Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
པདྨ་དབང་ཆེན་ཡང་གསང་ཁྲོས་པའི་ལོ་རྒྱུས་རིགས་འཛིན་ཞལ་ལུང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཔདྨ་དབང་ཆེན་ཡང་གསང་ཁྲོས་པའི་ལོ་རྒྱུས་རིགས་འཛིན་ཞལ་ལུང་།next

པདྨ་དབང་ཆེན་ཡང་གསང་ཁྲོས་པའི་ལོ་རྒྱུས་རིགས་འཛིན་ཞལ་ལུང་།


GLG024_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་དབང་ཆེན་ཡང་གསང་ཁྲོས་པའི་ལོ་རྒྱུས་རིགས་འཛིན་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །


GLG024_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿཔདྨ་ཀ་རཱ་ཡ། རྒྱལ་བ་ཀུན་གྱི་གསང་གསུམ་རང་བཞིན་མཐའ་ཀླས་འགྲོ་བློའི་རྫིང་བུ་ལ། །རང་རང་སྣང་ངོར་མ་འདྲེས་རྟག་འཆར་བདེ་བ་ཆེན་པོའི་མཁའ་ཀློང་དུ། །གཅིག་ཏུ་གྱུར་ཀྱང་སོ་སོར་སྟོན་པའི་སྒྱུ་འཕྲུལ་དྲ་བའི་རོལ་གར་མཁན། །པདྨ་འབྱུང་གནས་ཐུགས་རྗེའི་འོད་དཀར་ཕན་བདེའི་ས་སྨོས་རྒྱས་པར་མཛོད། །བདེ་གཤེགས་རྒྱལ་བའི་ཞི་དང་ཁྲོ་བོའི་གར། །བཀའ་བརྒྱད་ལྷ་ཡི་རོལ་པར་ཡོངས་ཤར་ལས། །པདྨ་གསུང་གི་ལྷ་ཞེས་སྙན་པའི་རྔ། །སྒྲོག་མཁས་དངོས་བརྒྱུད་སློབ་དཔོན་ཚོགས་སྤྱི་དང་། །དཔལ་སྟུག་ཐེག་མཆོག་རྒྱ་མཚོའི་འབྱོར་པའི་ནོར། །མཁྱེན་པའི་ཟ་མ་ཏོག་ཏུ་ལྷུན་གྲུབ་པའི། །གདོད་མའི་མགོན་པོ་འཁོན་སྟོན་ཀུན་དུ་བཟང་། །འབྲལ་མེད་སྙིང་དབུས་བཞུགས་ལ་བརྩེ་བས་སྐྱོངས། །ངེས་གསང་ལམ་འདི་མཚོ་ལྟར་གཏིང་མཐས་དབེན། །དབང་ཆེན་ཆོས་ཚུལ་མཁའ་ལྟར་ཕ་མཐའ་ཡས། །དམ་པའི་རྣམ་ཐར་གར་ལྟར་ཚད་བཟུང་བྲལ། །སྙོམས་ལས་བློ་གྲོས་རྩྭ་ལྟར་ཆེ་ཆེར་ཕྲ། །དེ་ལྟ་ན་ཡང་སྔ་འགྱུར་ཟབ་དོན་ལ། །གྲུབ་བརྙེས་སྔགས་འཆང་རིགས་ལས་ཉེར་སོན་ཞིང་། །ཐུབ་བསྟན་ཡོངས་སུ་རྫོགས་པའི་བཤེས་གཉེན་གྱིས། །གསུང་གིས་བསྐུལ་ཚེ་ཡི་གེའི་(༢ན)


GLG024_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་བར་སྤེལ། །དེ་ཡང་ཡེ་གདོད་མ་ནས་ལྷུན་གྱིས་གྲུབ་པའི་ཆོས་སྐུ་ཀུན་དུ་བཟང་པོ་ཡབ་ཡུམ་གྱིས་བདེ་གཤེགས་ཞི་ཁྲོ་མཐའ་ཀླས་པའི་དགོངས་པ་གཅིག་ཏུ་བསྡུས་ནས། ཞི་ཁྲོ་རབ་འབྱམས་ཀྱི་འཁོར་ལོ་དཔལ་སྒྲུབ་པ་ཆེན་པོ་བཀའ་བརྒྱད་སྤྱི་རྒྱུད་དང་སྒོས་རྒྱུད་སོགས་མཐའ་ཡས་པ་གསུངས་ཤིང་། དེ་ཙམ་དུ་མ་ཟད་ཐེག་པ་རིམ་དགུའི་ཡང་རྩེ་རྫོགས་པ་ཆེན་པོའི་རྒྱུད་མཐའ་ཡས་པ་གསུངས། དོན་དངོས་པོའི་གནས་ཚོད་ལ། སྟོན་པས་ཞལ་ནས་མ་གསུངས་པར། །འཁོར་གྱིས་རྟོགས་བརྗོད་བློ་ལ་སྣང་། །ཞེས་གཙོ་འཁོར་ངོ་བོ་ཐ་མི་དད་པའི་དགོངས་པ་གཅིག་པའི་དུས་འདའ་བ་ཡིན་ལ། དེ་ཡང་ཆོས་སྐུ་སྤྲོས་པ་མེད་པའི་ངང་དེ་ཉིད་ལས། ལོངས་སྐུའི་རྣམ་པར་རོལ་པས་སེམས་ཅན་གྱི་དོན་མཛད་པའི་ཚེ། །གསང་སྔགས་ཀྱི་བྱུང་ཁུངས་སློབ་དཔོན་ཆེན་པོའི་གསུང་ལས། སྔོན་གྱི་བསྐལ་པ་དང་པོ་འདས་པའི་དུས༔ མ་ཏྲཾ་རུ་ཏྲ་བསྒྲལ་བའི་རྫས་བརྒྱད་ལས༔ གསང་སྔགས་བྱོན་པའི་གནས་བརྒྱད་བྱིན་བརླབས་པའི༔ ཙི་ཏ་ཨུ་རྒྱན་ཡུལ་དུ་བབས་པ་ལས༔ རྟེན་འབྲེལ་ཁྱད་པར་ཅན་ལ་ཞེས་འབྱུང་བ་ལྟར། བཀོད་པ་ཆེན་པོའི་བསྟན་པ་ལམ་སྟོན་པ་ཐུབ་དཀའ་གཞོན་(༢བ)


