Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
པདྨ་དབང་ཆེན་ཡང་གསང་ཁྲོས་པའི་བསྙེན་ཡིག་རིན་ཆེན་དབང་གི་འདོད་འཇོ།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཔདྨ་དབང་ཆེན་ཡང་གསང་ཁྲོས་པའི་བསྙེན་ཡིག་རིན་ཆེན་དབང་གི་འདོད་འཇོ།next

པདྨ་དབང་ཆེན་ཡང་གསང་ཁྲོས་པའི་བསྙེན་ཡིག་རིན་ཆེན་དབང་གི་འདོད་འཇོ།


GLG024_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་དབང་ཆེན་ཡང་གསང་ཁྲོས་པའི་བསྙེན་ཡིག་རིན་ཆེན་དབང་གི་འདོད་འཇོ་ཞེས་བྱ་བ་བཞུགས་སོ། །


GLG024_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཤྩ་གྷོ་རོཏྟ་མ་ཤྲི་ཡེ། ཡེ་དག་མཚན་མའི་སྤྲོས་པ་ཀུན་བྲལ་འོད་མི་འགྱུར་བ་ཆོས་ཀྱི་སྐུ། །གཏུམ་དྲག་མཚོན་གྱིས་བདུད་བཞིའི་སྙིང་འབིགས་ཁྲག་འཐུང་རྟ་མགྲིན་ལོངས་སྤྱོད་རྫོགས། །འཆི་མེད་འཕོ་ཆེན་འཇའ་ལུས་ཡོངས་བརྙེས་པདྨ་ཐོད་ཕྲེང་སྤྲུལ་པའི་གར། །སྐུ་གསུམ་སྒྱུ་འཕྲུལ་ཞབས་པད་ཆུན་པོ་གཙུག་ཏོར་རྩེར་འཆིང་བདག་བྱིན་རློབས། །མཚོ་སྐྱེས་རྡོ་རྗེ་བཻ་རོའི་ཐུགས་གསང་མཛོད། །འཛིན་མཛད་འདར་ཕྱར་དཔལ་ལྡན་སེང་གེ་དང་། །རྭ་བན་ཆོས་བཟང་ཚར་ཆེན་རིགས་ཀྱི་གཙོ། །ཡབ་སྲས་བརྒྱུད་པར་བཅས་པ་ཕྱག་གི་ཡུལ། །དཀྱིལ་འཁོར་རྒྱ་མཚོའི་དབང་ཕྱུག་གནས་གསར་བ། །མགོན་པོ་བསོད་ནམས་རྣམ་ཀུན་མཆོག་ལྡན་ཞབས། །རབ་འབྱམས་རྒྱལ་དངོས་ཆོས་དབྱིངས་རང་སར་གྲོལ། །བྱང་ཆེན་བར་དུ་རིགས་ཀྱི་བདག་པོར་བཞུགས། །སྲིད་གསུམ་འབྱུང་པོའི་སྙིང་གར་རྟ་ཡི་བྲོ། །ཆེམ་ཆེམ་རབ་བརྡུང་པདྨ་ཧེ་རུ་ཀའི། དངོས་གྲུབ་ཟིལ་དངར་སྙིང་གི་ཟ་མ་ཏོག །འཁྱིལ་བྱེད་སྙན་པའི་མན་ངག་ལས་གཞན་སུ། །དེ་ཕྱིར་རྒྱུད་དང་རྒྱ་གར་མཁས་པའི་གཞུང་། །བརྒྱུད་ལྡན་བླ་མའི་ཞལ་རླངས་དྲོད་པོ་ཆེ། །(༢ན)


GLG024_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཉམས་རང་བཟོའི་ལྷད་དང་ཉེར་བྲལ་བའི། །ཡིད་བཞིན་དབང་གི་འདོད་པ་འདི་ན་འཇོ། །དེའང་ཡེ་ཤེས་རྔམ་གློག་ལས། སྒོམ་དང་བཟླས་དང་འཕྲོ་འདུལ་སྔགས། །ཏིང་འཛིན་མེ་དང་འདྲ་བ་ལ། །བཟླས་བརྗོད་རླུང་དང་འདྲ་བསྐྱོད་ནས། །སྒྲིབ་པའི་བུད་ཤིང་བསྲེག་པར་འགྱུར། །ཞེས་དང་། མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ལས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་མཁའ་འགྲོ་མ་དང་རང་བཙུན་མོ། །མངོན་སུམ་དུ་ནི་བྱ་བའི་ཕྱིར། །སྔགས་ནི་སྙན་གསན་འབེབས་པའོ། །ཞེས་བཟླས་བརྗོད་ཀྱི་ནུས་པ་མེ་དང་འདྲ་བས་རང་རྒྱུད་ཀྱི་སྡིག་སྒྲིབ་ཤིང་བུ་ལྟ་བུ་རྣམས་བསྲེག་པར་བྱེད་ཅིང་དཔེར་ན་འཇིག་རྟེན་དུས་ལ་སྤྱོད་པའི་དབང་ཕྱུག་ལ་བརྟེན་ནས་འདོད་དོན་སྒྲུབ་པའི་སྔོན་དུ་སྔར་ཞལ་འདྲིས་ཡེ་མ་ཐོགས་པར་འདྲིས་བཙལ་ཏེ་བསྙེན་བཀུར་བ་སོགས་ཐབས་དུ་མའི་སྒོ་ནས་དགྱེས་པར་བྱས་པས་མགོན་སྐྱབས་དཔུང་གཉེན་མཛད་པ་བཞིན་མཆོག་ཐུན་གྱི་དངོས་གྲུབ་སྒྲུབ་པའི་ཆེད་དུ་ཡི་དམ་གྱི་ལྷའི་བཟླས་བརྗོད་བྱ་བ་ནི། བསྙེན་པ་ཞེས་བརྡ་རྙིང་སྟེང་ཛ་བ་ཟུར་ཆག་པ་འཛབ་ལ་བརྟེན་ནས་རང་རིག་དོན་གྱི་ལྷ་མཆོག་རང་ངོ་འཕྲོད་པ་ལ་ཉེ་བར་གྱུར་(༢བ)


GLG024_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

པས་དངོས་ཉམས་རྨི་ལམ་དུ་བྱིན་གྱིས་བརླབ་ཅིང་དངོས་གྲུབ་སྩོལ་བས་དེ་ལྟ་བུའི་མཚན་རྟགས་མ་རྙེད་ཀྱི་བར་དུ་ཉམས་སུ་བླང་བ་ཡིན་ནོ། །ཇི་ལྟར་ཉམས་སུ་བསྟར་བྱའི་ཆོས་ནི་ཀུན་བཟང་རྡོ་རྗེ་འཆང་ཆེན་པོས་དབང་ཆེན་རྔམས་པའི་རྒྱལ་པོའི་སྐུར་བཞེངས་ནས་རྒྱུད་ལེའུ་བཅུ་གསུམ་པ་བཀའ་སྩལ། སངས་རྒྱས་གཉིས་པ་དཔལ་ཨྱོན་ཆེན་པོས་བྱང་བུ་དྲུག་དང་སྐབས་སྤྱོད་དོན་འགྲེལ་སོགས་དང་སྐད་གཉིས་སྨྲ་བ་ལོ་ཆེན་བཻ་རོས་སྦས་པ་མིག་འབྱེད་ཀྱིས་མཚོན་པའི་ཟབ་ཆོས་རྣམས་གཏེར་ཁ་གཉིས་སུ་རྒྱས་བཏབ་པ་ལས་རྐྱང་པོ་གྲགས་པ་དབང་ཕྱུག །སུམ་པ་དབང་ཕྱུག་ཚུལ་ཁྲིམས། འབྲེ་ཤེས་རབ་བླ་མ་གསུམ་གྱིས་ཡེར་པ་སེ་བ་ལུང་ནས་གདན་དྲངས་ཏེ་འབྲུ་ཚང་གི་གཉགས་སྟོན་ལ་ཤོག་སེར་གྱི་སྟེང་ནས་ཚར་གཅིག་བཤད་རྗེས་གཏེར་སྟོན་གསུམ་ལ་རྔུར་བྱུང་བས་རྒྱུན་ཆད་པའི་གྲགས་པར་བརྟེན་ཤོག་སེར་རྣམས་ཞུ་སྟོན་གྱི་ཕྱག་ཏུ་བྱུང་རུང་ཞུ་ས་རྩད་མ་ཆོད་ཅིང་ནམ་ཞིག་ན་གྲུབ་པའི་དབང་ཕྱུག་འདར་ཕྱ་རུ་བ་རིན་ཆེན་དཔལ་བཟང་ཇོ་མོ་ནགས་རྒྱལ་ན་བཞུགས་པའི་ཚེ་དཔལ་ཨྱོན་ཆེན་པོས་ཞང་ཚེས་ཟླ་གྲགས་བྱ་བར་སྤྲུལ་ཏེ་སྨིན་གྲོལ་ལུང་གདམས་པ་རྣམས་སྩལ་ཞིང་སྔགས་ཀྱི་ཨཱོཾ་དེ་ཧྲཱིཿར་བསྒྱུར་ཞེས་གདམས་ཤིང་། གྲུབ་ཐོབ་ཆེན་པོས་བླ་མ་གཉགས་ལ་ཤོག་སེར་ཆིག་བརྒྱུད་ཡོད་པ་མཁྱེན་ནས་ཚར་གཅིག་དང་བླ་མ་མངའ་བདག་ཆེན་པོས་ལྷོ་བྲག་ནས་སྤྱན་དྲངས་པ་ཤེ་མ་འོད་འབྱུང་ལ་བརྒྱུད་པའང་གསན་པས་འདར་ཕྱ་རུ་བར་བཀའ་གཏེར་ཟུང་འཇུག་གི་གདམས་པ་མཐའ་དག་ཚང་བར་མངའ་ཡང་མངའ་རིས་པདྨ་དབང་རྒྱལ། མདོང་སྟོན་ཆོས་སྐྱོང་བསོད་ནམས་བཀྲ་ཤིས། མཉམ་མེད་ནུབ་དགོན་པ་བྱམས་པ་ཆོས་ཀྱི་རྒྱལ་མཚན་སོགས་ཐོར་བུ་ལས་སྔ་འགྱུར་ཕྱོགས་(༣ན)


GLG024_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ལྗགས་ཀྱི་དབང་པོ་རྐྱོང་བ་ཆེས་ཉུང་མོད་མུས་སྲད་པ་དཔལ་ལྡན་སེང་གེ་ཡབ་སྲས། རྭ་ཆེན་ཆོས་དཔལ་བཟང་པོས་མཚན་རྫོང་ཆུང་ངུ་བའི་མཁས་གྲུབ་དུ་མ་དང་རྡོ་རྗེ་འཆང་ཚར་པ་ཆོས་རྗེ་ཡབ་སྲས་ཀྱིས་ཨཽཌྜི་ཡཱ་ནའི་ཨཱ་ཙཱཪྻ་རྒན་པོ་དང་གན་ཇག་ཐང་ཏ་གཉིས་ཀྱི་བཞེད་གཞུང་ལ་གསར་མའི་ལྷད་དང་གཏེར་ཁ་གཞན་འདྲའི་རྒྱས་འགེབས་དང་བྲལ་བའི་སྲོལ་ལེགས་པར་བཟུང་ནའང་རྙིང་མ་བ་ས་ལུགས་དང་འབྲེལ་ཆེ་བ་ལ་ལས་ཀྱེ་རྡོར་གྱི་དབང་ཁ་བསྒྱུར་བ། ཚེ་དབང་གཞན་ལ་རྫོང་ཆུང་ཚེ་དབང་དུ་མིང་འདོགས་པ། དགེ་ལུགས་ཕྱོགས་ཀྱི་བློ་གྲོས་རིན་སེང་བ་སོགས་ཀྱིས་ལས་བྱང་སྔ་འགྱུར་གྱིས་དགོངས་དོན་མ་ལོན་ཞིང་མགོན་པོ་ཨ་གྷོ་ར་ཚུན་ཆད་ཞབས་སུ་བཏགས་པ། ལ་ལར་སྐྱེ་འཆི་བར་དོ་གསུམ་གྱི་ཆོས་མཐུན་འབད་པས་སྦྱོར་བ་སོགས་ཡིད་བརྟན་ཏུ་མི་རུང་བ་ཅི་རིགས་སྣང་བ་མཐའ་མ་བཀག་མོད་ལམ་འདི་ལ་སྙིང་ནས་སྒྲུབ་པ་ལྷུར་ལེན་པར་འདོད་པ་རྣམས་ཀྱིས་ཀུན་མཁྱེན་རིན་པོ་ཆེས་མཛད་པའི་དབང་ཆོག་བདེ་ཆེན་མྱུ་གུ་དང་བླ་ཆེན་ཆོས་དཔལ་བཟང་པོའི་དབང་ཆུ་མ་དག་པའི་དྲི་མ་འཁྲུད་བྱེད་གང་རུང་ལ་ལྷ་དབང་སོགས་མཐོང་བརྒྱུད་ཀྱི་ཕྱག་ལེན་གྱིས་བརྒྱན་པ། རྡོ་རྗེ་འཆང་ཚར་པ་ཆོས་རྗེས་མཛད་པའི་ནག་འགྲོས་ཀྱི་སྟེང་ནས་རྫོང་ཆུང་ཚེ་དབང་། གྱིང་ལྔ་གཟའ་གདོང་གི་སྲོག་གཏད་བཅས་སྨིན་བྱེད། རྟ་སྐད་ཐེངས་གཅིག་མ་སོགས་གྲོལ་བྱེད་ཀྱི་ངོ་སྤྲོད། རྒྱབ་རྟེན་གྱི་ལུང་། ཕྱག་བཞེས་མན་ངག་མཐའ་དག་ཁོང་དུ་ཆུད་པར་བྱས་ཏེ་ཉམས་སུ་བསྟར་བ་ལ་སྒྲུབ་ཆེན་བསྙེན་སྒྲུབ་ལས་སྦྱོར་གང་ལའང་ཡིག་ནག་གི་ཐུག་ཕྲད་ཙམ་ལ་ཡིད་བརྟན་དུ་བཟུང་བའི་(༣བ)


