Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
པདྨ་ཡང་གསང་ཁྲོས་པའི་སྒྲུབ་བསྙེན་ལ་ཉེ་བ་མཁོ་བའི་དངོས་གྲུབ་ལེན་ཆོག་ཡིད་བཞིན་དབང་རྒྱལ།
   
   
   
   
   
   
   
   
   
   
   
   
   
   
   


 
previousཔདྨ་ཡང་གསང་ཁྲོས་པའི་སྒྲུབ་བསྙེན་ལ་ཉེ་བ་མཁོ་བའི་དངོས་གྲུབ་ལེན་ཆོག་ཡིད་བཞིན་དབང་རྒྱལ།next

པདྨ་ཡང་གསང་ཁྲོས་པའི་སྒྲུབ་བསྙེན་ལ་ཉེ་བ་མཁོ་བའི་དངོས་གྲུབ་ལེན་ཆོག་ཡིད་བཞིན་དབང་རྒྱལ།


GLG024_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་ཡང་གསང་ཁྲོས་པའི་སྒྲུབ་བསྙེན་ལ་ཉེ་བ་མཁོ་བའི་དངོས་གྲུབ་ལེན་ཆོག་ཡིད་བཞིན་དབང་རྒྱལ་བཞུགས་སོ། །


GLG024_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བརྒྱུད་བླ་མ་ཁྲག་འཐུང་དཔལ་གྱི་ལྷ། །དབྱེར་མེད་ཞབས་ལ་གུས་པས་ལེགས་བཏུད་ནས། །དངོས་གྲུབ་ལེན་པའི་ཆོ་ག་མན་ངག་གིས། །རྣམ་པར་བརྒྱན་ནས་གོ་བདེ་གསལ་བར་བཤད། །དེ་ཡང་པདྨ་ཡང་གསང་ཁྲོས་པའི་སྒྲུབ་ཆེན་དང་བསྙེན་པ་ལ་ཉེ་བར་མཁོ་བའི་དངོས་གྲུབ་ལེན་པའི་རིམ་པ་ལ། ལས་བྱང་རྒྱས་པར་གཏོང་ཞིང་ཚོགས་བྱེད་པར་སྤྲོ་ན་ཐ་མའི་བར་དཀྱུས་བཞིན་བཏང་། དངོས་གྲུབ་དངོས་ལ་བཤམ་པ། མཚམས་བཅད་པ། སྒྲུབ་རྟེན་གསལ་བཏབ་ནས་བྱིན་འབེབས་པ། དངོས་གྲུབ་བསྡུ་བ། ལྷ་གནད་ལ་དབབ་པ། བཤགས་མཆོད། དངོས་གྲུབ་ལེན་པ་དང་བདུན། དང་པོ་ནི། སློབ་དཔོན་བཻ་རོ་ཙ་ནས་མཆོག་ཐོད་གླིང་ལྔ་ཁ་ཕྱེ་ལ། །མདུན་དུ་དཔལ་ཆེན་གཙོ་འཁོར་བསྐྱེད་ཅེས་པ། མདུན་བསྐྱེད་ཀྱི་དཀྱིལ་འཁོར་དང་ཐོག་མ་ནས་དབྱེར་མེད་ཡིན་པས་སྔར་ཡང་གསལ་འདེབས་ཀྱི་ཚུལ་དུ་གསལ་བཏབ་ནས་བཤགས་པ་མཆོད་བསྟོད་བྱེད་པར་གསུངས་པས། མཆོག་ཐོད་གྲི་སྙིང་རིལ་བུ་སོགས་དར་དམར་གྱིས་གཏུམས་པ་དེ་ཞལ་ཕྱེ་བསྡུ་ན་འདི་ཙམ་གྱིས་ཆོག་ལ། རྒྱས་པར་སྤྲོ་ན་ཚེ། གལ། ཟླ་ཁྲོམ། ཟླ་རྒྱས། ཐུན། (༢ན)