GLG024_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ནུའི་དྲུང་དུ། རྒྱལ་རིགས་ཀྱི་དགེ་སློང་ཐར་པ་ནག་པོ་དང་། གཡོག་པོ་དན་ཕག་གཉིས་ཀྱིས་གདམས་པ་ཞུས་པས། གཡོག་གིས་ཚུལ་བཞིན་རྟོགས་ལ། དཔོན་གྱིས་སྒྲས་ཟིན་ལྟར་ལོག་པར་སྤྱད་པས་ལྟ་སྤྱོད་མ་མཐུན་པ་སྟོན་པ་ལ་དྲིས་པར་ལན་དྲང་པོར་གསུངས་པས། ཐར་པ་ནག་པོ་ཁྲོས་ཏེ་སློབ་དཔོན་ལ་གཤེ་བས། རྡོ་རྗེའི་དམྱལ་བ་ནས་རྡོ་རྗེའི་དམྱལ་བར་བརྒྱུད་དེ། བསྐལ་པ་གཉིས་ལྡན་གྱི་མཚམས་ཤིག་ཏུ། སྲིན་ཡུལ་ལངྐ་པུ་རིར་སྨད་འཚོང་མ་བདུད་བཙན་ལྷ་གསུམ་དང་བཤོས་པའི་མངལ་དུ་སྲིད་བཟུང་བས། ཟླ་བ་དགུ་ན་བྱིས་པ་མགོ་གསུམ། ལག་པ་དྲུག །རྐང་པ་བཞི། གཤོག་པ་གཉིས་ཡོད་པ་ཞིག་སྐྱེས་ཏེ། ཐོག་མར་མ་ཤི་བའི་རོ་ཟོས། དེ་རྗེས་ལུས་ཀྱི་ལང་ཚོ་རྒྱས་པ་དང་། དུར་ཁྲོད་ཀྱི་ཆོས་སོགས་ཀྱིས་བརྒྱན་ཅིང་། མཐུ་སྟོབས་ཀྱི་འཇིག་རྟེན་གྱི་དྲེགས་པ་ཅན་ཐམས་ཅད་དབང་དུ་བསྡུས། དེ་སྐད་དུ་ཡང་གསོལ་འདེབས་ལས། ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་རུ༔ དེ་བཞིན་གཤེགས་པ་ཐམས་ཅད་བཀའ་བགྲོས་མཛད༔ ཞི་རྒྱས་དབང་དྲག་འཕྲིན་ལས་རྣམ་བཞི་ཡིས༔ ལོག་པ་བདུད་ཀྱི་བསྟན་པ་འདུལ་བར་མཛད༔ ཅེས་པ་ལྟར་བདེ་གཤེགས་ཞི་ཁྲོ་རྣམས་བཀའ་འགྲོས་ཏེ། སྤྱན་རས་གཟིགས་དང་སྒྲོལ་མ་གཉིས་ཀྱིས་འདུལ་བའི་དུས་བབ་ཏུ་གཟིགས་ནས་བཀའ་བསྒོས་པས། རྟ་མགྲིན་གྱིས་རཱུ་ཏྲའི་འོག་སྒོ་དང་། ཕག་མོས་དུས་མཚན་མའི་བྷ་ག་ནས་ཞུགས་ཏེ། རྟ་ཕག་གི་དབུ་སྤྱི་གཙུག་ཏུ་རྒྱངས་ཀྱིས་ཐོན་ནས་བཏུལ་བས། ཞུམ་པའི་ཚིག་གིས། དབུས་ལ་མཆིས་པའི་སྐལ་བ་མེད། །དཀྱིལ་(༣ན)


