Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
གཏེར་ཁ་འོག་མའི་རྟ་ནག་ལྕགས་རལ་ཅན་གྱི་ལས་བྱང་ཉི་མའི་དཀྱིལ་འཁོར།
   
   
   
   
   
   
   
   
   
   
   
   


 
previousགཏེར་ཁ་འོག་མའི་རྟ་ནག་ལྕགས་རལ་ཅན་གྱི་ལས་བྱང་ཉི་མའི་དཀྱིལ་འཁོར།next

གཏེར་ཁ་འོག་མའི་རྟ་ནག་ལྕགས་རལ་ཅན་གྱི་ལས་བྱང་ཉི་མའི་དཀྱིལ་འཁོར།


GLG024_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་ཁ་འོག་མའི་རྟ་ནག་ལྕགས་རལ་ཅན་གྱི་ལས་བྱང་ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་བཞུགས་སོ། །


GLG024_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་འཐུང་རྟ་མཆོག་ངོ་བོ་པདྨ་འབྱུང་། །ཟབ་གཏེར་སྒོ་འབྱེད་གསུང་སྤྲུལ་ཆོས་ཀྱི་དབང་། །བཀའ་བབས་ཉང་སྟོན་བློ་མཆོག་རྡོ་རྗེ་སོགས། །དངོས་བརྒྱུད་རིགས་འཛིན་རྣམས་ལ་གུས་བཏུད་ནས།། བདེ་གཤེགས་ཞི་ཁྲོ་འདུས་པ་བཀའ་བརྒྱད་ལྷའི། །རྟ་མགྲིན་དབང་གི་ནང་ནས་ཡི་དམ་དང་། །ཆོས་སྐྱོང་དབྱེར་མེད་བསྒྲུབ་པ་ལྕགས་རལ་ཅན། །དྲག་རྩལ་རྡོ་རྗེའི་ཐོག་གི་རྗེས་སུ་འགྲོ། །རྒྱལ་བསེན་ཀླུ་གཉན་འབྱུང་པོ་མུན་པའི་དཔུང་། །མཐུ་སྟོབས་ནུས་པའི་འོད་ཀྱིས་མཐར་བྱས་ནས། །ཕན་བདེའི་སྣང་བ་སྟེར་བའི་ལྷག་པའི་ལྷའི། །འཕྲིན་ལས་ཉི་མའི་དཀྱིལ་འཁོར་དེང་འདིར་ཤར། །དེ་ལ་འདིར་རྟ་མགྲིན་ནག་པོ་ལྕགས་རལ་ཅན་གྱི་འཕྲིན་ལས་ཀྱི་རིམ་པ་ཉམས་སུ་ལེན་པ་ལ། མཎྜལ། རྟེན་རྫས། མཆོད་གཏོར་སོགས་ཕྱག་ལེན་ལྟར་བཤམ། ངག་འདོན་དངོས་ལ་སྐྱབས་སེམས་ཚོགས་གསོག་ནི། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ་སོགས་བརྗོད། མཚམས་གཅོད་སྲུང་འཁོར་ནི། ཧཱུཾ། ཡང་དག་གསང་བའི་དཀྱིལ་འཁོར་འདིར༔ འདུ་བའི་ལྷ་རྣམས་མ་གཏོགས་པ༔ མི་དང་མི་མིན་འབྱུང་པོའི་ཚོགས༔ (༢ན)