GLG024_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་རེའི་མིག་ཅན་དུ་མ་སོང་བར་རྩ་བརྒྱུད་ཀྱི་སྟེང་དུ་དྲིལ་བ། སྒྲུབ་ཐབས་བྱང་བུའི་སྟེང་དུ་དྲིལ་བ། མན་ངག་ལས་ཚོགས་ཀྱི་སྟེང་དུ་དྲིལ་ཤེས་པ་ཞིག་དགོས་ཞེས་པཎ་ཆེན་ཆོས་ཀྱི་རྒྱལ་པོ་པདྨ་དབང་རྒྱལ་རྡོ་རྗེ་སོགས་ཆོས་ཀྱི་སྤྱན་ལྡན་རྣམས་གསུང་ལ། དེ་ལའང་སྔོན་འགྲོ་གནས་དུས་ཡོ་བྱད་འདུ་བྱ་བ། དངོས་གཞི་བསྙེན་སྒྲུབ་ཟུང་འབྲེལ་དུ་ཉམས་སུ་བླང་བ། མཇུག་དངོས་གྲུབ་ལེན་པ་གསུམ་གྱི་དང་པོ་ནི། སྒྲུབ་བྱང་ལས། གནས་དང་གང་ཟག་མཚན་ཉིད་དང་། །སྒྲུབ་པའི་དུས་དང་ཡོ་བྱད་སོགས། །འབྲེལ་ཐག་བཅད་ཅིང་དཀྱིལ་འཁོར་བྲི། །མཆོད་པ་གཏོར་མ་རྒྱན་རྣམས་དགྲམ། །ཕུན་སུམ་ཚོགས་པ་བཞི་ལྡན་པས། །སཱཙྪ་ཆུ་གཏོར་དཔང་སྐོང་དང་། །འདུས་བྱས་དགེ་རྩ་ནུས་ཚང་བྱ། །ཚ་གསུམ་བགེགས་རིགས་གཏོར་མ་བཏང་། །ཞེས་པ་ལྟར་གནས་ནི། རྒྱུད་ལས། དུར་ཁྲོད་རི་བྲག་དམར་པོ་ལ། །ནུབ་ནི་མཐོ་བརྗོད་ཤར་རི་དམའ། །ནགས་ཚལ་སྟུག་པོ་ནུབ་ཏུ་བལྟ། །གནམ་ས་འཁོར་ལོ་པདྨ་འདྲ། །ཉི་ཟླ་གཟའ་སྐར་འོད་འབར་ཞིང་། །ཆུ་བྲན་རི་བྲག་ཀུན་འདུས་གནས། །ཞེས་པ་ལྟར་ནུབ་རི་མཐོ་བ། བྱང་རི་སྐྱོབ་པ། ཤར་དམའ་བ། ལྷོ་གཞོལ་བ། ནུབ་ནས་ཆུ་འབབ་པ། ནགས་ཚལ་འཐུག་པོ་ཕྱོགས་དེར་བལྟ་བ། ཆུ་བྲན་མང་དུ་འདུ་ཞིང་རི་བོ་དུ་མ་འདུད་པའི་དབྱིབས་ཅན། ཉི་ཟླ་རང་བཞིན་གྱི་འོད་གསལ་ཞིང་བྲག་རི་དམར་པོ་དང་དུར་ཁྲོད་ཡོད་པ། རྩི་ཤིང་མེ་ཏོག་འཁྲིག་ཅིང་འདབ་ཆགས་དང་བུང་བ་སྐད་སྙན་པར་འབྱིན་པ། མུ་སྟེགས་བྱེད་དང་ཐེག་པ་(༤ན)


GLG024_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

དམན་པ་ནག་ཕྱོགས་གདོན་དང་འཐབ་རྩོད་ནད་བསྐྱེད་པ་སོགས་རྐྱེན་རྣམས་ལས་རིང་དུ་གྱུར་པ། ཆོས་ལྡན་གྱི་རྒྱལ་པོས་སྐྱོང་ཞིང་གྲུབ་ཐོབ་གོང་མའི་ཚོགས་ཀྱིས་བྱིན་གྱིས་བརླབས་པ་དང་སྤྱིར་ཡང་གནམ་འཁོར་ལོ་རྩིབས་བརྒྱད། ལོགས་བཀྲ་ཤིས་རྟགས་བརྒྱད། ས་པདྨ་འདབ་བརྒྱད། ཤར་གྱི་སྟག་སྐྱ་བོ། ལྷོའི་གཡུ་འབྲུག་སྔོན་མོ། ནུབ་ཀྱི་བྱ་དམར་པོ། བྱང་གི་རུས་སྦལ་ནག་པོ་སྟེ་གནས་ཀྱི་ཡོན་ཏན་ཐམས་ཅད་ཚང་ན་རབ། འབྲིང་ཕྱོགས་ཙམ་ཚང་བ། ཐ་མའང་ས་བཀྲ་ངན་པ་དང་གཟུགས་ཅན་གཟུགས་མེད་ཀྱི་འཚེ་བ་མེད་ཅིང་མཐུན་པའི་གྲོགས་དང་ཡོ་བྱད་འཚོལ་སླ་བར་རང་ཉིད་དབང་བའི་གནས་ཉམས་ཞིག་དང་བྲལ་བའི་བསམ་གཏན་འཕེལ་བ་ཉིད་གཙོ་བོར་བྱ་དགོས་པ། དྲ་ཆེན་ལས། བདག་དབང་བར་ཆད་མེད་པའི་གནས། །དེར་ནི་ཏིང་འཛིན་བསྒོམ་པར་བྱ། །ཞེས་སོ། །ཆོས་ཐམས་ཅད་ཀ་དག་གི་ཀློང་དུ་གྲོལ་བར་གཟའ་སྐར་དུས་ཚེས་བཟང་ངན་མེད་ཀྱང་ཕུག་འོག་གི་ཆུ་དོང་ལས་ཀུན་རྫོབ་དང་བསྟུན་པ་ཉེས་པ་ཆུང་ཞིང་ཕན་ཡོན་ཆེ་བས་དུས་ཀྱང་སྤྱིར་རྒྱས་པར་ཉི་མ་བྱང་བགྲོད་དང་ཡར་ངོ་། །དྲག་པོར་ཉི་མ་ལྷོ་བགྲོད་དང་མར་ངོ་། །ཞི་བར་ཉི་མ་འཆར་གདོང་སོགས། དབང་ལ་ནུབ་མོ་བྱ་བར་གསུངས་ཤིང་བྱེ་བྲག་ཇི་སྐད་དུ། ལོ་དང་ཟླ་བ་སྐར་མ་བཟང་། །དུས་ཚོད་བཟང་ལ་འཇུག་པར་བྱ། །ཞེས་སྤོར་ཐང་གཙུག་ལག་ནས་བཤད་པའི་མཆེ་བ་ཅན་སོགས་ལོ་ཟླ་རྩུབ་པ། རང་གི་དགྲ་གཤེད་ལྟ་བུ་མ་ཡིན་པའི་ལོ་ཟླ་གཟའ་སྐར་སྦྱོར་བྱེད་ཁྱིམ་གྱི་དུས་སྦྱོར་སོགས་དང་པོའི་སངས་རྒྱས་དང་གཡུལ་ལས་རྣམ་པར་རྒྱལ་(༤བ)


GLG024_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྒྱུད་རྣམས་ལས་བྱུང་བ་ལྟར་བསྙེན་སྒྲུབ་ལ་ཤིས་པ་ངེས་པར་བསྒྲིག་ཅིང་གཟའ་ཚེས་འཛོམ་ན་ཡར་ངོ་དང་མར་ངོ་གང་བདེ་བ། དུས་ཚོད་ཇི་སྐད་དུ། ཉི་མ་ཆུང་བར་གྱུར་པ་ནི། །ལྷ་ཡང་བྱིན་གྱིས་རླབས་ཀྱི་འདུ། །ཞེས་ལྷ་དབང་དུ་བྱེད་པའི་རྟེན་འབྲེལ་གྱིས་སྲོད་ཐུན་ནས་འཛུགས། གནམ་སའི་རྒྱན། དཀྱིལ་འཁོར་མཆོད་རྫས། སྒྲུབ་རྟེན་སྤྱན་གཟིགས། །ནད་འཇོམས་ཀྱི་སྨན། གེགས་སེལ་གྱི་རྫས། གནོད་པ་ལས་སྐྱོབ་པའི་གོ་མཚོན། བཟའ་བཅའ་བཏུང་བ་ལ་སོགས་མཚམས་ནང་དེར་ཉེ་བར་མཁོ་བའི་བདོག་པ་རྣམས་ཐོག་མ་ནས་གསོག་པ་དང་སླད་མར་འདི་ནས་ཡོང་དམིགས་འོག་ཏུ་ཆུད་པ་ལས་ཟག་ཟོག་གི་ཟོལ་སྦྱོར་མི་བྱ། བསྙེན་སྒྲུབ་མཐར་ཕྱིན་པའི་ཆེད་དུ་ཆ་གསུམ། གསེར་སྐྱེམས། གསུང་རབ། སཱཙྪ། ཉེ་འདོན། སྦྱིན་གཏོང་སོགས་འདུས་བྱས་ཀྱི་དགེ་རྩ་ཅི་འགྲུབ་བྱའོ། །གཉིས་པ་དངོས་གཞིའི་བསྙེན་སྒྲ་ཟུང་འབྲེལ་ཉམས་སུ་བླང་བ་ནི། རྒྱས་པར་སྒྲུབ་ཆེན་དང་འབྲེལ་བའི་ལག་ལེན་ནི་བསྙེན་སྒྲུབ་ཙམ་ལ་མེད་དུ་མི་རུང་བ་མ་ཡིན་པས་བཏང་སྙོམས་སུ་བཞག་དེའང་སྒྲུབ་ཐབས་རྒྱས་པ་ཁྲག་འཐུང་ལྷ་དགུའི་དཀྱིལ་འཁོར་ཡོངས་རྫོགས། འབྲིང་པོ་ཡབ་ཡུམ་རྐྱང་སྒྲུབ། བསྡུས་པ་དཔའ་བོ་གཅིག་པ་གསུམ་དུ་བཤད་པའི་དང་པོ་ཤེས་ན་ལྷག་མ་དག་ཞར་གྱིས་རྟོགས་པར་ནུས་ཤིང་དེའང་གནས་ཁང་བྱི་དོར་དང་ཆག་ཆག་བཏབ། སློབ་དཔོན་བཻ་རོ་ཙ་ནས། སྟེང་དུ་བླ་བྲེ་ཕུག་པ་ཡི། །དབུས་སུ་གདུགས་དང་མཚམས་བཞིར་འཕན། །ཕྱོགས་བཞི་རུ་ནི་རྒྱལ་མཚན་གདགས། །ཞེས་པ་ལྟར་འབྱོར་པ་དང་བསྟུན་ནས་དགྲམ། གཞན་ཡང་རྩ་བ་གསུམ་གྱི་(༥ན)