GLG024_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་མཐའ་ལ་དེ་རྣམས་ཞོག །ཕུད་ལ་རྩལ་བའི་སྐལ་བ་མེད། །ལྷག་མ་ཞལ་ཆབ་ངེད་ལ་ཞུ། །ཞེས་འབངས་སུ་ཁས་བླངས། དེ་སྐད་དུ་ཡང་གསང་བའི་སྙིང་པོ་ལས། དེ་ནས་དེ་དག་ཤིན་ཏུ་འདར་ཞིང་། རབ་ཏུ་བྲེད་པས་ཞུམ་པའི་ང་རོས། འབངས་སུ་མཆི། འབངས་སུ་མཆི། འབངས་སུ་ནན་ཏན་མ་བགྱིས་ན། །མགོ་དང་ལུས་ནི་བརྒྱར་གས་ཤིང་། །སྙིང་ཡང་གས་ཤིང་གཏུབ་གྱུར་ཅིག །ཅེས་སོགས་གསུངས་པ་ལྟར་རོ། །འདི་དག་གི་ལོ་རྒྱུས་བཀའ་གཏེར་གཉིས་ཚིག་འདྲ་མིན་ཙམ་སྣང་ཡང་། དོན་ཕལ་ཆེར་མཐུན་ལ། དེའི་ཚེ་ཁྲོ་བོའི་གཙོ་བོ་ནི་སྒྲུབ་པ་ཆེན་པོ་བཀའ་བརྒྱད་ཀྱི་ལྷ་ཚོགས་ཡིན་ཞིང་། རིག་འཛིན་རྡོ་རྗེ་ཆོས་ཀྱི་རྒྱུད་ལུང་མན་ངག་ཏུ་བསྡེབས་ནས་མཁའ་འགྲོ་དང་སྡེ་བརྒྱད་ལ་གཏད། དེ་རྣམས་ཀྱི་བདུད་རྩིའི་སྐོར་གསེར་གྱི་སྒྲོམ་བུ། ཡང་དག་དངུལ། གཤིན་རྗེ་གཤེད་ལྕགས། རྟ་མགྲིན་ཟངས། ཕུར་པ་གཡུ། མ་མོ་བསེ། དྲག་སྔགས་གཟི། འཇིག་རྟེན་མཆོད་བསྟོད་མཆོང་གི་སྒྲོམ་བུ། བཀའ་བརྒྱད་སྤྱི་སྒྲིལ་རིན་པོ་ཆེ་སྣ་བརྒྱད་ལས་བྱས་པའི་སྒྲོམ་བུར་བཅུག་སྟེ་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེས་མཆོད་རྟེན་བདེ་བྱེད་བརྩེགས་པར་གཏེར་དུ་སྦས། ནམ་ཞིག་ན་སློབ་དཔོན་བརྒྱད་ཀྱི་གཟིགས་སྣང་མཐུན་པར་ཆོ་འཕྲུལ་སྣ་ཚོགས་སྣང་བས། འཇིག་རྟེན་ཕུང་འཚེངས་གང་རིགས་ཤིག་ཡོད་པར་དགོངས་ནས། གནས་དེར་སྡེ་བརྒྱད་ཀྱི་ཐུན་རྫས་དང་བཅས་ཏེ་བཀའ་བསྒོས་པས། གཏེར་བསྲུང་རྣམས་ཀྱིས། གསེར་བི་མ་ལ། དངུལ་ཧཱུཾ་ཀ་ར། ལྕགས་འཇམ་དཔལ་བཤེས་གཉེན། ཟངས་ཀླུ་སྒྲུབ། གཡུ་པྲ་བྷ་ཧ་སྟི། བསེ་དྷ་ན་སང་ཀྲྀ་ཏ། མཆོང་རོམ་བུ་གྷུ་ཧྱ། གཟི་ཤིནྟི་གརྦ་ལ་གཏད། (༣བ)


GLG024_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེ་སྣ་བརྒྱད་ཀྱི་སྒྲོམ་བུ་སླར་གཏེར་དུ་སྦས་པ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་བཏོན་པ་ཡིན་ལ། དེ་ཡང་ཀུན་མཁྱེན་ཡེ་བཟང་རྩེ་པ་འཇིག་རྟེན་པའི་སྡེ་གསུམ་བོད་མ་ཡིན་པར་ལེགས་པར་མཛད་ནའང་། རྒྱ་གར་གྱི་རིག་འཛིན་བརྒྱད་ལ་བཀའ་བབས་ཚུལ་དང་འགལ་བས་ཅུང་ཟད་མ་དགོངས་པར་མངོན་ལ། འབྲི་ཁུང་དཔལ་འཛིན་གྱིས། ཕྱོགས་འདི་ལ་ཁ་མང་དུ་ཟེར་ནའང་། བྱེ་བྲག་སྨྲ་བས་ཐེག་པ་ཆེན་པོའི་སྡེ་སྣོད་ལ་སྨོད་པ་དང་འདྲ་བས། རང་ཉིད་ལས་དང་སྐལ་བ་དམན་པས་ནོངས་སོ། །དེ་ལྟར་བསྒྲུབ་པ་བཀའ་བརྒྱད་ཀྱི་ཡ་གྱལ། པདྨ་གསུང་གི་སྐོར་འདི་ཉིད་བོད་དུ་དར་བར་མཛད་པ་པོ་ཡང་སློབ་དཔོན་པདྨ་ཡིན་ལ། དེ་ཉིད་དྷ་ན་ཀོ་ཤའི་གླིང་དུ་པདྨའི་སྡོང་པོ་ལས་རྫུས་ཏེ་འཁྲུངས་པ། ཨུ་རྒྱན་རྒྱལ་པོ་མ་ཧཱ་བ་དན་བྱ་བའི་བློན་པོ་ཏེ་ཙ་པུ་རིས་མཐོང་སྟེ། རྒྱལ་པོ་ལ་སྲས་མེད་པའི་ཚབ་ཏུ་འོས་པར་སྨྲས་པས། རྒྱལ་པོ་བཙུན་མོ་རྣམས་ཀྱིས་ཁྱེའུ་དེ་སྲས་སུ་མངའ་གསོལ་ནས། མིང་སེ་ཧ་བྷ་ཏར་བཏགས། ནམ་ཞིག་བློན་པོ་མ་ཧཱ་ཨ་ཏའི་བུའི་མགོ་ལ་སོར་བརྡེག་བརྒྱབ་པའི་རྐྱེན་གྱིས་ཤི་བས། རྒྱལ་པོའི་ཁྲིམས་ཀྱིས་ཟླ་བ་གསུམ་གྱི་ཕ་རོལ་དུ་སྤྱུགས། དེ་ནས་སློབ་དཔོན་པྲ་བྷ་ཧ་སྟིའི་དྲུང་དུ་རབ་ཏུ་བྱུང་ནས། སྔགས་ཀྱི་ཆོས་མང་པོ་ཞུས་ཤིང་། ཚེ་ལ་དབང་བའི་རིག་འཛིན་བརྙེས། སླར་ཡུལ་དུ་བྱོན་པས་བློན་པོ་སོགས་གྲོས་བྱས་ཏེ་མེར་བསྲེགས་པ་ན། མེ་དཔུང་མཚོ་རུ་བསྒྱུར་བའི་རྫུ་འཕྲུལ་གྱིས་ཡུལ་དེའི་འགྲོ་བ་མཐའ་དག་ཡང་དག་པའི་ལམ་ལ་བཀོད། ལོ་རྒྱུས་འདི་རྣམས་ཡང་གསང་གི་སློབ་དཔོན་རྣམ་ཐར་ལྟར་བཀོད་པ་ཡིན་ལ། མྱང་དང་ཨུ་རྒྱན་གླིང་པ་སོགས་ཀྱི་གཏེར་ཁའི་རྣམ་ཐར་རྣམས་དང་ཅུང་ཟད། (༤ན)


