Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་རྡོ་རྗེ་ཕུར་པའི་སྒྲུབ་ཆེན་གྱི་ཆོག་སྒྲིགས་དངོས་གྲུབ་རྒྱ་མཚོའི་རོལ་གར།
   
   
   
   
   
   
   
   
   
   
   


 
previousདཔལ་རྡོ་རྗེ་ཕུར་པའི་སྒྲུབ་ཆེན་གྱི་ཆོག་སྒྲིགས་དངོས་གྲུབ་རྒྱ་མཚོའི་རོལ་གར།next

དཔལ་རྡོ་རྗེ་ཕུར་པའི་སྒྲུབ་ཆེན་གྱི་ཆོག་སྒྲིགས་དངོས་གྲུབ་རྒྱ་མཚོའི་རོལ་གར།


GLG024_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྡོ་རྗེ་ཕུར་པའི་སྒྲུབ་ཆེན་གྱི་ཆོག་སྒྲིགས་དངོས་གྲུབ་རྒྱ་མཚོའི་རོལ་གར་ཞེས་བྱ་བ་བཞུགས་སོ། །


GLG024_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་ཞི་དང་ཁྲོ་བོའི་དཀྱིལ་འཁོར་གྱི། །དབང་ཕྱུག་རིགས་འཛིན་པདྨ་འབྱུང་གནས་དང་། །དབྱེར་མེད་དྲིན་ཅན་རྩ་བའི་བླ་མ་ལ། །གུས་པས་བཏུད་ནས་དཔལ་ཆེན་ཕུར་པ་ཡི། །སྒྲུབ་ཆེན་སྔོན་འགྲོ་དངོས་གཞི་རྗེས་ཀྱི་ཁྲིགས། །བཀའ་གཏེར་ཁུངས་ཐུབ་ཕྱག་བཞེས་གཞུང་ཡིག་དང་། །རིགས་འཛིན་དམ་པའི་མན་ངག་ལ་བརྟེན་ནས། །ལྷ་བྲག་གཏེར་གྱི་རྒྱན་དུ་འདི་ན་སྤེལ། །སྔོན་འགྲོ་དངོས་གཞིར་ས་བཅད་དྲུག །དང་པོ་ཕུན་སུམ་ཚོགས་པ་ལྔས་༡ ། །སྒྲུབ་པའི་གཞི་ནི་བཅའ་བ་དང་། །གཉིས་པ་༢ སྟ་གོན་རྣམ་པ་ལྔ། །འདི་ཡན་སྔོན་འགྲོའི་ཁྲིགས་སུ་གསལ། །གསུམ་པ་དཀྱིལ་འཁོར་འདྲི་ལ་༣གསུམ། །བཞི་པ་སློབ་མ་འཇུག་ལ་གསུམ། །ལྔ་པ་དངོས་གྲུབ་སྒྲུབ་ལ་གསུམ། །དྲུག་པ་དབང་བསྐུར་བ་ལ་གཉིས། །འདི་རྣམས་དངོས་གཞིའི་ཁྲིགས་སུ་ངེས། །སྤྱི་དོན་དང་པོ་སྒྲུབ་ཁོག་ཏུ་གསལ། །སྤྱི་དོན་གཉིས་པ་སྔོན་འགྲོ་སྟ་གོན་ལ། །ས་ཆོག་དང་ཞར་བྱུང་བསོད་ནམས་ཀྱི་དཔུང་(༢ན)


