདུལ་བྱའི་དོན་དུ་དྲག་པོའི་སྐུར་སྟོན་པ༔ ཆོས་སྐྱོང་དམ་ཅན་རྣམས་ལ་སྐྱབས་སུ་མཆི༔ བདག་གིས་དུས་གསུམ་བསགས་པའི་དགེ་བ་ཡིས༔ འགྲོ་བ་མ་ལུས་བྱང་ཆུབ་ཐོབ་པར་ཤོག༔ རང་བྱུང་རིག་པ་རང་ཤར་ཆོས་ཀྱི་སྐུ༔ ཡང་དག་སྙིང་པོ་མྱུར་དུ་རྟོགས་པར་ཤོག༔ བདག་ནི་དུས་འདི་ནས་བཟུང་ཚེ་རབས་སུ༔ འགྲོ་བ་འདྲེན་པའི་དེད་དཔོན་བྱེད་པར་ཤོག༔ ཕྱིའི་མཎྜལ་ནི། ན་མོ། དབང་ཆེན་གཞལ་ཡས་དབུས་ཀྱི་ལྟེ་བ་ལ༔ རི་རྒྱལ་ལྷུན་པོ་བརྗིད་ཅིང་འགྱིང་བག་ལྡན༔ གསེར་གྱི་རི་བདུན་རོལ་བའི་མཚོ་བདུན་རྣམས༔ གཉེན་ལྕུག་སྲ་བརྟན་རིན་ཆེན་རྩིག་པར་བལྟམས༔ གླིང་བཞི་གླིང་ཕྲན་བརྒྱད་ཀྱིས་ཕྱོགས་མཚམས་བསྐོར༔ ལྷ་དང་མི་ཡི་འདོད་ཡོན་རྒྱན་གྱིས་གང་༔ ཉི་ཟླའི་འོད་ཀྱིས་འཇིག་རྟེན་མུན་པ་སེལ༔ ལྕགས་རི་མུ་ཁྱུད་མཐའ་ནས་ལེགས་པར་བསྐོར༔ ཕྱི་ལྟར་སྣོད་ཀྱི་འཇིག་རྟེན་སྣང་བ་འདི༔ བླ་མེད་དཀོན་མཆོག་གསུམ་ལ་གུས་པས་འབུལ༔ བདག་གཞན་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ནས༔ ཡང་དག་སྙིང་པོ་མྱུར་དུ་རྟོགས་པར་ཤོག༔ ནང་གི་མཎྜལ་ནི༔ ན་མོ༔ འཇིག་རྟེན་ལས་ཀྱིས་འདུས་པའི་བར་དོ་རུ༔ (༣ན)


GLG024_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལུས་ཤིན་ཏུ་གཅེས་པར་བཟུང་བ་ཡི༔ ཡུལ་མཁར་ལོངས་སྤྱོད་འདོད་པའི་ར་བར་བཅས༔ བྱམས་པའི་ཕ་མ་འཛའ་བའི་གྲོགས་དང་ནི༔ བུ་དང་བུ་མོ་གཅེས་པའི་འཁོར་གྱིས་བསྐོར༔ ཟས་ནོར་གོས་དང་ལོངས་སྤྱོད་རྒྱན་དང་ལྡན༔ བཀྲག་མདངས་མཛེས་པའི་ཁ་དོག་རང་འོད་བཅས༔ འཛིན་པའི་སེམས་ཀྱིས་གཅེས་པར་བཟུང་བ་ཡི༔ བདག་གི་འཇིག་རྟེན་འདི་ཡི་གཅེས་པ་ཀུན༔ གུ་རུ་རཏྣ་སྤྲུལ་པའི་སྐུ་ལ་འབུལ༔ བདག་གི་ཉོན་མོངས་འཛིན་པའི་ཡུལ་དག་ནས༔ དག་པ་ཡེ་ཤེས་རང་གནས་སྟན་དུ་གསོལ༔ གསང་བའི་མཎྜལ་ནི༔ ཧཱུཾ། བདག་ལུས་འབྱུང་བཞི་འདུས་པའི་ཕོ་བྲང་དུ༔ སེམས་ཀྱི་རྟེན་གནས་ཙིཏྟ་འབར་བ་ལ༔ དབང་པོ་སྒོ་ལྔའི་རྟེན་གྱིས་མཐའ་རྟེན་བྱས༔ རྣམ་ཤེས་ཚོགས་བརྒྱད་འཁོར་གྱིས་རབ་ཏུ་བརྒྱན༔ ཤ་ཁྲག་རུས་པ་ནང་ཁྲོལ་སྣ་ཚོགས་ལྡན༔ མིག་གཉིས་དངས་པའི་འོད་ཀྱིས་མུན་པ་སེལ༔ བདག་ལུས་ལོངས་སྤྱོད་རྒྱས་པའི་སྒྱུ་ལུས་འདི༔ ངེས་པའི་དོན་སྟོན་བླ་མ་ཉིད་ལ་འབུལ༔ བདག་གི་ལམ་གྱི་འཁྲུལ་སྣང་ཀུན་དག་ནས༔ རང་རིག་ཡེ་ཤེས་རྟོགས་པར་མཛད་དུ་གསོལ༔ རང་གི་སྒྱུ་ལུས་བེམ་པོ་འདིའི༔ སྤྱི་གཙུག་པདྨ་ཉི་ཟླའི་སྟེང་༔ ཨཱཿལས་རྡོ་རྗེ་སེམས་དཔའ་ཉིད༔ དུང་མདོག་ཞལ་གཅིག་ཕྱག་གཉིས་པ༔ རིན་ཆེན་རྒྱན་གྱིས་མཛེས་པར་བརྒྱན༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན༔ གཡོན་པ་དྲིལ་བུ་དཀུ་ལ་བརྟེན༔ ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་མཛད༔ དེ་ཡི་ཐུགས་ཀར་ཡི་གེ་ཨཱ༔ ཨཱཿལས་འོད་འཕྲོས་མདངས་དང་ལྡན༔ ཨཱཿལས་བདུད་རྩིའི་ཆུ་རྒྱུན་འབབ༔ བདག་གི་སྤྱི་གཙུག་རྐང་མཐིལ་བར༔ ཕྱི་ནང་ལུས་བཀྲུས་དག་པར་བསམ༔ ཨཱོཾ་བཛྲ་ས་ཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ་ཌི་ཌྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ ཨ་ནུ་(༣བ)


GLG024_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

རཀྟོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲཱི་ཡཾ་ཀུ་རུ་ཧཱུཾ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝ་ན༔ སརྦ་ཏ་ཐཱ་ག་ཏ༔ བཛྲ་མ་མེ་མུཉྩ༔ བཛྲི་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱ༔ རང་གི་ཡུལ་མཁར་ཁང་ཁྱིམ་དང་༔ ས་རྡོ་རི་བྲག་འཇིག་རྟེན་ཁམས༔ བརྩིགས་དང་གནས་དང་འཇིག་པ་དང་༔ དུས་ཀྱི་འཕོ་འགྱུར་ལེགས་པར་བསམ༔ བར་དུ་རང་གི་དགྲ་དང་གཉེན༔ སྲོག་ཆགས་ཀུན་དང་རང་གི་ལུས༔ སྐྱེ་དང་གསོན་དང་འཆི་བར་བསམ༔ ཐ་མ་འཁོར་བ་རིགས་དྲུག་གི༔ སྡུག་བསྔལ་རིམ་པར་བརྟག་ཅིང་བསམ༔ ཐུན་དུ་བཅད་ལ་མི་རྟག་སྒོམ༔ མི་རྟག་བསྒོམས་པས་ཆོས་ལ་འཇུག༔ དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི༔ ཐུགས་རྗེས་འགྲོ་བའི་དོན་མཛད་ཀྱང་༔ བདག་ནི་འཁོར་བའི་གནས་སུ་འཁྱམས༔ ད་ལྟ་ངེས་པའི་དོན་སྟོན་པའི༔ བླ་མ་དེ་ནི་སངས་རྒྱས་ཀྱི༔ སྤྲུལ་པ་ཡིན་ཏེ་སྐུ་དྲིན་ཆེ༔ དཔེར་ན་ཡིད་བཞིན་ནོར་བུ་དེ༔ འབྱུང་བ་ལྔ་ཡི་བཅུད་ཡིན་ཡང་༔ འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ༔ རྩོལ་བ་མེད་པར་གྲོགས་སུ་འབྱུང་༔ རྒྱལ་པོ་དགུང་དུ་གཤེགས་པའི་ཚེ༔ ས་རྡོ་གཞན་གྱིས་མི་ཐུབ་པར༔ འབྱུང་བ་ལྔ་ལ་ཟང་ཐལ་དུ༔ གཤེགས་ཏེ་རྒྱ་མཚོ་ཆེན་པོའི་ནང་༔ རིན་ཆེན་གསེར་གྱི་ས་གཞི་ལ༔ ནོར་བུ་རིན་ཆེན་ཆགས་པར་འགྱུར༔ དེ་བཞིན་མན་ངག་ཟབ་མོའི་ཆོས༔ ངེས་དོན་སྟོན་པའི་བླ་མ་དེ༔ སངས་རྒྱས་ཀུན་གྱི་སྤྲུལ་པ་ཡིན༔ བདག་ལ་སངས་རྒྱས་ཀུན་ལས་ལྷག༔ ལས་བྱུང་གང་ཟག་ཡོད་པའི་སར༔ རྩོལ་བ་མེད་པར་འབྱུང་བར་འགྱུར༔ དད་མེད་ལོག་ལྟ་སྡིག་སྤྱོད་གནས༔ དེར་ནི་བཞུགས་པར་མི་འགྱུར་ཏེ༔ དག་པའི་ཞིང་དུ་གཤེགས་པར་འགྱུར༔ གསང་སྔགས་ངེས་པའི་དོན་འདོད་ན༔ བླ་མའི་རྣལ་འབྱོར་བསྒོམ་པར་བྱ༔ བླ་མའི་རྣལ་འབྱོར་ནི༔ རང་མདུན་བྱང་ཆུབ་སེམས་ཀྱི་འོད་ཆེན་ནང་། །ཡན་ལག་བརྒྱད་ལྡན་དབུས་ན་ལེགས་(༤ན)