GLG024_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྲིག་ཀྱང་གདུལ་བྱའི་སྣང་ངོའོ། །དེ་ནས་རིང་པོར་མ་ལོན་པར་བོད་ཀྱི་ལྷ་བཙད་པོ་ཁྲི་སྲོང་ལྡེ་བཙན་གྱིས། དམ་པའི་ཆོས་དར་བའི་སླད་དུ་མཁན་པོ་རིན་པོ་ཆེ་སྤྱན་དྲངས་ཏེ། དཔལ་བསམ་ཡས་ཀྱི་གཙུག་ཁག་ཁང་བཞེངས་ཀྱང་། ལྷ་མ་སྲིན་རྣམས་ཀྱིས་བར་ཆད་མང་དུ་བཏང་བས། མཁན་པོའི་ལུང་བསྟན་ལྟར། བཙད་པོས་གསེར་དང་རྟ་མོག་དྲོ་མགོ་དམར་བསྐུར་ཏེ། ཕོ་ཉ་བ་གདན་འདྲེན་དུ་བཏང་བས། སློབ་དཔོན་གྱིས་མཁྱེན་ཏེ། རྫུ་འཕྲུལ་གྱིས་གཤེགས་པ་དང་ལམ་དུ་མཇལ། དེ་ནས་ལམ་རྣམས་སུ་རིམ་གྱིས་ལྷ་སྲིན་གདུག་པ་ཅན་རྣམས་བཏུལ་ཞིང་། གཏེར་ཁ་ཡང་མང་དུ་སྦས་ཏེ་བསམ་ཡས་སུ་ཕེབས་པའི་ཚེ། བཙད་པོས་དབུ་ཞྭ་དང་ཕྱགས་གསོལ་ཞིང་། སྐུ་རགས་མ་བཅིངས་པར་བསུ་བ་མཛད་པས། སློབ་དཔོན་གྱིས་སྟོད་སྨད་དུ་རྒྱལ་ཁྲིམས་ཅུང་ཟད་ཆགས་ལ། བར་འདིར་རྒྱལ་ཁྲིམས་སིལ་བུར་མྱུར་དུ་འགྲོ་ཞེས་གསུངས། ཐང་ཡིག་ཏུ། སྐབས་འདིར་མཆོད་ཡོན་ཕྱག་ལ་མ་དན་པའི་ལོ་རྒྱུས་ལ། དཔའ་བོ་གཙུག་ལག་འཕྲེང་བས། དེ་མི་དག་པའི་སྒྲུབ་བྱེད་མང་དུ་སྨྲ་ཡང་། ལོ་རྒྱུས་ཀྱི་ཁོག་མི་གཅིག་པ་མ་གཏོགས། སྦ་བཞེད་དུ་ཡང་ཕྱག་ལ་མ་དན་ཚུལ་ཟུར་ཙམ་སྣང་བས། ལྷོ་བྲག་ཆོས་འབྱུང་བའི་དེ་བབ་ཆོལ་དུ་ཟད་དོ། །དེ་ནས་སློབ་དཔོན་གྱིས་ས་གཞི་རྣམས་བཏུལ་ཞིང་བྱིན་གྱིས་བརླབས། རྒྱལ་པོ་ལ་གཤིན་རྗེ་རོ་གཅིག །པདྨ་སྐ་གཅིག །བདུད་རྩི་ཐིགས་གཅིག །ཕུར་པ་སྲོག་གཅིག །མ་མོ་སྙིང་གཅིག །ཐིག་ལེ་ཉག་གཅིག །ཡང་དག་མེ་གཅིག་སྟེ་རྩིས་ཀྱི་ཆོས་བདུན་གནང་། ཁྱད་པར་སློབ་དཔོན་བྲག་དམར་འོམ་བུར་བཞུགས་པའི་ཚེ། བཙད་པོས། དགྲ་བགེགས་སྤྱི་དང་། ཁྱད་(༤བ)