GLG024_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དེས། མི་ས། ཛ་གད། ཛཱ་ཏི། ཀུན་ཏུ་རྒྱུ། སྤང་ན་སྐྱེས། སི་ཐོག་སོགས་མདོར་ན་དངོས་གྲུབ་ཀྱི་རྫས་ལ་འོས་པའི་བཟའ་བཅའ་བཏུང་བའི་རིགས་ཅི་འབྱོར་པ་དང་། ཆུ་གཉིས་ཉེར་སྤྱོད། སྨན་རག་གཏེར་གསུམ་གསར་པའམ་རྙིང་པ་ཁ་གསོ། ཁྲག་ཆང་གཟེད་ཞལ་དང་བཅས་པ་བཤམ། གཉིས་པ་མཚམས་གཅོད་ལས་བྱང་ལྟར། གསུམ་པ་སྒྲུབ་རྟེན་གསལ་གདབ་བྱིན་འབེབས་པ་ནི། འཛབ་བསྐང་གོང་ནས་དབྱེ་ཟིན་པ་སླར་གསལ་འདེབས་སྐྱོར་དང་། དཀྱིལ་འཁོར་སྒྲུབ་རྫས་དང་དངོས་གྲུབ་ཀྱི་རྫས་ཐམས་ཅད་ལ་ལས་བྱང་ལྟར་བྱིན་འབེབས། བཞི་པ་དངོས་གྲུབ་བསྡུ་བ་ནི། བདག་མདུན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་རང་འདྲའི་སྤྲུལ་པ་དཔག་ཏུ་མེད་པ་འཕྲོས། རྒྱལ་བ་ཞི་ཁྲོའི་བྱིན་རླབས་ཐམས་ཅད་ལྷ་སྔགས་ཕྱག་མཚན་གྱི་རྣམ་པ་དང་འབྱུང་བ་བཞིའི་བཅུད་ལྷ་དང་མི་ལ་སོགས་པ་རྣམས་ཀྱི་ཚེ་དཔལ་བསོད་ནམས་ཡོན་ཏན་ཐམས་ཅད་བདུད་རྩི་དཀར་ལ་དམར་བའི་མདངས་ཆགས་པ་འདོད་ཡོན་ལྔ་བཀྲ་ཤིས་རྟགས་རྫས་ལ་སོགས་པའི་རྣམ་པར་བྱོན་ནས་མདུན་བསྐྱེད་ཀྱི་རྟེན་དང་སྒྲུབ་རྫས་དངོས་གྲུབ་ཀྱི་རྫས་རྣམས་ལ་ཐིམ་པར་བསམས་ལ། ཨོཾ་པདྨཱནྟ་ཀྲྀ་ཏ་པདྨེ་(༢བ)


