Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
པདྨ་དབང་ཆེན་ཡང་གསང་ཁྲོས་པའི་བསྙེན་པའི་ཁ་སྐོང་བཅུ་ཆའི་སྦྱིན་སྲེག་གི་ཆོག་སྒྲིགས་ཡེ་ཤེས་སྣང་བ་རབ་འབར།
   
   
   
   
   
   
   
   
   
   
   
   
   
   


 
previousཔདྨ་དབང་ཆེན་ཡང་གསང་ཁྲོས་པའི་བསྙེན་པའི་ཁ་སྐོང་བཅུ་ཆའི་སྦྱིན་སྲེག་གི་ཆོག་སྒྲིགས་ཡེ་ཤེས་སྣང་བ་རབ་འབར།next

པདྨ་དབང་ཆེན་ཡང་གསང་ཁྲོས་པའི་བསྙེན་པའི་ཁ་སྐོང་བཅུ་ཆའི་སྦྱིན་སྲེག་གི་ཆོག་སྒྲིགས་ཡེ་ཤེས་སྣང་བ་རབ་འབར།


GLG024_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་དབང་ཆེན་ཡང་གསང་ཁྲོས་པའི་བསྙེན་པའི་ཁ་སྐོང་བཅུ་ཆའི་སྦྱིན་སྲེག་གི་ཆོག་སྒྲིགས་ཡེ་ཤེས་སྣང་བ་རབ་འབར་ཞེས་བྱ་བ་བཞུགས་སོ། །


GLG024_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མ་ཧཱ་ཝ་ཤཾ་པདྨ་ཧེ་རུ་ཀཱ་ཡ། སྲིད་གསུམ་ཟིལ་གནོན་མཚོ་སྐྱེས་རྡོ་རྗེ་དང་། །དྲག་སྔགས་བཀའ་བབས་ལོ་ཆེན་རྣམ་སྣང་མཛད། །གདམས་པའི་སྲོལ་འཛིན་འདར་འཕྱར་མུས་སྲད་པ། །ཚར་ཆེན་ཡབ་སྲས་ཞབས་རྡུལ་གཙུག་ན་བསྟེན། །དང་བའི་ཆུ་གཏེར་འཕེལ་བྱེད་བཀའ་དྲིན་ཟླ། །རྟག་ཏུ་ཡིད་མཁར་འཆར་བ་གནས་གསར་རྗེ། །ཀུན་མཁྱེན་ཟུར་ཆེན་ཁྱབ་བདག་བླ་མ་གཉིས། །ཟུང་འཇུག་མངོན་གྱུར་དེ་སྲིད་སྐྱབས་ཀྱི་ཕུལ། །པདྨ་གར་གྱི་དབང་ཕྱུག་ཡང་གསང་ལྷ། །བསྙེན་སྒྲུབ་གསང་སྔགས་རྟ་སྐད་ང་རོའི་སྒྲ། །དངོས་གྲུབ་འབྲས་འབྱིན་ཁ་སྐོང་སྦྱིན་སྲེག་ཁྲིགས། །སྐད་གཉིས་སྨྲ་བ་བཻ་རོའི་གཞུང་བཞིན་འདྲི། །དེ་ཡང་སློབ་དཔོན་ཆེན་པོ་པདྨས་མཛད་པའི་སྲེག་བྱང་དང་། དེའི་དགོངས་དོན་ལྟར་བཀྲལ་བའི་ཡི་གེ་ཕལ་ཆེར་དབང་དྲག་ལ་སྦྱར་བ་ཤས་ཆེ་ཡང་། བསྙེན་པ་ཁ་སྐོང་གི་སྦྱིན་སྲེག་སྦས་པ་མིག་འབྱེད་ཀྱི་དངོས་གྲུབ་སྡུད་པའི་དགོངས་དོན་གསལ་བར་བཀོད་པ་ལ། སྦྱོར་དངོས་རྗེས་གསུམ་གྱི་དང་པོ་ནི། ཞི་བའི་ལས་ལ་ཤིས་པའི་གཟའ་སྐར་དུས་སྦྱོར་བཟང་པོའི་ཚེ། །ས་མ་དུལ་བའི་རིགས་ལ་སའི་ཆོ་ག་(༢ན)


GLG024_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

དང་། གནས་ཁང་རྙིང་པར་ཆ་གསུམ་དང་། གསེར་སྐྱེམས་ཀྱིས་སྡེ་བརྒྱད་ཆ་སྙོམས། མཚམས་མ་གྲོལ་བའི་མཐོ་ཁོངས་སུ་བྱེད་ན་དེ་དག་ཐམས་ཅད་བཏང་སྙོམས་སུ་བཞག་གནས་ཁང་བྱི་དོར་བྱས་ཤིང་བདུད་རྩི་དང་བ་བྱུང་ལྔས་སྐྱང་ནུལ་བྱ། དེའི་སྟེང་བཀྲ་ཤིས་པའི་ས་ལ་སྟེགས་བུ་གྲུ་བཞི་པ་ལོགས་རེ་ལ་མདའ་གང་དང་དཔངས་ཕྱག་གང་པ། དེའི་སྟེང་དུ་ཐབ་ཁུང་ནི། དངོས་གྲུབ་སྡུད་པ་ལས། ལས་བཞི་བསྒྲུབ་པའི་ཐབ་ཁུང་ལ། །རབ་འབྲིང་ཐ་མའི་རིམ་པ་ཡི། །རྒྱར་ནི་ཁྲུ་གང་མཐོ་གང་དང་། །མཐེབ་མཛུབ་མཁྱིད་གང་དཔངས་སུ་བྱ། །གཏིང་ན་གྲུ་གསུམ་ཟླ་གམ་གསུམ། །ཟླུམ་པོ་གྲུ་བཞི་སོར་མོ་རེས། །རིམ་པ་བཞིན་དུ་མཐོ་བར་བྱ། །བཤད་བཞིན་མ་འབྱོར་ཤུག་པ་ལ། ཁྲུ་གང་མཐོ་གང་དཔངས་ཀྱི་ཚད། ཅེས་བྱུང་བ་ལྟར་ཚངས་ཟུར་གྱི་ཐིག་བཏབ་པའི་ལྟེ་བ་ནས་མཐོ་གང་བསྐོར་བའི་དབུས་སུ་ཆོས་འབྱུང་གྲུ་གསུམ་ཟླ་གམ། དེའི་ཕྱིར་འཁོར་ལོ་རྩིབས་བཞི་པ་ཆོས་འབྱུང་གི་ལྟེ་བར་ལྷ་མཚན་གྱི་པདྨ་དང་། རྩིབས་ལ་རྡོ་རྗེ་དབང་ཆེན་སོགས་དང་། རྩིབས་ཕྱིའི་ཁྱམས་ཀྱི་མུ་ཁྱུད་ལ་ལྕགས་ཀྱུ་(༢བ)