GLG024_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཀླུ་འདུལ་བའི་ཆོས་ཟབ་མོ་ཞིག་ཞུས་པས། པདྨ་སྐད་གཅིག་གི་ནང་ནས་ཟབ་པ་རྟ་མགྲིན་ཡང་གསང་གི་ཆོས་སྐོར་རྣམས་གནང་ཞིང་ཐུགས་ཉམས་སུ་བསྟར་ནས། མན་ངག་མཐའ་དག་ལྷས་ཡེར་པའི་སེ་བ་གདོང་དུ་གཏེར་དུ་སྦས། དེ་ནས་སློབ་དཔོན་སྲིན་ཡུལ་དུ་གཤེགས་པར་བཞེད་པ་ལ། རྒྱལ་བློན་རྣམས་ཀྱིས་བཞུགས་པར་གསོལ་བས། ང་སྡོད་ན་བཙད་པོའི་སྐུ་ཚེ་ཉི་ཟླ་དང་མཉམ་པ་བྱེད། བྱེ་ཕྲུག་ལ་གཟི་འདོགས། གཙང་པོ་ཟངས་ཀྱི་སྦུབས་སུ་འཇུག །གྲམ་པ་ཐམས་ཅད་ཞིང་དུ་སྒྱུར་བར་བྱེད་གསུངས་པས། བོན་བློན་རྣམས་ཀྱིས་དེ་དག་ལ་སྙད་རེ་བཏགས་ཏེ་སློབ་དཔོན་འབྱོན་པར་ཞུས་པ་ལྟར། ཉི་ཟེར་ལ་ཆིབས་ནས་རུ་ལག་ངོས་ལ་ཡར་བྱོན་པས་ལྷ་འདྲེ་རྣམས་ཀྱིས་མ་བཟོད་པར་གཡས་རུ་ཕྱོགས་སུ་བྲོས་པས། ད་ལྟ་གཡས་རུ་བ་ལ་མཛོ་ཅན་དང་མིའུ་ཐུང་སོགས་མང་ངོ་། །དེ་ལྟར་སློབ་དཔོན་བོད་དུ་ཡུན་རིང་མ་བཞུགས་ཚུལ་འདི། ཡང་གསང་གི་ལོ་རྒྱུས་ལྟར་བཀོད་པ་ཡིན་ཞིང་། དེ་དང་མཐུན་པར་འོ་བྲན་ལུགས་ཀྱི་ཕུར་པའི་སྟོང་ཐུན། ལང་ལབ། རོང་ཟོམ། ཇོ་ལུགས་ཀྱི་ཕུར་པའི་ལོ་རྒྱུས། རྡོ་རྗེ་ཐོག་ཟློག་མའི་ལོ་རྒྱུས་དང་། ཆོས་དབང་རིན་པོ་ཆེའི་ཡབ་མེས་དབང་རྗེ་བཙན་ཁྲོམ་གྱིས་བོན་པོའི་ཐོག་ཟློག་པའི་སྐོར་སོགས་གུང་འགྲིག་པར་སྣང་ལ། དེ་དག་དང་སྦ་བཞེད་ཀྱང་ཅུང་ཟད་མཐུན་ཞིང་། ཐང་ཡིག་སོགས་སུ་ལྷ་སྲས་ཀྱིས་རྒྱལ་སྲིད་མཛད་པའི་བར་དུ་སློབ་དཔོན་བཞུགས་པར་བཤད་པ་གཉིས་མི་འགྲིག་པའི་འགལ་འཛོལ་ཆེ་བས། ཕལ་ཆེར་རང་རང་གི་ཕྱོགས་སུ་ཞེན་ཏེ། ཅིག་ཤོས་མི་འཐད་པར་སྨྲ་ནའང་། སློབ་དཔོན་ཆེན་པོ་འདི་ཉིད་ཀྱིས་དུས་གཅིག་ལ་སྐུ་གསུང་ཐུགས་ཀྱི་(༥ན)


GLG024_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ་མི་འདྲ་བ་བགྲང་ཡས་པ་སྟོན་པའི་ཕྱིར་ན། ལོ་རྒྱུས་མི་མཐུན་པ་དེ་དག་ཀྱང་གདུལ་བྱ་སོ་སོའི་སྣང་ངོ་དང་མཐུན་པར་བསྟན་པ་ཡིན་ལ། སློབ་དཔོན་བཞུགས་ཀྱང་སྡིག་བློན་སོགས་འགའ་ཞིག་ཁོ་རང་རྣམས་ཀྱི་ལས་སྒྲིབ་དང་། སློབ་དཔོན་གྱི་རྫུ་འཕྲུལ་གྱི་མཐུས་མ་མཐོང་བས་མ་བཞུགས་པར་གླེང་བ་ཡང་བསམ་ངོ་ལ་ལྟོས་ན་བདེན་ཏེ། ཉི་མ་ཤར་ཡང་བྲག་ཕུག་ཁ་བྱང་ལྟ་ལ་མི་འབྱུང་བ་བཞིན་ནོ། །དེའི་ཕྱིར་སྡིག་བློན་སོགས་སློབ་དཔོན་བཞུགས་པ་ལ་མི་དགའ་བ་འགའ་ཞིག་གི་དོན་དུ་སྤྲུལ་པ་གཅིག་གཤེགས་པ་ལྟར་མཛད་ཅིང་། དོན་དུ་སྐུ་དངོས་ཀྱིས་བཞོ་སྟོད་ཏེ་སྒྲོར་བྱོན་ནས་མཁར་ཆེན་བཟའ་ལ་མཁའ་འགྲོ་སྙིང་ཐིག་གསུངས་པ་སོགས། ཡར་ལུངས་ཤེལ་གྱི་བྲག་ཕུག་གིས་གཙོས་པའི་བོད་ཀྱི་གནས་ཆེན་ཐམས་ཅད་བྱིན་གྱིས་བརླབས་ཤིང་། སྐལ་ལྡན་རྣམས་ལ་ཐེག་པ་མཆོག་གི་ཆོས་མང་དུ་སྩལ། རིང་ཞིག་ན་བསམ་ཡས་སུ་ཕེབས་ཏེ། བོན་བློན་རྣམས་ཀྱིས་ལོ་པཎ་རྣམས་གསོད་པར་བརྩམས་པའི་ཚེ། རྫུ་འཕྲུལ་གྱིས་བཏུལ་བས་དེ་ཕྱིན་ཆད་ཆོས་སྒྲུབ་པའི་བར་ཆད་མ་བྱུང་བའི་ཚུལ་སོགས་བྱང་གཏེར་གྱི་ལོ་རྒྱུས་རྣམས་ཀྱང་གུང་འགྲིག་པར་སེམས་སོ། །དེ་ཡང་ཐང་ཡིག་ཏུ། གཏེར་སྟོན་སངས་རྒྱས་བླ་མ་ནས། བདེ་ཆེན་གླིང་པའི་བར་ལུང་བསྟན་པ་རྣམས་སྔ་ཕྱིའི་གོ་རིམ་ངེས་ཅན་དུ་མ་མཆིས་ཤིང་། རྡོར་འབུམ་ཆོས་གྲགས། རིག་འཛིན་རྒོད་ལྡེམ། མངའ་རིས་པཎ་ཆེན་རིན་པོ་ཆེ་པདྨ་དབང་རྒྱལ། རིག་འཛིན་ཆེན་པོ་ལེགས་ལྡན་རྡོ་རྗེ། འབྲི་གུང་རིན་ཆེན་ཕུན་ཚོགས། འཕྲེང་མགོ་ཤེས་རབ་འོད་ཟེར། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་སོགས་གཏེར་སྟོན་གྲགས་ཅན་ཤིན་ཏུ་མང་བ་མ་ཐེབས་པར་འདུག་པས། ཡང་གསང་གི་གཏེར་འདི་འདོན་པའི་གཏེར་སྟོན་ཡང་གསལ་ཁ་མ་མཆིས་མོད། (༥བ)