GLG024_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས་འབུར་གྱི་སྐུ་དང་བླ་མ་གོང་མའི་ཐུགས་དམ་རྟེན་ནམ། རྒྱུ་བྱིན་རླབས་བྲི་ཚུལ་མཚན་ཉིད་དང་ལྡན་པ་གསར་བསྐྲུན་རབ་གནས་ཅན་ཡང་རུང་བས་ཡང་གསང་ཁྲོས་པའི་བྲིས་འབུར་གྱིས་སྐུ་བཤམས། སྟེགས་བུའམ་ཅོག་ཙེ་ལྟ་བུ་ཇི་ལྟར་འཚམ་པར་བདུད་རྩི་ལྔའི་སྐྱང་ནུལ་དང་ཆག་ཆག་གདབ། སྤྱིར་དཀྱིལ་འཁོར་ལ་ཏིང་འཛིན། རྡུལ་ཚོན། རས་བྲིས་གསུམ་དུ་བཤད་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ནི་མོས་པ་ལམ་དུ་བྱེད་པའི་ཏིང་ངེ་འཛིན་ལ་གོམས་པ་གོང་འཕེལ་དུ་བསྟར་བས་རྣམ་པ་ལམ་བྱེད་ལ་རྩལ་ཐོན་བདེའི་རྒྱུན་བསྐྱངས་པར་བརྟེན་ནས་ཏིང་འཛིན་དངོས་ཀྱི་ལམ་མཐར་ཕྱིན་པར་བྱེད་ནུས་པའི་ཚེ་མཚན་མ་མེད་ཅིང་བྱ་རྩོལ་དང་བྲལ་བའི་ངང་ནས་བསྒོམ་པ་བློ་ཡང་རབ་ཀྱི་ཉམས་སུ་བླང་བྱ་ཡིན་པས་ལྷའི་སྤྱན་དབུས་མ་ཙམ་ལ་དམིགས་པ་མི་གསལ་བར་བསམ་གཏན་གྱི་སྒྲུབ་མཆོད་དང་སྦྱིན་སྲེག་བྱེད་པ་སྐད་ནི་རང་ཉིད་ཀྱི་ཞར་ལ་འགྲོ་མང་བསླུ་བར་བྱེད་པའི་རྣམ་ཐར་ཡིན་པས་རེ་ཞིག་ངལ་བསོས་ཏེ་རྡུལ་ཚོན་ནི། རིན་པོ་ཆེ། འབྲུ། ཚོན་ཏེ་རྒྱུའི་བཟང་ངན་གྱི་ཁྱད་པར་ཡིན་ཅིང་ལྷ་མཚན་དུ་གསུང་ཡིག་འབྲུ་ཐུགས་ཕྱག་མཚན་ནམ་གདན་ཉི་ཟླ་སོགས་བྲིས་པའི་མཚོན་བྱེད་དཔེའི་དཀྱིལ་འཁོར་ནི་བརྡ་ཙམ་གྱིས་རྟོགས་པར་བྱ་བ་བློ་འབྲིང་པོའི་སྤྱོད་ཡུལ་རང་ཅག་སོ་སྐྱེ་རྣམས་ཀྱིས་བསྒྲུབ་པར་བྱ་བའི་གནས་ཡིན་པ་རྒྱས་པར་སྤྲོ་ན་སའི་ཆོ་ག་དང་སྤྲོས་པ་ཆུང་ན་རྣམ་བཅད་དང་པོའི་སྐོར་དོར་བའི་ཐིག་ཚོན་གྱི་ཆོ་ག་ཙམ་ལ་བརྟེན་ནས་རྡུལ་ཚོན་ནི་ཚོགས་གསོག་པར་བྱ་བ་ལ་ལྷག་པར་བསྔགས་པས་ལེགས་ནའང་བསྙེན་སྒྲུབ་ཡུན་རིང་པོར་རླུང་དང་སྤྱོད་ལམ་མི་བཟོ་བ་སོགས་ཀྱིས་འཇིག་ཉེན་ཆེ་ཞིང་། རྗེ་བཙུན་རྩེ་མོས། རས་བྲིས་ལ་བརྟེན་(༥བ)


GLG024_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལུགས་འདི་ནི་བདེ་མཆོག་ཨ་བྷི་དྷ་ནར་གསུངས་པ་ལ་བརྟེན་ནས་སློབ་དཔོན་རྡོ་རྗེ་དྲིལ་བུ་པ་དང་སློབ་དཔོན་དགའ་རབ་རྡོ་རྗེ་ལ་སོགས་པས་གསུངས་ལ། དིང་སང་རྒྱ་གར་གྱི་ཡུལ་ན་ཡང་ཆོ་ག་ཕལ་ཆེར་འདི་ཉིད་ལ་མཛད་པས་བླ་མ་གོང་མ་རྣམས་ཀྱང་ཕལ་ཆེར་ཕྱག་ལེན་འདི་ལ་མཛད་པས་ལུགས་འདི་ཧ་ཅང་མ་ལེགས་པ་མ་ཡིན་ནོ། །ཞེས་པའི་དགོངས་དོན་ལྟར་དུས་དང་གཟའ་སྐར་བཟང་པོར་ཕྱག་ཚད་དང་ལྡན་པའི་བཟོ་བོས་རྒྱུར་རུང་བ་རྣམས་ལ་སློབ་དཔོན་ཆོ་ག་ཚད་ལྡན་ཤེས་པས་རྒྱུད་དང་མན་ངག་ལས་བྱུང་བ་བཞིན་བྲིས་ཏེ་རབ་གནས་ཚུལ་བཞིན་བྱས་པའི་དཀྱིལ་འཁོར་ཡོངས་རྫོགས་མ། རྩ་བའི་ལྷའམ་གཙོ་རྐྱང་གང་རུང་གི་སྐུ་ཙ་ཀ་ལིའི་དཀྱིལ་འཁོར་རམ་རས་བྲིས་ཞེས་གྲགས་པ་ཡིན་ལ། སྔ་འགྱུར་ཕྱོགས་མང་པོར་རས་བྲིས་ལ་མཚན་མ་ཙམ་བཀོད་པ་དང་ཚོམ་བུའི་དཀྱིལ་འཁོར་མཛད་པ་མི་རུང་བ་མ་ཡིན་མོད་ལུགས་སྲོལ་འདི་ལ། སློབ་དཔོན་ཛ་ཡ་སེ་ནས། རྡུལ་ཚོན་བྲི་བར་མ་ནུས་ན། དཀྱིལ་འཁོར་དང་མཉམ་རས་ལ་ནི། ངེས་པར་བཅོམ་ལྡན་ཧེ་རུ་ཀཿ །ཕྱག་རྒྱའི་ཚོགས་དང་བཅས་པ་བྲི། །ཞེས་པའི་དོན་དང་མཐུན་པར་ཚད་ཐུབ་ཀྱི་མཁས་པ་རྣམས་བཞེད་པས་ཉ་དང་ཉུང་མ་མི་བསྲེ་བར་གསོལ་ཞིང་གཙོ་བོ་ཙམ་གྱིས་སྐུས་ཆོག་པ་ཅི་ཞེ་ན་གཙོ་བོ་ཉིད་ཀྱི་སྐུ་ལ་ཕུང་པོ་དང་འབྱུང་བ་གཤེགས་པ་དང་གཤེགས་མ། དབང་པོ་དང་ཡུལ་སེམས་དཔའ་དང་སེམས་མ། ཡན་ལག་དང་བྱ་བ་ཁྲོ་བོ་དང་ཁྲོ་མོ་སྟེ་གདན་གསུམ་ཚང་བའི་གནད་འགག་འདི་སྔགས་འཆང་དཀར་སེར་གྱི་ན་བཟའ་མནབས་པ་མཐའ་དག་པའི་ཐུགས་ཀྱི་དཔལ་བེར་བཅང་འཚལ། དཀྱིལ་འཁོར་ཕྱི་མ་གཉིས་ལ་མཚན་(༦ན)


GLG024_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

མ་དབྱིབས། །བསྒོམ་པ་ཏིང་ངེ་འཛིན། གསང་བ་བྱང་ཆུབ་ཀྱི་སེམས། གནས་ལུགས་དོན་གྱི་དཀྱིལ་འཁོར་བཞི་ག་ཚང་བའི་སྒོ་ནས་ཉམས་སུ་ལེན་དགོས་ལ། མུས་སྲད་པ་དཔལ་ལྡན་སེང་གེས། ཐོག་མར་དཀྱིལ་འཁོར་གྱི་དབུས་སུ་མཉྫིའི་སྟེང་དུ་བནྡྷ་བཀོད། ཅེས་སོགས་གསུངས་པའི་དོན་ལྟར། མན་ངག་སྦས་པ་མིག་འབྱེད་ལས། མཆོག་སྒྲུབ་གླིང་ལྔའི་ཐོད་པ་ལ། །སྐྱེས་པ་བུད་མེད་དར་མ་ཡི། །དོན་སྙིང་ལྔ་དང་དབང་པོ་ལྔ། །བུ་མོ་གཙང་མའི་རཀྟ་དང་། །སྒྲུབ་སྨན་དྲི་ལྡན་ཆང་སྦྱར་གྱི། ཁུ་བ་མཚལ་དང་སྦྱར་བ་ཡིས། །རྒྱུ་སྔགས་བསྐྱེད་པ་རྐྱེན་གྱི་སྔགས། །བཟླས་པའི་སྔགས་དང་ལས་སྔགས་རྣམས། །ཐོད་པའི་དབུས་ནས་རིམ་བཞིན་བྲི། །སྔོ་དམར་དར་ལ་རྣལ་འབྱོར་བས། །རང་གི་མཐོ་ཚད་གྲུ་བཞི་པ། །གོང་གི་རྫས་ཀྱིས་དར་དམར་ལ། །པདྨ་ཧེ་རུ་ཀཿ ཉིད་བྲི། །གནས་གསུམ་འབྲུ་གསུམ་བྲིས་ནས་ནི། །བསྐྱེད་པའི་རྐྱེན་གྱི་སྔགས་ཀྱིས་བསྐོར། །ཐུགས་ཀར་པད་ཉི་རྒྱུ་སྔགས་ལ། །བཟླས་པའི་སྔགས་ཀྱིས་བསྐོར་བ་བྲི། །ལྟོ་བར་ལྷ་རྣམས་ཐམས་ཅད་ཀྱི། །ལས་སྔགས་སྤངས་པའི་རྩ་སྔགས་བྲི། །ཕྱག་དྲུག་སྔགས་ཀྱི་དགོད་ལུགས་ནི། །དང་པོ་གཉིས་ལ་དབང་གི་སྔགས། །བར་པ་གཉིས་ལ་དགུག་པ་ནི། །དབྱུག་པ་འཛིན་པ་དྲག་སྔགས་བདུན། །རལ་གྲི་བསྣམས་པ་སྤུ་གྲི་དང་། །ཞབས་བཞི་སྔགས་ཀྱི་དགོད་ལུགས་ནི། །བརྐྱང་བསྐུམ་ཐུན་དང་བཟློག་སྔགས་བྲི། །ནང་མར་གར་སྟབས་ཐོག་སེར་སྔགས། །གང་ལ་དམོད་པ་གཡས་སུ་བྲི། །(༦བ)