GLG024_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པའི། །རིན་ཆེན་ལས་གྲུབ་པད་སྡོང་ལོ་འབྲས་རྒྱས། །འོད་དང་འོད་ཟེར་རིན་ཆེན་དུ་མ་འཕྱང་། །དེ་ཉིད་རྩ་རྩེར་པདྨ་སྟོང་ལྡན་དབུས། །ཉི་ཟླ་འོད་ལྔ་ཀུན་དུ་འཁྲིགས་པའི་ཀློང་། །མགོན་པོ་འོད་དཔག་མེད་པ་སྐུ་མདོག་དམར། །ཆོས་གོས་ཤམ་ཐབས་མཉམ་གཞག་ཕྱག་རྒྱའི་སྟེང་། །རིན་ཆེན་བུམ་པ་བདུད་རྩིས་གང་བ་བཅས། །དེ་འོག་པད་སྡོང་ཉི་ཟླ་འོད་ཕུང་དབུས། །ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས། །དཀར་གསལ་ཞལ་གཅིག་ཕྱག་བཞི་ཐལ་སྦྱར་དང་། །མུ་ཏིག་ཕྲེང་བ་པདྨ་རིན་ཆེན་རྒྱན། །སྣ་ཚོགས་དར་གྱིས་སྟོད་སྨད་མཛེས་པར་སྤྲས། །དེ་འོག་པད་སྡོང་ཉི་ཟླ་འོད་ལྔའི་དབུས། །ཨུ་རྒྱན་པདྨ་དཀར་དམར་གཉེན་ཞུ་དང་། །ཟ་བེར་ཆོས་གོས་ཕོད་ཀ་རྡོ་རྗེ་ཐོད། །རིན་ཆེན་དུ་མའི་རྒྱན་སྤྲས་སྤྲུལ་སྐུའི་ཆས། །དེ་འོག་པད་སྡོང་ཕྱོགས་བཞི་དབུས་ལྔའི་སྟེང་། །ཉི་ཟླ་འོད་ལྔ་འཁྱིལ་བའི་དབུས་ཉིད་དུ། །རྒྱལ་ཡུམ་མཚོ་རྒྱལ་དཀར་དམར་རྣལ་འབྱོར་ཆས། །གྲི་གུག་ཐོད་ཁྲག་རིན་ཆེན་དར་གྱིས་བརྒྱན། །ཤར་དུ་མ་སྙེད་རབ་བྱུང་གཉེན་ཞུ་དང་། །ཆོས་གོས་ཟ་བེར་རྡོ་རྗེ་དྲིལ་བུ་འཛིན། །ལྷོ་རུ་ཆོས་རྒྱལ་དཀར་དམར་དར་ཐོད་ཆས། །ཕྱག་གཉིས་རིན་ཆེན་གཙོ་ལ་དབུལ་བའི་ཚུལ། །ནུབ་ཏུ་རྒྱལ་སྲས་དཀར་དམར་རྒྱལ་པོའི་ཆས། །ཕྱག་གཉིས་རིན་ཆེན་གཞོང་པ་བཅུད་གང་འཛིན། །བྱང་དུ་རྡོ་རྗེ་བདུད་འཇོམས་སྔགས་འཆང་ཆས། །ཕྱག་གཉིས་ཕུར་པ་སྡིགས་མཛུབ་བགེགས་ལ་གཟིར། །དེ་འོག་པད་སྡོང་ཉི་ཟླ་འོད་ལྔའི་དབུས། །གཏེར་སྟོན་ཆེན་པོ་དམར་སྨུག་སྔགས་འཆང་ཆས། །ཕྱག་གཉིས་ཆོས་འཆད་གླེགས་བམ་འཛིན་པའི་ཚུལ། །དེ་འོག་པད་སྡོང་ཉི་ཟླ་འོད་ལྔའི་དབུས། །རྒྱལ་སྲས་རྣམ་རྒྱལ་མགོན་པོ་རབ་བྱུང་ཆས། །དཀར་དམར་རྡོ་རྗེ་དྲིལ་བུ་ཐུགས་ཀར་འཛིན། །དེ་འོག་པད་སྡོང་ཉི་ཟླ་འོད་ལྔའི་དབུས། །ཐུགས་སྲས་སངས་རྒྱས་བསྟན་པ་རབ་བྱུང་ཆས། །དཀར་དམར་ཕྱག་གཉིས་རྡོ་རྗེ་བུམ་པ་(༤བ)


GLG024_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན། །དེ་འོག་པད་སྡོང་ཉི་ཟླ་འོད་ལྔའི་དབུས། །རིག་འཛིན་སངས་རྒྱས་བྱམས་བཟང་རབ་བྱུང་ཆས། །དཀར་དམར་ཕྱག་གཉིས་ཆོས་འཆད་ཕྱག་རྒྱའོ། །དེ་འོག་པད་སྡོང་ཉི་ཟླ་འོད་ལྔའི་དབུས། །རིག་འཛིན་སངས་རྒྱས་དཔལ་བཟང་རབ་བྱུང་ཆས། །དཀར་སྨུག་ཕྱག་གཉིས་རྡོ་རྗེ་ཐོད་པ་འཛིན། །དེ་འོག་པད་སྡོང་ཉི་ཟླ་འོད་ལྔའི་དབུས། །རིན་ཆེན་ཆོས་རྒྱལ་བསོད་ནམས་སྔགས་འཆང་ཆས། །དམར་སྨུག་ཕྱག་གཉིས་རྡོ་རྗེ་ཕུར་པ་འཛིན། །དེ་འོག་པད་སྡོང་ཉི་ཟླ་འོད་ལྔའི་དབུས། །སྤྲུལ་སྐུ་ཤཱཀྱ་བཟང་པོ་སྔགས་འཆང་ཆས། །སྨུག་ནག་ཕྱག་གཉིས་རྡོ་རྗེ་བུམ་པ་འཛིན། །དེ་འོག་པད་སྡོང་ཉི་ཟླ་འོད་ལྔའི་དབུས། །པད་མ་དབང་རྒྱལ་དམར་སྨུག་རབ་བྱུང་ཆས། །ཕྱག་གཉིས་ཆོས་འཆད་རིན་ཆེན་སྦྱིན་པའི་ཚུལ། །དེ་འོག་པད་སྡོང་ཉི་ཟླ་འོད་ལྔའི་དབུས། །རྡོ་རྗེ་བདུད་འཇོམས་སྔགས་འཆང་སྤྲུལ་སྐུའི་ཆས། །དཀར་དམར་ཕྱག་གཉིས་མཆོག་སྦྱིན་གཏེར་སྒྲོམ་འཛིན། །དེ་འོག་པད་སྡོང་ཉི་ཟླ་འོད་ལྔའི་དབུས། །རིག་སྔགས་འཆང་བ་ཆོས་རྒྱལ་དབང་པོའི་སྡེ། །དབུ་སྐྲའི་ཐོར་ཚུགས་དཀར་དམར་ན་བཟས་བརྗིད། །ཆོས་འཆད་པད་སྙིང་གླེགས་བམ་རལ་གྲི་བསྣམས། །དེ་འོག་པད་སྡོང་ཉི་ཟླ་འོད་ལྔའི་དབུས། །སྐྱབས་གནས་ཀུན་འདུས་རིག་འཛིན་ངག་གི་དབང་། །དཀར་དམར་དབང་རྟགས་ཅོད་པན་རྟགས་རྒྱས་མཛེས། །གཡས་གཡོན་རྡོ་རྗེ་ཚེ་ཡི་བུམ་པ་འཛིན། །དེ་འོག་པད་སྟོང་ཉི་ཟླའི་འོད་ལྔའི་དབུས། །ཡོལ་མོ་གཏེར་སྟོན་སྨུག་ནག་སྔགས་འཆང་ཆས། །ཕུར་པ་བདུད་རྩིས་གང་བའི་ཐོད་པ་འཛིན། །དེ་འོག་པད་སྡོང་ཉི་ཟླ་འོད་ལྔའི་དབུས། །རྡོ་རྗེ་འཆང་དངོས་ཟུར་ཆེན་པདྨ་དབང་། །དཀར་དམར་རབ་བྱུང་ཆས་ལྡན་ཕྱག་གཡས་པ། །ཆོས་འཆད་གཡོན་པ་ཚེ་ཡི་བུམ་པ་འཛིན། །དེ་དག་ཀུན་གྱི་པད་སྡོང་རྩ་བའི་སྟོད། །རང་ལུས་སྙིང་ཐད་ཉི་ཟླ་འོད་ལྔའི་དབུས། །རྩ་བའི་བླ་མ་དཀར་དམར་རབ་བྱུང་ཆས། །གཡས་པ་པད་དཀར་འཛིན་(༥ན)


GLG024_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་རྡོ་རྗེ་དང་། །ཕྱག་གཡོན་མཉམ་གཞག་སྟེང་ན་ཚེ་བུམ་འཛིན། །ཟབ་དོན་ཆོས་སྒྲས་འགྲོ་བའི་རེ་བ་བསྐོང་། །པད་སྡོང་ཡལ་ག་ཕྱོགས་ཀུན་རྒྱས་པའི་སྟེང་། །རིམ་དགུ་རྒྱུད་སྡེ་བཞི་ཡི་ལྷ་ཚོགས་དང་། །དཔའ་བོ་མཁའ་འགྲོ་ཆོས་སྲུང་ནོར་ལྷ་དང་། །གཏེར་དབང་ཞིང་སྐྱོང་དཀར་ཕྱོགས་སྐྱོང་བའི་འཁོར། །ཀུན་ཀྱང་མཚན་དཔེར་ལྡན་པའི་དག་སྣང་གིས། །འགྲོ་དྲུག་ཉམས་འོག་ཆུད་པའི་དུངས་སེམས་ཀྱིས། །ཕྱི་ནང་གསང་གསུམ་དངོས་འབྱོར་ཡིད་སྤྲུལ་ནས། །ཕངས་མེད་ལྟོས་པ་མེད་པར་ཡང་ཡང་འབུལ། །ཨཱོཾ་སརྦ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། །མདུན་གྱི་རྟེན་གྱི་མཆོག་གསུམ་རྩ་བ་གསུམ། །སྐུ་གསུམ་འདི་ཕྱིའི་འདྲེན་སྟོན་ཡིན་བསམས་ལ། །གདུང་དབྱངས་ལྡན་པས་གསོལ་བ་འདི་ལྟར་གདབ། །ན་མོ་གུ་རུ་བྷྱཻ། དང་པོའི་མགོན་པོ་ཆོས་སྐུ་འོད་དཔག་མེད། །ཐུགས་རྗེའི་བདག་ཉིད་ལོངས་སྐུ་སྤྱན་རས་གཟིགས། ཁམས་གསུམ་འདྲེན་མཆོག་སྤྲུལ་པ་ཨུ་རྒྱན་ལ། །གསོལ་བ་འདེབས་སོ་སྨིན་གྲོལ་བྱིན་གྱིས་རློབས། །དབྱངས་ཅན་སྤྲུལ་པ་ཡེ་ཤེས་མཚོ་རྒྱལ་དང་། །ཧཱུཾ་ཆེན་སྤྲུལ་པ་ནམ་མཁའི་སྙིང་པོ་དང་། །འཇམ་དབྱངས་བྱིན་བརླབས་ཁྲི་སྲོང་ལྡེའུ་བཙན་ཞབས། །གསོལ་བ་འདེབས་སོ་སྨིན་གྲོལ་བྱིན་གྱིས་རློབས། །ཨུ་རྒྱན་ཐུགས་སྲས་མུ་ཁྲི་བཙན་པོ་དང་། །གདམས་པའི་བཀའ་བབས་རྗེ་འབངས་ཉི་ཤུ་ལྔ། །གསང་སྔགས་རྣལ་འབྱོར་རྡོ་རྗེ་བདུད་འཇོམས་ལ། །གསོལ་བ་འདེབས་སོ་སྨིན་གྲོལ་བྱིན་གྱིས་རློབས། །ཟབ་གཏེར་བརྙེས་པའི་རྒོད་ལྡེམ་དངོས་གྲུབ་མཚན། །སྐུ་ཡི་སྲས་མཆོག་རྣམ་རྒྱལ་མགོན་པོ་དང་། །རྩེ་གཅིག་སྒྲུབ་བརྩོན་སངས་རྒྱས་བསྟན་པའི་ཞབས། །གསོལ་བ་འདེབས་སོ་སྨིན་གྲོལ་བྱིན་གྱིས་རློབས། །ཐུགས་རྗེའི་བྱིན་རླབས་བྱམས་པ་བཟང་པོ་བ། །བསམས་བཞིན་འགྲོ་དོན་མཛད་པའི་སངས་རྒྱས་དཔལ། །གྲུབ་པའི་དབང་ཕྱུག་ཆོས་རྒྱལ་(༥བ)