GLG024_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཤྭ་རི་མ་ཧཱ་ཀྲོ་དྷ་ཧ་ཡ་གྲཱི་བ་མ་མ་ཏྲག་མོ་དུན་ཏིཾ་ཧྲིཾ་ཧྲིཾ་ཧཱུཾ་ཛ། ཉེར་གཅིག་བཟླས་རྗེས། ཨཱོཾ་པདྨ་ཀྲོ་དྷ་ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཨ་ལ་ལ་ཧོ་ཞེས་པ་བརྒྱ་རྩ་འདྲེན། གོང་དང་སྦྲེལ་ནས་སརྦ་སིདྡྷི་པ་ལ། མ་ཧཱ་སིདྡྷི་ཨཱ་ཡུ་བ་རི། ད་ན་མི་དི་སིདྡྷི་ཞེས་ཅི་རིགས་བཟླ། ལྔ་པ་ལྷ་གནད་ལ་དབབ་པ་ནི། ཧཱུཾ། པདྨ་དབང་ཆེན་ལྷ་ཚོགས་དབྱིངས་ནས་གཤེགས། །དཀྱིལ་འཁོར་འདིར་བཞུགས་དངོས་གྲུབ་སྩལ་དུ་གསོལ། །གནས་འདིར་མི་གཤེགས་དངོས་གྲུབ་མ་སྟེར་ན། །ཐུགས་བསྐྱེད་ཉམས་ཤིང་དམ་ཚིག་འགལ་བར་མཆིས། །རྩ་སྔགས་མཇུག་ཏུ་ས་མ་ཡ་ཛ། ས་མ་ཡ་སྟྭཾ། དྲུག་པ་བཤགས་མཆོད་འབུལ་བ་ནི། ཡེ་ཤེས་སྐུ་མཆོག་མ་དང་ཡིག་བརྒྱས་ནོངས་པ་གསོལ། །ཧྲཱིཿ བདུག་སྤོས་སྣང་གསལ་ཞུགས་ཏོག་སྒྲ་ནས་རཀྟའི་བར་ལས་བྱང་ལྟར། དེ་ནས་ཧཱུཾ་རིང་ལན་གསུམ་དང་བཅས་ཏེ་རཀྟ་འཕྱར། ཧཱུཾ། པདྨ་དབང་ཆེན་ལྷ་ཚོགས་རྣམས། །དང་པོར་སྐྱབས་མགོན་ཡེ་ཤེས་ལྷ། །བར་དུ་སྒྲུབས་པས་ཡི་དམ་ལྷ། །ད་ལྟ་གཉིས་མེད་ཆོས་ཀྱི་སྐུ། །རཀྟ་དམར་གྱི་མཆོད་པ་འབུལ། །མཆོད་པ་བཞེས་ལ་དངོས་གྲུབ་སྩོལ། །ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། རྩ་སྔགས་མཇུག་ཏུ། མ་ཧཱ་རཀྟ་ཁཱ་ཧི་ཞེས་བཟླ་ཞིང་། བཟེད་ཞལ་ནས་དཀྱིལ་འཁོར་གྱི་མདུན་དུ་རཀྟ་ལན་གཉིས་འབུལ་བ་ཕྱག་ལེན་ལྟར་རོ། །རང་ལ་ཡང་། མ་ད་ན་ཡ་མཆོད་པ་འབུལ། །ཞེས་ཚིག་རྐང་ལྔ་པ་དང་། མ་ཧཱ་རཀྟའི་ཚབ་ལ། མ་ཧཱ་པཉྩར་འདོན་པ་བསྒྱུར་བ་མ་གཏོགས་གོང་བཞིན་ནོ། །བདུན་པ་དངོས་གྲུབ་ལེན་པ་དངོས་ནི། མེ་ཏོག་འཐོར་ཞིང་ཌཱ་དྲིལ་དང་བཅས་ལ།