GLG024_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་པོ་དར་ལ་ཡུམ་བྲིས་ལ། །ཕྱག་གཉིས་དབང་དང་སྤུ་གྲི་བྲི། །ཞབས་གཉིས་ཐོག་དང་སེར་བ་བྲི། །སྔགས་གཞན་དགོད་པ་ཡབ་ལྟར་དུ། །ཤེས་རབ་ལྡན་པའི་རིག་པས་དཔྱད། །དགུག་བསྟིམ་རབ་གནས་ལེགས་བྱས་ལ། །སྐྱེས་པ་དར་མའི་གྲི་སྙིང་གི །དབུ་ནི་གྱེན་དུ་བསྟན་པ་ཡི། །སྲོག་པ་རྩ་ཡི་ནང་དུ་གཞུག །གཞན་ཡང་ཉེར་ལྔའི་བཅུད་བཅུག་ཅིང་། །གཡས་སུ་སྐྱེས་པ་དར་མ་ཡི། །གཡོན་དུ་བུད་མེད་དར་མ་ཡི། །རང་རང་དབང་པོ་ལྔ་རྣམས་གཞུག །དར་སྣ་ལྔ་ཡིས་ཁ་བཀབ་ལ། །དར་དམར་དྲི་ལྔ་ཁུ་བ་ཡིས། །ཡང་ཡང་སྤང་ཞིང་ཡང་ཡང་བསྐམ། །ཙིཏྟ་ལེགས་པར་གྲིལ་ནས་ཀྱང་། །དར་སྣ་ལྔ་ཡིས་ལེགས་པར་བཅིངས། །མཆོག་གི་ཐོད་པའི་ནང་དུ་གཞུག །ཅེས་ཐོད་པ་དང་སྐུ་གཟུགས་ལ་ཡི་གེ་དགོད་ཚུལ་རྫས་སྦྱོར་ལུགས་སོགས་དམ་པའི་ཞལ་གྱི་བདུད་རྩི་ལས་ཐོས་པའི་ཕྱག་ལེན་དམར་འཁྲིད་བཞིན་དང་ལུགས་འདི་གའི་བདུད་རྩི་རིལ་བུ་སྒྲུབ་པ་དང་འབྲེལ་ན་དང་མ་འབྲེལ་ན་སྔར་བསྒྲུབས་པའི་རིལ་བུའམ་དེ་འདྲ་དང་ཆོས་སྨན་ལྟ་བུའི་ཕབ་རྒྱུན་གྱི་རིལ་བུ་བྱས་པའང་ཐོད་པར་འཇུག །མཆོད་གཏོར་སོགས་ལག་པའི་འདུ་བྱེད་ཀྱིས་བསྐྲུན་དགོས་པ་རྣམས་ཚགས་སུ་ཆུད་པ་སྔོན་དུ་འགྲོ་བས་སྟན་བདེ་བ་ལ་འཁོད། སྒྲུབ་བྱང་ལས། རྒྱལ་པོ་བཞི་ཡིས་ཕྱི་མཚམས་བཅད། །དམ་སྲི་མནན་ཅིང་སྒོ་བྱང་གདགས། །དབང་ཆེན་ནང་མཚམས་རྣམ་གཉིས་བཅད། །ཅེས་པ་ལྟར། ལས་བྱང་གྱེར་སྒོམ་འཇིགས་མེད་རྡོ་རྗེའི་སྒྲ་དབྱངས་ཀྱི་སྐྱབས་སེམས་དང་། རང་སྐད་ཅིག་གིས་དབང་ཆེན་དུ་གསལ་གདབ། མཚམས་གཅོད་ལ་(༧ན)


GLG024_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རྫོབ་ཐབས་དང་དོན་དམ་ཤེས་རབ་གཉིས་ཀྱི་ཀུན་རྫོབ་ལ་རྒྱལ་པོ་བཞི་ལ་འཕྲིན་ལས་གཞོལ་བ་ནི་བཅོལ་བ་ཕྱིའི་མཚམས་ཏེ་རྒྱལ་པོ་དབང་དུ་འདུས་ན་འབངས་དབང་དུ་འདུས་པ་དང་འདྲ་བས་ཕྱོགས་བཞིའམ་གནས་ཀྱིས་བསྐལ་ན་སྒོ་དྲུང་དུ་ཐོ་དཀར་པོ་བཞི་བརྩིགས་པའི་མདུན་དུ་མཆོད་གཏོར་བཤམ། བྱིན་རླབས་བསྐྱེད་ཆོག་སྤྱན་འདྲེན་མཆོད་བསྟོད་སོགས་ཕུར་ལྷ་ཁྲའི་དཀྱིལ་ཆོག་རྟོགས་པར་སླ་བ་ལྟ་བུ་ནས་ལེན། འཕྲིན་ལས་འཆོལ་བ་ནི། ཕྱིའི་སྔོན་འགྲོ་ལས། སྔོན་སྟོན་པ་ཞལ་བཞུགས་པའི་ཚེ་གདན་མཚམས་ཆེན་པོ་ལ་བགོས་ཏེ་མགོན་པོ་འོད་མི་འགྱུར་བའི་གདན་ལ་བཞུགས་ནས་སངས་རྒྱས་ཀྱིས་བསྟན་པ་བསྲུང་བར་ཞལ་གྱི་བཞེས་པ་དེ་བཞིན་དུ། བདག་ཅག་གི་སྒྲུབ་པ་འདི་མ་ཐོན་གྱི་བར་དུ་ཕྱིའི་དགྲ་བགེགས་ནང་དུ་མི་བཏང་བ་དང་ནང་གི་དངོས་གྲུབ་ཕྱིར་མི་ཡལ་བ་ལ་སོགས་པའི་ཕྱི་མཚམས་བསྲུང་བའི་འཕྲིན་ལས་མཛད་དུ་གསོལ། ཞེས་བརྗོད། དིང་སང་བསྙེན་མཚམས་ལ་དམ་སྲི་མི་གནོན་པ་ཤས་ཆེ་ཡང་འདི་སྒྲུབ་པའི་གེགས་ཀྱི་གཙོ་བོར་འདུག་པས་གནོན་པར་འདོད་ན་ཕྱིའི་སྔོན་འགྲོ་དང་། སྒོམ་ཁོག་ནས་བཤད་པ་ལ་ཕྱག་ལེན་མན་ངག་གིས་བརྒྱན་ནས་བགྱིས་ན་བར་མཚམས་ཡིན་པས་རྒྱལ་པོ་བཙོན་དུ་བཟུང་ན་འབངས་ཀྱིས་གནོད་པ་བྱེད་མི་ནུས་པ་ལྟ་བུ། ནང་མཚམས་ནི་རྒྱུད་ལས། རང་ཉིད་སྐད་ཅིག་ཏིང་འཛིན་གྱིས། །པདྨ་ཁྲག་འཐུང་སྐུ་རུ་བསྐྱེད། །ཐུགས་ཀྱི་སྙིང་པོ་འོད་འཕྲོས་པས། །ཕྱོགས་བཅུར་མེ་མཚོན་ཁྲོ་བོའི་གུར། །ཞེས་པ་ལྟར། ནང་གསེས་དྲུག་ཡོད་པའི་བདག་ཉིད་ཆེན་པོའི་མཚམས་ནི། པད་ཉི་རུ་དྲ་བསྣོལ་བའི་གདན་(༧བ)


GLG024_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ། །ཞེས་སོགས་བརྗོད་དེ་དཔའ་བོ་རྐྱང་གཅིག་ཏུ་བསྐྱེད། ཁྲོ་བོ་རོལ་པའི་མཚམས་ནི་རང་ལྷར་གསལ་བའི་ཐུགས་ཀའི་ཧྲཱིཿལས་ཁྲོ་བོའི་ཚོགས་ཆེ་བ་རི་རབ་ནས་ཆུང་བ་རྡུལ་ཕྲན་གྱི་བར་གྲངས་མེད་པ་སྤྲོ། སྣ་ཚོགས་མཚོན་ཆའི་མཚམས་ནི། རྡོ་རྗེ་རལ་གྲི་གྲི་གུག་དགྲ་སྟ་སོགས་དཔག་ཏུ་མེད་པ་བུ་ཡུག་ལྟར་འཚུབ་པའི་རྩ་བ་ནང་དུ་བསྟན་ནས་ཕྱིར་འཕྲོ་བ། ར་བ་གུར་གྱི་མཚམས་ནི་རྡོ་རྗེའི་གུར་གསུམ་རིམ། མེ་རླུང་ཆུ་གསུམ་གྱི་གུར་གསུམ་རིམ་སྟེ་བཅུ་བཞི། ཡང་ན་མཚོན་ཆའི་ཕྱི་རོལ་རྡོ་ར། རིམ་བཞིན་ཆུ་རླུང་མེ་གུར་ཏེ་བཞི་བཞི་པོ་གསུམ་རིམ་དུ་བྱེད། ཁ་ཅིག་རིམ་པ་ལྔར་བྱེད་པའང་སྣང་། གསལ་འདེབས་ཚིག་གི་མཚམས་ན། དཔལ་ཆེན་མི་བཟད་དཀྱིལ་འཁོར་ནས། །ཞེས་སོགས། བཟླས་པ་སྔགས་ཀྱི་མཚམས་ནི། ཨཱོཾ་རཾ་ཞེས་སོགས་མཚམས་ཀྱི་ཚད་ནི། གང་ཟག་གི་བློའི་ཁྱད་པར་ཏེ་དུས་འཁོར་གྱི་སྲུང་འཁོར་ལ་ཡར་ཀླུངས་པ་ཆོས་མགོན་གྱིས་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ་ལ་དྲི་བ་ཞུས་པ་ལྟ་བུའོ། །དོན་དམ་ནི་སྒྱུ་འཕྲུལ་གྱི་རྒྱུད་ལས། །རྣམ་པར་རྟོག་པ་བགེགས་ཡིན་ཏེ། །བགེགས་ནི་རང་གི་སེམས་ལས་བྱུང་། །སེམས་ལ་རང་བཞིན་མེད་ཤེས་ན། །གཞན་ནས་བགེགས་ཞེས་བྱ་བ་མེད། །ཅེས་པ་ལྟར་ནང་གསེས་ལ་གསུམ་གྱི་གནས་ལུགས་དོན་གྱི་མཚམས་ནི། ཀུན་རྫོབ་ཀྱི་ཆོས་རྣམས་ཆུ་ལས་ཆུ་རླབས་འབྱུང་བ་བཞིན་སེམས་ཀྱི་ཆོ་འཕྲུལ་ཡིན་ཅིང་སེམས་ཀྱི་ངོ་བོ་ཀ་དག་བློ་འདས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཡིན་པས་དོན་དམ་པར་སྐྱེ་འགག་གནས་གསུམ་དང་བྲལ་བའི་གནས་ལུགས་རང་ངོ་ཤེས་ན་སྣང་ཡུན་ལྟར་བགེགས་དང་(༨ན)


GLG024_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་ལོ། །གླུ་བྲོའི་མཚམས་ནི། དབང་པོ་རབ་ཀྱིས་བྲོ་བྱེད་དེ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་སོགས་ཀྱི་དཀྱིལ་འཁོར་དུ་འཕྲིན་ལས་སོ་སོའི་བྲོ་བརྡུངས་པས་དུག་སོ་སོ་འཇོམས་པ་ཡིན་ནོ། །སྟོང་ཉིད་བཙན་ཐབས་སུ་བསྒོམ་པའི་མཚམས་ནི། ཤཱུ་ནྱ་ཏཱ་སོགས་བརྗོད་ནས། སྤྱིར་ཆོས་ཐམས་ཅད། ཁྱད་པར་བཅད་བྱའི་བགེགས། བཅད་པའི་མཚམས། གཅོད་བྱེད་གདམས་ངག་སོགས་དངོས་པོ་དང་དངོས་མེད་གང་དུའང་མ་གྲུབ་ཅིང་བློ་ལས་འདས་པ་ངོས་གཟུང་མེད་པའི་རྣམ་ཀུན་མཆོག་ལྡན་གྱི་རང་བཞིན་ཅན་ཞིག་སྐད་ཅིག་གིས་བསྒོམས་པའི་ངང་ལས་མི་འདའ་བའོ། །དེ་ནས་སྟེགས་བུའི་ཁར་ས་ལྷའི་མཆོད་གཏོར་བཤམས་ནས་དབང་ཆུ་དག་པའི་དྲི་མ་འཁྲུད་བྱེད་ལྟར་བཏང་ནས་དེའི་ཤུལ་དུ་རས་བྲིས་ཀྱི་དཀྱིལ་འཁོར་དགྲམ། དབུས་སུ་མཉྫིའི་སྟེང་བནྡྷ་གླིང་ལྔ་སྙིང་དང་བཅས་པ་དར་གྱིས་གྲིལ་བ་སོགས་ལག་ཚགས་དམ་པ་དབུ་ཞབས་མ་ལོག་པ་ཕྱག་ལེན་ལྟར་བཀོད། ཤར་དུ་ཞུན་ཆེན་ལ་རོ་རས་ཀྱི་སྡོང་བུ་བཙུགས་པའི་མར་མེ། ལྷོར་མ་ད་ན་བཟང་པོར་རྩ་བརྒྱད་སྟོང་སྦྱར་གྱི་བདུད་རྩི་ཨ་མྲྀ་ཏ་བཏབ་པ་དཀར་བ་ཐབས་ཀྱི་རང་བཞིན་མཚོན་པས་གཡས་སུ་འབྱུང་། ནུབ་ཏུ་རིན་པོ་ཆེ་ལས་གྲུབ་པའི་པདྨའི་དབྱིབས་ཅན་ནམ་ཐོད་པ་མཚན་ལྡན་གང་རུང་གཏོར་མ་དབང་ཕྱུག་ཆེན་པོའི་ཙིཏྟའི་དབྱིབས་ཞེས་པ་དཔལ་གཏོར་སྙིང་གཟུགས་རྟ་མགོ་ལྗང་གུས་མཚན་པ་མེ་རི་པདྨ་སོགས་དཀར་དམར་གྱི་རྒྱན་སྤྲོས་དང་མཐེབ་སྐྱུས་ཤ་སྣའི་ཚུལ་དུ་བྱས་པར་ཤ་ཆེན་སོགས་རྒྱན་གྱིས་བརྒྱན་པ་ལྷ་རྟེན་གྱི་ཙ་ཀ་ལི་དང་དར་དམར་པོའི་ཅོད་པན་ཅན། དཀར་དམར་(༨བ)