GLG024_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་སྒོ་མ་བཞིའི་ཕྱག་མཚན་ནམ་ཡང་ན་ས་བོན། བསྡུ་ན་ཚོན་སྤུངས་ཙམ་གྱིས་ཀྱང་རུང་། ཕྱི་རོལ་ཏུ་ཁ་ཁྱེར་དང་མུ་རན་སོར་བཞི་རེ་བསྐོར་བའི་མུ་རན་ལ་རྡོ་རྗེའི་ཕྲེང་བ། གྲ་བཞིར་ཟླ་ཕྱེད་རྡོ་རྗེའི་ཕྱེད་དང་བཅས་པ་བྲི། དེའི་སྟེང་དུ་ཤུག་པའམ་འོ་མ་ཅན་གྱི་ཤིང་གིས་རུང་མོད། འོན་ཀྱང་བཟོ་དབྱིབས་བདེ་བའི་དབང་དུ་བྱས་ན་ནགས་ཀྱི་ལྕི་བ་སྐམ་པོ་སྲོག་ཆགས་མེད་པ་ལས་གྲུབ་པའི་ཐབ་རྒྱར་ཁྲུ་གང་པ། དཔངས་སུ་ཁྲུ་ཕྱེད་པར་ས་དཀར་རམ་འབྲས་དཀར་གྱི་ཁུ་བས་ཁ་བསྒྱུར། ཤར་ལྷོར་ཏིང་ལོ་ཆེ་བ་ཞིག་གི་མེ་ཚང་བཅའ། རང་དང་ཐབ་ཀྱི་བར་དུ་མེ་ཡོལ་གྱི་ལོགས་ལ་དཀར་རྩི་བྱུགས་པར་གངས་རི་དང་ཝཾ་ཡིག་འདྲི་བའམ། ཡང་ན་གངས་རི་ལས་འོངས་པའི་ཆུ་དངོས་བསྟན་སྣོད་དུ་བླུག་པ་བཞག་ཀྱང་རུང་། གོང་དུ་བཤད་པའི་ཤིང་གི་རྒྱུ་ལས་གྲུབ་པའི་ཡཾ་ཤིང་སྲོག་ཆགས་ཀྱིས་མ་ཟོས་མ་རུལ་བ་སོར་བཅུ་གཉིས་པའི་ཚད་ཀྱི་རྩ་རྩེར་མར་དཀར། འོ་མ། སྦྲང་རྩི། བདུད་རྩི། དྲི་ཞིམ་པོའི་ཆུ་རྣམས་ཀྱིས་སྦགས་པ། བསྲེག་པའི་རྫས་ནི་འདི་ལྟ་སྟེ། ཏིལ་དང་མེ་ཏོག་ཨ་མྲྀ་ཏ། །བྱི་ཏང་འབྲས་བུ་ཁུ་བྱུག་རྩྭ། །རུ་རྟ་ཤུ་དག་རྒྱ་སྤོས་དང་། །པྲི་ཡངྐུ་དང་ལན་ཚྭ་དང་། །པདྨ་གེ་སར་ནཱ་ག་པུས། །ཞིབ་བཏགས་དཀར་དང་ར་དུག་གི་སྦྲུས། །ཇི་ཙམ་བསྲེས་པ་རིལ་བུ་བྱ། །མངར་གསུམ་བསྐུས་པའི་མེ་ཏོག་དང་། །མར་ཁུ་རང་གིས་ཅི་འབྱོར་བ། །ཞེས་པའི་རྫས་རྣམས་བཏབ་པའི་མེ་སྲོག་འཛིན་པའི་མར་ཁུ། རྫས་དེ་རྣམས་ལ་རིལ་བུར་བྱས་པའི་སྲེག་རྫས་གྲངས་ཇི་ཙམ་འོས་པ་མ་གཏོགས། རྫས་ཆེན་བཅུ་གཉིས་དང་། ཉེར་ལྔ་སོགས་གཞན་ནས་འབྱུང་བ་རྣམས་དགོས་པའི་ངེས་པ་མེད་པས་ཆད་(༣ན)


GLG024_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་ཏུ་ཡང་མི་འགྱུར། ཁྱད་པར་རྫས་གུ་གུལ་དཀར་པོ། ཙན་དན་དཀར་པོ། དཱུརྦ། པྲི་ཡངྐུ། ཐང་ཆུ། འབྲས་ཡོས། ཙམ་པ་ཀ་རྣམས་ཞིབ་མོར་བཏགས་པའི་ཁུ་བས་གོང་གི་རྫས་རྣམས་སྦགས། འདོད་གསོལ་ཤིང་བྱང་བྱས་ཀྱང་ཆོག །གཡས་ཕྱོགས་སུ་སྟན་དཀར་པོའི་སྟེང་དུ་ཤེལ་ལམ་དངུལ་སོགས་རིན་པོ་ཆེ་དང་ཁམས་དཀར་པོའི་སྣོད་གས་ཆག་མེད་པའི་ནང་དུ་འདས་མ་འདས་ལ་མང་ཉུང་གི་ཁྱད་པར་དང་བཅས་ཏེ་སྦྲེང་ཚར་དུ་བཀོད། ཕྱི་ལྔ་ནང་གསུམ་མཆོད་པ་བཤམས། །ཞེས་པ་ལྟར། གཡོན་ཕྱོགས་སུ་སྟན་དཀར་པོའི་སྟེང་དུ་རང་རྫས་བསྲེས་པའི་འདས་མ་འདས་སོ་སོར་ཕྱི་མཆོད་ལྔ། ནང་གི་སྨན་རཀ་གཏོར་གསུམ། མདུན་དུ་ནང་མཆོད། ཌཱ་མ་རུ། རྡོ་རྗེ། དགང་བླུགས་ཁ་སྦྱར་བ། དྲིལ་བུ། རཀྟ། མེ་ཏོག །ཀུ་ཤ་བརྒྱད། སྤོར་ལྡེ། རླུང་གཡབ་རི་མོ་ཅན། སོ་རྩི། གོས་ཟུང་། ལས་བུམ་སོགས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་བཀོད་པས་མཛེས་པར་བྱས། དེ་ནས་སྒྲུབ་པ་པོ་རྣམས་དྲི་ཞིམ་པོའི་ཆུས་ལུས་བཀྲུས། གར་ཆས་དངོས་སམ། མ་འབྱོར་ན་ཐོར་ཚུགས། སྟོད་གཡོགས། སྨད་གཡོགས་རྣམས་དཀར་པོར་བྱ། སྟན་བདེ་བ་ལས་པདྨའི་འདུག་སྟངས་ཀྱིས་ཁ་ཤར་ཕྱོགས་ལ་བལྟས་པའི་ངག་བཅད། གཉིས་པ་དངོས་གཞི་ནི། ལས་བྱང་གི་གཞུང་བསྲངས། ཚོགས་ཐ་མ་ཡན་གཏོང་བའམ། དེའི་སྔོན་དུ་བཏང་ཟིན་ཀྱང་མི་འགལ། རྡོར་དྲིལ་དང་། རྔ་བྱིན་རླབས་བྱེད་པར་སྤྲོ་ན་བཀའ་བརྒྱད་གསང་རྫོགས་ལྟར་དང་། མ་བྱས་ཀྱང་ཆད་ལྷག་ཏུ་མི་འགྱུར། གཟར་བུ་གཉིས་བརླབ་པ་ནི། (༣བ)