GLG024_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པ། ལྷ་སྟ་གོན་སློབ་དཔོན་སྟ་གོན། དབང་རྫས་སྟ་གོན་སློབ་མ་སྟ་གོན་དང་ལྔ། རྩ་བའི་དང་པོ་ལ། བརྟག་པ། བསླང་བ། སྦྱང་བ། བཟུང་བ་བཞི་ལས། དང་པོ་ས་བརྟག་པ་གཞན་དུ་གསལ། གཉིས་པ་བསླང་བ་ལ་གཉིས་ཀྱི། སྣང་བ་ལ་བསླང་བ་སྒྲུབ་ཁོག་ཏུ་གསལ། གཉིས་པ་མི་སྣང་བ་ལ་བསླང་བ་ནི། དཀར་གཏོར་དང་དམར་གཏོར་ཕྱག་ལེན་ལྟར་བཤམས་ཏེ། ཨཱོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། ཨཱོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨཱོཾ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་དངས་ཤིང་ཐོགས་པ་མེད་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨཱོཾ་ཨཱཿཧཱུཾ། ཧཱུཾ། དགོངས་ཤིག་ས་བདག་ལྷ་ཀླུ་སྡེ་དང་དཔུང་། །གངས་རི་གཡའ་རི་ལུ་མ་སྐྱེད་མོས་ཚལ། །མཚོ་རྫིང་ལྟེང་ཀ་སོ་སོའི་གནས་རྣམས་ནས། །ལྷ་ཀླུ་ས་བདག་གནས་འདིར་སྤྱན་འདྲེན་གྱི། །འཛམ་བུ་གླིང་བཞི་སྒྲུབ་པའི་ས་བསླང་ཕྱིར། །གཙང་སྦྱར་བདུད་རྩི་(༢བ)


GLG024_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་འདི་བཞེས་ལ། །རིན་ཆེན་གཏེར་གྱི་དངོས་གྲུབ་སྩལ་དུ་གསོལ། །སྔོན་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པས་བདུད་བཏུལ་ཏེ་སངས་རྒྱས། ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་། ས་གཞི་རིན་པོ་ཆེའི་སྟེང་དུ་མཛད་པ་ལགས་པས། དེ་དང་རྗེས་སུ་མཐུན་པར། རིགས་པ་འཛིན་པ་བདག་ཅག་དཔོན་སློབ་རྣམས་ཀྱིས་ཚོགས་ཆེན་པོ་གཉིས་རྫོགས་པར་བགྱི་བའི་སླད་དུ། གནས་འདིར་དཔལ་ཆེན་པོ་རྡོ་རྗེ་ཕུར་པའི་ཕོ་བྲང་འདེབས་པར་འཚལ་བས། ས་བདག་ལྷ་ཀླུ། ས་ཡི་ལྷ་མོ་བསྟན་མ་དང་བཅས་པ་ཐམས་ཅད་ས་གླུད་ཆེན་པོ་འདི་ཁྱེར་ལ་བདག་གི་སྒྲུབ་པ་འདི་དབུ་བཙུགས་ནས་མཇུག་མ་ཐོན་གྱི་བར་དུ་གནས་གཞན་དུ་འཕོས་ལ། ས་གཞི་བརྟན་ཞིང་བཀྲ་ཤིས་པར་མཛད་དུ་གསོལ། གསུམ་པ་ས་སྦྱང་བ་ལ་གསུམ་ལས། ལྟོ་འཕྱེ་གཞན་དུ་གསལ། གཉིས་པ་སྔགས་དང་ཕྱག་རྒྱས་སྦྱང་བ་ནི། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་དང་བཅས། ཨཱོཾ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། གསུམ་པ་ཏིང་ངེ་འཛིན་གྱིས་སྦྱང་བ་ནི། ཧཱུཾ། བདག་ཉིད་ལས་ཀྱི་ཧེ་རུ་ཀཿ །རྔམ་བརྗིད་ཁྲོས་པར་རབ་བསྒོམས་ཏེ། །སྤྱན་མིག་གཡས་གཡོན་ཉི་ཟླར་བསྐྱེད། །རྡོ་རྗེ་འགྲོས་ཀྱིས་རབ་བསྐོར་ཞིང་། ཁྲོ་བོའི་སྡང་མིག་རབ་ཏུ་བལྟ། །འགྱིང་བག་ཚུལ་དུ་རབ་ཏུ་བརྗིད། །ཞལ་ནས་ཧཱུཾ་ཕཊ་འབྲུག་སྒྲ་སྒྲོག །སྤྱན་ལས་འཕྲོས་པའི་འོད་ཟེར་གྱིས། །མ་དག་མེས་བསྲེགས་ཆུ་ཡིས་བཀྲུས། །དུར་ཁྲོད་འབར་བའི་ས་གཞིར་གྱུར། །ཨཱོཾ་སཱུརྱ་ཙཎྜ་ཛྭ་ལ་ཛཱ་ལ་ཧཱུཾ་ཕཊ། བཞི་པ་ས་(༣ན)