GLG024_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ། ལྷག་པའི་ཡེ་ཤེས་པདྨ་དབང་གི་ལྷ། །རང་བཞིན་དབྱིངས་ནས་རྩོལ་རྟོག་མི་མངའ་ཡང་། །སྔོན་གྱི་ཐུགས་དམ་རང་བཞིན་བྱིན་རླབས་ནི། །ནོར་བུ་རིན་ཆེན་དགོས་འདོད་ཀུན་འབྱུང་ལྟར། །དུས་ལས་མི་འདའ་ཐུགས་རྗེའི་དབང་གི་ལྷ། །དུས་ལས་མི་གཡེལ་གཡར་དམ་གཅོག་པའི་ངང་། །མི་ཟད་རིན་ཆེན་རྒྱན་གྱི་འཁོར་ལོ་ནས། །མཆོག་དང་མཐུན་མོང་དངོས་གྲུབ་མ་ལུས་པ། །སྐལ་ལྡན་རྣམས་ལ་དུས་འདིར་སྩལ་དུ་གསོལ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ། །འཛད་མེད་ནོར་གྱི་དངོས་གྲུབ་སྩལ་དུ་གསོལ། །བརྒྱུད་འཛིན་སྲིད་ཀྱི་དངོས་གྲུབ་སྩལ་དུ་གསོལ། །མི་འཛད་གཏེར་གྱི་དངོས་གྲུབ་སྩལ་དུ་གསོལ། །མངོན་ཤེས་རྫུ་འཕྲུལ་དངོས་གྲུབ་སྩལ་དུ་གསོལ། །འཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩལ་དུ་གསོལ། །ཀུན་བཟང་མཆོག་གི་དངོས་གྲུབ་སྩལ་དུ་གསོལ། །བསྐུལ་རྗེས། དཔལ་ལྷ་རྡོ་རྗེའི་སྐུ་འཆང་པ། །རྡོ་རྗེ་མི་ཕྱེད་སྐུ་དང་ལྡན། །དེང་བདག་སངས་རྒྱས་སྐུ་འཛིན་པ། །སྐུ་ཡི་རྡོ་རྗེ་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས། མདུན་བསྐྱེད་ཀྱི་ལྷ་ཚོགས་རྣམས་ཀྱི་དཔྲལ་བ་ནས་ཡི་གེ་ཨོཾ་དཀར་པོ་འོད་ཟེར་བདུད་རྩིའི་རྒྱུན་དང་བཅས་ཐོན་རང་གི་དཔྲལ་བར་ཐིམ། སྐུའི་དངོས་གྲུབ་མ་ལུས་པ་ཐོབ་པར་བསམས་ལ། ཨོཾ་པདྨ་ཀྲོ་དྷ་ཀཱ་ཡ་སིདྡྷི་ཨ་ལ་ལ་ཧོ། ཞེས་བརྗོད་ཅིང་རིལ་བུ་ལྔའམ་གཅིག་སོགས་གང་འོས་ཟ། དེ་བཞིན་དུ་གསུང་ཨཱཿ ཝཱཀ །ཐུགས་ཧཱུཾ། ཙིཏྟ། ཡོན་ཏན། སྭཱ། གུ་ཎ། འཕྲིན་ལས། ཧཱ། ཀརྨ་སོགས་རིགས་འགྲེ། ཧཱུཾ། དགོངས་ཤིག་པདྨ་གསུང་གི་ལྷ། (༣བ)


GLG024_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་འཛིན་མཁའ་འགྲོ་དམ་ཅན་ཚོགས། །དབང་གྱུར་ཐམས་ཅད་དགོངས་སུ་གསོལ། །དང་པོ་བསྙེན་ཅིང་བར་དུ་བསྒྲུབས། །བསྐྱེད་རྫོགས་གཉིས་ཀྱིས་ལས་གཞུང་བསྲངས། །སྨིན་གྲོལ་གཉིས་ཀྱིས་རྒྱུད་ཀྱང་སྦྱངས། །ཞག་དུས་གྲངས་དང་རྟགས་ཀྱང་ཐེམས། །དིང་སང་སྐྱ་རེངས་དང་པོའང་ཤར། །རྡོ་རྗེའི་ནམ་ཡང་ལངས་ལ་ཉེ། །འདོད་དགུའི་དངོས་གྲུབ་རིན་པོ་ཆེ། །ད་ནི་འབྱུང་བའི་དུས་ལ་བབ། །དཔལ་ཆེན་རྟ་མགྲིན་ལྷ་ཚོགས་རྣམས། །སྐུ་གསུང་ཐུགས་ཡོན་འཕྲིན་ལས་ཀྱི། །དབང་དང་དངོས་གྲུབ་བདག་ལ་སྩོལ། །ལྷ་དང་སྐལ་བ་མཉམ་པར་ཤོག །ཁྲག་ཆང་གཉིས་ནས་ཀྱང་གནས་གསུམ་དུ་རེག །གྲུབ་རྫས་དང་དངོས་གྲུབ་ཀྱི་རྫས་རྣམས་འགྲིམ་ཞིང་ལོངས་སྤྱོད། འབད་དང་རྩོལ་བ་སོགས་དང་། སློབ་དཔོན་མཆེད་ལྕམ་ཚོགས་རྣམས་ཀྱིས། །དངོས་གྲུབ་རྫས་ལ་ལོངས་སྤྱད་པས། །ཚེ་རིང་ནད་མེད་བར་ཆད་ཞི། །མཆོག་ཐུན་དངོས་གྲུབ་འགྲུབ་གྱུར་ཅིག །ཚོགས་ལ་རོལ་བ་ནས་བཟོད་གསོལ་གྱི་བར་ལས་བྱང་གི་དཀྱུས་ལྟར། རས་བྲིས་ཀྱི་དཀྱིལ་འཁོར་དང་ཕུར་པ་བྲིས་འབུར་གྱི་སྐུ་སོགས་ལ་བརྟན་པར་བཞུགས། རྡུལ་ཚོན་དང་རྟེན་མེད་པ་རྣམས་ལ་གཤེགས་གསོལ། ཐོད་སྐུ་ཚུར་བླངས་ན་མ་ད་ནས་ཡིག་འབྲུ་རྣམས་བཀྲུས་ནས་འཐུང་། གྲི་སྙིང་རིལ་བུ་དར་དམར་གྱིས་གཏུམས་ནས་ལུས་ལ་བཅང་། བསྔོ་བ་སྨོན་ལམ། ཤིས་བརྗོད་རྣམས་རྒྱས་པར་བྱའོ། །ལྷ་སྔགས་ཡེ་ཤེས་རྫས་ཀྱི་ཆུ་འཛིན་ལས། །མཆོག་ཐུན་དངོས་གྲུབ་ཆར་ཆེན་འབེབས་པའི་ཐབས།། རིགས་འཛིན་བརྒྱུད་པའི་བཞེད་སྲོལ་དབྱར་གྱི་རྔས། །སྐལ་བཟང་རྨ་བྱ་དགའ་(༤ན)