GLG024_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་ལ། །གསོལ་བ་འདེབས་སོ་སྨིན་གྲོལ་བྱིན་གྱིས་རློབས། །སྤྲུལ་པའི་སྐུ་མཆོག་ཤཱཀྱ་བཟང་པོ་དང་། །མཁྱེན་རབ་ཐུགས་རྗེ་ལྡན་པའི་པདྨ་དབང་། །བརྒྱུད་པའི་བཀའ་བབས་རིག་འཛིན་ཆོས་ཀྱི་རྗེ། །གསོལ་བ་འདེབས་སོ་སྨིན་གྲོལ་བྱིན་གྱིས་རློབས། །མངའ་བདག་སྐྱེ་སྤྲུལ་ཆོས་རྒྱལ་དབང་པོའི་སྡེ། །རྩོད་དུས་པདྨའི་རྒྱལ་ཚབ་ངག་གི་དབང་། །རྒྱལ་སྲས་ཡོལ་མོ་སྟོབས་ལྡན་དཔའ་བོ་ལ། །གསོལ་བ་འདེབས་སོ་སྨིན་གྲོལ་བྱིན་གྱིས་རློབས། །ཐེག་མཆོག་ཆོས་ཀྱི་རྒྱལ་པོ་ཀུན་དགའི་ཞབས། །རིག་སྔགས་འཆང་བ་གང་ཤར་རང་གྲོལ་དང་། །བཀའ་དྲིན་འཁོར་མེད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་སྨིན་གྲོལ་བྱིན་གྱིས་རློབས། །ཕུང་ཁམས་རྣམ་དག་ཐུགས་རྗེའི་དཀྱིལ་འཁོར་ལྷ། །འཕྲིན་ལས་ཀུན་སྒྲུབ་དཔའ་བོ་མཁའ་འགྲོའི་ཚོགས། །བཀའ་སྲུང་དབང་གི་མ་བདུན་གཏེར་སྐྱོང་ལ། །གསོལ་བ་འདེབས་སོ་སྨིན་གྲོལ་བྱིན་གྱིས་རློབས། །བདག་དང་མཁའ་མཉམ་འགྲོ་དྲུག་མ་ལུས་ཀུན། །གསོལ་འདེབས་གདུང་ཤུགས་དྲག་པོས་སྐུལ་འདེབས་ན། །སྐུ་གསུང་ཐུགས་ཡོན་འཕྲིན་ལས་གསང་མཛོད་ནས། །སྨིན་གྲོལ་དབང་བཞིའི་བདུད་རྩིའི་རྒྱུན་ཕོབ་ལ། །སྒྲིབ་དག་དབང་བཞིས་སྒོ་གསུམ་སྨིན་གྲོལ་ནས། །སྐུ་བཞིའི་རྒྱལ་སྲིད་དག་ལ་མྱུར་གནས་ཤོག །བླ་མ་འཇའ་དང་འོད་དུ་ཆིལ་ལི་ལི། །ཡི་དམ་སྐུ་དང་ཐིག་ལེ་ཤིག་སེ་ཤིག །མཁའ་འགྲོ་དགྱེས་པའི་གར་ཉམས་ཁྱུག་སེ་ཁྱུག །བདག་གཞན་ལུས་ངག་ཡིད་གསུམ་མཉམ་བཞུགས་ནས། །ཐུགས་རྗེ་ཆེན་པོ་ཉིད་དུ་དབྱེར་མེད་ཤོག །རྩ་བརྒྱུད་བླ་མ་ཡས་མར་རིམ་ཐིམ་ནས། །རང་རང་གནས་གསུམ་སྒོ་གསུམ་དབྱེར་མེད་ལྷ། །མ་བཅོས་དོན་དག་ཆོས་སྐུའི་དགོངས་པ་སྐྱོང་། །རྒྱལ་ཆེན་བཞིའི་གཏོར་མ་ནི། ཧྲཱིཿལས་བདག་ཉིད་དབང་ཆེན་ཁྲོ་བོའི་རྒྱལ། །དམར་ནག་ཞལ་གཅིག་ཕྱག་གཉིས་ཞབས་གཉིས་བགྲད། །གཡས་པ་(༦ན)


GLG024_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

དབྱུག་ཐོ་གཡོན་པ་སྡིགས་མཛུབ་མཛད། །ཡེ་ཤེས་མེ་དཔུང་འབར་བའི་ཀློང་ན་བརྗིད། །ཧྲཱིཿཔདྨ་ཏ་ཀྲི་ཏ་ཧ་ཡ་གྲཱི་ཝ་ཧཱུཾ་ཕཊ། ཧཱུཾ༔ བདག་ཉིད་ལྷ་ཡི་ཐུགས་ཀ་ནས༔ དཀར་སེར་དམར་ལྗང་ཧཱུཾ་ཆེན་བཞི༔ འཕྲོ་འདུ་འོད་དུ་ཞུ་བ་ལས༔ ཡེ་ཤེས་རྒྱལ་པོ་བཞི་རུ་གྱུར༔ ཨཱོཾ་ཛྙཱ་ན་རཱ་ཛ་ས་མ་ཡེ་སྭཱ་ཧཱ༔ ཧཱུཾ། རི་རྒྱལ་ལྷུན་པོའི་ཤར་ཕྱོགས་ན༔ ཕོ་བྲང་ཆེན་པོ་སྤོས་ངད་ལྡན༔ ཟབ་ཅིང་རྒྱ་ཆེ་གཟིགས་འཕགས་པོ༔ རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་༔ སྐུ་མདོག་དཀར་པོ་པི་ཝང་འཛིན༔ བཙུན་མོ་སྲས་དང་བློན་པོར་བཅས༔ འཁོར་ནི་དྲི་ཟ་འབུམ་གྱིས་བསྐོར༔ སྡེ་བོ་ཆེ་ལ་སྟོབས་པོ་ཆེ༔ མཆོད་གཏོར་འདི་བཞེས་ཤར་ཕྱོགས་ཀྱི༔ གདོན་རྣམས་ཟློག་ཅིང་ཕྱི་མཚམས་སྲུངས༔ ཧཱུཾ། རི་རྒྱལ་ལྷུན་པོའི་ལྷོ་ཕྱོགས་ན༔ ཕོ་བྲང་ཆེན་པོ་བཻ་ཌཱུརྱ༔ ཟབ་ཅིང་རྒྱ་ཆེ་གཟིགས་འཕགས་པོ༔ རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ༔ སྐུ་མདོག་སེར་པོ་རལ་གྲི་འཛིན༔ བཙུན་མོ་སྲས་དང་བློན་པོར་བཅས༔ འཁོར་ནི་གྲུལ་བུམ་འབུམ་གྱིས་བསྐོར༔ སྡེ་བོ་ཆེ་ལ་སྟོབས་པོ་ཆེ༔ མཆོད་གཏོར་འདི་བཞེས་ལྷོ་ཕྱོགས་ཀྱི༔ གདོན་རྣམས་ཟློག་ཅིང་ཕྱི་མཚམས་སྲུངས༔ ཧཱུཾ། རི་རྒྱལ་ལྷུན་པོའི་ནུབ་ཕྱོགས་ན༔ ཕོ་བྲང་ཆེན་པོ་རྒྱ་མཚོའི་སྦ༔ ཟབ་ཅིང་རྒྱ་ཆེ་གཟིགས་འཕགས་པོ༔ རྒྱལ་པོ་ཆེན་པོ་སྤྱན་མི་བཟང་༔ སྐུ་མདོག་དམར་པོ་སྦྲུལ་ཞགས་འཛིན༔ བཙུན་མོ་སྲས་དང་བློན་པོར་བཅས༔ འཁོར་ནི་ཀླུ་དབང་འབུམ་གྱིས་བསྐོར༔ སྡེ་བོ་ཆེ་ལ་སྟོབས་པོ་ཆེ༔ མཆོད་གཏོར་འདི་བཞེས་ནུབ་ཕྱོགས་ཀྱི༔ གདོན་རྣམས་ཟློག་ཅིང་ཕྱི་མཚམས་སྲུངས༔ ཧཱུཾ། རི་རྒྱལ་ལྷུན་པོའི་བྱང་ཕྱོགས་ན༔ ཕོ་བྲང་ཆེན་པོ་ལྕང་ལོ་ཅན༔ ཟབ་ཅིང་རྒྱ་ཆེ་གཟིགས་འཕགས་པོ༔ རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས༔ སྐུ་མདོག་ལྗང་གུ་རྒྱལ་མཚན་འཛིན༔ བཙུན་མོ་སྲས་དང་བློན་པོར་བཅས༔ འཁོར་(༦བ)


GLG024_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གནོད་སྦྱིན་འབུམ་གྱིས་བསྐོར༔ སྡེ་བོ་ཆེ་ལ་སྟོབས་པོ་ཆེ༔ མཆོད་གཏོར་འདི་བཞེས་བྱང་ཕྱོགས་ཀྱི༔ གདོན་རྣམས་ཟློག་ཅིང་ཕྱི་མཚམས་སྲུངས༔ ཧཱུཾ། རྒྱལ་པོ་ཆེན་པོ་སྡེ་བཞི་པོ༔ དོན་གྱི་སངས་རྒྱས་ཡིན་མོད་ཀྱང་༔ གསང་སྔགས་བསྟན་པ་བསྲུང་བའི་ཕྱིར༔ བར་ཆད་འདུལ་བར་མཛད་དུ་གསོལ༔ ཨཱོཾ་དྷྲི་ཌྜ་རཥྚ་ཡེ་སྭཱ་ཧཱ༔ བི་རུ་ཏ་ཀ་ཡེ་སྭཱ་ཧཱ༔ བྷེ་རུ་བྷཀྵ་ཡེ་སྭཱ་ཧཱ༔ བཻ་ཤྲ་མ་ཎ་ཡེ་སྭཱ་ཧཱ༔ ཏཱབཏཱཊཱཧནཊཏཱཉཅ྄ོ྅ཌཱཏྵ༔ འཕགས་པ་ཐུགས་རྗེ་ཆེན་པོ་ལ༔ རྩེ་གཅིག་གདུང་བས་ཕྱག་འཚལ་ལོ༔ ཐུགས་རྗེ་ཆེན་པོའི་འཕྲིན་ལས་ནི༔ ཕུན་ཚོགས་བཞི་དང་ལྡན་པ་ཡིས༔ སྔོན་འགྲོའི་རིམ་པ་ཚུལ་བཞིན་བྱ༔ སྐྱབས་འགྲོ་སེམས་སྐྱེ་སྔོན་སོང་ནས༔ དང་པོ་མཚམས་གཅད་བྱ་བ་ནི༔ ཧཱུཾ། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་འདིར༔ འདུས་པའི་ལྷ་རྣམས་མ་གཏོགས་པ༔ བར་གཅོད་དགྲ་བགེགས་འབྱུང་པོའི་ཚོགས༔ གནས་འདིར་མ་འདུག་གཞན་དུ་དེངས༔ གལ་ཏེ་མི་འགྲོ་འདུག་གྱུར་ན༔ ཐུགས་རྗེ་ཆེན་པོ་ཐུགས་ཁྲོས་ནས༔ ཁྲོ་ཆེན་རྟ་མགྲིན་ཁྲོས་ནས་ཀྱང་༔ སྤྲུལ་པ་ཡང་སྤྲུལ་སྟོང་གསུམ་གང་༔ གདུག་པའི་མཚོན་ཆ་སྣ་ཚོགས་བསྣམས༔ བར་ཆད་ཐམས་ཅད་རྡུལ་དུ་རློག༔ ཨཱོཾ་བཛྲ་མ་ཧཱ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ༔ ཎི་ཏྲི་ཤ་ཏྲུཾ་མ་ར་ཡ་ཧཱུཾ་ཕཊ༔ རང་གི་གནས་དེ་རྟ་མགྲིན་གྱི་སྤྲུལ་པ་མང་པོས་གང་བར་བསམ༔ དེ་ནས་བཤགས་པ་བྱ་བ་ནི༔ བླ་མ་འཕགས་པ་འཁོར་བཅས་རྣམས༔ མདུན་གྱི་ནམ་མཁར་དམིགས་བྱས་ལ༔ སྒོ་གསུམ་གུས་པས་བཤགས་པ་འབུལ༔ ཧྲཱི༔ འཕགས་པ་འཁོར་བཅས་དགོངས་སུ་གསོལ༔ བདག་སོགས་སེམས་ཅན་ཐམས་ཅད་ཀྱི༔ སྔོན་ཚེ་འཁོར་བ་ཐོག་མེད་ནས༔ ཉོན་མོངས་དུག་ལྔའི་དབང་གྱུར་ཏེ༔ ངན་སོང་གསུམ་གྱི་ལས་བསགས་(༧ན)