GLG024_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་བ་ནི། གཙོ་འཁོར་རྣམས་ཆས་སུ་བཅུག །འཆམས་དང་བཅས་དཀྱིལ་འཁོར་བྲི་བའི་སར་བསྐོར་ཞིང་འཁོད་དེ། ཕྱོགས་རྣམས་སུ་མཆོད་པ་བཤམ། ཨཱོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ། ཚིནྡྷ་ཚིནྡྷ་ཧཱུཾ་ཕཊ། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བནྡྷ་འབར་བའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ལྷ་རྫས་ལས་གྲུབ་པའི་མཆོད་རྫས་དངས་ཤིང་ཐོགས་པ་མེད་པ་དཔལ་ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ལས་བྱུང་བ་བསམ་གྱིས་མི་ཁྱབ་པར་གྱུར། ཞེས་པས་བརླབ། ཨཱོཾ་བཛྲ་ཨཱ་ཧ་ར་ཧཱུཾ། ཨཱོཾ་བཛྲ་དྷུ་པེ་ཧཱུཾ། ཨཱོཾ་བཛྲ་པུཥྤེ་ཧཱུཾ། ཨཱོཾ་བཛྲ་ཨཱ་ལོ་ཀེ་ཧཱུཾ། ཨཱོཾ་བཛྲ་གནྡྷེ་ཧཱུཾ། ཨཱོཾ་བཛྲ་ཨུཏྟ་པ་ལ་ཡེ་ཧཱུཾ། ཨཱོཾ་བཛྲ་བིསྤུ་ར་ཡེ་ཧཱུཾ། ཞེས་ཕྱི་མཆོད་དང་། གདོད་ནས་རྣམ་དག་རྩ་བརྒྱད་སྟོང་སྦྱར་བ། ཞེས་པ་ནས། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཞེས་སྨན་ཕུལ། རྔ་བརྡུང་ཞིང་དབྱངས་དང་བཅས་པས། །ཤར་ནས། ཨེ་མ་ཧོ། མཆོག་ཏུ་གསང་བ་ཡུམ་གྱི་དཀྱིལ་འཁོར་ན། །དུས་གསུམ་འདུ་འབྲལ་མེད་པར་རྟག་ཏུ་སྦྱོར། །གཉིས་མེད་ཐིག་ལེ་བྱང་ཆུབ་དག་པའི་སྐུ། །བྱང་ཆུབ་རྡོ་རྗེ་ཁྱོད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཀུན་གྱི་སྐུ། །ཕྱག་རྒྱ་རྫོགས་པ་ཀུན་གྱི་གནས། །མཐའ་གཉིས་ལས་ནི་རྣམ་རྒྱལ་བ། །དཀྱིལ་འཁོར་འདྲེན་པས་བཤད་དུ་གསོལ། །ལྷོ་ནས། ཨེ་མ་ཧོ། རོལ་པའི་ཆོ་འཕྲུལ་ཆེ་ལ་མངའ་བརྙེས་པའི། །བཀའ་ཡི་འཁོར་ལོ་གསང་བའི་ཡོན་ཏན་སྟོན། །ཐུགས་རྗེའི་ཆོ་འཕྲུལ་ཆོས་ཀྱི་ཆར་ཡང་འབེབས། །གསང་(༣བ)