GLG024_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཟློས་གར་བསྒྱུར། །པདྨའི་ཐུགས་བཅུད་བཻ་རོའི་ཞལ་གྱི་ལུང་། །དབང་ཆེན་མན་ངག་མ་དང་མཁའ་འགྲོ་ཡི། ཁ་རླངས་ཟིལ་དངར་འཐུལ་བའི་གཞོམ་མེད་སྲོག །འཚོ་བ་དོན་ལྡན་འདི་ཕྱིའི་གཏན་མདུན་འགྲུབ། །དེ་ཕྱིར་འབད་པས་རབ་བསྐྲུན་བསོད་ནམས་ཚོགས། །མཐོན་པོ་ཏི་སེའི་ཡབ་གཅིག་རབ་བརྩེགས་ལས། །འཕྲིན་ལས་ཟད་མི་ཤེས་པ་གངྒཱའི་རྒྱུན། །བྱང་ཆེན་ཟླ་བའི་མ་མར་རྟག་འབབ་ཤོག །ཅེས་པདྨ་ཡང་གསང་ཁྲོས་པའི་སྒྲུབ་བསྙེན་ལ་ཉེ་བར་འཁོ་བའི་དངོས་གྲུབ་ལེན་པའི་ཆོ་ག་ཡིད་བཞིན་དབང་རྒྱལ་འདི་ནི་མཆོད་དཔོན་ངག་དབང་ཤེས་རབ་ཀྱིས་བསྙེན་ཆེན་བཏང་ཚེ་བསྐུལ་བ་ལྟར་ཟ་ཧོར་གྱི་སྔགས་བཙུན་ཆེ་མཆོག་འདུས་པ་རྩལ་གྱིས་ལྕགས་བྱ་སྤྲེ་ཟླའི་དཔའ་བོ་དགའ་སྟོན་གྱི་ཚེས་ལ་རྒྱལ་ཁབ་དམར་པོ་རིར་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་ངག་དབང་དཀོན་མཆོག་གིས་བྲིས་པ་སིདྡྷི་པྲ་ཡཙྪ།། །།སརྦ་མངྒ་ལཾ།། །།


previousཔདྨ་ཡང་གསང་ཁྲོས་པའི་སྒྲུབ་བསྙེན་ལ་ཉེ་བ་མཁོ་བའི་དངོས་གྲུབ་ལེན་ཆོག་ཡིད་བཞིན་དབང་རྒྱལ།next