GLG024_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

འོན་ཀྱང་དིང་སང་སེ་ར་ཐེག་ཆེན་གླིང་བྱེས་གྲྭ་ཚང་གི་རྟ་མགྲིན་ཁང་ན་བཞུགས་པའི་ཕུར་པ་འདི། ཡང་གསང་གི་ཆོས་སྐོར་རྣམས་དང་གཏེར་གནས་གཅིག་ཅིང་། སློབ་དཔོན་མདའ་འཕྱར་གྱིས་ཕུར་པ་གཏེར་ནས་བཞེས་པ་དང་། ཡང་གསང་གི་བཀའ་བབས་ཡིན་པ་ལ་བརྟེན་ནས་འཁྲུལ་པའི་མདའ་འཕྱར་ཆོས་འདིའི་གཏེར་སྟོན་ཡིན་ཞེས་འཆད་པ་མང་ཡང་། འཁོན་སྟོན་ཆོས་ཀྱི་རྒྱལ་པོས་མཛད་པའི་བྱེས་ཀྱི་ཕུར་པའི་ལོ་རྒྱུས་ན། མདའ་འཕྱར་གྱིས་ཕུར་པ་འདི་གཏེར་ནས་བཏོན་ཞེས་དམིགས་ཀྱིས་བཀར་བས། ཆོས་གཏེར་འདོན་པ་པོ་མ་ཡིན་པ་ཤུགས་ཀྱིས་བསྟན་ལ། དེ་ཡང་གཏེར་སྟོན་དངོས་ནི། སུམ་པ་དབང་ཚུལ། འབྲེ་ཤེས་རབ་བླ་མ། རྐྱང་པོ་གྲགས་པ་དབང་ཕྱུག་གསུམ་གྱིས་ལྷ་ས་ཡེར་པའི་བྲག་ནས་ཡང་གསང་གི་སྐོར་རྣམས་བཏོན་པས། གཏེར་སྔུར་བྱུང་ནས་སུམ་པ་འདས། འབྲེ་སྨྱོ། རྐྱང་པོ་ལ་མཛེ་བྱུང་ནས་ཤོག་སེར་དེ་ཞུ་སྟོན་བྱ་བ་རྟ་མགྲིན་གྱི་གྲུབ་ཐོབ་ཅིག་གི་ལག་ཏུ་བྱུང་ཡང་། ལས་འཕྲོ་གཏེར་གྱི་བརྒྱུད་པའི་བྱིན་རླབས་ཀྱི་བཀའ་མ་ཉམས་པ་གཏེར་སྟོན་ལ་བར་ཆད་བྱུང་བའི་དབང་གིས་སྤེལ་མ་ཐུབ་པས་དབང་ལུང་གི་རྒྱུན་མེད་པར་ཡུན་རིང་པོར་འབྱམས། དེ་ནས་དུས་རིང་མོ་ཞིག་ན། གྲུབ་ཐོབ་མདའ་འཕྱར་ནགས་རྒྱལ་དུ་བཞུགས་དུས། སློབ་དཔོན་པདྨས་ཞང་ཚེས་ཟླ་གྲགས་ཟེར་བའི་སྔགས་པ་ཞིག་ཏུ་སྤྲུལ་ནས་དབང་ལུང་རྣམས་གནང་སྟེ། སྔགས་ཀྱི་ཨོཾ་དེ་ཧྲཱི་རུ་སྒྱུར་ལ་སྒྲུབས་ཤིག་གསུང་བ་ལྟར་བསྒྲུབས་པས་མཆོག་ཐུན་གྱི་དངོས་གྲུབ་འགྲུབ་ལ། གོང་དུ་གཏེར་སྟོན་གསུམ་བྱུང་བ་ལ་དགོངས་ཏེ། ཁྲི་སྲོང་སྐྱེ་སྤྲུལ་བྱང་པ་གཏེར་སྟོན་བཀྲ་ཤིས་སྟོབས་རྒྱལ་དབང་པོའི་སྡེས། གཏེར་སྟོན་གྲངས་ངེས་ཀྱི་གསོལ་(༦ན)