GLG024_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

པ༔ ལུས་ངག་ཡིད་གསུམ་སྡིག་སྒྲིབ་རྣམས༔ འཕགས་པའི་སྤྱན་སྔར་མཐོལ་ཞིང་བཤགས༔ ཚངས་པ་ཁྲུས་ཀྱི་དངོས་གྲུབ་སྩོལ༔ པདྨ་ས་ཏྭ་ཨཱ༔ དེ་ནས་བྱིན་དབབ་པ་ནི༔ སྤོས་དང་རོལ་མོ་ཐོགས་བྱས་ལ༔ ཧྲཱིཿ ཨ་ལ་ལ་ཧོ༔བྷ་ག་ཝ་ན་ས་མ་ཡ་ཧོ༔ ས་མ་ཡ་སྟྭཾ༔ ཧྲཱི༔ ཆོས་ཀྱི་དབྱིངས་ནས་སྐུ་བཞེངས་ལ༔ ལོངས་སྤྱོད་རྫོགས་སྐུ་སྤྱན་རས་གཟིགས༔ ཐུགས་རྗེ་སྤྲུལ་སྐུ་པདྨ་འབྱུང་༔ ཡང་སྤྲུལ་ཐུབ་དྲུག་སྒོ་མ་བཞི༔ འགྲོ་དྲུག་སེམས་ཅན་ཐུགས་རྗེས་གཟིགས༔ དཀྱིལ་འཁོར་འདི་ལ་བྱིན་ཕོབ་ཅིག༔ བདག་གི་སྡིག་སྒྲིབ་སྦྱང་དུ་གསོལ༔ དཀྱིལ་འཁོར་དབུས་སུ་བཞུགས་སུ་གསོལ༔ ཀ་ཡ་ཝ་ཀ་ཙིཏྟ་ཧཱུཾ༔ དེ་ནས་རང་ཉིད་ཁྲུས་བྱས་ཏེ༔ གཙང་མའི་གོས་གྱོན་མེ་ཏོག་ཐོགས༔ གཏོར་མ་མཆོད་རྫས་ཐམས་ཅད་ནི༔ བསང་སྦྱང་བྱིན་བརླབ་བྱ་བ་ནི༔ ཨཱོཾ་སྭ་བྷཱ་ཝ་ཤུདྡྷ༔ སརྦ་དྷརྨཱ༔ སྭ་བྷཱ་ཝ་ཤུདྡྷོ྅ཧཾ༔ ཐམས་ཅད་སྟོང་པར་དག་པར་སྦྱངས༔ ཨཱོཾ་ཨ་ཧ་ར་སརྦ་བྷེ་དྷ་ར་པཱུ་ཛ་ཏེ་ཨཱཿཧཱུཾ༔ ཨཱོཾ་བཛྲ་དྷཱུ་པེ་ཨཱཿཧཱུཾ༔ ཨཱོཾ་བཛྲ་པུཥྤེ་ཨཱཿཧཱུཾ༔ ཨཱོཾ་བཛྲ་ཨ་ལོ་ཀེ་ཨཱཿཧཱུཾ༔ ཨཱོཾ་བཛྲ་གནྡྷེ་ཨཱཿཧཱུཾ༔ ཨཱོཾ་བཛྲ་ནཻ་ཝི་དྱ་ཨཱཿཧཱུཾ༔ ཨཱོཾ་བཛྲ་ཤཔྟ་ཨཱཿཧཱུཾ༔ ཨཱོཾ་ཨཱཿཧཱུཾ༔ དེ་ནས་བུམ་པ་སྒྲུབ་པ་ནི༔ ཧྲཱི༔ བུམ་ནང་པདྨའི་གཞལ་ཡས་ཁང་༔ དབུས་སུ་པདྨ་ཉི་ཟླའི་གདན༔ དེ་སྟེང་ཧྲཱིཿལས་འོད་འཕྲོས་པས༔ གུ་རུ་འཕགས་པ་སྤྱན་རས་གཟིགས༔ ཞལ་གཅིག་ཕྱག་བཞི་སྐུ་མདོག་དཀར༔ དང་པོའི་ཕྱག་གཉིས་ཐལ་མོ་སྦྱར༔ ཕྱག་གཡས་འོག་མ་ཤེལ་འཕྲེང་འཛིན༔ གཡོན་གྱི་འོག་མ་པདྨ་བསྣམས༔ ཞི་བའི་རྒྱན་གྱིས་མཛེས་པར་བརྒྱན༔ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ ཕྱི་རིམ་པདྨ་འདབ་མ་དྲུག༔ དེ་སྟེང་ཧཱུཾ་དྲུག་རང་ཤར་བས༔ ཤར་དུ་ལྷ་དབང་བརྒྱ་བྱིན་དཀར༔ སྤྲུལ་སྐུའི་ཆ་བྱད་ཆོས་གོས་གསོལ༔ ཕྱག་གཉིས་སྒྲ་སྙན་པི་(༧བ)


GLG024_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཝང་སྒྲོག༔ ལྷ་ལ་ཐུགས་རྗེས་བཞེངས་ནས་ཆས༔ ལྷོ་རུ་ཤཱཀྱ་སེང་གེ་སེར༔ སྤྲུལ་སྐུའི་ཆ་བྱད་ཆོས་གོས་གསོལ༔ ཕྱག་གཉིས་གསེག་ཤང་པར་བུ་ཐོགས༔ མི་ལ་ཐུགས་རྗེས་བཞེངས་ནས་ཆས༔ ལྷོ་ནུབ་ནམ་མཁའ་མཛོད་དམར་པོ༔ སྤྲུལ་སྐུའི་ཆ་བྱད་ཆོས་གོས་གསོལ༔ ཕྱག་གཉིས་རིན་ཆེན་སྒྲོམ་བུ་བསྣམས༔ ཡི་དྭགས་ཐུགས་རྗེས་བཞེངས་ནས་ཆས༔ ནུབ་ཏུ་སེང་གེ་དམ་ལྡན་སྨུག༔ སྤྲུལ་སྐུའི་ཆ་བྱད་ཆོས་གོས་གསོལ༔ ཕྱག་གཉིས་གླེགས་བམ་པོ་ཏི་བསྣམས༔ བྱོལ་སོང་ཐུགས་རྗེས་བཞེངས་ནས་ཆས༔ ནུབ་བྱང་ཐག་བཟང་རིས་སྔོན་པོ༔ སྤྲུལ་སྐུའི་ཆ་བྱད་ཆོས་གོས་གསོལ༔ ཕྱག་གཉིས་སྲུང་ཟློག་གོ་ཆ་བསྣམས༔ ལྷ་མིན་ཐུགས་རྗེས་བཞེངས་ནས་ཆོས༔ བྱང་ཤར་ཆོས་ཀྱི་རྒྱལ་པོ་མཐིང་༔ སྤྲུལ་སྐུའི་ཆ་བྱད་ཆོས་གོས་གསོལ༔ ཕྱག་གཉིས་སྒྲིབ་སྦྱང་མེ་ཆུ་བསྣམས༔ དམྱལ་བར་ཐུགས་རྗེས་བཞེངས་ནས་ཆས༔ སྒོ་བཞིར་ཛཿཧཱུཾ་བཾ་ཧོཿལས༔ དཀར་སེར་དམར་ལྗང་སྒོ་མ་བཞི༔ གཙང་མའི་གོས་ཀྱིས་མགུལ་ཆིངས་བྱས༔ དཔག་བསམ་སྡོང་པོས་ཁ་བརྒྱན་ལ༔ བྱང་ཆུབ་སེམས་ཀྱི་རྡོ་རྗེས་མཚན༔ ཐུགས་རྗེའི་རྒྱུན་གྱི་གཟུངས་ཐག་བཏགས༔ དེ་ནས་དབྱིངས་ནས་དབང་བསྐུར་བྱ༔ ཧྲཱི༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ དབང་བསྐུར་བྱིན་གྱིས་བརླབས་པ་དང་༔ རིགས་ཀྱི་བདག་པོར་དབང་བསྐུར་བས༔ སྐུ་གསུང་ཐུགས་སུ་ལྷུན་གྱིས་གྲུབ༔ ཨཱོཾ་ཧཱུཾ་ཏྲཾ་ཧྲཱིཿཨཱཿཨ་བྷི་ཥིཉྩ་ཨ༔ དེ་ནས་དབྱིངས་ནས་སྤྱན་དྲང་བ༔ ཧྲཱི༔ ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ སྲས་མཆོག་རིག་འཛིན་པདྨ་འབྱུང་༔ སྤྲུལ་སྐུ་བཅོམ་ལྡན་ཐུབ་པ་དྲུག༔ ཡེ་ཤེས་ལྷ་མོ་སྒོ་མ་བཞི༔ འགྲོ་དྲུག་སེམས་ཅན་དོན་མཛད་ཕྱིར༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ལོ་ཀི་ཤྭ་ར་ས་མ་ཡ་ཛཿཛ༔ ཧྲཱི༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས༔ (༨ན)


GLG024_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་བུམ་པའི་གཞལ་ཡས་སུ༔ གཉིས་མེད་བརྟན་པར་བཞུགས་ནས་ཀྱང་༔ འགྲོ་དྲུག་སྒྲིབ་སྦྱོང་འཕྲིན་ལས་མཛོད༔ ཛཿཧཱུཾ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ ཧྲཱི༔ ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ འགྲོ་དྲུག་སྡུག་བསྔལ་སྦྱོང་མཛད་པའི༔ དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཨ་ཏི་པུ་ཧོ༔ པྲ་ཏི་ཛ་ཧོ༔ ཧྲཱི༔ དྲི་མེད་ཡིད་འོང་གཙང་མར་སྦྱར་བ་ཡི༔ ཨརྒྷཾ་བདུག་སྤོས་མེ་ཏོག་མར་མེ་དང་༔ དྲི་ཆབ་ཞལ་ཟས་སྙན་པའི་རོལ་མོ་འབུལ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ འདོད་ཡོན་ལྔ་ཡི་མཆོད་པ་རྒྱ་ཆེན་འབུལ༔ བཞེས་ནས་འགྲོ་དྲུག་སྡུག་བསྔལ་སྦྱང་དུ་གསོལ༔ ཨཱོཾ་བཛྲ་དྷཱུཥྤེ། པུཥྤེ། ཨ་ལོ་ཀེ༔ གནྡྷེ༔ ནཻ་ཝི་དྱ༔ ཤཔྟ་ཨཱཿཧཱུཾ༔ མཧཱ་སརྦ་པཱུ་ཛ་ཧོ༔ དེ་ནས་བསྟོད་པ་བྱ་བ་ནི༔ ཧྲཱི༔ ཐུགས་རྗེ་ཆེན་པོས་འགྲོ་དྲུག་ཀུན་ལ་གཟིགས༔ བྱམས་དང་སྙིང་རྗེས་སེམས་ཅན་ཀུན་ལ་སྙོམས༔ དུས་གསུམ་བདེ་གཤེགས་མ་ལུས་སྐྱེད་པའི་ཡབ༔ འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད༔ རང་བྱུང་ལྷུན་གྲུབ་པདྨ་འབྱུང་གནས་སྐུ༔ སྐྱེ་ཤི་གཉིས་སྤངས་ཚེ་ཡི་དངོས་གྲུབ་བརྙེས༔ སྣང་སྲིད་ལྷ་སྲིན་ཐམས་ཅད་དམ་ལ་བཏགས༔ རང་བྱུང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ ལྷ་རྣམས་གདུལ་ཕྱིར་ལྷ་ཡི་རྒྱལ་པོར་སྤྲུལ༔ ང་རྒྱལ་དག་པས་འདོད་ཡོན་ལོངས་སྤྱོད་རོལ༔ མ་ཆགས་ཞེན་མེད་ཆོས་ལ་མངའ་བརྙེས་པའི༔ ལྷ་ཡི་ཐུབ་པའི་སྐུ་ལ་ཕྱག་འཚལ་བསྟོད༔ ལྷ་མིན་གདུལ་ཕྱིར་ལྷ་མིན་རྒྱལ་པོར་སྤྲུལ༔ ཕྲག་དོག་དག་པས་འཐབ་རྩོད་སྡུག་བསྔལ་སྦྱོང་༔ ཞེ་སྡང་མཚོན་དབལ་ཞི་ལ་མངའ་བརྙེས་པའི༔ ལྷ་མིན་ཐུབ་པའི་སྐུ་ལ་ཕྱག་འཚལ་བསྟོད༔ མི་རྣམས་གདུལ་ཕྱིར་མི་ཡི་རྒྱལ་པོར་སྤྲུལ༔ འདོད་ཆགས་དག་པས་དཀའ་ཐུབ་ཉོན་མོངས་(༨བ)