GLG024_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

འདི་རུ་མ་འདུག་གཞན་དུ་དེངས༔ ཅི་སྟེ་མི་འགྲོ་འདུག་གྱུར་ན༔ རྟ་མཆོག་རྒྱལ་པོས་རྡུལ་དུ་རློག༔ ཨཱོཾ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། གནོད་བྱེད་འབྱུང་པོ་ཨུ་ཙ་ཏ་ཡ་ཕཊ༔ ཧྲཱི༔ དབང་གི་རྟ་སྐད་རབ་འཚེར་ཞིང་། །འཁོར་ལོ་རྡོ་རྗེ་མེ་དཔུང་གིས། །སྟེང་འོག་ཕྱོགས་མཚམས་མེད་གཏམས་པ། །སྲུང་བའི་གུར་ཁང་ཆེན་པོར་གྱུར། །ཨཱོཾ་བཛྲ་ཙཀྲ་ཛྭ་ལ་རཾ་ཧཱུཾ་བྷྲུཾ་ཧཱུཾ༔ བརྡ་སྒོ་དབྱེ་བ་ནི། བྷྲུཾ་པྲ་བེ་ཤ་ཡ་ཕཊ༔ བརྡ་ཕྱག་འཚལ་བ་ནི། ཨ་ལ་ལ་ཧོཿ ན་མོ༔ དམ་བཅའ་བ་ནི། ཨཱོཾ་བཛྲ་ས་མ་ཡ་སྟྭཾ༔ བྱིན་འབེབས་ནི། ཧྲཱིཿ དཔལ་ཆེན་ཐུགས་ལས་རྣམ་སྤྲུལ་བའི༔ ལྷ་དང་རིགས་འཛིན་སྲུང་མ་དང་༔ དམ་ཅན་རྒྱ་མཚོ་མ་ལུས་པ༔ མ་གཡེལ་མ་གཡེལ་བྱིན་ཕོབ་ཅིག༔ ཨཱོཾ་གུ་རུ་ཧ་ཡ་གྲཱི་ཝ་དྷེ་བ་དྷ་ཀི་ནཱི་ས་མ་ཡ་བེ་ཤ་ཡ་ཨ་ཨ༔ སྨན་རཀ་གཏོར་གསུམ་དང་མཆོད་རྫས་བརླབ་པ་ནི། རཾ་ཡཾ་ཁཾ༔ ཨཱོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿ ཨཱོཾ་ཨཱཿཧཱུཾ་རཀྟ་ཛྭ་མཎྜ་ལ་ཧཱུཾ་ཧྲཱིཿཐ༔ ཨཱོཾ་མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བ་ལ་བ་ཏི་གུ་ཧྱ་ས་མ་ཡ་ཧཱུཾ་ཧྲཱིཿཐ༔ ཨཱོཾ་ཨཱཿཧཱུཾ་ཨརྒྷཾ། པུཥྤེ། དྷཱུ་པེ། (༢བ)