GLG024_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་སུ། གྲགས་པ་སུམ་པ་དབང་ཕྱུག་མཚན་མཐའ་ཅན། །འབྲེ་བན་ཚུལ་བཟང་རྣམ་གསུམ་ཚོགས་པའི་གཏེར། །ཞེས་སོ། །མདའ་འཕྱར་གྱི་གཏེར་མའི་ཕུར་པ་འདི་ཉིད་ཀྱང་། ཕལ་ཆེར་རྟ་མགྲིན་གྱི་ཕུར་པ་ཞེས་གླེང་ནའང་། འཁོར་སྟོན་ཆོས་ཀྱི་རྒྱལ་པོས་རྡོ་རྗེ་གཞོན་ནུའི་ཁུངས་དང་སྦྱར་ཏེ་གསུངས་པ་ཡིད་ཆེས་ཀྱི་གནས་སུ་སྣང་ཞིང་། སྐྱིད་གྲོང་དུ་ས་པཎ་དང་གནས་ཚང་གཅིག་ཏུ་གདན་འཛོམ་པར། བཛྲ་ཀྱི་ལི་ཀྱི་ལཱ་ཞེས་འཛབ་དབྱངས་མཛད་པས། ས་པཎ་གྱིས་དེ་མ་དག་ཀི་ལི་ཀི་ལཱ་ཡིན་གསུངས་པར། མ་དག་ཀྱང་འདི་བཞིན་བྱེད་གསུངས་ནས་བྲག་ལ་བརྒྱབ་པས་འཇིམ་པ་ལ་བརྒྱབ་པ་ལྟར་སོང་། པཎ་ཆེན་སྔགས་དག་པར་འདུག་པས་འདོན་པར་ཞུ་ཞེས་གསོལ་བས། འགུལ་བ་ཙམ་ཡང་མ་བྱུང་བས། སླར་སློབ་དཔོན་རང་གིས་གཅུས་སྟབས་ཀྱིས་བཏོན་པས་གཤོག་པ་གས། ས་པཎ་གྱིས། སློབ་དཔོན་གྲུབ་ཐོབ་ཆེན་པོར་དགོངས་ཏེ། མུ་སྟེགས་དང་རྩོད་པ་མཛད་པའི་སྐུ་རིམ་དུ་འབྱོན་དགོས་གསུངས་ནས་ལྷན་ཅིག་ཏུ་ཕེབས། དེའི་ཚེ་རྩོད་པ་རྗེ་བཙུན་ས་པཎ་རྒྱལ་ཡང་། འཕྲོག་བྱེད་དགའ་བོ་ནམ་མཁའ་ལ་འཕུར་བར། སློབ་དཔོན་གྱིས་སྔགས་དང་བཅས་ཏེ་གྲིབ་མ་ལ་ཕུར་པ་བཏབ་པས་ས་ལ་ལྷུང་། དེ་ནས་མི་རིང་བར་ཕུར་པ་མུ་སྤྲས་གཙུག་ལག་ཁང་གི་རྟེན་གཙོར་བཞུགས་ཤིང་། དུས་ཕྱིས་ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེ་གཞིས་ཀ་དཔལ་འབྱོར་ལྷུན་པོར་བཞུགས་སྐབས། ཡབ་ཡོན་ཏན་མགོན་པོས། པདྨ་ཡང་གསང་གི་ཆོས་སྐོར་དང་། རྡོ་རྗེ་གཞོན་ནུའི་ཕུར་པ་འདི་གཉིས་ཆེད་གཉེར་སྐྱེལ་བར་བཏང་བ་ལ་བརྟེན་ནས། ཀུན་མཁྱེན་པས་གཞིས་ཀར་སྒྲུབ་དབང་དང་གཏོར་ཆེན་གྱི་ཕྱག་ལེན་(༦བ)


GLG024_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

བཙུགས་ཤིང་། རིམ་གྱིས་སེ་ར་ཐེག་ཆེན་གླིང་གི་བྱེས་བླ་བྲང་དུ་གཏོར་སྒྲུབ་ཀྱི་རྒྱུན་བཙུགས་པ་ད་ལྟའི་བར་དུ་གནས། སྒར་པ་ཆོས་གྲགས་རྒྱ་མཚོ་དང་རིན་སྤུངས་དོན་ཡོད་རྡོ་རྗེ་མཆོད་ཡོན་ལྷན་ཅིག་པར་པོ་ཏ་ལར་ཕེབས་སྐབས། སེར་འབྲས་ཀྱི་བླ་མ་རྣམས་ཀྱིས་མཇལ་དུ་བྱོན་དུས། ཆོས་རྗེ་གཉལ་སྟོན་པས། ཁྱེད་མཆོད་ཡོན་གྱིས། ངེད་རྣམས་གཞིས་ཀ་སྣེལ་པ་དྲན་མི་དགོས་པ་མཛོད་ཅིང་། མ་མཛད་ན་འདི་རྒྱག་དགོས་པ་ཡོང་། གསུངས་ནས་ཕུར་པ་རྐང་ནས་བཏོན་པས། འཕྲལ་ཉམས་འཆར་གྱི་རྣམ་པ་འདྲ་ཞིག་བྱུང་ཡང་། དོན་ཐུགས་དོགས་ཟོས་པའི་དབང་གིས་མཆོད་ཡོན་གཉིས་ཀའི་སྐུ་ཚེའི་བར་ཆད་དུ་སོང་བ་སོགས་ལོ་རྒྱུས་མང་དུ་མཆིས། པདྨ་ཡང་གསང་གི་བཀའ་སྡོད་གིང་ལྔ་གཟའ་གདོང་གཉན་པས། དགྲ་སྡེའི་དཔུང་ཚོགས་གཞོམ་པའི་ཚུལ་ཆེས་མང་ཡང་ཡི་གེ་མངས་ཀྱིས་དོགས་པས་མ་བཀོད་དོ། །དེ་ལྟར་དཔལ་ཡང་གསང་ཁྲོས་པ་འདི་ཉིད། ཐེག་པ་རིམ་པ་དགུ་ལས་བདུན་པ་མ་ཧཱ་ཡོ་གའི་ཕྱོགས་སུ་གཏོགས་ཤིང་། རྒྱུད་སྒྲུབ་ཐབས་མན་ངག་གཏེར་ལས་བྱོན་པ་རྣམས་དང་། སླད་མར་ཕྱོགས་འདི་ལ་ཚད་ཐུབ་ཀྱི་མཁས་པ་མུ་སྤྲས་པ་ཡབ་སྲས་དང་། གནས་རྙིང་ཆོས་རྗེ་རྡོ་རྗེ་རིན་ཆེན་སོགས་ཀྱིས་མཛད་པའི་ཡིག་ཆ་དང་། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་ལས་བྱང་འཕྲིན་ལས་བཞིའི་བང་མཛོད། ཚར་ཆེན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་ཀྱི་ཡིག་ཆ་དང་ཕྱག་ལེན་གྱི་རྒྱུན་ནུབ་དགོན་པ་ནས་བརྒྱུད་པའི་ཕྱག་ལེན། འཁོན་སྟོན་ཆོས་ཀྱི་རྒྱལ་པོས་བླ་མ་བརྒྱུད་འདེབས། བསྟོད་པ་སྨོན་ལམ་སྣང་བ་སོགས་མཁས་གྲུབ་དུ་མས་བསྐྲུན་པའི་ཡིག་ཆ་མང་དུ་ཡོད་མཆིས་ཤིང་། རྟོག་གེ་པ་འགའ་ཞིག་གིས་སྔ་འགྱུར་གྱི་དགོངས་དོན་མ་རྟོགས་པའི་ཕྱིས་འགྱུར་རྒྱས་(༧ན)