GLG024_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོང་༔ དམ་པ་ཆོས་ཀྱི་གསུང་ལ་མངའ་བརྙེས་པའི༔ མི་ཡི་ཐུབ་པའི་སྐུ་ལ་ཕྱག་འཚལ་བསྟོད༔ བྱོལ་སོང་གདུལ་ཕྱིར་བྱོལ་སོང་རྒྱལ་པོར་སྤྲུལ༔ གཏི་མུག་དག་པས་ཤེས་རབ་ཡེ་ཤེས་གསལ༔ མ་རིག་མུན་སེལ་ཡེ་ཤེས་སྒྲོན་མེ་བསྣམས༔ བྱོལ་སོང་ཐུབ་པའི་སྐུ་ལ་ཕྱག་འཚལ་བསྟོད༔ ཡི་དགས་གདུལ་ཕྱིར་ཡི་དགས་རྒྱལ་པོར་སྤྲུལ༔ སེར་སྣ་དག་པས་དགོས་འདོད་རེ་བ་སྐོང་༔ འདོད་ཡོན་མི་ཟད་ལོངས་སྤྱོད་མངའ་བརྙེས་པའི༔ ཡི་དྭགས་ཐུབ་པའི་སྐུ་ལ་ཕྱག་འཚལ་བསྟོད༔ དམྱལ་བ་གདུལ་ཕྱིར་དམྱལ་བའི་རྒྱལ་པོར་སྤྲུལ༔ ཞེ་སྡང་དག་པས་སྙིང་རྗེ་ཐབས་ཀྱིས་འདྲེན༔ སྲིད་པ་ལས་ཀྱི་མེ་ལོང་ཆོས་སྟོན་མཛད༔ དམྱལ་བའི་ཐུབ་པའི་སྐུ་ལ་ཕྱག་འཚལ་བསྟོད༔ ཤར་ལྷོ་ནུབ་བྱང་སྒོ་བཞིའི་གཞལ་ཡས་སུ༔ དཀར་སེར་དམར་ལྗང་རིན་ཆེན་རྒྱན་གྱིས་མཛེས༔ ཞི་རྒྱས་དབང་དྲག་འཕྲིན་ལས་རྣམ་བཞི་མཛད༔ ཡེ་ཤེས་སྒོ་མ་བཞི་ལ་ཕྱག་འཚལ་བསྟོད༔ ལྷ་རྣམས་དགྱེས་པའི་རང་སྒྲ་ལས༔ འགྲོ་དྲུག་སྒྲིབ་སྦྱོང་གཟུངས་འདི་ཤར༔ ཧྲཱི༔ རང་ཉིད་སྐད་ཅིག་དྲན་པའི་ཏིང་འཛིན་གྱིས༔ སྟོང་པའི་ངང་ལས་པདྨ་ཟླ་བའི་གདན༔ པད་དཀར་ཧྲཱིཿས་མཚན་ཡོངས་སུ་གྱུར་པ་ལས༔ ཐུགས་རྗེའི་མངའ་བདག་འཕགས་པ་སྤྱན་རས་གཟིགས༔ ཞལ་གཅིག་ཕྱག་བཞི་སྐུ་མདོག་དཀར་ལ་འཚེར༔ དང་པོའི་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར༔ ཕྱག་གཡས་འོག་མ་རིན་ཆེན་ཤེལ་ཕྲེང་བསྣམས༔ ཕྱག་གཡོན་པད་དཀར་འདབ་བརྒྱད་ཡུ་བ་འཛིན༔ ཞལ་འཛུམ་སྤྱན་དངས་ཤངས་ཀྱི་དབྱིངས་མཐོ་ཞིང་༔ དབུ་སྐྲ་ལྕང་ལོ་མཐོན་མཐིང་གྱེན་དུ་འཁྱིལ༔ སྤྱི་གཙུག་སངས་རྒྱས་སྣང་བ་མཐའ་ཡས་བཞུགས༔ རང་ཉིད་དེ་ལྟར་གསལ་བའི་ཐུགས་ཀ་རུ༔ པདྨ་དཀར་པོ་འདབ་དྲུག་གྱེས་པའི་དབུས༔ ཡི་གེ་ཧྲཱིཿས་མཚན་འབྲུ་དྲུག་འདབ་སྟེང་གནས༔ ཨཱོཾ་མ་ཎི་པདྨེ་ཧཱུཾ༔(༩ན)


GLG024_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲཱི༔ དེ་ལྟར་གསལ་བའི་སྐུ་ལས་འོད་འཕྲོས་པས༔ སྣང་བ་ཐམས་ཅད་སྣང་སྟོང་ལྷ་ཡི་སྐུ༔ འཕགས་པའི་རྒྱལ་པོ་ཐུགས་རྗེ་ཆེན་པོར་དམིགས༔ སྔགས་ལས་འོད་འཕྲོས་འབྱུང་བའི་སྒྲ་ལ་སོགས༔ གྲགས་པ་ཐམས་ཅད་གྲགས་སྟོང་སྔགས་ཀྱི་སྒྲ༔ དྲན་རྟོག་སྐྱེ་འགག་གནས་གསུམ་མཐའ་བྲལ་དང་༔ སྨྲ་བསམ་བརྗོད་འདས་དགོངས་པའི་ངང་ལ་གཞག༔ དེ་ལྟར་གསལ་བའི་རིག་སྔགས་འབྲུ་དྲུག་པོ༔ སྒྲ་ཟུར་མ་ཉམས་བརྒྱ་སྟོང་ཁྲི་འབུམ་བཟླས༔ ཨཱོཾ་མ་ཎི་པདྨེ་ཧཱུཾ༔ ཏིང་འཛིན་གསལ་བས་སྙིང་པོ་བཟླས༔ བུམ་པ་ཡེ་ཤེས་བདུད་རྩིས་གང་༔ ལྷ་གཤེགས་བུམ་ཆུས་ཁྲུས་བྱའོ༔ བརྡ་ཡིག་ཡོད། དེ་ནས་དཀྱིལ་འཁོར་སྒྲུབ་པ་ནི༔ ཧྲཱི༔ ཆོས་སྐུ་ནམ་མཁའ་ལྟ་བུ་ལ༔ ཐུགས་རྗེས་འགྲོ་བའི་དོན་ལ་དགོངས༔ རང་བྱུང་རང་རིག་རང་ཤར་སྐུ༔ འབྱུང་བ་ལྔ་འདུས་འཇིག་རྟེན་འདི༔ རང་གསལ་ཆགས་མེད་གཞལ་ཡས་ཁང་༔ གྲུ་བཞི་སྒོ་བཞི་རྒྱན་དང་ལྡན༔ འདོད་ཡོན་ཕ་གུ་དྲ་བ་དང་༔ དྲ་ཕྱེད་མདའ་ཡབ་རྟ་བབས་ལྡན༔ ཆོས་ཀྱི་འཁོར་ལོ་གདུགས་དང་བཅས༔ ཤ་ར་ན་ཡིས་རབ་ཏུ་བརྒྱན༔ ཕྱི་རོལ་རྡོ་རྗེ་མེ་རིས་བསྐོར༔ རིན་ཆེན་གཞལ་ཡས་གསལ་བར་བསྒོམ༔ དཀྱིལ་འཁོར་དབུས་ཀྱི་ལྟེ་བ་ལ༔ པདྨ་ཉི་ཟླའི་གདན་སྟེང་དུ༔ ཧྲཱིཿལས་འཕགས་པ་སྤྱན་རས་གཟིགས༔ ཞེས་པ་ནས། སྒོ་བཞིར་ཛཿཧཱུཾ་བཾ་ཧོཿལས༔ ཤར་སྒོར་དཀར་མོ་ལྕགས་ཀྱུ་འཛིན༔ ལྷོ་སྒོར་སེར་མོ་ཞགས་པ་འཛིན༔ ནུབ་སྒོར་དམར་མོ་ལྕགས་སྒྲོག་འཛིན༔ བྱང་སྒོར་ལྗང་གུ་དྲིལ་བུ་འཛིན༔ གཡོན་པ་ཐམས་ཅད་ཤེལ་ཕྲེང་འཛིན༔ རིན་ཆེན་སྣ་ཚོགས་རྒྱན་གྱིས་སྤྲས༔ ཕྱི་རོལ་ཁོར་ཡུག་ཆེན་པོ་ལ༔ གཙང་རིགས་དཔལ་མགོན་སྲུང་མར་བཅས༔ བསམ་གྱིས་མི་ཁྱབ་སྤྲིན་ལྟར་གཏིབས༔ (༩བ)


GLG024_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་སྲུང་བའི་འཕྲིན་ལས་མཛོད༔ དེ་ནས་དབྱིངས་ནས་དབང་བསྐུར་བྱ༔ ཧྲཱི༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ དབང་བསྐུར་བྱིན་གྱིས་བརླབས་པ་དང་༔ རིགས་ཀྱི་བདག་པོའི་དབང་བསྐུར་བས༔ སྐུ་གསུང་ཐུགས་སུ་ལྷུན་གྱིས་གྲུབ༔ ཨཱོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཱ༔ ཨ་བྷི་ཥིཉྩ་ཨཱ༔ དེ་ནས་སྤོས་དང་རོལ་མོ་ཐོགས༔ རྩེ་གཅིག་གདུང་བས་སྤྱན་དྲང་བ༔ ཧྲཱི༔ སྔོན་ཚེ་བསྐལ་པའི་ཐོག་མ་ལ༔ འགྲོ་དྲུག་སྡུག་བསྔལ་ཐུགས་རྗེས་གཟིགས༔ སྨོན་ལམ་སྟོབས་བསྐྱེད་འགྲོ་དོན་མཛད༔ བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས༔ གནས་མཆོག་འདི་རུ་གཤེགས་སོ་གསོལ༔ ཧྲཱི༔ ཐུགས་རྗེ་ཆེན་པོའི་ཐུགས་ཀ་ནས༔ འོད་ལྔ་རྒྱ་མཚོའི་ཀློང་དུ་སྤྲོས༔ རྒྱུ་མེད་རྐྱེན་མེད་སྤྲུལ་པའི་སྐུ༔ པདྨ་ལས་འཁྲུངས་ངོ་མཚར་ཅན༔ པདྨ་འབྱུང་གནས་གཤེགས་སུ་གསོལ༔ ཁྱེད་ཀྱིས་འགྲོ་དྲུག་དོན་མཛད་ཕྱིར༔ གང་ལ་གང་འདུལ་ཐབས་ཀྱིས་སྤྲུལ༔ རྒྱུན་ཆད་མེད་པར་འགྲོ་དོན་མཛད༔ བདེ་གཤེགས་སྤྲུལ་སྐུ་ཐུབ་པ་དྲུག༔ ཐུགས་དམ་རྒྱུད་བསྐུལ་གནས་འདིར་གཤེགས༔ སེམས་ཅན་འཛིན་པས་བཅིངས་པ་རྣམས༔ ལམ་གྱི་བར་ཆད་སེལ་བའི་ཕྱིར༔ འགུགས་འདྲེན་འཆིང་སྡོམ་དགྱེས་མཛད་མ༔ སྒོ་སྲུང་ལྷ་མོ་ཆེན་མོ་བཞི༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ལོ་ཀེ་ཤྭ་ར་ས་མ་ཡ་ཛཿཛ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧྲཱི༔ ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ འགྲོ་དྲུག་སྡུག་བསྔལ་སྦྱང་བ་དང་༔ བདག་གི་བསམ་པ་རྫོགས་བྱའི་ཕྱིར༔ དགྱེས་བཞིན་བརྟན་པར་བཞུགས་སུ་གསོལ༔ ས་མ་ཡ་ཨ་བ་ཤ་ཡ་ཨ༔ དེ་ནས་ཕྱག་འཚལ་བ་ནི༔ ཧྲཱི༔ ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ འགྲོ་བ་སྒྲོལ་མཛད་སྟོབས་ཆེན་ལྷ༔ སྤྲུལ་པའི་སྐུ་རུ་རང་བྱུང་བ༔ པདྨ་འབྱུང་གནས་ཐུགས་ཀྱི་སས༔ གང་ལ་གང་འདུལ་ཐུབ་པ་དྲུག༔ ཚད་མེད་(༡༠ན)