GLG024_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱ་ལོ་ཀེ །གྷནྡྷེ། ནཻ་ཝི་དྱ། ཤཔྟ་པཱུ་ཛ་ཧོཿ རྟེན་བརྟེན་པ་བསྐྱེད་པ་ནི། ཨཱོཾ་སྭ་བྷ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ༔ སྣང་གྲག་གཟུང་འཛིན་གྱིས་བསྡུས་ཆོས་རྣམས་ཀུན། །ཡེ་ནས་མ་བཅོས་ཀ་ནས་དག་པའི་ཀློང་། །དྷརྨ་དྷཱ་ཏུ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། དེ་དོན་མ་རྟོགས་འགྲོ་ལ་སྙིང་རྗེ་ཆེ། །ནག་པོ་རྟ་མགྲིན་ལྕགས་རལ་སྒྲུབ་སེམས་བསྐྱེད། །ཨེ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲུཾ། འཇིག་རྟེན་ཁམས་འདི་ཀེང་རུས་གསར་རྙིང་རྣམས། །གཅལ་དུ་བཀྲམ་པའི་དུར་ཁྲོད་ཆེན་པོའི་དབུས། །དྲི་ཟ་གཤིན་རྗེ་ཀླུ་དང་གནོད་སྦྱིན་བཞིའི། །ཐོད་པའི་རྩིག་པ་མཁར་གྱི་ཡ་ཁེབས་ལ། །ལྷ་ཆེན་བཞིའི་ཐོད་རལ་པ་ནག་པོ་འཕྱང་། །གྲུ་བཞི་སྒོ་བཞི་མཚན་ཉིད་རྒྱན་རྫོགས་པའི། །གཞལ་ཡས་ཁང་དབུས་ལྕགས་འཁོར་རྩིབས་བཞི་པ། །ལྟེ་བར་ཨེ་ལས་གྲུ་གསུམ་མཐིང་ནག་ནང་། །ཀླུ་གཉན་ས་བདག་ཕྱོགས་སྐྱོང་རྒྱལ་ཆེན་བཞི། །དྲེགས་པ་རྒྱལ་བསེན་པདྨ་ཟླ་ཉིའི་སྟེང་། །རང་སེམས་རིག་པའི་ངོ་བོ་ཧྲཱིཿདམར་ནག །སྐར་ཆེན་མེ་སྟག་ལྟ་བུའི་ཚ་ཚ་འཕྲོ། །དེ་ལས་འོད་འཕྲོས་རྒྱལ་བ་ཞི་ཁྲོ་ཡི། །བྱིན་རླབས་ནུས་མཐུ་ཚུར་བསྡུས་ས་བོན་ལ། །ཐིམ་པ་འོད་ཞུ་ཡོངས་སུ་གྱུར་པ་ལས། །བདག་ཉིད་རྟ་མགྲིན་ཞལ་གཅིག་ཕྱག་གཉིས་པ། །མཐིང་ནག་ཞལ་གདངས་ལྗགས་དྲིལ་མཆེ་བ་གཙིགས། །དྲག་པོའི་སྒྲ་སྒྲོག་ཁྲག་གི་ཚ་ཚ་འཕྲོ། །སྨ་ར་སྨིན་མ་མེ་གློག་ལྟར་འབར་འཁྱུག །དབུ་སྐྲ་གནམ་ལྕགས་རལ་པ་ཁམ་ནག་ལས། ཁྲོ་ཆུང་གྲངས་མེད་འཕྲོ་བས་གནོད་བྱེད་འཇོམས། །གཙུག་ན་རྟ་མགོ་ལྗང་ཞུར་རྟ་སྐད་འཚེར། །རྔོག་མ་ལེ་བརྒན་དམར་པོ་མེ་ལྟར་འབར། །སྤྱན་གསུམ་སྡང་མིག་(༣ན)