GLG024_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཡེ་ཤེས་ལྷའི་ཐུགས་རྒྱུད་བསྐུལ། བྱིན་རླབས་རྣམས་འོད་ཟེར་གྱི་ཚུལ་དུ་བཀུག་སྟེ་གཟར་བུ་གཉིས་ལ་ཐིམ། དེ་ཞུ་བ་ཧཱུཾ་ལས་བླུགས་གཟར་རྡོ་རྗེ་དང་ཨ་ལས་དགང་གཟར་དྲིལ་བུའི་རྣམ་པ་ཅན་ཡོངས་སུ་གྱུར་པ་ལས་དབང་ཆེན་དམར་ནག་བེ་ཅོན་དང་སྡིགས་མཛུབ་མཛད་པ། པདྨ་གར་དབང་མཐིང་ནག་ཙིཏྟ་དང་དུང་ཁྲག་འཛིན་པ་དང་སྙོམས་པར་ཞུགས་པའི་རྐྱེན་གྱིས་འོད་དུ་ཞུ་ནས་བླུགས་གཟར་དང་དགང་གཟར་གྱི་རྣམ་པར་བསམ། ལས་བུམ་བསྒྲུབ་པ་ནི་དབང་ཆུ་བདེ་ཆེན་མྱུ་གུ་ལྟར་བྱེད། མཆོད་པ་སྨན་གཏོར་རཀྟ་བརླབ་པ་ལས་བྱང་ལྟར་བྱ། སྲེག་རྫས་འབྲུ་གསུམ་བྱིན་རླབས་བྱ། །ཞེས་པ་ལྟར། གཡས་སྐོར་གྱིས་བསང་ཆུ་དང་། སྨན་ཕུད་ནས་ཀྱང་གཏོར་ཏེ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཉི་ཟླའི་གཞོང་པ་གའུ་ཁ་སྦྱོར་གྱི་ནང་དུ་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་སྲེག་རྫས་རྣམས་དངས་ཤིང་ཐོགས་པ་མེད་པ་སོ་སོའི་མཚན་ཉིད་ཡོངས་སུ་རྫོགས་ཤིང་རང་རང་གི་ཞི་བའི་ལས་རབ་འབྱམས་མ་ལུས་པ་བསྒྲུབ་པའི་ནུས་པ་དང་ལྡན་པར་བསམས་ལ་ཕྱག་རྒྱ་དང་བཅས་རྫས་རྣམས་བཀྲུས་པར་མོས་ཏེ་ཨཱོཾ་ཨཱོཾ་སྭཱཧཱ། ཡཾ་ཤིང་ལ་ཨཱོཾ་ཨཱཿསྭཱཧཱ། མར་ལ་ཨཱོཾ་ཤྲཱི་སྭཱཧཱ། འབྲུ་ལ་ཨཱོཾ་ཛྲིཾ་སྭཱཧཱ། རྫས་གཞན་རྣམས་ལ་ཨཱོཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨཱོཾ་ཨཱཿཧཱུཾ་འཇིགས་པ་བརྒྱད་ལ་སོགས་པ་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱཧཱ། ཞེས་ནུས་ལྡན་བདུད་རྩིར་བརླབ། མེ་བསྒྲུབ་པ་ནི། བྲམ་ཟེ་རྒྱུན་བཞག་གི་མེ་ལྟ་བུ་ལས་སྦར་བའི་དཔལ་འབར་ཐལ་ལོ་ཁ་སྦྱར་བའི་བར་དུ་བཟུང་སྟེ་ལན་གསུམ་གཡས་སུ་བསྐོར་བ་དང་མཉམ་དུ་བསྙེན་(༤ན)


GLG024_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་བཟླ་ཞིང་། ཏིང་ལོ་སྤར་བ་དང་བཅས། ཨཱོཾ་ཨགྣེ་རཾ་ཛྭ་ལ་རཾ་ཞེས་བརྗོད། ཐབ་བསངས་མེ་སྦར་མེ་སྲོག་གཟུང་། །ཐུགས་ཀའི་ཧྲཱིཿལས་རཾ་ཆད་དེ། །རཾ་ལས་མེ་ལྷ་དམར་སེར་ནི། །ར་ཞོན་མེ་ངར་ལྕགས་ཀྱུ་ཐོགས། ཨགྣེ་ཛཿཧཱུཾ་བཾ་ཧོཿཡིས། །དགུག་གཞུག་གནས་གསུམ་བྱིན་གྱིས་བརླབ། །སྣང་བ་མཐའ་ཡས་རྒྱ་ཡིས་བཏབ། །ཅེས་པ་ལྟར། ཐབ་བསངས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་བྱུང་བའི་ཞི་བའི་ཐབ་ཁུང་ཟླུམ་པོ་དཀར་པོ་རྒྱར་གྲུ་གང་པ། དཔངས་སུ་ཁྲུ་ཕྱེད་པ། ཁ་ཁྱེར་དང་མུ་རན་ལ་རྡོ་རྗེའི་ཕྲེང་བ་ཟླུམ་པོར་བསྐོར་བ། ཕྱི་རོལ་གྱི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ་དངས་ཤིང་ཐོགས་པ་མེད་པ་མེ་འབར་བའི་དབུས་སུ་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་ཐུགས་ཀའི་ཧྲཱིཿལས་རཾ་ཡིག་ཅིག་ཆད་པ་ལས་འོད་ཟེར་འཕྲོས། འདུས་ཡོངས་སུ་གྱུར་པ་ལས་མེ་ལྷ་དཀར་པོ་ར་སྐྱེས་ལ་ཞོན་པ་ཞལ་གཅིག་ཕྱག་གཉིས་པ་གཡས་མེ་དར་དང་གཡོན་སྐྱབས་སྦྱིན་གྱི་ཕྱག་རྒྱས་བགྲང་འཕྲེང་འཛིན་པ། གསུས་ཁྱིམ་ཆེ་བ་རལ་པའི་ཐོར་ཚུགས་ཅན། སྨ་ར་ཨག་ཚོམ་དང་ཚངས་པའི་སྐུད་པ་འཆང་བ། སྐུ་ལས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་འཕྲོ་ཞིང་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བར་བསམ། སྙན་གསན་ནི། ཧོ། མེ་ལྷའི་རྒྱལ་པོ་དྲང་སྲོང་ཁྱེད་སྔོན་ལྷའི་དབང་དུ་སྦྱིན་སྲེག་མཛད་འཚལ་ཏེ་དེང་བདག་ཅག་གི་ནད་གདོན་བར་ཆད་དང་། སྔགས་ཀྱི་ཆད་ལྷག་གི་ཉེས་པ་ཞི་བའི་སླད་དུ་སྦྱིན་སྲེག་གི་མཆོད་པ་ལ་སྤྱན་འདྲེན། མཆོད་པ་འབུལ་ལགས་ན་ཐུགས་རྗེ་དང་དམ་ཚིག་གི་(༤བ)


GLG024_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གིས་འདི་ཉིད་དུ་གཤེགས་སུ་གསོལ། བཛྲ་ས་མ་ཡ་ཛཿ མེ་དར་རམ་རླུང་གཡབ་དང་བཅས་ནས། ཧཱུཾ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །མེ་ལྷ་དྲང་སྲོང་བྲམ་ཟེ་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཨ་ལ་ལ་སྟེ་དགྱེས་པར་མཛོད། །ཨགྣ་ཡེ་དེ་བ་རཾ་ཥ་ཛིཿཛིཿ ཞེས་བརྗོད་པས་མེ་ལྷ་འཁོར་བཅས་རི་རབ་ཀྱི་མེ་མཚམས་ནས་བྱོན་པ་དམ་ཚིག་པ་ལ་ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་བསམ། པདྨ་ཀ་མ་ལ་ཡེ་སྟྭཾ་ཞེས་གདན་དབུལ། ལྷ་ཚོགས་རྣམས་ཀྱི་སྤྱི་བོར་ཨཱོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པར་བསམ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས། བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས་སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་པར་བསམ། མེ་གསོ་ཕྱིར་རྩྭ་སྐམ་ཅུང་ཟད་བཅུག་བླུགས་གཟར་གསུམ་བླུག་ཅིང་རླུང་དར་གཡབ། མེ་པྲ་བརྟག་ལ་ལྟ་བས་རྒྱས་ཐེབས་ན་ངན་པ་འཆོས་མི་དགོས་ཀྱང་། གཞན་དུ་ཀུན་རྫོབ་རྟེན་འབྲེལ་གྱི་ཆོ་ག་བྱེད། ཕྱི་ལྔ་ནང་གསུམ་བརྒྱད་དུ་འབུལ། སྲེག་པའི་རྫས་ཀྱང་བདུན་དུ་དབུལ། །རྩི་ཐོག་མར་ཀྱང་ཐེངས་གསུམ་འབུལ། །མེ་ལྷ་ཞུ་ནས་མེ་རུ་འབར། །ཞེས་པ་ལྟར། ཧཱུཾ། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །ཞི་བའི་དོན་ལ་དམ་ཚིག་དགོངས། །གཟི་བརྗིད་ཆེ་ཞིང་ཐུགས་རྗེར་ལྡན། །བདག་ཅག་གུས་པས་ཁྱེད་ཕྱག་འཚལ། །ཨཱོཾ་ཨགྣ་ཡེ་དེ་བ་རྀ་ཥི་ཨ་ཏི་པུ་ཧོཿཔྲ་ཏཱིཙྪ་ཧོཿས་ཕྱག་བྱ། ཧཱུཾ། བདུག་སྤོས་སྣང་(༥ན)