GLG024_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་བདག་པོ་ཁྱོད་ལ་ཕྱག་འཚལ་ལོ། །འཆི་བདག་བདུད་ནི་ཚར་གཅོད་ཅིང་། །མི་མཐུན་ལོག་ལྟ་འཇོམས་མཛད་པ། །ཡོན་ཏན་རིན་ཅེན་ཀུན་གྱི་གནས། །དཀྱིལ་འཁོར་འདྲེན་པས་བཤད་དུ་གསོལ། །ནུབ་ནས། ཨེ་མ་ཧོ། གསུང་གི་ཐིགས་པ་ཐུགས་ཀྱི་རྒྱ་མཚོའི་ཀློང་། །ལུང་དང་མན་ངག་གཏན་ཚིགས་ཆོས་ཀྱི་མཛོད། །དུས་གསུམ་རྣལ་འབྱོར་དབང་ཕྱུག་བགྲོད་པའི་བཤུལ། །བདུད་རྩི་ཐིགས་པའི་མཛོད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཀུན་གྱི་གསུང་། །ཡེ་ཤེས་སྤྱོད་པ་རྣམ་པར་སྦྱོང་། །རྡོ་རྗེ་གསུང་ནི་ཀུན་འབྱུང་བ། །དཀྱིལ་འཁོར་འདྲེན་པས་བཤད་དུ་གསོལ། །བྱང་ནས། ཨེ་མ་ཧོ། དུས་གསུམ་བདེ་གཤེགས་ཀུན་གྱི་ཐུགས་ཀྱི་ཐུགས། །མི་ནུབ་ཆོས་ཀྱི་རྒྱལ་མཚན་འཛིན་བྱེད་པ། །སྨྲ་བའི་སེང་གེ་ཆེན་པོར་དབང་བསྐུར་བ། །རྡོ་རྗེ་ལས་མཆོག་ཁྱེད་ལ་ཕྱག་འཚལ་ལོ། ཁམས་གསུམ་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་པ་དྲི་མ་མེད། །འབྱུང་གནས་ཀུན་གྱི་གཞིར་གྱུར་པ། །དཀྱིལ་འཁོར་འདྲེན་པས་བཤད་དུ་གསོལ། །ཞེས་བརྗོད། དེ་ནས་ཁྲོ་བོའི་ང་རྒྱལ་གསོར་ཞིང་། རྡོ་རྗེའི་འགྲོས་ཀྱིས་བྱང་ཤར་དུ་སོང་ལ། ཨེ་མ་ང་ནི་རང་བྱུང་བའི། དཔལ་ཆེན་ཁྲོ་རྒྱལ་ཉིད་ཀྱི་སྐུ། །བདག་ཉིད་རྡོ་རྗེའི་ཆོས་དབྱིངས་ལས། །འབར་བའི་ཁྲོ་བོ་མི་བཟད་པ། །སྐུ་ལས་ཁྲོ་ཆུང་ཐོག་སེར་འཕྲོ། །ཡེ་ཤེས་མེ་དཔུང་ཕྱོགས་བཅུར་འབར། །འབྱུང་པོ་གདོན་གྱི་ཚོགས་རྣམས་ཀུན། །གླུད་གཏོར་བྱིན་ཅིང་བཀའ་བསྒོ་ཡང་། །མི་ཉན་(༤ན)