GLG024_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུག་ཅིང་མེ་སྟག་འཕྲོ། །ཤངས་ནས་བསྐལ་བའི་རླུང་ཆེན་དམར་ནག་འབུད། །ཕྱག་གཡས་སོ་ལ་མེ་འབར་རལ་གྲི་འཕྱར། །གཡོན་པ་ཐུགས་ཀར་ལྕགས་ཀྱུ་འཛིན་པ་ཡི། །སྡིགས་མཛུབ་རྩེ་ལ་ལྕགས་སྡིག་ཕག་ཐོད་ཙམ། །རྣོ་དཔལ་མཆེ་གཅིགས་གདུག་པའི་ངར་སྐད་སྒྲོག །ཐོད་སྐམ་དབུ་རྒྱན་ཐོད་རློན་དོ་ཤལ་དང་། །སྦྲུལ་རིགས་ལྔས་བརྒྱན་བྱུག་པའི་རྫས་གསུམ་སྦགས། །དར་ནག་འཇོལ་བེར་སྟེང་ན་གཡང་གཞི་དང་། །གླང་ལྤགས་སྟོད་གཡོགས་སྟག་ལྤགས་ཤམ་ཐབས་སོགས། །ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་དོར་སྟབས་བགྲད། །བ་སྤུའི་གསེབ་ནས་མེ་དཔུང་ཐོག་སེར་དང་། ཁྲོ་ཆུང་ཚ་ཚ་གློག་སྟོང་ལྟ་བུར་འཕྲོ། །རྒྱལ་བསེན་ས་བདག་ཀླུ་གཉན་ཀུན་བསྲེག་པའི། །བསྐལ་པའི་མེ་དཔུང་འབར་བའི་དབུས་ན་བཞུགས། །སྤྱི་བོར་རྭ་དང་མཆུ་སྡེར་གནམ་ལྕགས་ལས། །གྲུབ་པའི་ཁྱུང་དམར་སྐད་སྒྲོག་ཀླུ་ཆེན་བརྒྱད། །ཟས་སུ་ཟ་ཞིང་ཀླུ་འབུམ་གདན་དུ་བཏིང་། །གཡས་སུ་གྲུ་གསུམ་མཐིང་ནག་མེ་འབར་དབུས། །རྒྱལ་བསེན་ས་བདག་ཀླུ་གཉན་བསྣོལ་བའི་སྟེང་། །ཡཀྴ་མེ་དབལ་དམར་ནག་མེ་རལ་ཅན། །གཡས་གཡོན་མེ་ཡི་ཐོ་བ་ཞགས་པ་འཛིན། །ཞབས་གཉིས་དོར་སྟབས་རང་འདྲའི་ཁྲོ་ཚོགས་འཕྲོ། །གནོད་བྱེད་ཟ་ཞིང་བརླག་ནུས་འཇིགས་རུང་ཅན། །གཡོན་ཕྱོགས་གྲུ་གསུམ་མཐིང་ནག་འབར་བའི་ནང་། །དགྲ་བགེགས་རུ་དྲ་བསྣོལ་བའི་གདན་སྟེང་དུ། །གནོད་སྦྱིན་ནག་པོ་ལྕགས་ཀྱི་རལ་པ་ཅན། །མོན་པའི་གཟུགས་ལྡན་ལྕགས་རྡོར་རྩེ་ལྔ་གཡས། །གཡོན་པ་མེ་ཡི་ལྕགས་ཀྱུ་དམར་པོ་བཟུང་། །ཐོད་པ་(༣བ)