GLG024_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ཞུགས་ཏོག་སྒྲ། །ཞལ་ཟས་དྲི་ཆབ་གཙང་མ་འདི། །མེ་ལྷ་དྲང་སྲོང་འཁོར་བཅས་ལ། །བདག་གིས་དད་པས་འབུལ་ལགས་ཀྱིས། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། །ཨཱོཾ་ཨགྣ་ཡེ་དེ་ཝ་རྀ་ཥི་བཛྲ་དྷཱུ་པེ་པཱུ་ཛ་ཧཱུཾ་ནས། ཤཔྟ་པཱུ་ཛ་ཧཱུཾ་གི་བར་དང་། སྔགས་མཇུག་ཏུ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་བྷ་ལིཾ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། སྔགས་མཇུག་ཏུ་གྷ་ན་ཙཀྲ་པཱུ་ཛ་ཁཱ་ཧི། ཀུ་ཤ་ལག་གཡོན་དུ་བཟུང་སྟེ་བསངས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་ཀུ་ཤ་སྔོ་ལྗང་རྩ་རྩེ་མ་ཉམས་པ་དངས་ཤིང་ཐོགས་པ་མེད་པ་ཞི་བའི་ལས་རབ་འབྱམས་བསྒྲུབ་པའི་ནུས་པ་དང་ལྡན་པར་བསམས་ལ། ཀུ་ཤ་འདི་ནི་གཙང་ཞིང་དགེ །ས་ལས་སྐྱེས་པའི་སྙིང་པོ་མཆོག །དཀོན་མཆོག་གསུམ་གྱི་དགེ་བྱེད་དེ། །ཚངས་པ་ཡི་ཡང་དགེ་བྱེད་ཡིན། །འདི་ཡིས་བདག་ལ་གེགས་མེད་ཅིང་། །ལས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བཛྲ་སཏྭ་ཨ། ཞེས་ཀུ་ཤ་རྣམས་རྩེ་མོ་གཡས་སྐོར་དུ་རིམ་པ་བཞིན་རྩ་བས་རྩེ་མོ་མནན་ལ་དགྲམ། བྱོན་ཟན་འབུལ་བ་ནི། མེ་ལྷའི་ཞལ་འཛུམ་ཞིང་ཅུང་ཟད་གདངས་པའི་ལྕེ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་ཧཱུཾ་དང་དགང་བླུགས་ཀྱི་རྩེ་ལ་རཾ་ཡིག་གིས་མཚན་པར་མོས་ནས། ཨཱོཾ་ཨགྣ་ཡེ་སྭཱཧཱ་ཞེས་བརྗོད་ཅིང་། བླུགས་གཟར་བདུན་གྱིས་དགང་གཟར་བཀང་ལ་པུས་མོའི་ཁོངས་ལས་ལག་པ་གཉིས་མི་འདའ་བའི་རྡོ་རྗེ་ཁུ་ཚུར་རམ་བྱང་ཆུབ་མཆོག་གི་ཕྱག་རྒྱས་གཟར་བུ་གཉིས་ཁ་སྦྱར་ཞིང་གཡས་སུ་བསྐོར་ཏེ། ཨཱོཾ་ཨགྣ་ཡེ་དི་བྱ་དི་བྱ་བི་ཤུདྡྷེ་ཤྲཱི་ཧ་བྱ་ཀ་བྱ་བ་ཧ་ན་ཡེ་བདག་ཅག་གི་ཏིང་ངེ་འཛིན་མི་གསལ་ཞིང་སྔགས་ཆད་ལྷག་(༥བ)


GLG024_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཉེས་པ་དང་ནད་གདོན་སྡིག་སྒྲིབ་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱཧཱ། ཞེས་ལན་གསུམ་གྱིས་འབུལ་ཞིང་བླ་བྲེ་བརྟག །འདིར་བསྙེན་པ་ཁ་སྐོང་གི་སྤེལ་ཚིག་བཀོད་པ་ཡིན་ལ། ལས་གཞན་བསྒྲུབ་ན་ཁ་སྒྱུར་ལུགས་མཐོང་བརྒྱུད་ཀྱི་ཕྱག་ལེན་ལྟར་བྱེད། མེ་ལྷའི་ཐུགས་ནས་འོད་འཕྲོས་པས། །བསྒྲུབ་བྱའི་ནད་གདོན་སྡིག་སྒྲིབ་སོགས། །མི་མཐུན་ཕྱོགས་ཀུན་དུད་ཁུ་དང་། །རྣག་ཁྲག་སྲོག་ཆགས་གཟུགས་བརྙན་ཚུལ། །བ་སྤུའི་བུ་ག་ཐམས་ཅད་ནས། །ཕྱིར་ཐོན་སྲེག་རྫས་རྣམས་ལ་ཐིམ། །ཞེས་བརྗོད། ཧཱུཾ། དྲང་སྲོང་མེ་ལྷ་འཁོར་བཅས་ལ། །རྫས་ཆེན་སྣ་ཚོགས་སྲེག་རྫས་འབུལ། །ཚེ་དཔལ་བསོད་ནམས་སྟོབས་འབྱོར་དང་། །ལུང་རྟོགས་ཆོས་སྲིད་ལེགས་ཚོགས་ལ། །བར་དུ་གཅོད་པའི་གདོན་བགེགས་དགྲ །གཏད་སེལ་མནན་དབྱེ་ཐོད་གཏོང་བྱེད། །དབུལ་ཕོངས་ནད་རིམས་དུས་མིན་འཆི། །སྡིག་སྒྲིབ་ཉེས་ལྟུང་ཇི་སྙེད་པ། །མ་ལུས་བྱང་ཞིང་དག་འགྱུར་བའི། །ཞི་བའི་འཕྲིན་ལས་དུས་ལ་བབས། །ཞེས་བརྗོད་དེ་གཡོན་པས་སྲེག་རྫས་ཀྱི་སྣོད་བཟུང་གཡས་པའི་མཐེབ་སྲིན་གྱིས་བླངས་ཏེ། འོག་ནས་བསྐོར་ཞིང་མཆོག་སྦྱིན་གྱི་ཕྱག་རྒྱས་ཡམ་ཤིང་ནི། ཨཱོཾ་ཨགྣ་ཡེ་བཛྲ་ཛྙཱ་ཡ་བདག་ཅག་གི་ཏིང་ངེ་འཛིན་མི་གསལ་ཞིང་སྔགས་ཆད་ལྷག་གི་ཉེས་པ་དང་གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་སོགས་ནད་གདོན་སྡིག་སྒྲིབ་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱཧཱ། རྫས་སྤྱི་ལ། དྲང་སྲོང་ཆེན་པོས་སྔོན་ཆད་མ་བསྟར་བའི། །ཏིང་འཛིན་དབང་སྒྱུར་ཞལ་ཟས་བདུད་རྩི་འདི། །དག་ཅིང་གཙང་མར་བཤམས་པ་འབུལ་ལགས་ཀྱིས། །ཡེ་ཤེས་ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། །ཨཱོཾ་ཨགྣ་ཡེ་(༦ན)