GLG024_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོ་སྒོ་མ་བཞི༔ རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ལ༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཨ་ཏི་པུ་ཧོ༔ པྲ་ཏི་ཛ་ཧོ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧྲཱི༔ དྲི་མེད་ཡིད་འོང་གཙང་སྦྱར་ནས༔ རྒྱ་མཚོ་དངས་པའི་ཀློང་ལྟ་བུ༔ གཙང་མའི་ཨརྒྷཾ་མཆོད་པ་འབུལ༔ ཙན་དན་ལ་སོགས་སྤོས་སྦྱར་ནས༔ དྲི་ཞིམ་ངད་ལྡན་མཆོད་པ་འབུལ༔ པདྨ་ཨུཏྤལ་མདངས་ལྡན་པའི༔ གསལ་འཚེར་མེ་ཏོག་མཆོད་པ་འབུལ༔ ཉི་ཟླའི་སྙིང་པོ་མུན་སེལ་དང་༔ སྣང་གསལ་སྒྲོན་མེ་མཆོད་པ་འབུལ༔ ཆུ་བོ་རྙོག་མེད་བསིལ་བ་ཡི༔ གཙང་མའི་དྲི་ཆབ་མཆོད་པ་འབུལ༔ འབྲུ་བཅུད་སྙིང་པོ་ཀུན་བསྡུས་པའི༔ དཀར་གསུམ་མངར་གསུམ་རྒྱན་གྱིས་མཛེས༔ གཏོར་མ་ལྷ་ཡི་ཞལ་ཟས་འབུལ༔ དུང་དང་སིལ་སྙན་རྔ་ཆེན་སྒྲ༔ པི་ཝང་ཕེག་རྡོབ་གླིང་བུའི་སྒྲ༔ སྙན་པའི་རོལ་མོ་སྣ་ཚོགས་འབུལ༔ ཨཱོཾ་ཨཱཿཧཱུཾ༔ ཨཱ་ཧ་ར་སརྦ་བི་དྷ་ར་པཱུ་ཛ་ཏེ་ཨཱཿཧཱུཾ༔ ཨཱོཾ་བཛྲ་དྷཱུ་པེ་ཧཱུཾ༔ ཨཱོཾ་བཛྲ་པུཥྤེ་ཧཱུཾ༔ ཨཱོཾ་བཛྲ་ཨཱ་ལོ་ཀཻ་ཧཱུཾ༔ ཨཱོཾ་བཛྲ་གནྡྷེ་ཧཱུཾ༔ ཨཱོཾ་བཛྲ་ནཻ་ཝི་དྱ་ཧཱུཾ། ཨཱོཾ་བཛྲ་ཤཔྟ་ཧཱུཾ༔ ཧྲཱི༔ རིགས་ལྔའི་དབུ་རྒྱན་ཅོད་པན་ཕྲེང་བ་དང་༔ དོ་ཤལ་དཔུང་རྒྱན་རིན་ཆེན་སེ་མོ་དོ༔ དར་གྱི་སྟོད་གཡོགས་སྨད་དཀྲིས་ཤམ་བུ་ལྡན༔ ཕྱག་གདུབ་ཞབས་གདུབ་རིན་ཆེན་དུ་མས་སྤྲས༔ འདོད་ཡོན་མ་སྤངས་རང་གྲོལ་རྒྱན་དུ་བཞེས༔ རཏྣ་སརྦ་པཱུ་ཛ་ཧཱུཾ༔ ཧྲཱི༔ ཀུན་བཟང་ཀུན་ཁྱབ་བླ་རེ་གུར་ཆེན་པོ༔ སྐྱབས་མཆོག་གདུགས་མཛེས་གསེར་གྱི་ཡུ་བ་ཅན༔ སྙིང་པོ་མི་ནུབ་རྟགས་ཀྱི་རྒྱལ་མཚན་དང་༔ འགྲོ་དྲུག་སྙིང་རྗེས་སྐྱོབ་པའི་ཕན་ཕྲེང་དང་༔ ཤེས་སྐྱོབས་དར་གུར་ཡོལ་བ་སུམ་རིམ་དང་༔ ཕོ་བྲང་བཀྲ་ཤིས་ཡོངས་རྫོགས་མཆོད་པ་འབུལ༔ ཧྲཱི༔ ལོག་རྟོག་གཅོད་པའི་ཤེས་རབ་རལ་གྲི་དང་༔ ཤེས་རབ་ཐབས་ལྡན་མ་རིག་འབིགས་པའི་མདའ༔ སྒྲིབ་མེད་སྐུ་(༡༠བ)


GLG024_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཡོངས་རྫོགས་དར་མཚོན་འཕུར༔ མ་རིག་བག་ཆགས་ཀུན་འཁྲུད་ཁྲུས་བུམ་དང་༔ རིག་པའི་སྙིང་རྗེའི་ཐབས་ཀྱི་གཟུངས་ཐག་དང་༔ ཡེ་ཤེས་ལྔ་ལྡན་ཚོན་སྐུ་དྲ་བ་དང་༔ བདུད་བཞི་ཚར་གཅོད་ཡེ་ཤེས་ཕུར་པས་འབིགས༔ དཀྱིལ་འཁོར་རྒྱན་རྣམས་ཡོངས་རྫོགས་མཆོད་པར་འབུལ༔ ཧྲཱི༔ ཆོས་སྐུ་མི་འགྱུར་ཐབས་ཀྱི་རྡོ་རྗེ་དང་༔ ཆོས་དབྱིངས་ཀློང་ཡངས་ཤེས་རབ་དྲིལ་བུ་དང་༔ ཆོས་སྒྲ་སྟོང་གསུམ་ཁྱབ་བྱེད་རྔ་མཆོག་དང་༔ ཚངས་པའི་གསུང་ལྡན་པི་ཝང་ཆོས་སྒྲ་སྒྲོག༔ དངོས་བཤམས་ཡིད་སྤྲུལ་མཆོད་རྫས་ཡོངས་རྫོགས་འབུལ༔ ཧྲཱི༔ འཁོར་ལོ་རིན་ཆེན་ཆོས་ཀྱི་འཁོར་ལོ་སྐོར༔ ནོར་བུ་རིན་ཆེན་དགོས་འདོད་ཐམས་ཅད་སྐོང་༔ བཙུན་མོ་རིན་ཆེན་ཕ་རོལ་ཕྱིན་བཅུ་ལྡན༔ ཁྱིམ་བདག་རིན་ཆེན་ཆབ་སྲིད་རབ་ཏུ་སྤེལ༔ གླང་པོ་རིན་ཆེན་བདུད་ཀྱི་དཔུང་ཚོགས་འཇོམས༔ རྟ་མཆོག་རིན་ཆེན་འཁོར་བའི་ཕ་རོལ་སྒྲོལ༔ དམག་དཔོན་རིན་ཆེན་ཉོན་མོངས་གཡུལ་ངོ་ཟློག༔ རིན་ཆེན་སྣ་བདུན་ཡོངས་རྫོགས་མཆོད་པ་འབུལ༔ ཧྲཱི༔ སྒྲུབ་རྫས་ཡུངས་ཀར་རྒྱལ་པོས་བགེགས་ཚོགས་འཇོམས༔ རྫས་མཆོག་བིལ་བས་ཡོན་ཏན་ཐམས་ཅད་རྒྱས༔ རྩྭ་མཆོག་དུར་བས་གདོན་གྱི་གནོད་པ་སྐྱོབ༔ ལི་ཁྲི་ཚལ་ཆེན་འགྲོ་བ་དབང་དུ་སྡུད༔ གྷི་ཧཾ་སྨན་གྱིས་ཉོན་མོངས་ནད་ཀུན་སེལ༔ བཅུད་ལྡན་ཞོ་ཡིས་དབང་པོའི་གཟི་མདངས་སྐྱེད༔ གསལ་བྱེད་མེ་ལོང་མ་རིག་མུན་པ་སེལ༔ ཆོས་དུང་གཡས་འཁྱིལ་གསུང་དབྱངས་དྲུག་ཅུ་སྒྲོག༔ བཀྲ་ཤིས་རྫས་བརྒྱད་ཡོངས་རྫོགས་མཆོད་པ་འབུལ༔ ཧྲཱི༔ གཟུགས་ཀྱི་ལྷ་མོ་དཀར་མོ་མེ་ལོང་འཛིན༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་སྤྱན་ལ་འབུལ༔ སྒྲ་ཡི་ལྷ་མོ་སྔོན་མོ་པི་ཝང་སྒྲོག༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་སྙན་ལ་འབུལ༔ དྲི་ཡི་ལྷ་མོ་སེར་མོ་སྤོས་ཁང་འཛིན༔ ཐུགས་རྗེ་ཆེན་པོའི་(༡༡ན)


GLG024_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཚོགས་ཤངས་ལ་འབུལ༔ རོ་ཡི་ལྷ་མོ་དམར་མོ་ཞལ་ཟས་འཛིན༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ལྗགས་ལ་འབུལ༔ རེག་བྱའི་ལྷ་མོ་ལྗང་གུ་ན་བཟའ་འཛིན༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་སྐུ་ལ་འབུལ༔ ཆོས་ཀྱི་ལྷ་མོ་མཐིང་ཁ་པོ་ཏི་བསྣམས༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཐུགས་ལ་འབུལ༔ འདོད་ཡོན་དྲུག་གི་མཆོད་པ་རྒྱ་ཆེན་འབུལ༔ ཕྱི་ནང་མཆོད་སྤྲིན་རྒྱ་མཚོས་མཉེས་གྱུར་ཅིག༔ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ༔ དེ་ནས་བསྟོད་པ་བྱ་བ་ནི༔ ཧྲཱི༔ དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས༔ སྨོན་ལམ་སྟོབས་ཀྱིས་འགྲོ་བའི་དོན་མཛད་པའི༔ མཐོང་ཐོས་དྲན་པས་སྡུག་བསྔལ་ཀུན་ལས་གྲོལ༔ འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད༔ དེ་ཉིད་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས༔ རྒྱུ་མེད་རྐྱེན་མེད་རྒྱ་མཚོའི་ཀློང་ལས་འཁྲུངས༔ རྒྱལ་བའི་སྲས་མཆོག་རང་བྱུང་སྤྲུལ་པའི་སྐུ༔ པདྨ་འབྱུང་གནས་སྲས་ལ་ཕྱག་འཚལ་བསྟོད༔ ཁྱེད་ཀྱི་ཐུགས་རྗེས་འགྲོ་དྲུག་སྡུག་བསྔལ་གཟིགས༔ ཐབས་མཁས་ཐུགས་རྗེས་ངན་སོང་སྦྱང་བའི་ཕྱིར༔ གང་ལ་གང་འདུལ་སྤྲུལ་པའི་སྐུ་རུ་བསྟན༔ བཅོམ་ལྡན་ཐུབ་པ་དྲུག་ལ་ཕྱག་འཚལ་བསྟོད༔ བྱམས་དང་སྙིང་རྗེ་དགའ་བ་བཏང་སྙོམས་ཀྱི༔ ཚད་མེད་བཞི་ཡིས་འགྲོ་བའི་དོན་མཛད་པ༔ སེམས་ཅན་ལས་དང་མཐུན་པའི་ལམ་སྣ་འདྲེན༔ སྒོ་སྐྱོང་ལྷ་མོ་བཞི་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ ཐུགས་རྗེ་ཆེན་པོའི་ཐུགས་ཀའི་སྙིང་པོ་ལས༔ འོད་འཕྲོས་ཕྱོགས་བཅུའི་སངས་རྒྱས་ཞིང་དུ་ཐིམ༔ བདེ་གཤེགས་ཐུགས་ཀྱི་བཅུད་འདུས་ཡི་གེར་བྱོན༔ ནམ་མཁའི་འབྲུག་ལྟར་སྒྲོག་པའི་ཡི་གེ་དྲུག༔ སྙིང་པོ་ཡི་གེ་དྲུག་ལ་ཕྱག་འཚལ་བསྟོད༔ སྙིང་པོ་འདི་ཉིད་མཐོང་ཐོས་རེག་པ་ཡིས༔ སེམས་ཅན་ཐམས་ཅད་ངན་སོང་གནས་ནས་ཐར༔ ཐུགས་རྗེ་ཆེན་པོའི་(༡༡བ)