GLG024_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཤེས་ཡབ་ཡུམ་ཟུང་དུ་འཇུག་པའི་རང་བཞིན་མཚོན་པ་དབུས་སུ་དགོད་ནའང་སྒྲུབ་རྟེན་གྱི་དབང་གིས་རྒྱབ་ཏུ་མཛད་རུང་སྒྲུབ་ཐོད་མ་འབྱོར་ན་སྒྲུབ་གཏོར་ལ་བརྟེན་དགོས་པས་དབུས་སུ་དགོད། བྱང་དུ་ལྕང་ལོར་བཅས་པའི་བྷནྡྷའམ་གང་ཡང་རུང་བར་རྩ་བ། དངས་མ། ཕལ་པ། ཡོངས་སྦྱོར་གྱི་རཀྟ་དམར་པོ་ཤེས་རབ་ཀྱི་རང་བཞིན་ཡུམ་མཚོན་པ་གཡོན་དུ་འབྱུང་། གྲི་མདའ་ཚོན་སྐུད་སོགས་དཀྱིལ་འཁོར་རྒྱན་བཀོད་ཀྱི་རིམ་པ་སྤྲོས་པ་ཆེ་བར་འདོད་ན་རུང་ཡང་སྒྲུབ་ཆེན་དང་མ་འབྲེལ་བའི་བསྙེན་སྒྲུབ་ཙམ་ལ་མ་བྱས་ཀྱང་འགལ་བ་མེད། དེའི་ཕྱི་ལ་མཆོད་ཡུལ་གྱི་གཡས་དང་ལས་ཀྱི་རྡོ་རྗེའི་གཡོན་ནས་བརྩམས་ཏེ་ནང་གི་ཆུ་གཅིག་སྔོན་འགྲོའི་ཉེར་སྤྱོད་ལ་ཁྲག་ཆང་བསྲེས་པའི་ཆུ། ཤ་ཆེན་གྱི་བདུག་སྤོས། དབང་པོ་ལྔའི་མེ་ཏོག །ཞུན་ཆེན་གྱི་མར་མེ། མཁྲིས་ཆེན་གྱི་དྲི་ཆབ། ཤ་རུས་ཀྱི་ཞལ་ཟས། དེའི་ཕྱིར་ཕྱིའི་ཉེར་སྤྱོད་ལ། དཀར་གསུམ་སྦྱར་བའི་མཆོད་ཡོན། དྲི་བཟང་སྣ་ཚོགས་སྦྱར་བའི་རེང་བུ། འབྲས་བུ་ཆུ་དང་ཐང་ལས་སྐྱེས་པའི་མེ་ཏོག །རྩི་བཅུད་འབྲུ་མར་གྱི་སྒྲོན་མེ། ཙནྡན་གུར་ཀུམ་སོགས་ཀྱིས་སྦགས་པའི་དྲི་ཆབ། ནས་འབྲས་སོགས་བཟང་འབྲུའི་བཤོས། ནུབ་ཏུ་རྩ་གསུམ་གཏོར་མ། གྱིང་ལྔ་གཟའ་གདོང་གནོད་སྦྱིན་ལྕམ་དྲལ་ཡུལ་ལྷ་གཞི་བདག་གི་གཏོར་མ། གཞན་ཡང་རྡོ་རྗེ་དྲིལ་བུ། ཐོད་རྔ། འཐོར་ནས། གུ་གུལ། ཨ་ཀ་རུ། ཡུངས་ཀར་སོགས་ཉེར་སྤྱོད་དང་ནུབ་དང་པོར་ཞིང་ལྤགས་སམ་གཅན་གཟན་གྱི་པགས་པའི་སྟེང་དུ་ཚོགས་མཆོད་གྱ་ནོམ་པ་བཤམ། སའམ་(༩ན)


GLG024_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་དཀར་གྱི་གཡུང་དྲུང་གི་སྟེང་དུ་སྟན་ནང་འཚངས་ཅན་གྱི་ཁར་བསམ་གཏན་གྱི་འདུག་སྟངས་ཀྱིས་གཉགས་བན་རྣམ་རྒྱལ་བཟང་པོས་མཛད་པའི་ལས་བྱང་ཆེན་མོའམ་རྡོ་རྗེའི་སྒྲ་དབྱངས་གང་བྱས་ཀྱང་ཁྱད་པར་མེད་ཅིང་ཕྱི་མའི་དབང་དུ་བགྱིས་ན་སྐྱབས་སེམས་ནས་བཟུང་རྟ་བྲོའི་བར་ལས་བྱང་གཞུང་རྒྱས་པར་བསྲང་པ། དེའང་སྔ་འགྱུར་གྱི་ཕྱོགས་སུ་བདག་མདུན་སྒྲུབ་ལུགས་ཀྱི་ཁྱད་པར་མི་འདྲ་བ་འགའ་ཞིག་ཡོད་ཀྱང་ལུགས་འདིའི་བཞེད་པ་རང་དང་དཀྱིལ་འཁོར་སྒྲུབ་རྟེན་རྣམས་ཐ་མི་དད་པའི་ཚུལ་གྱིས་གསལ་འདེབས་ཤིང་འཕྲིན་ལས་འདིར་སྦྱོར་བ་དོན་གྱི་བསྙེན་སྒྲུབ་ཡན་ལག་བཞི་ཚང་བ་ཡབ་ཡུམ་གྱི་སྐུ་བསྐྱེད་པ་བསྙེན་པ། མཁའ་གསང་བརླབ་པ་ཉེ་བསྙེན། སྦྱོར་བའི་བརྡས་བསྐུལ་ནས་སྙོམ་པར་ཞུགས་པ་སྒྲུབ་པ་བྱང་སེམས་ཡབ་ཀྱི་རྡོ་རྗེ་ནས་ཡུམ་གྱི་མཁར་སྤྲོས་ཏེ་ཧཱུཾ་སོགས་ས་བོན་ཡོངས་སུ་གྱུར་ནས་གདན་སོ་སོར་བཀོད་པ་སྒྲུབ་པ་ཆེན་པོར་མཛད་པ་རྒྱུད་སྡེའི་དགོངས་པ་དྲི་མ་མེད་པ་སྟེ། དམ་པ་རྒྱན་ལས། བསྙེན་པ་དང་ནི་ཉེ་བསྙེན་དང་། །སྒྲུབ་པ་དང་ནི་སྒྲུབ་ཆེན་པོ། །ཡུམ་གི་པདྨའི་དཀྱིལ་འཁོར་དུ། །སངས་རྒྱས་སྤྲིན་ཚོགས་མ་ལུས་པ། །བདེ་བ་ཐུགས་ཀྱི་དཀྱིལ་འཁོར་སྤྲོ། །ཞེས་དང་། དེར་མ་ཟད། ལྷ་བསྐྱེད་པ་བསྙེན་པ། སྐྱེ་མཆེད་བརླབ་པ་ཉེ་བསྙེན། དབང་བསྐུར་སྒྲུབ་པ། སྤྱན་དྲང་བསྒྲུབ་པ་ཆེན་པོ་རྣམས་སུ་བཤད་དོ། །སྲོད་ཐུན་ནས་བསྙེན་པ་དངོས་གཞི་འཛུགས་པར་གོང་དུ་འཕྲིན་ལས་གྱར་བའི་མུས་དེ་ག་ཡིན་པས་ཏིང་ངེ་འཛིན་གསལ་འདེབས་ཙམ་ལས་བསྐྱེད་དྲང་མཆོད་བསྟོད་མ་དགོས་རུང་ཐུན་གཞན་རྣམས་ལ་སྐྱབས་སེམས་(༩བ)


GLG024_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བསྟོད་པའི་བར་ལས་བྱང་རྒྱས་བསྡུས་གང་རུང་ཆ་ཚང་བ་རེ་ངེས་པར་དགོས་པས་བསྟོད་བསྙེན་གྱི་མཚམས་སུ་རྫོགས་རིམ་དང་འབྲེལ་བའི་དམིགས་པ་ཚར་རེ་དགོས་པ་ཐོག་མ་འདིར་བསྟོད་པའི་རྗེས་སུ་པར་བཀབ་མ་བྱུང་ཡང་ཚར་ཆེན་གྱིས་མཛད་པའི་ཡབ་ཡུམ་རྐྱང་སྒྲུབ་ཀྱི་སྒྲུབ་ཐབས་རྒྱུན་འཁྱེར་དངོས་གྲུབ་མྱུར་སྩོལ་དུ། རླུང་རོ་བུས་ནས་འོག་རླུང་གྱེན་དུ་འཐེན། །ཞེས་པ་ནས་བཟུང་། འཛིན་མེད་དུ་འཇོག་གི་བར་ཉམས་སུ་བླང་། ངག་བྱིན་རླབས་སམ་བཟླས་བརྗོད་ནུས་པ་སྟོབས་འབྱིན་དགོངས་འདུས་དང་བྱང་གཏེར་གནུབས་ལུགས་སོགས་མན་ངག་དུ་མར་འབྱུང་བ་བཞིན་སྐབས་འདི་དང་གཞན་ཐོར་ཐུན་ལ་འོས། ཕྲེང་བ་ནི། ཇི་སྐད་དུ། ཤེལ་གྱིས་རངས་དང་ཞི་བ་ཉིད། །དབང་ལ་ཙནྡན་དམར་པོ་ཉིད། །ལུང་ཐང་གིས་ནི་མངོན་སྤྱོད་ཉིད། །རི་རམ་ཤུས་ནི་སྡང་བ་ལ། །རྟ་ཡི་རུས་པས་བསྐྱོད་པ་ལ། །བྲམ་ཟེའི་རུས་པས་འགུགས་པ་ཉིད། །གླང་པོའི་རུས་པས་ཆར་པ་ལ། །ཞེས་སྣ་ཚོགས་གསུངས་ཀྱང་། །དག་པོ་རང་བྱུང་རང་ཤར་ལས། རཀྟ་ཐོད་འཕྲེང་མ་གཏོགས་པའི། །བདེར་གཤེགས་སྒྲུབ་པའི་ཕྲེང་གཞན་མེད། །ཅེས་དང་། སྲིད་པའི་གཏེར་ཁྱིམ་དུ། དྲག་པོ་ལ་རུ་རཀྴ་དང་ཐོད་པ་ཌཱ་ཀི་འདུ་བའི་དངོས་གྲུབ་མྱུར་བར་བཤད་པ་ལྟར་ལ། ཇི་སྐད་དུ། ལྷ་དགུ་ལ་སོགས་སྲད་བུ་ལ། །ལྷ་དགུས་བྱིན་གྱིས་བརླབ་པར་བྱ། །ཞེས་སྲད་བུ་དགུ་བསྒྲིལ་རྡོ་རྗེ་སེམས་དཔའ་དང་ཉེ་སྲས་བརྒྱད་མཚོན་པ་བུ་མོ་མགོ་གཙང་གིས་དྲིལ་བར་བྱེད། རིན་ཆེན་རིགས་ཀྱི་ལྷར་བསྐྱེད་དྲང་མཆོད་བསྟོད་འོད་ཞུའི་མཐར་སྔགས་ཉེར་གཅིག་(༡༠ན)