GLG024_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཝ་ཧ་བྱ་ཀ་བྱ་ཏི་ཨྱ་མ་ཧཱ་ནེ་ཡ་བདག་ཅག་གི་ཏིང་ངེ་འཛིན་མི་གསལ་ཞིང་སྔགས་ཆད་ལྷག་གི་ཉེས་པ་དང་ནད་གདོན་སྡིག་སྒྲིབ་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱཧཱ། ཞེས་སྤེལ་ཚིག་ཐོག་མཐའ་གཉིས་སུ་ཅི་རིགས་དང་རྫས་སྔགས་རྐྱང་པས་བདུན་ནམ་བཅུ་བཞི་ཉེར་གཅིག་སོགས་སྐབས་སྦྱར་དབུལ། ཤིང་བྱང་བྱེད་པར་སྤྲོ་ན་གཞན་ནས་ལེན། ཧཱུཾ། སྲེག་རྫས་མཆོད་པས་མེ་ཡི་ལྷ། །མཉེས་ཏེ་སྐུ་ལས་འོད་ཟེར་འཕྲོས། །བསྒྲུབ་བྱའི་སྙིང་གར་ཕོག་པ་ཡིས། །སླར་ཡང་སྒོ་གསུམ་སྡིག་སྒྲིབ་བསྲེགས། །འོད་ཟེར་བདུད་རྩིའི་ཆུ་རྒྱུན་ལྟར། །སྦགས་པས་ནད་གདོན་སྡིག་སྒྲིབ་སོགས། །མི་མཐུན་ཕྱོགས་རྣམས་རབ་བཀྲུས་ཏེ། །བཤང་གཅིའི་ལམ་ནས་ཐོན་པར་གྱུར། །ཞེས་བརྗོད། ཧཱུཾ། སངས་རྒྱས་རིགས་ཀྱི་སྤྲུལ་པ་མཆོག །མེ་ཡི་ལྷ་ནི་སྣང་མཐའ་ཡས། །མེ་ཡི་ལྷ་མོ་གོས་དཀར་མོ། །རྒྱལ་བས་ཀུན་གྱི་འོད་མཆོག་ཏེ། །འབྱུང་བ་མེ་ལ་དབང་སྒྱུར་ཅིག །ཐམས་ཅད་ཀུན་གྱི་སྲོག་བདག་ཡིན། །སྲིད་གསུམ་བསྲེག་པར་ཞལ་གྱིས་བཞེས། །འཁོར་བ་བསྲེག་པའི་འཕྲིན་ལས་ལ། །ཐུགས་རྗེའི་དབང་གིས་ཡོངས་མི་འདའ། །མེ་ཡི་ལས་གཉེར་གཏད་བྱའི་ཕྱིར། །མེ་ལྷའི་རྒྱལ་པོ་འཁོར་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་བསྟོད་དེ། མེ་ལྷ་དྲང་སྲོང་གི་རྒྱལ་པོ་ཁྱོད་ལ་འཕྲིན་ལས་སུ་གཞོལ་བ་ནི། སྔོན་ཐུགས་དམ་ཞལ་གྱིས་བཞེས་པ་བཞིན་དུ་མེ་འབར་བ་དང་གཉིས་སུ་མེད་པར་བཞུགས་ནས་སྦྱིན་སྲེག་གི་ཞལ་ཟས་རྣམས་ཁྲག་འཐུང་ལྷ་དགུའི་དཀྱིལ་འཁོར་དུ་གནས་སྟོན་པར་མཛད་དུ་གསོལ། ཞེས་བརྗོད་ཅིང་། བླུགས་གཟར་གསུམ་དབུལ། མེ་ལྷ་འོད་(༦བ)


GLG024_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཞུ་ནས་མེ་འབར་བའི་རྣམ་པ་ཅན་དུ་གྱུར། འཇིག་རྟེན་ལས་འདས་པའི་མེ་ལྷ་མཆོད་པ་ནི། དེ་ཀློང་དབང་ཆེན་དཀྱིལ་འཁོར་ནི། །སྙིང་པོ་ཙམ་གྱི་ཆུ་སྦུར་ཚུལ། །དབང་བསྐུར་སྤྱན་དྲངས་ཕྱག་རྒྱས་བསྟིམ། །ཞེས་པའི་དོན་མེ་འབར་བའི་དབུས་སུ་རྟེན་བརྟེན་པའི་ས་བོན་དང་སྙིང་པོ་བརྗོད་པ་ཙམ་གྱིས་ཆུ་ལས་ཆུ་ལྦུར་རྡོལ་བའི་ཚུལ་དུ་བསྐྱེད་པར་བཤད་པ་བཞིན་བྱས་པས་ཆོག་མོད། འོན་ཀྱང་ལས་བྱང་གཞུང་བཞིན་བྱས་པས་འཇུག་པ་བདེ་ཞིང་གསལ་འདེབས་ཀྱི་རྐྱེན་དུ་འགྱུར་བས། ཡེ་ཤེས་མེ་དཔུང་རབ་ཏུ་འབར་བའི་དབུས། བྷྲུཾ་ལས་ཐོད་པ་རིན་ཆེན་གཞལ་ཡས་ཁང་། ཞེས་པ་ནས། ཁྲག་འཐུང་རིགས་ལྔས་དབུ་ཡི་རྒྱན་དུ་རྫོགས། ཞེས་པའི་བར་ལ་གདན་སྟེང་རྒྱུ་ཏིང་ཧཱུཾ་ཡིག་བབས་པ་ལས། ཞེས་པ་དོར་བའི་རང་ཉིད་དཔལ་ཆེན་ཞེས་པ་རང་ཉིད་དཔལ་ཆེན་དུ་བསྒྱུར། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཛཿཧཱུཾ་བཾ་ཧོཿནས། དུར་ཁྲོད་ཆས་བརྒྱན་མེ་དཔུང་ཀློང་ན་བཞུགས། །ཀྱི་བར་སོང་ནས། གཙོ་འཁོར་ཀུན་ཀྱང་སྐུ་མདོག་རྩ་བའི་ཞལ། །རབ་དཀར་ཞི་མ་ཁྲོ་ཡི་འཛུམ་མདངས་ཅན། །དཀར་ལ་འཚེར་བའི་འོད་ཟེར་འཕྲོ་བ་ཡི། །ཞི་བའི་ལས་ཀུན་མཛད་པའི་རྣམ་པར་གྱུར། །ཧྲཱིཿ ཡེ་ནས་ཀ་དག་ཆོས་སྐུའི་ཀློང་ཡངས་ནས། །ཞེས་པ་ནས། ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ་གྱི་བར་བརྗོད། བསྐྱེད་སྔགས་མཆོད་པས་མཐའ་བསྒྱུར་ནས། །ཕྱི་ལྔ་ནང་གསུམ་ཉེར་གཅིག་བགྲང་། །རྫས་རེ་སྔགས་རེས་དབུལ་བར་བྱ། །ཞེས་དང་། རིགས་བཞི་སྒོ་མ་བཞི་རྣམས་ལ། །མཆོད་པ་སྲེག་རྫས་བདུན་བདུན་དབུལ། །ཞེས་པ་ལྟར། ཧྲཱིཿ བདུག་སྤོས་སྣང་གསལ་ཞུགས་ཏོག་སྒྲ། །ཞལ་ཟས་དྲི་ཆབ་འདི་རྣམས་ཀྱང་། །པདྨ་(༧ན)