GLG024_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

འགེབས་ཀྱིས་རང་བཟོ་ཁོ་ན་ལ་བརྟེན་པའི་དབང་ཆོག་སོགས་ཡོད་པར་སྣང་བ་དག་ནི། དཔྱོད་ལྡན་རྣམས་ཀྱིས་དུག་བཞིན་དུ་སྤངས་ཏེ། སྔགས་གསར་རྙིང་མཐའ་དག་སོ་སོའི་དགོངས་བཞེད་ལྟར་མ་འདྲེས་པར་ཉམས་སུ་བསྟར་བ་མཁས་པ་མགུ་བ་སྐྱེད་པའི་གནས་སོ། །ངོ་མཚར་ཆོས་འབྱུང་རྒྱ་མཚོའི་མ་མ་ལས། །དབང་ཆེན་ལོ་རྒྱུས་ཉུང་ངུའི་བསིལ་སྦྱིན་མཁན། །རིག་འཛིན་ཨུཏྤལ་དཀར་པོའི་དགའ་སྟོན་དུ། །བློ་གྲོས་ཀུན་གསལ་བུ་མོའི་འགྲམ་པར་ཤར། །མཐོན་མཐིང་རལ་པ་ཁ་བའི་མདངས་འཛིན་ཅིང་། །དམར་སེར་ཨག་ཚོམ་ལན་བུའི་ཁྱོགས་འཆང་ཡང་། །དབང་ཆེན་སྒྲུབ་ལ་གཡེལ་མེད་དཀའ་ཐུབ་ཅན། །དེ་འདྲར་ལྷ་ཆེན་གྱིས་ཀྱང་ཅི་བྱར་ཡོད། །དེ་ལྟར་སྔོན་འབྱུང་ལོ་རྒྱུས་དག །དག་ཅིང་ཉུང་ངུར་བགྱིས་པའི་ཚིག །ཚིག་གི་ཕྲེང་བར་སྤེལ་བ་ལས། །ལས་བཞིའི་དོན་ཀུན་འགྲུབ་གྱུར་ཅིག །ཅེས་པདྨ་དབང་ཆེན་ཡང་གསང་ཁྲོས་པའི་གཏེར་འབྱུང་ལོ་རྒྱུས་རིག་འཛིན་ཞལ་ལུང་ཞེས་པ་འདི་ཡང་། རྒྱ་སྔགས་འཆང་ཆེན་པོ་འཇམ་དཔལ་གསང་བ་དང་། ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་རིང་ལུགས་འཛིན་པའི་པཎ་ཆེན་ཀུན་དགའ་བདེ་ལེགས་སོགས་དམ་པ་རིམ་པར་བྱོན་པའི་གདུང་ལས་སོན་པ། ཐུབ་བསྟན་ཡོངས་སུ་རྫོགས་པའི་དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་ཀུན་དགའ་བདེ་ལེགས་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་གསུང་གིས་བསྐུལ་བ་ལ་བརྟེན་ནས། ཟུར་གསང་བདག་སྒྲོ་ཕུག་པ་ཆེན་པོའི་སྐྱེ་སྤྲུལ་འཁོན་སྟོན་ཆོས་ཀྱི་རྒྱལ་པོའི་བཀའ་དྲིན་ལས། གསང་སྔགས་བཀའ་གཏེར་གྱི་དོན་ཕྱོགས་ཙམ་རིག་ཅིང་། རྒྱལ་བའི་དབང་པོ་ཙོང་ཁ་པ་ཆེན་པོའི་རིང་ལུགས་ཤེས་ནས་དད་པ་ཐོབ་པའི་ཟ་ཧོར་གྱི་སྔགས་(༧བ)


GLG024_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་ངག་དབང་བློ་བཟང་རྒྱ་མཚོ་མིང་གཞན་བཞད་པ་རྩལ་གྱིས་ས་སྐྱོང་གི་ལོ་ནག་པ་ཟླ་བའི་དབྱངས་ཨོ་འཆར་བའི་ཚེས་ལ་སྦྱར་པའི་ཡི་གེ་པ་ནི་རིག་སྔགས་འཆང་བ་ངག་དབང་དགེ་ལེགས་སོ།། །།མངྒ་ལཾ།། །།


previousཔདྨ་དབང་ཆེན་ཡང་གསང་ཁྲོས་པའི་ལོ་རྒྱུས་རིགས་འཛིན་ཞལ་ལུང་།next