GLG024_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

སྐམ་རློན་དོ་ཤལ་སྟག་ཤམ་གསོལ། །སྤྱན་གསུམ་ཞབས་བགྲད་རང་འདྲའི་གནོད་སྦྱིན་འཕྲོ། །གཡས་སུ་སྤྲུལ་པའི་མོན་པ་བདུན་རྒྱུག་ཅིང་། །བཤན་པ་ནག་པོ་བདུན་ནི་གཡོན་ཕྱོགས་རྒྱུག །གནོད་སྦྱིན་གདུག་པའི་དམག་ཚོགས་འཁོར་གྱིས་བསྐོར། །དགྲ་བགེགས་གནོད་བྱེད་ཐམས་ཅད་ཟ་ཞིང་བརླག །མདུན་དུ་ལྕགས་སྡིག་འཇིགས་རུང་ཁྲོ་ཞིང་གཏུམ། །གཉེར་མས་ལུས་ཁྱབ་ཁ་དགུ་མིག་དགུ་བགྲད། །བ་སྤུའི་ཁུང་ལས་སྡིག་པ་བྱེ་བ་འཕྲོ། །རྐང་ལག་གནམ་ས་གང་བས་རྒྱལ་བསེན་འདུལ། །སྙིང་ཁྲག་འཇིབ་ཅིང་རྩ་རྗེས་གཅོད་པར་བྱེད། །མདུན་དུ་ལྕགས་ཀྱི་མི་རེང་མུན་པའི་མདོག །རལ་ནག་རྐེད་པར་སླེབ་ལས་མཚོན་ཆ་འཕྲོ། །གཡས་པ་ཟིལ་གནོན་ཕྱག་རྒྱའི་རྩེ་མོ་ལས། ཁྱུང་འགྱེད་གཡོན་པ་སྦྲུལ་ཞགས་དགྲ་བགེགས་འཆིང་། །རྐེད་པར་སྤུ་གྲིའི་འཁོར་ལོ་དྲག་འཁོར་བས། །དགྲ་བགེགས་གཏུབ་ཅིང་ལྕགས་སྤྱང་ནག་པོ་བཅིབས། །དེ་ཡི་གཡས་སུ་ལྕགས་ཀྱི་མི་རེང་ནག །གཡས་པ་དགྲ་སྟས་དགྲ་བོའི་ལུས་སྲོག་གཅོད། །གཡོན་པ་སྦྲུལ་གྱི་ཞགས་པས་དགྲ་བགེགས་འཆིང་། །གཡོན་དུ་ལྕགས་ཀྱི་མི་རེང་ནག་པོ་ནི། །གཡས་པ་རལ་གྲིའི་འཁོར་ལོས་དགྲ་བགེགས་གཏུབ། །གཡོན་པ་ཐོད་ནང་གཏོར་མ་གཙོ་ལ་སྟོབ། །སྔ་ཕྱི་གཉིས་ན་ཟངས་ཀྱི་མི་རེང་དམར། །གཡས་པ་ལྕགས་ཀྱི་བེར་ཀས་དགྲ་བགེགས་བརྡུང་། །གཡོན་པ་ཙིཏྟ་དམར་པོ་གཙོ་ལ་སྟོབ། །ཀུན་ཀྱང་གཏུམ་འཇིགས་ཁྲོ་རྔམས་རྒོད་ཅིང་དཔའ། །སྒེག་འབར་གཤེ་བ་གར་དགུའི་ཉམས་དང་ལྡན། །མཐོང་ཚད་འཛིན་ཅིང་ཟིན་ཚད་གསོལ་ཅིང་ཟ། །སྟོང་གསུམ་རབ་གང་ཞལ་ནས་སྔགས་སྒྲ་འུར། །གཞལ་ཡས་ཕྱི་རོལ་ཁྲོ་བཅུ་སྐུ་(༤ན)