GLG024_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཆེན་དཀྱིལ་འཁོར་ལ། །མཆོད་པར་འབུལ་ལོ་བཞེས་སུ་གསོལ། །ཨཱོཾ་བཛྲ་ཀྲོ་དྷ་ཧ་ཡ་གྷྲཱི་ཝ་ས་པ་རི་ཝཱ་ར་བཛྲ་དྷཱུ་པཾ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུཾ། ནས་བཛྲ་ཤཔྟའི་བར་གྱིས་ཕྱི་མཆོད་ལྔ། རང་བྱུང་གདོད་ནས་རྣམ་པར་དག །ནས། ཨཱོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧིའི་བར། ཧྲཱིཿ ཁྱད་པར་འདོད་ཡོན་མཆོད་པ་མཆོག །ནས། སྒོ་མ་བཞི་ཡི་ཐུགས་དམ་བསྐང་། །མ་ཧཱ་བྷ་ལིཾ་ཏ་ཁ་རཾ་ཁཱ་ཧི། ཧྲཱིཿ སྣ་ཚོགས་ཁྲག་གི་མཚོ་འཁྱིལ་བའི། །ནས། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧིའི་བར་རྣམས་ཀྱིས་ནང་གི་མཆོད་པ་གསུམ། གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས། །འདོད་ཡོན་ལྔ་ལྡན་ཚོགས་ཀྱི་མཆོད་པ་འདི། །བཅོམ་ལྡན་འདས་དབང་ཆེན་པདྨ་ལྷ་ཚོགས་ལ། །གུས་པས་འབུལ་ལོ་ཞི་བའི་འཕྲིན་ལས་མཛོད། །ཨཱོཾ་བཛྲ་ཀྲོ་དྷ་ཧ་ཡ་གྷྲཱི་ཝ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། བྱོན་ཟན་ནི། ཡེ་ཤེས་པའི་ལྷ་ཚོགས་རྣམས་ཀྱི་ཞལ་འཛུམ་ཞིང་ཅུང་ཟད་གདངས་པའི་ལྗགས་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་ཧཱུཾ་དང་། དགང་བླུགས་ཀྱི་རྩེ་ལ་རཾ་ཡིག་གིས་མཚན་པར་བསམས་ལ། ཕྱག་རྒྱ་སོགས་སྔར་ཇི་ལྟ་བས་ཨཱོཾ་བཛྲ་ཀྲོ་དྷ་ཧ་ཡ་གྷྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ་ཚར་བདུན་བརྗོད་ཅིང་བླུགས་གཟར་བདུན་གྱིས་དགང་གཟར་འགེང་བ་སོགས་མེ་ལྷའི་སྐབས་ལྟར་བྱས་ཏེ་ཨོཾ་ཨགྣ་ཡེ་དི་བྱ་དི་བྱ་ནས་ཤཱནྟིཾ་ཀུ་རུ་སྭཱཧཱའི་བར་གྱིས་སྔར་བཞིན་ལན་གསུམ་འབུལ། འདས་ལྷའི་ཐུགས་ནས་འོད་འཕྲོས་པས། །སོགས་བརྗོད། ཧྲཱིཿ ཁམས་གསུམ་ཟ་བར་བྱེད་པའི་རྐན་སྒྲ་ཅན། །གདུག་པ་འདུལ་མཛད་དབང་ཆེན་ལྷ་ཚོགས་ལ། །ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། །རྒྱུད་ལྔའི་བག་ཆགས་མ་ལུས་བསྲེགས་སྦྱངས་(༧བ)


GLG024_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །བདུད་རྩི་སྨན་དང་གསང་བའི་མཆོད་པ་སོགས། །དམ་རྫས་གཏོར་མ་སྦྱིན་སྲེག་མཆོད་པ་འབུལ། །ཡེ་ཤེས་ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། །དམ་ཉམས་དམ་སྐོངས་མཐུ་དང་དངོས་གྲུབ་སྩོལ། །ཞེས་ལྷ་སོ་སོའི་བསྙེན་སྔགས་བརྗོད་པ་ཙམ་གྱི་ཁྱད་པར་ལས་མེ་ལྷའི་སྐབས་ལྟར་དབུལ་ཞིང་། གྲངས་གསོག་ན་གཙོ་འཁོར་གྱི་ཁྱད་པར་རིགས་པས་དཔྱོད། བསྙེན་པ་ཁ་སྐོང་གི་དུས་ཡིན་ན། རྫས་ཆེན་བཅུ་གཉིས་ཀྱི་ཚེ་རྫས་ཀྱི་གྲངས་གསོག་པ་ཏིལ་ལ་ཆིག་དྲིལ་བྱེད་པ་ཡིན་ཀྱང་། འདིར་དེའི་ཐ་སྙད་མེད་པས་རིལ་བུ་རང་ལ་བྱེད་དགོས་སོ། །སྲེག་རྫས་མཆོད་པ་ཡེ་ཤེས་ལྷ། །ཞེས་སོགས་བརྗོད། ཧྲཱིཿ དམར་ནག་གྲུ་གསུམ་དབང་གི་དཀྱིལ་འཁོར་ནས། །ཞེས་པ་ནས། ཡབ་ཡུམ་གཙོ་འཁོར་བཅུ་ལ་ཕྱག་འཚལ་ལོ། །ཞེས་པའི་བར་གྱིས་བསྟོད། དགང་བླུགས་བདུན་ཚན་གསུམ་བྱོན་ཟན་ལྟར་དབུལ། །དབང་ཆེན་ཡང་གསང་ཁྲོས་པ་ཡབ་ཡུམ་དང་། །རིགས་བཞིའི་སྒོ་མ་དཀྱིལ་འཁོར་ལྷ་ཚོགས་ལ། །ཉེར་སྤྱོད་ལྔ་དང་སྨན་རཀ་གཏོར་གསུམ་སོགས། །གུས་པས་འབུལ་གྱི་བརྩེ་བས་བཞེས་སུ་གསོལ། །ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྷྲཱི་ཝ་ས་པ་རི་ཝཱ་ར་བཛྲ་དྷཱུ་པེ་སོགས་དང་། སརྦ་པཉྩ་དང་། མ་ཧཱ་རཀྟ་སྦྱར། གཏོར་མ་ལས་བྱང་ལྟར་བརླབ། ཁྱད་པར་འདོད་ཡོན་མཆོད་པ་མཆོག །ཅེས་སོགས་གོང་ལྟར་དང་། ཨོཾ་བཛྲ་ཏམྦུ་ལ་ཡེ་སྭཱཧཱས་སོ་རྩི་དང་། ཨཱོཾ་བཛྲ་ཝ་སྟྲ་ཡེ་སྭཱཧཱས་གོས་ཟུང་དབུལ། ཕྱི་མཆོད་ལྔས་མཆོད། དམར་ནག་གྲུ་གསུམ་དབང་གི་དཀྱིལ་འཁོར་ནས། །ཞེས་སོགས་ཤླཽ་ཀ་གཅིག་གིས་བསྟོད། ཧོཿ ན་མོ་དམར་ནག་གྲུ་གསུམ་འབར་བའི་གཞལ་ཡས་ཁང་དུ། (༨ན)