GLG024_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་གྱིས་ཕུས་གདབ་ཅིང་འདྲེན་ལུགས་ནི། ཇི་སྐད་དུ། ཞལ་ཁྲོ་བོ་དགོད་པར་བྱ། །རྒྱས་ལ་དབུ་མའི་དེ་ཉིད་ལ། །སྲིན་ལ་གཤིས་ན་དབང་དུ་གསུངས། །ཀུན་གྱི་ཐ་མར་མངོན་སྤྱོད་ལ། །མཐེ་བོང་རྡོ་རྗེ་ལྕགས་ཀྱུ་ཡིས། །བསྒོམས་པས་ལྷ་རྣམས་འགུགས་པར་བྱ། །ཞེས་འབྱུང་བ་ལྟར་བགྲད་ཞིང་སྔགས་ཀྱང་། །ལོ་ཆེན་བཻ་རོས། རྒྱུ་མ་ནོར་བ་རྩ་བའི་སྔགས། བསྐྱེད་པ་རྐྱེན་གྱི་སྔགས། བཟླས་པ་ལས་རིམ་མམ་བསྙེན་པའི་སྔགས། །འཕྲིན་ལས་ཚོགས་ཀྱི་སྔགས། ཁ་བསྒྱུར་ཤམ་བུའི་སྔགས་ཏེ་ལྔ་ཙམ་གསུངས་པའི་ནང་ནས་གཙོ་བོའི་ཡི་གེ་བཅུ་བཞི་པ་ཡུམ་དང་འཁོར་སྔགས་རྣམས་ལ་བསྙེན་པར་མཛད་པའི་ཏིང་ངེ་འཛིན་ལ་ཕྱི་རྒྱལ་བ་སྲས་དང་བཅས་པ་ལ་འཕྲོ་འདུ། ནང་བདག་ཉིད་ཀྱི་ཐུགས་ཀ་ལ་འཁོར་བའི་བཟླས་པ། གསང་བ་ཡབ་ཡུམ་གྱི་ཞལ་ནས་ཞལ་མཁའ་ནས་མཁར་འཁོར་བའི་བཟླས་པ། ཡང་གསང་དེ་ཁོ་ན་ཉིད་ལྷ་སྔགས་དབྱེར་མེད་ཀྱི་ཚུལ་དུ་བཟླ་བ་སྟེ་བཞིའི་དང་པོ་ནི། བདག་ཉིད་ཁྲོ་རྒྱལ་རྟ་མཆོག་དཔལ། །ཞེས་སོགས་ཀྱི་དགོངས་པའི་དོན་དངོས་གྲུབ་མྱུར་སྩོལ་ལས། རང་གི་ཐུགས་ཀར་པདྨ་དམར་པོ་འདབ་མ་བརྒྱད་པ། ཞེས་པ་ནས་བཟུང་། མཚོ་ལ་སེར་ཆེན་བབས་པ་བཞིན་དུ་རང་ལ་ཆམས་ཀྱིས་ཐིམ་པས་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་བཅས་པའི་དངོས་གྲུབ་མ་ལུས་པ་ཐོབ་པར་བསམ་གྱི་བར་ཡིན་ལ། ལས་དང་པོ་བ་དང་བློ་ཆུང་བའི་རིགས་ལ་དམིགས་པ་འདི་ཁོ་ནས་འགྲུབ་ཅིང་བློས་འཆུན་ན་ཕྱིའི་བསྙེན་པ་འདི་ལའང་བསྙེན་པ་ཉེ་བསྙེན། སྒྲུབ་པ། སྒྲུབ་པ་ཆེན་པོ་སྟེ་བཞིར་ཡོད་པའི་བསྙེན་པ་(༡༠བ)


GLG024_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་སྲས་བཅས་མཆོད་པ་དང་སེམས་ཅན་གྱི་སྡིག་སྒྲིབ་སྦྱང་བ་སོགས་ལ་འོད་ཟེར་དཀར་པོ་གསེར་གྱི་བ་ཐག་འཛིངས་པ་ལྟ་བུ། ཉེ་བསྙེན་ལ་འོད་ཟེར་དཀར་སེར་མགལ་མེ་ཀླད་ལ་བསྐོར་བ་ལྟ་བུས་རྒྱལ་བ་སྲས་བཅས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་བཅས་པའི་དངོས་གྲུབ་བསྡུ་བ། སྒྲུབ་པ་ལ་འོད་ཟེར་དམར་པོ་མགར་གྱི་ལམ་ནས་ཚ་ཆ་འཕྲོ་བ་ལྟ་བུས་གོང་ལྟར་བསྡུ་བ། སྒྲུབ་པ་ཆེན་པོར་འོད་ཟེར་ནག་པོ་མཚོ་ལ་ཆར་འབབས་པ་ལྟ་བུས་བསྡུ་བ་རྣམས་ཀྱི་སྤྲོ་བསྡུ་ཡང་བ་སྤུའི་བུ་ག་ནས་བྱས་ཏེ་གནས་གསུམ་དུ་བསྟིམ། ནང་གི་བསྙེན་པ་ནི། ཐུགས་ཀའི་སྔགས་འཁོར་ལ་སེམས་ཞུགས་པ་བཞིན་དུ་དམིགས་པ་བསྟད་ནས་ཡིག་འབྲུ་ཀློག་པ་ལྟ་བུའི་ངང་ནས་བསྙེན་པ། ཉེ་བསྙེན། སྒྲུབ་པ། སྒྲུབ་པ་ཆེན་པོ་རྣམས་ཀྱི་འོད་ཟེར་འཕྲོ་འདུ་སྙིང་ག་ནས་འཕྲོ་ཞིང་བསྡུ། གསང་བའི་བསྙེན་པ་ནི། ཡབ་ཀྱི་ཞལ་ནས་ཡུམ་གྱི་ཞལ་བརྒྱད་པདྨ་ནས་རྡོ་རྗེའི་ལམ་དུ་མགལ་མེ་ལྟར་འཁོར་བའི་ངང་ནས་གོང་གི་བསྙེན་པ་ཉེ་བསྙེན་སོགས་བཞི་པོ་གང་དང་འདབ་མ་འཕྲོ་འདུའི་གནས་སྦྱོར་མཚམས་ནས་བྱེད། དེ་ཁོ་ན་ཉིད་ཀྱི་བསྙེན་པ་ནི། ལྷ་སྔགས་བདག་མདུན་སོགས་ངོ་བོ་དབྱེར་མེད་པ་མཆོད་བྱ་མཆོད་བྱེད་དང་དངོས་གྲུབ་བསྡུ་བྱ་སྡུ་བྱེད་དང་བྲལ་བ་བློ་འདས་ཀྱིས་རྩིས་ཟིན་པའི་རང་གིས་རང་ལ་མཆེད་པ་དང་དངོས་གྲུབ་ལེན་པ་ལས་ལོགས་སུ་མེད་པར་ཐག་བཅད་པའི་ངང་ནས་མེད་བཞིན་སྣང་བ་ཆུ་ནང་གི་ཟླ་བ་ལྟར་བསྙེན་པ། ཉེ་བསྙེན་སོགས་ཀྱི་འཕྲོ་འདུ་དམིགས་མེད་ཀྱི་ཀློང་ནས་བྱེད་པ་གསང་སྔགས་འགྱུར་གྱི་དགོངས་པ་ཐུན་མོང་མ་ཡིན་པར་འགྲོ་ཞིང་དེ་ཙམ་བློ་ཡུལ་དུ་མི་འཆར་བའི་རིགས་ལ་བསྒོམ་བྱ་བསྒོམ་བྱེད་ཐམས་(༡༡ན)


GLG024_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དམིགས་མེད་སྟོང་ཆམ་མེ་བའི་ངང་ནས་བཟླས་ཀྱང་རུང་ངོ་། །འདི་དག་གི་སྐབས་སངས་རྒྱས་སྲས་བཅས་མཆོད་པ་དང་དངོས་གྲུབ་བསྡུ་བ་བདག་བསྐྱེད་ཙམ་ལ་བརྟེན་ན་རང་བཞིན་གྱི་གནས་སུ་བཞུགས་པ་རྣམས་ལ་དམིགས་པ་གཏོད་ནའང་སྒྲུབ་པ་དང་འབྲེལ་ཕྱིན་རིག་སྔགས་འཆང་བའི་འཁོར་ལོས་སྒྱུར་བ་སེ་སྟོན་རིན་ཆེན་རྒྱལ་མཚན་གྱིས། ངེས་དོན་བདེ་འཇུག་ཏུ། དེའང་ཆོས་འདིའི་ལུགས་ཀྱི་བདག་མདུན་གྱི་དཀྱིལ་འཁོར་རྣམས་ཆིག་ཆོད་དུ་སྒྲུབ་པ་ཡིན་ལ། དེ་ཙམ་བློས་མ་ལྕོགས་པ་འཛབ་ཁོང་མདུན་གྱི་དཀྱིལ་འཁོར་རྣམས་ལ་དབྱེ་བའི་གནད་ཤེས་དགོས་སོ། །ཞེས་གསུངས་པ་ལྟར་འཛབ་བཟླ་ཁར་ཕཊ་ཛཿ ཞེས་བདག་མདུན་ཐ་མི་དད་པ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་ཕྱི་ནས་མེ་རི་འདབ་འབྱར་དུ་བསྒོམ། གནས་ལུགས་རྫོགས་པ་ཆེན་པོའི་ཉམས་ལེན་དང་ལྡན་ཚེ་འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་ཉིད་ཀྱི་རྣམ་འཕྲུལ་ལས་མ་འདས་པས་འོག་མིན་སོགས་དག་ཞིང་དང་སངས་རྒྱས་སྲས་བཅས་རྣམས་འཛབ་ཁང་མདུན་གྱི་ལྷ་ཚོགས་ལས་ལོགས་སུ་མེད་པར་ཐག་ཆོད་པས་གོང་དུ་སྨོས་པའི་དམིགས་པའི་འཕྲོ་འདུ་རྣམས་འཛབ་ཁང་གི་ལྷ་ཚོགས་ཁོ་ནར་བགྱིས་པས་ཆོག་ལ། དེ་ཙམ་བློས་མི་ལྕོགས་ན་དག་ཞིང་གི་རྟེན་བརྟེན་པ་ཞིག་ལོགས་སུ་ཡོད་པ་ལྟར་བློས་བཅོས་ནས་བདག་བསྐྱེད་ནས་མདུན་བསྐྱེད་ལ་འཕྲོས། །དེ་ལས་ཀྱང་རང་བཞིན་གྱི་གནས་སུ་སྤྲོས་ཏེ་བདག་མདུན་གཉིས་ཀར་དངོས་གྲུབ་བསྡུ་བ་སོགས་མི་འཐད་པ་མ་ཡིན་ནོ། །དེ་བཞིན་དུ་ཡུམ་དང་འཁོར་བརྒྱད་པོ་སོ་སོའི་ཐུགས་ཀར་པདྨ་འདབ་བརྒྱད་ཀྱི་ལྟེ་བར་རང་རང་གི་ཁ་དོག་དང་མཐུན་པའི་ས་བོན་དང་འདབ་མ་བརྒྱད་ལ་སྔགས་(༡༡བ)