GLG024_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་དཀར། །ནང་གཟིགས་གཡས་པ་འཁོར་ལོ་གཡོན་བུམ་ལས། །ཚེ་ཡི་བར་གཅོད་སེལ་ཞིང་དངོས་གྲུབ་སྩོལ། །དེའི་ཕྱི་གནམ་ལྕགས་འཁོར་ལོ་རྩིབས་སྟོང་ལྡན། །ཕྱིར་བསྟན་གཡས་འཁོར་དྲེགས་པ་ཕོ་རྒྱུད་གཅོད། །ནང་བསྟན་གཡོན་འཁོར་དྲེགས་པ་མོ་རྒྱུད་གཅོད། །ཕྱི་རོལ་གནམ་ལྕགས་རྡོ་རྗེའི་ས་གཞི་དང་། །ར་བ་དྲ་བ་གུར་ཁར་སྲ་ཞིང་བརྟན། །མི་ཆོད་མི་ཤིགས་བསེར་བུའི་རླུང་མི་ཐར། །ཕྱི་ནང་མཚོན་ཆ་སྣ་ཚོགས་བུ་ཡུག་འཚུབ། །དམིགས་པའི་གནོད་བྱེད་ཚལ་པ་དུམ་བུར་གཏོར། །ཕྱི་རོལ་ཡེ་ཤེས་མེ་དཔུང་དམར་ནག་མདོག །འུར་འུར་འབར་བས་སྡང་དགྲ་གནོད་བྱེད་དང་། །བྱད་མ་རྦོད་གཏོང་བསྲེགས་ཏེ་བརླག་པར་གྱུར། །དབང་བསྐུར་བ་ནི། ཨཱོཾ་ཨཱཿཧཱུཾ་སྭཱ་ཧཱ། རིགས་ལྔའི་སངས་རྒྱས་རྣམས་ཀྱིས་དབང་བསྐུར་བས། །བདག་ཉིད་སྔ་རབས་སྐུ་ཆེ་ཡན་ལག་རགས། །ལྷ་ཚོགས་ཀུན་ཀྱང་འོད་ཟེར་ཕུང་པོར་ལྡན། ཁམས་གསུམ་དུས་གཅིག་སྒྲོལ་ནུས་དབང་ཐོབ་གྱུར། །སྤྱན་འདྲེན་ནི། གནས་གསུམ་འབྲུ་གསུམ་མཚན་ལས་འོད་འཕྲོས་པས། །འོག་མིན་གནས་ནས་ལྷ་ཚོགས་ས་མཱ་ཛཿབཞུགས་སུ་གསོལ་བ་ནི། ས་མ་ཡ་ཏིཥྛ་ལྷན། །ཕྱག་བྱ་བ་ནི། ཨ་ཏི་པུ་ཧོ་པྲ་ཏཱི་ཙྪ་ཧོཿ ཕྱི་ནང་གསང་མཆོད་འབུལ་བ་ནི། ཧཱུཾ། བཅོམ་ལྡན་རྟ་མཆོག་རྒྱལ་པོ་འཁོར་བཅས་ལ། །ཡོན་ཆབ་མེ་ཏོག་བདུག་སྤོས་མར་མེ་དང་། །དྲི་ཆབ་ཞལ་ཟས་རོལ་མོ་སྒྲ་ཡི་ཚོགས། །རྩ་བརྒྱད་སྟོང་སྦྱར་བདུད་རྩི་ཨ་མྲྀ་ཏ། རཀྟ་དམར་ཆེན་ཁྲག་གི་རྒྱ་མཚོ་བསྐྱིལ། །དམ་རྫས་རྒྱན་དང་ལྡན་པའི་གཏོར་མའི་ཚོགས། །ཡབ་ཡུམ་མཉམ་སྦྱོར་བདེ་བ་ཆེན་པོ་སོགས། །ཕྱི་(༤བ)


GLG024_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ནང་གསང་མཆོད་འབུལ་གྱིས་བཞེས་སུ་གསོལ། །ཨཱོཾ་བཛྲ་ཨརྒྷཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནེ་ཝིཾ་དྱ། ཤཔྡ་པཱུ་ཛ་མེ་གྷ་ཧཱུཾ། ཨཱོཾ་ཧ་ཡ་གྲཱི་བ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཨཱོཾ་པདྨ་ཀྲོ་ཏ་ཧ་ཡ་གྲཱི་བ་ཀཱ་ལ་རཱུ་པ་ཨི་དཾ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། བཛྲ་རཀྴ་༴། ཡཀྴ་ཀཱ་ལ་༴། བཛྲ་ཀ་རུ་ཌ་༴། རུ་ར་བྷ་ཤ་ནག་པོ་ལས་མཁན་སྤུ་གྲི་འཁོར་བཅས་ཀྱི་ཞལ་དུ་༴། མ་ཧཱ་མཾ་ས་ཁཱ་ཧི། མ་ཧཱ་བ་སུ་ཏ་༴། མ་ཧཱ་གོ་རོ་ཙ་ན་༴། མ་ཧཱ་ཀེཾ་ནི་རི་ཏི་༴། བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧོཿ བསྟོད་པ་ནི། ཧྲཱི༔ སྣང་བ་མཐའ་ཡས་པདྨ་ཐོད་འཕྲེང་རྩལ། །ཐུགས་རྗེའི་ཟློས་གར་ཁྲོ་རྒྱལ་རྟ་མཆོག་དཔལ། །ཡཀྴ་མེ་དཔལ་གནོད་སྦྱིན་སྡིག་པ་འཁྱུད། །ཟངས་ལྕགས་མི་རེང་འཁོར་དང་བཅས་ལ་བསྟོད། །འཛབ་བཟླ་བ་ནི་གཞུང་ནས་བཤད་པའི་དམིགས་པ་དང་བཅས་ཏེ། ཨཱོཾ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་ཝ་ཧཱུཾ་ཕཊ། ཅེས་ཅི་ནུས་བཟླ་ཞིང་། བསྙེན་པ་ཐེངས་ནས་དྲག་སྔགས་རིང་མོ་མན་ངག་ལྟར་ཉམས་སུ་ལེན། ཐུགས་དམ་བསྐུལ་ཞིང་འཕྲིན་ལས་འཆོལ་པ་ནི། དཔལ་ཆེན་རྟ་མགྲིན་ནག་པོ་སྐུ་བཞེངས་འཚལ། །ཁྲག་འཐུང་ལྷ་ཚོགས་འཁོར་དང་བཅས་རྣམས་ཀྱིས། །དམ་རྫས་བརྒྱན་གྱི་གཏོར་མ་འདི་བཞེས་ནས། །རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་ལ། །གནོད་ཅིང་འཚེ་བའི་རྒྱལ་བསེན་ཀླུ་གཉན་དང་། །ས་བདག་སྟེང་འོག་བར་གྱི་འབྱུང་པོ་སོགས། །དགྲ་བགེགས་ཀུན་གྱི་ནུས་སྟོབས་ཐལ་བར་རློག །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཚོགས་མཆོད་ཉིན་སྟར་མི་གཏོང་བའི་དབང་དུ་བྱས་ཏེ་ལས་བྱང་ཆེན་མོར་གསལ་བས་འདིར་མ་བཀོད། ཧ་ཡ་གྲཱི་བའི་ཡིག་(༥ན)