GLG024_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་པདྨ་དབང་ཆེན་འཁོར་དང་བཅས་པ་ལ་སྦྱིན་སྲེག་གི་མཆོད་པ་ཚུལ་བཞིན་དུ་སྦྱར་ཏེ་ཕུལ། སྐུ་གསུང་ཐུགས་ཀྱི་རྒྱུད་མཉེས་ཏེ་དགྱེས་ཤིང་ལོངས་སྤྱོད་པར་གྱུར་ཅིག །དེའི་བྱིན་རླབས་ཀྱིས་བདག་གིས་ཀྱང་ཆགས་སྡང་གི་སྒོ་ནས། ལས་ངན་པའི་བག་ཆགས་ཅི་བསགས་པ་ཐམས་ཅད་དག་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་ནས། བཅོམ་ལྡན་འདས་པདྨ་དབང་ཆེན་གྱི་ཞལ་མངོན་སུམ་དུ་མཐོང་བར་གྱུར་ཅིག །དེ་ལྟ་བུའི་དགེ་བའི་རྩ་བ་ལ་བརྟེན་ནས། ཡོན་བདག་བསོད་ནམས་ཀྱིས་འཛིན་ཞིང་། སྨོན་ལམ་གྱི་བྱེད་པ་རྣམས་ཀྱི་འཕྲིན་ལས་སུ་གསོལ་བ་ནི། གནས་སྐབས་སུ་ནད་གདོན་བར་ཆད་དགྲ་བགེགས་འབྱུང་པོའི་གནོད་པ་དང་། མཐར་ཐུག་བྱང་ཆུབ་བསྒྲུབ་པར་གེགས་བྱེད་ཀྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་དག་ཅིང་། ཁྱད་པར་ཡང་གསང་ཁྲོས་པའི་ལྷ་ཚོགས་བསྙེན་ཅིང་བསྒྲུབས་པའི་སྔགས་ཆད་ལྷག་གི་ཉེས་པ་ཞི་ནས་འཕྲིན་ལས་ཐམས་ཅད་ཀྱི་འབྲས་བུ་མྱུར་དུ་འབྱིན་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་འདོད་དོན་གསོལ། སྣང་བ་མཐའ་ཡས་ཀྱི་ཡིག་བརྒྱ་ལན་གསུམ་དང་། མ་འབྱོར་བ་སོགས་ཀྱིས་ཆད་ལྷག་ཁ་བཀང་། རང་ལ་དཀྱིལ་འཁོར་བསྡུ། མེ་ལྷ་མཆོད། ཡེ་ཤེས་མེ་ལྷ་གཤེགས་སུ་གསོལ། །དམ་ཚིག་མེ་ལྷ་རང་ལ་བསྡུ། །ཐལ་བའི་དངོས་གྲུབ་ཚིག་སྔགས་བླངས། །འབྱུང་པོ་ལྷག་མ་ཚིམ་པར་བྱ། །སྨོན་ལམ་བཏབ་དང་བཀྲ་ཤིས་བརྗོད། །ཐལ་བ་ཆུ་ཡིས་རྒྱུན་ལ་བརྐྱལ། །ཞེས་པ་ལྟར། ཨཱོཾ་ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛད། །ཅེས་སོགས་ཀྱི་མཇུག་ཏུ་བཛྲ་མུཿས་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་(༨བ)


GLG024_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས། །དམ་ཚིག་པ་བདག་ལ་ཐིམ་པར་བསམ། གསུམ་པ་རྗེས་ཀྱི་རིམ་པ་ལ། སླར་ཡང་འཇིག་རྟེན་པའི་མེ་ལྷ་མཆོད་པ་ནི། བླུགས་གཟར་གང་ཕུལ་བས། འཇིག་རྟེན་པའི་མེ་ལྷ་སྔར་བཞེངས་པ་ལ། བདུག་སྤོས་སྣང་གསལ་ཞུགས་ཏོག་སྒྲ། །ཞེས་པ་ནས། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧིའི་བར་བརྗོད། ཧྲཱིཿ དྲང་སྲོང་མེ་ལྷ་འཁོར་བཅས་ལ། །རྫས་ཆེན་སྣ་ཚོགས་སྲེག་རྫས་འབུལ། །ཞེས་སོགས་ཀྱིས་རྫས་རྣམས་སྔར་ལྟར་དང་། གཤེགས་སྐྱེམས་བདུན་ཚར་གསུམ། སོ་རྩི། གོས་ཟུང་གཏོར་བརླབ་རྣམས་སྔར་བཞིན་བྱ། ཨཱོཾ་ཨགྣ་ཡེ་དེ་ཝ་རྀ་ཥི་ས་པ་རི་ཝཱ་ར་མ་ཧཱ་བ་ལིཾ་ཏ་པཱུ་ཛ་ཁཱ་ཧི་ལན་གསུམ་དང་། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་པ་ནས། ཡིད་འོང་འདོད་པ་ཀུན་གྲུབ་ཤོག་གི་བར་བརྗོད། གོང་ལྟར་བསྟོད། མེ་ལྷ་འཁོར་བཅས་ཁྱེད་རྣམས་ཀྱིས། །བདག་ཅག་དཔོན་སློབ་རྒྱུ་སྦྱོར་ལ། །གནོད་བྱེད་ནད་གདོན་དགྲ་བགེགས་དང་། །མཐུ་བྱད་དབུལ་ཕོངས་དུས་མིན་འཆི། །སྡིག་སྒྲིབ་ཉེས་ལྟུང་མ་ལུས་པ། །ཞི་ཞིང་དག་པར་མཛད་དུ་གསོལ། །ཞེས་འདོད་དོན་གསོལ། སྔར་བཞིན་ཕྱི་མཆོད་ལྔས་མཆོད། ཡིག་བརྒྱ་དང་། མ་འབྱོར་བ་སོགས་ཀྱིས་བཟོད་པར་གསོལ། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་མཛད་ལགས་ཀྱི། །ཚིམ་ཞིང་དགྱེས་པར་མཛད་ནས་ཀྱང་། །རང་གནས་བཟང་པོར་གཤེགས་སུ་གསོལ། །ཨཱོཾ་ཨགྣ་ཡེ་དེ་ཝ་རྀ་ཥི་ཡ་ཧི་གཙྪ། ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། །དམ་ཚིག་པ་ཛཿཧཱུཾ་བཾ་ཧོཿས་རང་དང་གཉིས་སུ་མེད་པར་བསམ། གྲལ་ཟླུམ་པོར་བསྐོར་ཞིང་སྲིན་ལག་སྦྲེལ། དཔལ་ཆེན་ཐུགས་ཀྱི་(༩ན)