GLG024_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀྱི་བཅུད་འདུས་པའི༔ གསུང་མཆོག་ཡི་གེ་དྲུག་ལ་ཕྱག་འཚལ་བསྟོད༔ ཐུགས་རྗེ་ཕྱོགས་རིས་མེད་པ་ཀུན་ལ་སྙོམས༔ རང་རིག་མ་བཅོས་རང་གྲོལ་ཆེན་པོར་ཤར༔ གང་ཡང་མ་སྤངས་འཛིན་མེད་བདེ་བ་ཆེ༔ ཐུགས་ཀྱི་དགོངས་པ་མཆོག་ལ་ཕྱག་འཚལ་བསྟོད༔ དེ་ལྟར་ཆོ་ག་རྣམ་དག་གིས༔ མཆོད་པ་འབུལ་ཞིང་བསྙེན་པ་བྱ༔ རབ་ཀྱིས་ཟླ་གཅིག་འབུམ་ཕྲག་དྲུག༔ འབྲིང་གིས་ཞག་བདུན་འབུམ་དང་ཁྲི་ཚོ་བཞི༔ ཐ་མས་ཞག་གཅིག་ཁྲི་ཕྲག་གཅིག༔ ཡར་ངོ་ཚེས་བཅུའི་ཉིན་བར་ཅི་ནུས་བཟླས༔ ཨཱོཾ་མ་ཎི་པདྨེ་ཧཱུཾ༔ འདི་ཉིད་ཅི་ནུས་བཟླ་པར་བྱ༔ ཨཱོཾ་ཨཱཿཧཱུཾ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུཾ༔ སྐབས་འདིར་འཛབ་སྐུལ་ནི་གོང་གི་བླ་མའི་རྣལ་འབྱོར་གྱི་གསོལ་འདེབས་ལེན་དགོས། ཨཱོཾ་ནི་སངས་རྒྱས་ཀུན་གྱི་༔ ཨཱཿནི་སངས་རྒྱས་ཀུན་གྱི་གསུང་༔ ཧཱུཾ་ནི་སངས་རྒྱས་ཀུན་གྱི་ཐུགས༔ ཧྲཱིཿནི་བདེ་གཤེགས་འདུས་པའི་སྐུ༔ ཨཱོཾ་ནི་ཡེ་ཤེས་ལྔ་དང་ལྡན༔ འཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ༔ མ་ནི་ཐུགས་རྗེ་ཆེན་པོའི་སྐུ༔ འགྲོ་དྲུག་སེམས་ཅན་སྡུག་བསྔལ་སྦྱོང་༔ ཎི་ནི་ཞི་བས་སྡིག་སྒྲིབ་སྦྱོང་༔ པད་ཀྱིས་ཡོན་ཏན་རྒྱས་པར་སྤེལ༔ མེ་ནི་དབང་གིས་ཀུན་ལ་བསྐུར༔ ཧཱུཾ་གིས་དྲག་པོས་བགེགས་རྣམས་འཇོམས༔ འཕྲིན་ལས་རྣམ་བཞིས་འགྲོ་དོན་མཛད༔ དབང་དང་དངོས་གྲུབ་སྩལ་དུ་གསོལ༔ དེ་ནས་རྟགས་བསྟོད་བྱ་བ་ནི༔ ཧྲཱི༔ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ སྐུ་མདོག་དཀར་ལ་འོད་ཟེར་འཕྲོ༔ ཉོན་མོངས་སྐྱོན་གྱིས་མ་གོས་རྟགས༔ ཞལ་གྱི་འཛུམ་པའི་ཚུལ་སྟོན་པ༔ སེམས་ཅན་ཀུན་ལ་བྱམས་པའི་རྟགས༔ སྤྱན་གཉིས་ཞི་བས་གཟིགས་པ་ནི༔ ཐུགས་རྗེས་ཀུན་ལ་སྙོམས་པའི་རྟགས༔ ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར༔ ཐབས་དང་ཤེས་རབ་སྦྱོར་བའི་རྟགས༔ གཡས་ཀྱི་འོག་མ་ཤེལ་ཕྲེང་བསྣམས༔ (༡༢ན)


GLG024_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བའི་གནས་ནས་འདྲེན་པའི་རྟགས༔ གཡོན་གྱི་འོག་མ་པདྨ་བསྣམས༔ ཆགས་པའི་སྐྱོན་གྱིས་མ་གོས་རྟགས༔ ཞབས་གཉིས་མཉམ་པའི་སྐྱིལ་ཀྲུང་བཞུགས༔ མཉམ་ཉིད་དོན་ལས་མ་གཡོས་རྟགས༔ པདྨའི་གདན་ལ་བཞུགས་པ་ནི༔ ཆགས་མེད་འགྲོ་དོན་མཛད་པའི་རྟགས༔ རིན་ཆེན་རྒྱན་གྱིས་བརྒྱན་པ་ནི༔ འདོད་ཡོན་མ་སྤངས་རང་དག་རྟགས༔ འོད་ཟེར་རྣམ་ལྔ་འཕྲོ་བ་ནི༔ འགྲོ་དྲུག་སྒྲིབ་པ་སྦྱོང་བའི་རྟགས༔ རྫོགས་པའི་སངས་རྒྱས་དབུ་བརྒྱན་པ༔ པདྨའི་རིགས་ལས་འཁྲུངས་པའི་རྟགས༔ སྤྲུལ་སྐུ་ཐུབ་དྲུག་འགྲོ་དོན་མཛད༔ འགྲོ་དྲུག་སྐྱེ་སྒོ་གཅོད་པའི་རྟགས༔ ལྷ་མོ་བཞི་ཡིས་སྒོ་སྲུང་མཛད༔ འཕྲིན་ལས་རྣམ་བཞི་གྲུབ་པའི་རྟགས༔ སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད༔ དེ་ནས་ཞལ་ཟས་ཚོགས་མཆོད་འབུལ་བ་ནི༔ ཚོགས་ཀྱི་ཞལ་ཟས་ཅི་འབྱོར་བཤམས༔ རཾ་ཡཾ་ཁཾ་གིས་བསྲེགས་སྦྱངས་ཏེ༔ ཨཱོཾ་ཨཱཿཧཱུཾ། གིས་བདུད་རྩིར་བྱིན་གྱིས་བརླབས༔ དེ་ནས་ཚོགས་ལ་སྤྱན་དྲང་བ་ནི༔ ཧྲཱི༔ ཆོས་དབྱིངས་རྣམ་དག་ཕོ་བྲང་ནས༔ ཐུགས་རྗེ་ཆེན་པོ་འཁོར་བཅས་རྣམས༔ ལོངས་སྤྱོད་ཚོགས་ལ་སྤྱན་འདྲེན་གྱིས༔ ཐུགས་དམ་ཚུལ་བཞིན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛཿཛ༔ ཧྲཱི༔ ཐུགས་རྗེ་ཆེན་པོ་འཁོར་བཅས་ལ༔ ཞལ་ཟས་ཚོགས་མཆོད་འབུལ་པ་ནི༔ སྤོས་དང་སྨན་དང་དྲི་ཆབ་དང་༔ བཟའ་བཏུང་གོས་རྒྱན་རོལ་མོ་དང་༔ དཀར་གསུམ་མངར་གསུམ་མཆོད་པ་འབུལ༔ འབྲས་ཆན་འབྲུ་ཆན་ཤིང་ཐོག་སོགས༔ བཟན་བཤོས་འཁུར་བའི་བྱེ་བྲག་དང་༔ བུ་རམ་སྦྲང་རྩི་ཇ་དར་དང་༔ ཁ་མངར་སྐྱུར་བ་ཚ་རྩུབ་སྣུམ༔ འདོད་ཡོན་སྣ་ཚོགས་མཆོད་པ་འབུལ༔ བཞེས་ཏེ་དབང་དང་དངོས་གྲུབ་སྩོལ༔ ག་ཎ་ཙཀྲ་པཱུ་ཛ་ཧོ༔ དེ་ནས་དངོས་གྲུབ་བླང་བ་ནི༔ ཧྲཱི༔ འགྲོ་དྲུག་ཐུགས་རྗེས་གཟིགས་མཛད་སྤྱན་(༡༢བ)


GLG024_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

རས་གཟིགས༔ འཁོར་བ་དོང་ནས་དཀྲུགས་པའི་དངོས་གྲུབ་སྩོལ༔ འགྲོ་དྲུག་གནས་སུ་འདུལ་བའི་ཐུབ་པ་དྲུག༔ འགྲོ་དྲུག་སྐྱེ་སྒོ་གཅོད་པའི་དངོས་གྲུབ་སྩོལ༔ ཚད་མེད་བཞི་ལྡན་ཡེ་ཤེས་སྒོ་མ་བཞི༔ འཕྲིན་ལས་རྣམ་བཞི་འགྲུབ་པའི་དངོས་གྲུབ་སྩོལ༔ ཀཱ་ཡ་ཝ་ཀ་ཙིཏྟ་ཧཱུཾ་ཨ༔ དེ་ནས་ལྷག་མ་བསྔོ་བ་ནི༔ ཚོགས་ལྷག་རྣམས་ལ་ཆབ་བྲན་ལ༔ བསངས་སྦྱངས་བྱིན་རླབས་བྱས་འདི་སྐད་དོ༔ ཧྲཱི༔ ཐུགས་རྗེ་ཆེན་པོའི་བཀའ་འཁོར་ན༔ དམ་པའི་ཆོས་ཀྱི་སྲུང་མ་རྣམས༔ ལྷ་ཆེན་བརྒྱད་དང་ཀླུ་ཆེན་བརྒྱད༔ གཟའ་ཆེན་བརྒྱད་དང་གནོད་སྦྱིན་བརྒྱད༔ རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ༔ རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་༔ ཧ་རི་ཀ་དང་པན་ཙི་ཀ༔ འཕྲོག་མ་མ་བུར་བཅས་པ་དང་༔ དཔལ་ལྡན་མགོན་པོ་ལྕམ་དྲལ་དང་༔ ལྷ་དང་ལྷ་མིན་མིའམ་ཅི༔ དྲི་ཟ་གནོད་སྦྱིན་འབྱུང་པོ་དང་༔ ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ལ༔ མཆོད་སྦྱིན་གཏོར་མ་འདི་བསྔོས་པས༔ ཅི་འདོད་ཕུན་སུམ་ཚོགས་པར་ཤོག༔ ཇི་ལྟར་ནུས་པའི་འཕྲིན་ལས་མཛོད༔ བ་ལིཾ་ཏ་པཱུ་ཛ་ཧོ༔ དེ་ནས་ཕྱི་རོལ་དུ་བསྟན་མ་བསྐྱང་བ་ནི༔ ཧཱུཾ༔ ཨ་སུ་ར་ཡི་བྲག་ཕུག་ཏུ༔ ཨུ་རྒྱན་པདྨ་འབྱུང་གནས་ཀྱི༔ སྤྱན་སྔར་ཁས་བླངས་དམ་བཅས་པའི༔ བོད་ཡུལ་བསྟན་མ་བཅུ་གཉིས་དང་༔ ཕྱི་གཏོར་དབང་བར་ཁས་བླངས་རྣམས༔ མཆོད་སྦྱིན་གཏོར་མ་འདི་ལོང་ལ༔ བདུད་དཔུང་ཐུལ་ལ་ཞིང་བཅུ་སྒྲོལ༔ དལ་ཁ་ཆིངས་ལ་འབྲུ་ཕྱུགས་སྤེལ༔ དམག་དཔུང་ཆེམས་ལ་མཚོན་ཆ་བརྟུལ༔ བཅོལ་བའི་དམ་ཚིག་དྲན་པར་མཛོད༔ དཀྱིལ་འཁོར་བསྡུ་བ་ནི། ཧྲཱི༔ སྣོད་བཅུད་མ་ལུས་གཞལ་ཡས་ཁང་ལ་ཐིམ། །དེ་ཉིད་ཐུབ་དྲུག་སྒོ་མ་བཞི་ལ་ཐིམ། །འཁོར་རྣམས་གཙོ་བོ་ཐུགས་རྗེ་ཆེན་པོ་ཡང་། །ཀ་དག་གདོད་མའི་ངང་དུ་འཇའ་ལྟར་ཡལ། །སྐད་ཅིག་ངང་ལ་ཆུ་ལས་ཆུ་བུར་ལྟར། །རང་ཉིད་ཐུགས་(༡༣ན)