GLG024_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱས་ལྷག་ཆད་ཁ་བཀང་། ནོངས་པ་བཟོད་པར་གསོལ། །དཀྱིལ་འཁོར་བསྡུ་བ་ནི། སྣོད་བཅུད་གཞལ་ཡས་དེ་ཡང་འཁོར་ལ་ཐིམ། །འཁོར་རྣམས་གཙོ་བོ་དེ་ཉིད་སྔགས་ཕྲེང་དང་། །རིམ་གྱིས་ཧྲཱིཿ འདུས་པར་བཏགས་ནས། །ནཱ་དའི་བར་ཐིམ་ཀ་དག་ཀློང་ནས་ལྡང་། །སྨོན་ལམ་ནི། རྟ་མཆོག་བསྙེན་ཅིང་བསྒྲུབས་པའི་དགེ་བའི་མཐུས། །བདག་སོགས་འགྲོ་རྣམས་གནོད་བྱེད་བདུད་སྡེ་ལས། །རྣམ་པར་རྒྱལ་ཏེ་རང་རིག་དབང་ཆེན་ལྷ། །གདོད་མའི་མགོན་པོ་ཚེ་འདིར་མངོན་གྱུར་ཤོག །ཤིས་བརྗོད་ནི། །སྒེག་དཔའ་མི་སྡུག་སྐུ་ཡི་བཀྲ་ཤིས་ཤོག །རྒོད་དྲག་འཇིགས་རུང་གསུང་གི་བཀྲ་ཤིས་ཤོག །སྙིང་རྗེ་རྔམ་ཞི་ཐུགས་ཀྱི་བཀྲ་ཤིས་ཤོག །ཧེ་རུ་ཀ་ཡིས་དུས་ཀུན་བཀྲ་ཤིས་ཤོག །ཅེས་སོགས་བཀྲ་ཤིས་བྱ་ཞིང་མེ་ཏོག་གི་ཆར་དབབ་བོ། །དེ་ཡང་བསྙེན་པའི་ཐོག་མཐའ་དང་སྒྲུབ་པ་དབང་སོགས་ཀྱི་སྐབས་ལས་བྱང་རིན་ཆེན་འཕྲེང་བ་དང་སྒྲུབ་ཐབས་གཅིག་ཏུ་བསྡེབས་ནས་གཏེར་གཞུང་བཅོས་མེད་ཉམས་སུ་ལེན་དགོས་ཤིང་། འདིར་ནི་རྒྱུན་འཁྱེར་གྱི་དབང་དུ་བྱས་པ་ཡིན་ནོ། །སྙིགས་དུས་མི་བསྲུན་རྒྱལ་བསེན་ས་བདག་ཀླུ། །འཇོམས་བྱེད་གནམ་ལྕགས་འབར་བའི་རྡོ་རྗེའི་ཐོག །ནག་པོ་ལྕགས་རལ་འཕྲིན་ལས་ཉིན་མོར་བྱེད། །སྐལ་བཟང་སྙིང་གི་མུན་པ་སེལ་བའི་དཔྱིད། །དེ་འདྲ་ཨྱོན་མཁན་པོ་པདྨ་ཞེས། །སྲིད་པ་གསུམ་ན་ཆེ་བའི་རིགས་སྔགས་འཆང་། །གང་དེའི་ཐུགས་བཅུད་ཆོས་ཀྱི་དབང་ཕྱུག་ལ། །བཀའ་བབས་འདི་ཀོ་བསམ་འཕེལ་དབང་གི་རྒྱལ། ཁ་བྲོད་སྙན་པོའི་ཚིག་གིས་གཞན་གྱི་བློ། །སྒྱུར་བྱེད་གདོལ་གཏམ་མ་ཡིན་ངེས་དོན་དུ། །ཚུལ་འདི་ཉམས་སུ་བསྟར་ན་(༥བ)