GLG024_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ནས། །མ་རིག་ཤ་ཡི་ཕུང་པོ་ལ། །ཀུན་མཁྱེན་གསལ་བའི་བྲོ་བརྡུངས་པས། །གཏི་མུག་མུན་པའི་ཚོགས་ཆེན་བཅོམས། །སུམ་བྷ་དང་བཅས་བྲོ་བརྡུངས། ཐལ་བ་ནས་ཅུང་ཟད་བླངས་ལ། ཧྲཱིཿ ཡེ་ཤེས་ཁྲོ་རྒྱལ་དབང་ཆེན་གྱིས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མཆོག །རྣལ་འབྱོར་ལུས་ངག་ཡིད་ལ་ཐིམ། །གཉིས་མེད་གྱུར་ནས་བརྟན་པ་ཆེ། །ཀཱ་ཡ་སིདྡྷི་ཨཱོཾ། ཝཱཀྐ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུཾ། ཞེས་དངོས་གྲུབ་བླངས། ཚོགས་ལྷག །ཆད་མཐོ། བསྟན་སྐྱོང་། མཇུག་ཆོག སྨོན་ལམ་ཤིས་བརྗོད་ཀྱི་བར་བྱ། སྦྲེལ་ནས་བྱེད་ན་ཐལ་བ་ནེམ་ཙམ་བྱས་པའི་སྟེང་། ཨོང་ཀོང་བརྩིགས་ཏེ་ཆོ་ག་ལ་འཇུག །མེ་མ་ཤིའི་བར་མི་བསྒུལ་ཞིང་རིངས་ཁྱད་ཡོད་ན་འོ་མས་གཞིལ་བ་སོགས་ཀྱང་བྱ། བྱིན་རླབས་ཀྱི་རྫས་སུ་འཇུག་པའི་ཐལ་བ་ཚགས་བྱེད་རུང་གཞན་ཆུ་ཀླུང་ཆེན་པོར་དོར། གནས་ཁང་གི་གཞི་རྣམས་སུ་གད་བདར་དང་ཆག་ཆག་བྱ་ཞིང་ལས་ཀྱི་རྗེས་མི་མངོན་པར་བྱའོ། །དེ་ཡང་གསང་སྔགས་མ་བཟླས་མི་འགྲུབ་ཅིང་། །སྦྱིན་སྲེག་མ་བྱས་འབྲས་མི་འབྱུང་། །ཞེས་པ་ལྟར། སྔགས་ཀྱི་ནུས་པ་འབྱིན་པ་ལ་སྦྱིན་སྲེག་ཤིན་ཏུ་གལ་ཆེ་ཞིང་། བསྙེན་སྒྲུབ་བཞིའི་མན་ངག་ལས། བསྙེན་པ་འབུམ་ཕྲག་རེ་རེ་ལ། །སྦྱིན་སྲེག་ཁྲི་ཕྲག་རེ་རེ་བྱ། །ཞེས་བཅུ་ཆ་བྱ་དགོས་པར་གསུངས་ཤིང་། བསྲེག་པའི་མཐོ་བྱང་ལས། ཏིལ་དང་མེ་ཏོག་ཨ་མྲྀ་ཏ། །རང་གི་བསོད་ནམས་བསྐྱེད་པ་ཡིན། ཁུ་བྱུག་རྩ་ཡིས་ནོར་འཕེལ་ཏེ། །བྱི་ཏང་འབྲས་བུས་རིགས་བརྒྱུད་འཕེལ། །རུ་རྟ་ཤུ་དག་རྒྱ་སྤོས་དང་། །པྲི་ཡང་ཀུ་དང་ལན་ཚ་དང་། །པདྨ་གེ་སར་ནཱ་ག་པུས། །(༩བ)


GLG024_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེགས་ཏེ་དུད་པ་རང་ལ་བདུག །མི་ཡི་རྒྱལ་པོ་བདག་དབང་འགྱུར། །དགྲ་ཀུན་ཁྲོས་ཀྱང་བརྩེ་ཞིང་བྱམས། །བུད་མེད་ཀུན་གྱི་ཡིད་དུ་འོང་། །གཅན་གཟན་གདུག་པ་ཀུན་ཀྱང་བྱམས། །འདྲེ་གདོན་ཀུན་ཀྱང་མི་གནོད་བསྲུང་། །ཞེས་རྫས་སོ་སོའི་ཕན་ཡོན་རྒྱས་པར་བཤད་དོ། །ཨེ་མ་པདྨའི་རིགས་ཀྱི་དཀྱིལ་འཁོར་གཙོ། །ཡང་གསང་ཁྲོས་པའི་གསང་སྔགས་ཉེར་བཟླས་འབྲས། །དངོས་སུ་འབྱིན་ནུས་སྲེག་བྱེད་ཆོ་གའི་རིམ། །ལོ་ཆེན་གན་ཇག་ཐང་ཏའི་གཞུང་བཞིན་བཀོད། །ཕྱི་འགྱུར་ཆོག་སྒྲིགས་དང་དུ་མ་བླངས་ཤིང་། །སྔ་འགྱུར་ནང་གཤིན་ཙམ་ལ་མི་རེ་བར། །རང་གཞུང་ཚུགས་ཐུབ་སྨྲ་བ་ཕྱོགས་འདི་ལ། །ཅུང་ཟད་གོམས་པའི་ལག་རྗེས་མངོན་སུམ་གསལ། །དགེ་འདིས་འཁོར་རྩ་དུག་ལྔའི་བུད་ཤིང་ཚོགས། །ཡེ་ཤེས་ཞུགས་ཀྱིས་བསྲེག་པ་བདེ་སྟོང་འོད། །རབ་འབར་ཟུང་འཇུག་དབང་ཆེན་ཀུན་ཏུ་བཟང་། །ཚེ་འདིར་རང་ངོ་འཕྲོད་པའི་སྐལ་བཟང་ཤོག །ཅེས་པདྨ་དབང་ཆེན་ཡང་གསང་ཁྲོས་པའི་བསྙེན་པའི་ཁ་སྐོང་བཅུ་ཆའི་སྦྱིན་སྲེག་གི་ཆོག་སྒྲིགས་ཡེ་ཤེས་སྣང་བ་རབ་འབར་འདི་ནི་ཞང་སྣ་ནམ་པ་ཆེན་པོའི་སྤྲུལ་པའི་ཟློས་གར་བྱ་ནག་གི་རིགས་སུ་གྱུར་པ་བློ་བཟང་པདྨ་འཕྲིན་ལས་ཐེག་མཆོག་དབང་གི་རྒྱལ་པོ་ཡོངས་འདུའི་སྡེས་ལྗགས་བསྙེན་སྐབས་རྩོམས་ཤིག་པར་གསུང་གིས་བསྐུལ་བ་ལ་བརྟེན་ནས་སྔ་འགྱུར་སྤྱི་བྱེ་བྲག་གི་རྒྱུད་གཞུང་མན་ངག་ལ་བློ་གྲོས་ཀྱི་མིག་ཅུང་ཟད་ཡངས་པ་ཟ་ཧོར་གྱི་སྔགས་རྒན་ཟིལ་གནོན་བཞད་པ་རྩལ་གྱིས་བཻ་རོའི་ཞལ་ཁྲིགས་དངོས་གྲུབ་སྡུད་པའི་དགོངས་དོན་ལྟར་ས་རྟ་ནག་པ་ཟླ་བའི་དཀར་ཆའི་རྒྱལ་བ་གསུམ་པའི་ཚེས་ལ་དམར་པོ་རིའི་རྒྱལ་ཁབ་ཏུ་སྦྱར་བའི་ཡི་གེ་པ་ནི་དཔལ་


GLG024_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་ཀྱིས་བགྱིས་པ་སིདྡྷི་རསྟུ།། །།སརྦ་མངྒ་ལཾ།། །།


previousཔདྨ་དབང་ཆེན་ཡང་གསང་ཁྲོས་པའི་བསྙེན་པའི་ཁ་སྐོང་བཅུ་ཆའི་སྦྱིན་སྲེག་གི་ཆོག་སྒྲིགས་ཡེ་ཤེས་སྣང་བ་རབ་འབར།next