GLG024_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བསྐོར་བར་དམིགས་ནས་ཏིང་ངེ་འཛིན་རྒྱས་པའམ་བསྡུ་ན་དངོས་གྲུབ་མྱུར་སྩོལ་ནས་བཤད་པ་ཁོ་ནས་འགྲུབ་ཅིང་གཙོ་བོ་ལས་ཆ་ཤས་ཏེ་འཕྲི་ལུགས་རིག་པས་དཔྱད་ནས་བཟླ། པདྨ་རིགས་ཀྱི་ཁྲོ་རྒྱལ་མཆོག་སོགས་ཀྱི་འཛབ་བསྟོད། དབྱངས་གསལ་ཞབས་བཏགས་མ་དང་སྣང་བ་མཐའ་ཡས་ཀྱི་ཡིག་བརྒྱ་ཅི་རིགས་བརྗོད་ནས་ཉམས་ཆགས་བཤགས། །འཛབ་ཁང་གི་ལྷར་དམིགས་ནས་བཛྲ་ཀྲོ་ཏ་ས་མ་ཡ་སྟྭཾ་ཧོཿ ཞེས་མེ་ཏོག་འཐོར། ཁྲོ་རྒྱལ་དབང་ཆེན་རྟ་མཆོག་དཔལ་སོགས་དངོས་གྲུབ་བསྡུ་སྔགས་ཉེར་གཅིག་ཙམ་གྱི་མཐར་ལེན་སྔགས་བརྗོད་པས་འཛབ་ཁང་གི་ལྷའི་གནས་ལྔ་ལས་ཡིག་འབྲུ་འོད་ཟེར་བདུད་རྩིའི་རྒྱུན་འཇའ་ཚོན་ལྟ་བུ་ཐོན་ནས་རང་གི་གནས་ལྔར་ཐིམ་པས་དངོས་གྲུབ་མ་ལུས་ཐོབ་པར་མོས། ཧྲཱིཿཛཿ ཞེས་འཛབ་ཁང་ཚུར་བསྟིམ་པས་བདག་མདུན་ཐ་མི་དད་དུ་བསམ། བསྙེན་སྒྲུབ་ཀྱི་དུས་བར་ཆད་ཀྱི་མཚན་མ་གཞིལ་བའི་སླད་དུ་སྔགས་ཀྱི་དར་བཏགས་ཏེ་ཚར་གཅོད་པ་ནི། དངོས་གྲུབ་མྱུར་སྩོལ་ལས། རང་གི་ཐུགས་ཀའི་ཧྲཱིཿལས་ཁྲོ་ཆུང་དམར་ནག་ཅེས་པ་ནས། བདེར་གཤེགས་གཅེས་དྲིལ་གྱི་སྔགས་ཟབ་མོ་རྣམས་ཐུན་མཚམས་སུ་བརྒྱ་རྩའམ་ཉེར་གཅིག་ཡན་བཟླ་བར་བྱའི་བར། ལྷག་ཆད་ཁ་འགེང་བ་དང་བྱིན་རླབས་བརྟན་པའི་ཕྱིར་སྣང་བ་མཐའ་ཡས་ཀྱི་ཡིག་བརྒྱ་ལན་གསུམ་བརྗོད། མཆོད་པ་ཁ་གསོས་ནས་མཆོད་བསྟོད་མདོར་བསྡུས་བྱེད། ཧ་ཡ་གྲཱི་བ་ཧྲཱིཿ གབ། སོགས་སྔགས་དང་ཕྱག་རྒྱས་ལུས་བསྲུང་། གུང་ཐུན་ལ་འབྱུང་བ་ཆ་མཉམ་པའི་ཆེད་དུ་ཉལ་བའི་རྣལ་འབྱོར་གྱི་ཚེ་འོད་གསལ་གྱི་བར་བསྡུས་ནས་ཀ་དག་གི་ངང་དུ་ཉལ། ཐོ་རངས་ལྡང་བར་འདོད་པས་དེའི་ངང་ལས་རང་ཉིད་(༡༢ན)


GLG024_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་གིས་དཔལ་གྱི་སྐུར་ལངས་ཏེ་ལས་བྱང་གྱེར་ཞིང་བསྙེན་པ་གཏང་རག་མཆོད་བསྟོད་ཉེ་བསྡུའི་བར་སྲོད་ཐུན་ཇི་ལྟ་བས་མཚོན་ཏེ་གཞན་ལའང་རིགས་འགྲེ། ཉིན་མོའི་ཐུན་སྒང་ལ་རང་དབང་མ་འདུས་པར་ཁམས་གསེང་བ་ལྟ་བུར། རང་དཔལ་གྱི་ཐུགས་ཀ་ནས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་ཐོན་ལ་སྤྱོད་ལམ་བྱ་ཞིང་ནང་དུ་འཇུག་པ་ན་སྔར་གྱི་དེ་ལ་ཐིམ་པར་བསམ་མོ། །འདི་རིགས་ཀྱི་ཞིབ་ཆ་འགའ་ཞིག་ལ་རྙིང་མ་བ་ལ་ལས་གསར་མ་ནས་རྒྱས་བཀབ་སྙམ་པའི་ལོག་རྟོག་སྐྱེ་སྲིད་མོད། འཕྲེང་འགོ་གཏེར་སྟོན་གྱི་རྣམ་ཐར་ངོ་མཚར་ཐིག་པར། འབྲི་གུང་པ་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ཀྱི་གསུང་དྲངས་པར། ཁོ་བོའི་རྡོ་རྗེ་སློབ་དཔོན་མངའ་རིས་པཎ་ཆེན་རིན་པོ་ཆེ་དེའི་མཁྱེན་རབ་ལ་མཐའ་མེད། དེའི་བཀའ་ལས་རྙིང་མ་ལུགས་མཐུན་ཞིག་བྱེད་ན་གསང་སྔགས་སྔ་འགྱུར་རང་གི་བསྟན་པའི་བབས་ལ་བཀའ་གཏེར་ཟུང་ཞིག་གཅེས། བཀའ་མ་ནི་མདོ་སྒྱུ་སེམས་གསུམ་ལ་བཀའ་བབས་ཀྱི་ཆུ་བོ་བཞིའི་སྒོ་ནས་བཤད་རྒྱུད་རྣམ་པར་དག་པ་འདུག་པ་བཞིན་བཤད་པ་ལག་ལེན་དང་བཅས་པ་བཀའ་མ་ལྟར་བྱེད་དགོས། ཆོས་ཀྱི་ཟབ་གནད་རྣམས་ནི་བརྒྱུད་པ་དང་ཆོས་ལ་སེལ་མེད་པས་མཁའ་འགྲོའི་ཁ་རླངས་ཆིལ་ལེ་བ་དེ་གཏེར་མ་ཡིན་པས་གཏེར་ཆོས་ཚད་ལྡན་ལྟར་བྱེད་དགོས། དེ་ལྟར་བྱས་ན་རྙིང་མ་བ་ལུགས་དང་མཐུན་པ་ཞིག་ཡོང་ཕེབས་བྱུང་བས་ཁྱེད་རང་ཡང་ཉན་འདོད་ན་ཁོ་བོས་དེ་རྣམས་བཤད་ཆོག །བརྗེད་གསོ་ཙམ་དུ་ཡང་འགྲོ། ཞེས་པ་ལྟར་སྔགས་འཆང་མཁྱེན་རབ་ཅན་མཐའ་དག་བཀའ་གཏེར་གཉིས་ཀའི་དགོངས་པ་ལེན་ཅིང་སྒྱུ་འཕྲུལ་སོགས་བཀའ་མའི་རྒྱུད་མང་དག་ཅིག་གསང་སྔགས་གསར་མ་དང་ཆ་(༡༢བ)


GLG024_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པའི་ཁོག་ཆེ། གཏེར་མར་དངོས་གྲུབ་གསལ་བ་རྣམས་ཀྱང་བརྒྱུད་དང་མན་ངག་བླ་མའི་ཕྱག་བཞེས་ལ་བརྟེན་ནས་འཁྲུགས་སྡེབ་དང་ཁ་འགེངས་དགོས་པ་བདེ་འདུས་དང་མགོན་པོ་འབར་མའི་དབང་ཆོག་ལ་མཁའ་ཀློང་ཡངས་པས་ཆོག་བསྒྲིགས་མཛད་པ་ལྟ་བུ་ཡིན་ནའང་ལ་ལ་དག་གཏེར་ཁ་འགའ་ཞིག་ཏུ་གསལ་མ་གསལ་ཡོད་པ་རྒྱུ་མཚན་དུ་བྱས་ངེས་ཀྱི་ཕ་མེས་ཀྱི་དུས་འདི་ཁོ་ན་ལྟར་ཡིན་ཞེས་ཨ་ཏིར་ཕུག་པའི་རྫོང་བཙན་འཛིན་མོད་གཏེར་ཁ་འོག་མའི་ཕུར་པ་སྤུ་གྲི་དང་བྱང་གཏེར་ཐུགས་རྗེ་ཆེན་པོའི་དབང་ཆོག་གི་སྟོད་ཆ་མི་གསལ་བ་རྗེས་འབྲངས་འདྲས་ཤོག་སེར་གྱི་དྲི་མ་ཁ་ཆིལ་ལི་བ་བྱེད་ཅེས་མགོ་མེད་མཇུག་སྡུམ་དེ་ག་བསྐུར་ཞིང་བུ་སློབ་རྣམས་ཀྱང་སྨིན་མ་གཟེངས་མཐོའི་བརྟུལ་ཞུགས་དེ་གར་གནས་རུང་། ཁྲུས་ཁང་ལོ་ཙཱ་བས་ཕུར་པ་སྤུ་གྲིར་ལེགས་བཤད་ཀྱི་ཡིག་འཇོག་དང་ཐུགས་རྗེ་ཆེན་པོའི་དབང་ཆོག་གི་ཁ་མངའ་རིས་པཎ་ཆེན་གྱིས་བཀང་བ་སོགས་ལ་སྔགས་འཆང་དབུ་ཟླུམ་དང་དབུ་རལ་ཅན་ཐམས་ཅད་ཐལ་མོ་སྦྱོར་བ་རིགས་སོ། །དུས་ཀྱི་བསྙེན་པ་རབ་ལོ། འབྲིང་ཟླ་བ་དྲུག །ཐ་མ་ཟླ་བ་གསུམ། གྲངས་ཀྱི་བསྙེན་པ་གཙོ་བོ་ལ་འབུམ་ཕྲག་བཅུ་བཞི། ཡུམ་ལ་དགུ །འཁོར་རྣམས་ལ་གཙོ་བོའི་ཕྱེད་ཆ་བཟླ། ལས་རུང་ཙམ་ལ་གཙོ་བོར་བཞི་འབུམ་མཛད་པའང་ཡོད། རྟགས་ཀྱི་བསྙེན་པའི་ཚད་ནི། གསང་རྒྱུད་ལས། སྐུ་ཉིད་དངོས་སུ་མཐོང་བའམ། སློབ་དཔོན་ཉི་ཟླ་མགལ་མེ་འཆར། ཉེ་བསྙེན་ལ། སྒྲུབ་རྫས་མེ་འབར་འོད་འཕྲོ་ཞིང་། །སྒྲུབ་ཁང་གཡོ་འགུལ་སྒྲ་ཆེན་འབྱུང་། །རང་ཉིད་ཁྲོ་རྒྱལ་སྐུ་རུ་གྱུར། །སྣང་སྲིད་མེ་ཏོག་དམར་པོས་ཁེངས། །སྒྲུབ་པ་ལ། (༡༣ན)