GLG024_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་གསུམ་གྱི། །གདོན་བགེགས་མ་ལུས་འདུས་ཀྱང་ཉམ་མི་ང་། །དེ་སྐད་ཞི་ཁྲོ་ཀུན་འདུས་དཀྱིལ་འཁོར་ལྷའི། ཁྱབ་བདག་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ །གདུལ་བྱའི་སྣང་ངོར་རྡོ་རྗེའི་སློབ་དཔོན་གཟུགས། །རྣམ་རོལ་ཉང་སྟོན་དམ་པའི་དྲིན་ལས་རྙེད། །ཟླ་གཞོན་ལྟར་དཀར་དགེ་བའི་ཆུ་རྒྱུན་གྱིས། །སྲིད་ཞིའི་ཉེས་བརྒྱའི་ཚ་གདུང་ཀུན་བཅིལ་ནས། །སྨིན་གྲོལ་ག་བུར་ཟེགས་མའི་ཐིགས་པ་ཡིས། །སྙིང་གི་བུམ་བཟང་རྟག་ཏུ་འགེང་བར་ཤོག །ཅེས་གཏེར་ཁ་འོག་མའི་རྟ་ནག་ལྕགས་རལ་ཅན་གྱི་ལས་བྱང་རྒྱུན་ཁྱེར་ཉི་མའི་དཀྱིལ་འཁོར་འདི་ནི་མཆོད་དཔོན་བློ་བཟང་མཐུ་སྟོབས་དང་དབུ་མཛད་བློ་བཟང་ཡོན་ཏན་གཉིས་ཀྱིས་བསྐུལ་བ་ལ་བརྟེན་ནས་འདྲི་འདུན་ཡོད་ཀྱང་རེ་ཞིག་འགྱངས་པ་སྔགས་རམས་པ་བློ་བཟང་དོན་གྲུབ་བཅད་རྒྱའི་སྐབས་བསྐུལ་བས་རྐྱེན་བྱས་ཏེ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བན་འཇམ་དབྱངས་སོ། །སརྦ་མངྒ་ལཾ།། །།


previousགཏེར་ཁ་འོག་མའི་རྟ་ནག་ལྕགས་རལ་ཅན་གྱི་ལས་བྱང་ཉི་མའི་དཀྱིལ་འཁོར།next