GLG024_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཆེན་པོ་སྤྱན་རས་གཟིགས། །མཐོང་ཐོས་དྲན་པས་འགྲོ་ཀུན་འཁོར་བ་ལས།། རྣམ་པར་གྲོལ་བའི་སྐུ་རུ་ལྷུན་གྱིས་གྲུབ།སྨོན་ལམ་ནི། ཧྲཱི༔ དཔལ་ལྡན་ཀུན་བཟང་ཆོས་སྐུ་འོད་དཔག་མེད། །ལོངས་སྤྱོད་རྫོགས་སྐུའི་རྣམ་རོལ་སྤྱན་རས་གཟིགས། །སྤྲུལ་སྐུ་འགྲོ་བའི་དོན་མཛད་པདྨ་འབྱུང་། །སྐུ་གསུམ་ཡོངས་འདུས་ཐུགས་སྒྲུབ་ཉམས་བླངས་པས། །ཚེ་རབས་ཀུན་དུ་དལ་བའི་རྟེན་ཐོབ་ཅིང་། །ཚད་ལྡན་རྡོ་རྗེ་སློབ་དཔོན་ཞབས་བསྟེན་ནས། །ངེས་གསང་རྡོ་རྗེ་ཐེག་པའི་ལམ་ཞུགས་ཏེ། །སྨིན་གྲོལ་ཟབ་མོའི་ཆོས་ལ་ལོངས་སྤྱོད་ཤོག །དཀྱིལ་འཁོར་སྒོ་སྲུང་ཚད་མེད་བཞིའི་ངོ་བོ། །དཀར་སེར་དམར་ལྗང་ལྷ་མོ་རྣམ་བཞི་ཡིས། །ཐེག་མཆོག་ལམ་བཟང་སྒྲུབ་པའི་འགལ་རྐྱེན་ཀུན། །ཞི་ཞིང་མཐུན་རྐྱེན་སྒྲུབ་པའི་གྲོགས་བྱེད་ཤོག །གང་ལ་གང་འདུལ་ཐུགས་རྗེའི་རྣམ་རོལ་ཅན། །བདེ་བར་གཤེགས་པ་ཐུབ་པ་རིགས་དྲུག་གིས། །འགྲོ་དྲུག་འཁོར་བའི་སྡུག་བསྔལ་ཉམ་ཐག་པ། །མྱོང་བྱེད་ལས་ཉོན་དྲུངས་ནས་འབྱིན་པར་ཤོག །ལྷུན་གྲུབ་རང་བཞིན་འོད་གསལ་ལོངས་སྤྱོད་རྫོགས། །འཕགས་མཆོག་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །མངོན་སུམ་བྱོན་ནས་ལམ་སྣ་ལེགས་དྲངས་ཏེ། །གྲུ་འཛིན་དག་པའི་ཞིང་དུ་སྐྱེ་བར་ཤོག །ངོ་བོ་ཀ་ནས་དག་པ་ཆོས་ཀྱི་སྐུ། །གསལ་སྟོང་འཛིན་པ་མེད་པ་རིག་པའི་གཤིས། །ཡེ་གྲོལ་ཀུན་བཟང་གོ་འཕང་མངོན་གྱུར་ནས། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །ཁྱད་པར་ས་ལའི་ལྗོངས་ཀྱི་ལྷ་གཅིག་པུ། །འཇིག་རྟེན་དབང་ཕྱུག་ཁྱོད་ཀྱི་ཐུགས་རྗེ་ཡིས། །བོད་འབངས་འགྲོ་རྣམས་ཕན་དང་བདེ་བ་ཡི། །དགའ་སྟོན་མཆོག་ལ་ཡུན་དུ་སྤྱོད་པར་ཤོག །པདྨའི་ཐུགས་ཀྱི་ཉིང་ཁུ་ལྷ་བྲག་གཏེར། །རྣམ་གསུམ་ཟབ་མོ་ཐུགས་ཀྱི་སྒྲུབ་པ་ཡི། །དབང་(༡༣བ)


GLG024_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིད་ལུང་དང་གདམས་པའི་ཆོས་ཚུལ་གྱིས། །གངས་ཅན་འགྲོ་རྣམས་སྨིན་ཅིང་གྲོལ་གྱུར་ཅིག །ཤིས་བརྗོད་ནི། ཧྲཱི༔ འཁོར་འདས་ཐམས་ཅད་རིག་པའི་རང་རྩལ་དུ། །རྣམ་པར་གྲོལ་བའི་ཆོས་སྐུའི་བཀྲ་ཤིས་ཤོག །མཁའ་ལ་འཇའ་ལྟར་མ་འདྲེས་རབ་བཀྲ་བའི། །ལྷུན་གྲུབ་ལོངས་སྤྱོད་རྫོགས་སྐུའི་བཀྲ་ཤིས་ཤོག །གདུལ་བྱའི་ཁམས་དང་བསམ་པར་ལེགས་སྟོན་པའི། །ཐུགས་རྗེ་ཆེ་ལྡན་སྤྲུལ་སྐུའི་བཀྲ་ཤིས་ཤོག །བཀྲ་ཤིས་བསྔོ་བ་སྤྱི་མཐུན་བྱའོ༔ དེ་ནས་རྒྱུན་གྱི་ཏིང་ངེ་འཛིན་ལ་གནས་པར་བྱའོ༔ ཐུགས་རྗེ་ཆེན་པོའི་འཕྲིན་ལས་ཨུ་རྒྱན་པདྨས་མཛད་པ་རྫོགས་སོ༔ ནུབ་ཟངས་མཛོད་དམར་པོ་ནས་སྤྲུལ་སྐུ་རིག་འཛིན་ཆེན་པོས་སྤྱན་དྲངས་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྨྲས་པ། རིགས་ཀུན་ཁྱབ་བདག་དཔལ་ལྡན་ཀུན་དུ་བཟང་། །དཀྱིལ་འཁོར་འཁོར་ལོའི་མགོན་པོར་རྣམ་རོལ་བའི། །དུས་གསུམ་སངས་རྒྱས་པདྨའི་ཐུགས་ཀྱི་བཅུད། །འཕགས་མཆོག་འགྲོ་བ་ཀུན་སྒྲོལ་འཕྲིན་ལས་གང་། །རྩོད་དུས་པདྨའི་རྒྱལ་ཚབ་མངའ་རིས་པ། །ལེགས་ལྡན་རྡོ་རྗེའི་ལུགས་འཛིན་བྱང་པ་རྗེའི། །ཟབ་དོན་ཆོས་ཀྱི་བཀའ་བབས་པདྨ་དབང་། ཁྱབ་བདག་བླ་མའི་གསུང་བཞིན་ཡི་གེར་བཀོད། །དགེ་དེས་མཁའ་མཉམ་ལུས་ཅན་མ་ལུས་པ། །མི་མཐུན་ཉེས་པའི་དགྲ་ལས་རྣམ་རྒྱལ་ཞིང་། །དོན་གཉིས་ལྷུན་གྱིས་གྲུབ་པའི་ནོར་བུ་ལས། །འདོད་པའི་རེ་བ་མ་ལུས་སྐོང་གྱུར་ཅིག །སླར་ཡང་སྨྲས་པ། གངས་ཅན་ཕན་བདེའི་ནོར་བུ་འདྲེན་པའི་རྫིངས། །པདྨའི་ཆོས་ལ་སྨོད་པའི་སྟོབས་ལྡན་འགའི། །སྐུར་འདེབས་རླུང་གིས་ཕྱོགས་ལྷུང་མཚོར་བཤིག་པས། །སྔོན་ཆད་ཉམ་ཆུང་བདག་འདྲའི་ནུས་པ་དམན། །འོན་ཀྱང་བསྐལ་ངན་མཐའ་ལ་མ་ཐུག་ཅིང་། །རིག་འཛིན་པདྨས་བོད་ཁམས་འགྲོ་བ་ཀུན། །(༡༤ན)


GLG024_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་བར་ཞལ་གྱིས་བཞེས་པའི་རྡོ་རྗེའི་གསུང་། །སླུ་བ་མེད་དེ་ཡིད་ཀྱི་ངལ་གསོར་གནས། །དེས་ན་དམ་སྲི་སྙིང་ཞུགས་ནག་པོའི་དཔུང་། །ཕ་མཐར་སྐྲོད་པའི་རྫོགས་ལྡན་ཉིན་བྱེད་དབང་། །འདྲེན་ནུས་ཟབ་གཏེར་ཆོས་ཀྱི་རྟ་ལྗང་ཅན། །གངས་ཅན་མཁའ་ལ་རྟག་ཏུ་རྒྱུ་བར་ཤོག །བྱང་གཏེར་ཐུགས་སྒྲུབ་རྣམ་གསུམ་ལས་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་སྒྲོལ་གྱི་འཕྲིན་ལས་རིག་འཛིན་གོང་མའི་ཕྱག་བཞེས་ལྟར་ཁྲིགས་ཆགས་སུ་བསྡེབས་ཤིང་སྨོན་ལམ་ཤིས་བརྗོད་གསར་དུ་བསྒྲིགས་པའི་ལས་བྱང་ཕན་བདེའི་འབྱུང་གནས་འདི་ནི་སློབ་དཔོན་ཆེན་པོའི་ལུང་བསྟན་གྱི་དགོངས་པ་ལྟར་བོད་འབངས་བདེ་བའི་ཐབས་སུ་གནས་ཆེན་མང་པོར་ཐུགས་རྗེ་ཆེན་པོའི་སྒྲུབ་པ་ཚུགས་ན་སྙམ་པའི་ལྷག་བསམ་གྱིས་བསྐུལ་ཅིང་རང་གི་ཁ་ཏོན་གྱི་ཆེད་དུ་རྡོ་རྗེ་འཆང་དཔལ་འབྱོར་ལྷུན་གྲུབ་སོགས་ཚད་ཐུབ་ཀྱི་དཔལ་ལྡན་བླ་མ་དམ་པ་དུ་མའི་བཀའ་དྲིན་ལ་བརྟེན་ནས་ཐེག་པ་མཆོག་ལ་མོས་པའི་ཟ་ཧོར་གྱི་རིགས་ལས་སྔགས་དཀར་མ་ཎི་བ་ངག་དབང་བློ་བཟང་རྒྱ་མཚོ་མིང་གཞན་གང་ཤར་རང་གྲོལ་དུ་འབོད་པའི་ལྡུམ་བུ་པས་སློབ་དཔོན་ཆེན་པོ་པདྨས་བསྟན་མ་བཅུ་གཉིས་ལ་གཉེར་དུ་གཏད་པའི་རི་གདང་ལ་དང་ཉེ་བའི་སར་སྦྱར་བའི་ཡི་གེ་པ་ནི་སྔགས་བན་ངག་དབང་འཕྲིན་ལས་སོ།། །།མངྒ་ལཾ།།


previousབྱང་གཏེར་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་གྱི་ལས་བྱང་ཕན་བདེའི་འབྱུང་གནས།next