GLG024_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

པདྨའི་སྡོང་པོར་བདག་འདུག་དང་། །སྣང་སྲིད་མེ་ཏོག་པདྨ་ཁེངས། །ཉམས་སུ་མྱོང་ལ་ཞེ་འདོད་མེད། །རང་ཡིད་ཆེས་ལ་ཁར་མི་འདོན། །བརྗོད་མེད་བསམ་མེད་དོན་དེ་རྟོག །སྒྲུབ་ཆེན་ལ། སངས་རྒྱས་ཉག་གཅིག་ཆོས་ཉན་པ། །ཕྱི་ཡི་རྟགས་ནི་རྨི་ལམ་དང་། །ནང་རྟགས་ཉམས་སུ་འབྱུང་བ་ཡིན། །གསང་བའི་རྟགས་ནི་དངོས་སུ་མཐོང་། །ཞེས་པའི་མཚན་མ་བཟང་པོ་རྙེད་ན་དུས་དང་གྲངས་ལ་མ་བལྟོས་ལ། བཟླ་ལུགས་ལ། རྔམ་གློག་ལས། བཟླས་བརྗོད་སྔགས་ཀྱི་བརྟུལ་ཞུགས་ཀྱང་། །སྒྲ་ཆེར་མ་ཡིན་ཆུང་བར་མིན། །མགྱོགས་པར་མ་ཡིན་བུལ་བ་མིན། །དྲག་པར་མ་ཡིན་དལ་བར་མིན། །ཡིག་འབྲུ་ཡན་ལག་ཉམས་པར་མིན། །ཡེངས་དང་གཡེལ་སོགས་ཆོད་མ་ཡིན། །རྒྱུ་ཡི་སེམས་དཔའ་ཡེངས་པ་དང་། །བཟླས་པའི་སྐྱོན་བཅུ་སྤངས་ནས་ནི། །དུས་དང་གྲངས་དང་མཚན་མ་ཡི། །བསྙེན་པ་རྫོགས་པར་རབ་ཏུ་གཅེས། །ཞེས་བཟླས་པའི་སྐྱོན་བཅུ་སྤོང་བར་གལ་ཆེ་ཞིང་བསྙེན་སྒྲུབ་སྤྱིའི་དམ་ཚིག་རྣམས་ལའང་སྤང་བླང་ཞིབ་ཏུ་བྱའོ། །ལས་སྦྱོར་གྱི་མནན་པ་སྲེག་ཟོར་གང་རུང་བྱ་བར་སྤྲོ་ན་རྒྱུད་དང་ལས་ཚོགས་ལས་ཤེས་པར་བྱ། གསུམ་པ་མཇུག་དངོས་གྲུབ་བླང་བ་ནི། གཟའ་ཚེས་ལེགས་པའི་སྔ་དྲོའི་ཆར། །ལོ་ཆེན་སྣང་མཛད་ཀྱིས། མཆོག་ཐོད་གླིང་ལྔ་ཁ་ཕྱེ་ལ། །མདུན་དུ་དཔལ་ཆེན་གཙོ་འཁོར་བསྐྱེད། །བཤགས་པ་མཆོད་པ་བྱས་ནས་སུ། །ཨཱོཾ་ལས་དཔག་མེད་ཨཱོཾ་བྱུང་ནས། །བདུད་རྩི་སྤྱི་བོར་ཐིམ་པ་ལས། །སྐུ་ཡི་དངོས་གྲུབ་ཐོབ་པར་བསམ། །རིལ་བུ་ལྔ་བཟའ་དངོས་གྲུབ་བླང་། །ཨཱོཾ་པདྨ་(༡༣བ)


GLG024_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཀྲོ་དྷ་ཀཱ་ཡ་སིདྡྷི་ཨ་ལ་ལ་ཧོ། ཨཱཿཧཱུཾ་གསུང་ཐུགས་གོང་གི་འགྲེ། །ཝཱཀ་ཙིཏྟ་རིམ་པས་སྤེལ། །མཆོད་བསྟོད་བྱས་ལ་ཚོགས་ལ་རིལ། །ལྷག་མ་ཁ་ཆུས་བསྟན་མ་བསྐྱང་། །བསྔོ་བ་སྨོན་ལམ་བཀྲ་ཤིས་བརྗོད། །ཙིཏྟ་རང་གི་རྐེད་ལ་བཅང་། །ཆང་གིས་གླིང་ལྔ་ཡིག་འབྲུ་རྣམས། །དག་པར་བཀྲུས་པའི་ཁུ་བ་དེ། །མ་ཉམས་རང་གིས་ལེགས་པར་འཐུང་། །རྡུལ་ཚོན་རང་གི་ལུས་ལ་བྱུང་། །གླིང་ལྔ་གཏུམས་པའི་དར་ལ་ནི། །བདུད་རྩི་རིལ་བུ་གཏུམས་ནས་ཀྱང་། །དར་སྣ་ལྔ་ཡིས་ཁ་བཅིངས་ལ། །ཉིན་རེ་བཞིན་དུ་རྟག་པར་བཟའ། །ཞེས་པ་ལྟར་སྒྲུབ་ཐོད་ཞལ་ཕྱེ་འཛབ་ཁང་གི་ལྷ་ཚོགས་རྣམས་ལ་ཡེ་ཤེས་སྐུ་མཆོག་མ་དང་ཡིག་བརྒྱ་སོགས་ཀྱི་བཤགས་པ། །ཕྱི་ནང་གསང་བའི་མཆོད་བསྟོད་རྒྱས་པར་འབུལ། མེ་ཏོག་གཏོར་ཞིང་དངོས་གྲུབ་བསྐུལ་ཚིག་བརྗོད། ལྷ་རྣམས་ཀྱི་དཔྲལ་བ་ནས་ཨཱོཾ་བྱུང་བ་སོགས་ཀྱི་ཏིང་འཛིན་དང་རིལ་བུ་བཟའ་ཞིང་སྔགས་སྦྱོར། དེ་བཞིན་དུ་གསུང་དང་ཐུགས་ལའང་སྦྱར་ཞིང་དངོས་སུ་མི་གསལ་ཡང་གུ་ཎ་དང་ཀརྨ་སྔགས་ཀྱིས་ཁ་བསྒྱུར་ནས་ཡོན་ཏན་འཕྲིན་ལས་ཀྱང་བླངས་ན་ལེགས་སམ་སྙམ། དངོས་གྲུབ་ཐོབ་པའི་གཏང་རག་ཏུ་མཆོད་བསྟོད་བྱ། ཐོད་པའི་སྒྲུབ་རྟེན་མེད་ན། ཚེ་གལ། ཟླ་ཁྲོམ། ཟླ་རྒྱས། མཐུན། འཇམ་དེས། མཾ་ས། ཛ་གད། འཛག་ཏི། ཀུན་ཏུ་རྒྱུ། སྤང་ན་སྐྱེས། སི་ཐོག་སོགས་དངོས་གྲུབ་ཀྱི་རྫས་རྣམས་ཚང་བར་བཤམ། དངོས་གྲུབ་བསྡུ་བའི་སྔགས་བརྒྱ་རྩ་བཟླ་ཞིང་དཔལ་གཏོར་ལ་དམིགས་ནས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་གོང་ལྟར་ལེན་ཞིང་རྫས་རྣམས་ལ་རོལ། ཚོགས་འཁོར་དང་བཀའ་སྲུང་གི་ཚོགས་ལ་གཏང་རག་རྒྱས་(༡༤ན)


GLG024_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

པར་དབུལ། ཙིཏྟ་ལུས་ལ་འཆང་ཞིང་ཀ་པཱ་ལའི་ཡིག་འབྲུ་མ་ད་ནས་བཀྲུས་ནས་འཐུང་བ་དང་རིལ་བུ་དར་གྱིས་གཏུམས་ཏེ་འདོགས་པ་སོགས་ཀྱང་གཞུང་བཞིན་དང་གཏང་རག་གི་མཆོད་བསྟོད་རྒྱས་པར་བྱ། ཡིག་བརྒྱ་བརྗོད་ཅིང་ནོངས་པ་བཟོད་པར་གསོལ། དཀྱིལ་འཁོར་སོགས་རྟེན་ཡོད་རྣམས་ལ་བརྟན་བཞུགས་དང་རྟེན་མེད་ཀྱི་ཚོགས་གཤེགས། སྨོན་ལམ་དང་ཤིས་པ་བརྗོད་ཅིང་མེ་ཏོག་གི་ཆར་དབབ། རྒྱལ་ཆེན་ལ་གཏང་རག་གཏོང་ཞིང་མཐོ་འགྲོལ། །མཚམས་ཕྱི་ནང་གི་འགྲོལ་ལུགས་ལག་ལེན་དཀྱུས་ལྟར་དང་། ཁ་སྐོང་གི་སྦྱིན་སྲེག་བསྙེན་པའི་བཅུ་ཆ་དགོས་པ་མཁས་གྲུབ་རྣམས་ཀྱི་གཞུང་ལས་འབྱུང་ངོ་། །དུས་གསུམ་སངས་རྒྱས་པདྨཱ་ཀ་ར་དང་། །དྲག་སྔགས་གྲུབ་པ་སྣང་མཛད་ལོ་ཙཱ་བའི། །སྲོལ་འཛིན་འདར་ཕྱར་ལུགས་ཀྱི་རྟ་མགྲིན་ཞེས། །གསར་རྙིང་ཀུན་ལ་སྙན་གྱི་བུ་རམ་མངར། །འོན་ཏེ་རྒྱས་བཀབ་རང་བཟོའི་འདྲ་བཅོས་མཁན། །འཕྱོན་མའི་ཟློས་གར་བསྒྱུར་བ་མཐའ་ཀླས་ཀྱང་། །སྨིན་གྲོལ་གདམས་པའི་འཕྲང་ལ་བཅུར་བ་ན། །རྔུལ་ཆུའི་ཐིགས་པ་འགྲམ་པར་འཕྱང་བ་མང་། །རུས་ཆེན་ཕ་མེས་རྡོ་བ་ལག་བརྒྱུད་དང་། །དགོན་གོག་གྲྭ་བཙུན་ཚིག་གི་འཁར་བ་ལ། །བརྟེན་ནས་ཡང་གསང་ཁྲོས་པའི་རྣལ་འབྱོར་དུ། །རློམ་རྣམས་འཇམ་པོའི་སྟན་ལ་ཅི་བདེར་ཉོལ། །ལམ་འདིའི་གྲུབ་བརྙེས་རིགས་སུ་མ་སོན་ཀྱང་། །བཀའ་གཏེར་རྒྱུད་འགྲེལ་མན་ངག་ལ་གོམས་ཤིང་། ཁྱད་པར་དམ་པའི་ཞལ་བཅུད་སྙིང་དབུས་སུ། །སིམ་པས་སྨྲ་བའི་སྤོབས་པ་གཟེངས་སུ་མཐོ། །ཆེས་དཀར་བསྐྲུན་པའི་བསོད་ནམས་ཉི་མའི་ལུས། །བརྒྱ་ཕྲག་འབར་བའི་


GLG024_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

གཟི་ཡིས་ཡིད་སྲུབས་ཀྱི། །སྨག་རུམ་ཕ་མཐར་བྱས་ནས་བསྟན་དང་འགྲོའི། །བདེ་སྐྱིད་སྣང་བས་ཁྱབ་པའི་བཀྲ་ཤིས་ཤོག །ཅེས་པདྨ་དབང་ཆེན་ཡང་གསང་ཁྲོས་པའི་བསྙེན་ཡིག་རིན་ཆེན་དབང་གི་འདོད་འཇོ་ཞེས་བྱ་བ་འདི་ནི་ཏོང་ཁུན་མི་ཉག་རྒྱལ་པོའི་གདུང་ལས་བྱང་བདག་ཆོས་རྒྱལ་ངག་གི་དབང་པོའི་སྤྲུལ་པའི་ཟློས་གར་བྱ་ནག་གི་རིགས་སུ་བལྟམས་པ་བློ་བཟང་པདྨ་འཕྲིན་ལས་ཐེག་མཆོག་དབང་གི་རྒྱལ་པོ་ཡོངས་འདུའི་སྡེའི་གསུང་གིས་བསྐུལ་བ་དང་ཉེ་ཆར་མཆོད་དཔོན་ངག་དབང་ཤེས་རབ་ཀྱིས་ཤིན་ཏུ་གསལ་ཞིང་མཐའ་ཆོད་པ་ཞིག་དགོས་ཞེས་བསྐུལ་བ་ལྟར་རིགས་ཀུན་ཁྱབ་བདག་ཟུར་ཐམས་ཅད་མཁྱེན་པའི་བཀའ་དྲིན་ལས་ཆོས་སྐོར་རྣམས་རྫོགས་པར་ཐོས་ཤིང་རྡོ་རྗེ་འཆང་གནས་གསར་བ་མགོན་པོའི་མཚན་ཅན་གྱི་བྱིན་རླབས་དང་གསུང་གི་བདུད་རྩི་སྙིང་གི་ཟ་མ་ཏོག་ཏུ་འཁྱིལ་བའི་ཟ་ཧོར་གྱི་སྔགས་སྨྱོན་ཟིལ་གནོན་བཞད་པ་རྩལ་གྱིས་དམར་སེར་ཅན་གྱི་ལོ་གླུ་དབྱངས་ཀྱི་ཟླ་བའི་གྲལ་ཚེས་ལ་རང་བྱུང་འཕགས་པའི་གཞལ་མེད་ཁང་དུ་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པས་བགྱིས་པའོ།། །།སརྦ་མངྒ་ལཾ།། །།


previousཔདྨ་དབང་ཆེན་ཡང་གསང་ཁྲོས་པའི་བསྙེན་ཡིག་རིན་ཆེན་དབང་གི་འདོད་འཇོ།next