GLG024_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་པའི་ཚོགས་ཡོད་ན། །ལུས་སེམས་ཐལ་བའི་རྡུལ་བཞིན་དུ། །བརླག་པར་འགྱུར་གྱི་གཞན་དུ་མིན། །དེ་བས་འདི་མིན་གཞན་དུ་སྤོས། །ཀཱི་ལཱ་ཡ་བརྗོད་ཅིང་། རོལ་མོའི་སྒྲ་དང་ཐུན་གྱིས་བྲབ། དེ་ནས་དཔལ་ཆེན་པོའི་འགྱིང་འཆམས། རིགས་བཞིའི་གྱད་འཆམས། ཁྲོ་བཅུའི་སྟང་སྟབས། ཁྲོ་མོ་བཅུའི་གར་འཆམས། སྒོ་མ་བཞིའི་འདུར་འཆམས་སོགས་བྱ། ཀཱི་ལཱ་ཡའི་སྔགས་དབྱངས་སྟང་སྟབས་དང་བཅས་པའི་རྗེས་སུ་ཕུར་པ་གདབ་ཅིང་། ཨཱོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ། བར་ཆད་འབྱུང་པོ་གྷརྫ་གྷརྫ་ཧཱུཾ་ཕཊ། ཅེས་པ་ནས་སྟོབས་པོ་ཆེའི་བར་སྤེལ་ཚིག་སྦྱོར་ལུགས་འདྲ། ཞར་བྱུང་བསོད་ནམས་ཀྱི་དཔུང་བསྐྱེད་པ་ནི། སྦྱིན་གཏོང་། སཱཙྪ། གསུང་རབ་ཀློག་པ། གཏོང་མ་གཏོར་བ་སོགས་སྒྲུབ་ཁོག་ཏུ་གསལ། རྩ་བའི་གཉིས་པ་ལྷ་སྟ་གོན་ལ། ཕྱི་མཚམས་རྒྱལ་ཆེན། བར་མཚམས་དམ་སྲི་མནན་ཅིང་སྒོ་བྱང་གདགས་པ། མ་ཏྲམ་བསྒྲལ་ཞིང་ནང་གསང་གི་མཚམས་བཅད་པ། དཀྱིལ་འཁོར་བཞེངས་ཞིང་བསྙེན་པ་བྱ་བ་དང་བཞི། དང་པོ་ཕྱི་མཚམས་རྒྱལ་ཆེན་སྡེ་བཞི་ལ་གཏད་པ་ནི། ཕྱོགས་བཞིར་མཐོ་བརྩིགས། ཤིང་རས་ཀྱི་བྱང་ཙག་གང་བདེའི་མདུན་དུ་མཆོད་གཏོར་བཤམས་ལ། བཛྲ་ཨ་མྲྀ་ཏས་བསངས། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་སྔགས་བཅས་སྔགས་དྲུག་ཕྱག་རྒྱ་དྲུག་གིས་མཆོད་པ་དང་། གཏོར་མ་ས་བསླང་བ་ལྟར་བྱིན་གྱིས་བརླབས། བདག་ཉིད་ལྷ་ཡི་ཐུགས་ཀ་ནས། །དཀར་སེར་དམར་ལྗང་ཧཱུཾ་ཆེན་བཞི། །འཕྲོས་འདུས་འོད་དུ་ཞུ་བ་ལས། །(༤བ)


GLG024_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་རྒྱལ་པོ་བཞི་རུ་གྱུར། །རྒྱལ་ཆེན་སྡེ་བཞི་འཁོར་བཅས་རྣམས། །ཐོགས་པ་མེད་པར་འདིར་སྤྱོན་ལ། །དམ་ཚིག་པ་དང་རོ་གཅིག་བཞུགས། །གཉིས་མེད་ངང་དུ་གུས་ཕྱག་འཚལ། །ཨཱོཾ་ཛྙཱ་ན་རཱ་ཛ་ས་མ་ཡ་ཧཱུཾ་ཛཿ རྒྱལ་ཆེན་སྡེ་བཞི་འཁོར་བཅས་ལ། །ཡིད་འོང་མཆོད་པའི་ཚོགས་རྣམས་དང་། །མཆོད་སྦྱིན་གཏོར་མ་འདི་འབུལ་གྱི། །བཞེས་ལ་མཚམས་གཅོད་འཕྲིན་ལས་མཛོད། །ཨཱོཾ་ཌྷྲྀ་ཏ་རཱ་ཥྚ། བི་རུ་ཌྷྲ་ཀ །བི་རཱུ་པཀྵ། བཻ་ཤྲ་ཝ་ཎ་མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། ཚར་བཞི་བརྗོད། གོང་གི་སྔགས་ལ་ཨརྒྷཾ་ནས། ཤཔྡའི་བར་བཏགས། ༈ ཧཱུཾ། རི་རྒྱལ་ལྷུན་པོའི་ཤར་ཕྱོགས་ན། །ཕོ་བྲང་ཆེན་པོ་སྤོས་ངད་ལྡན། །ཟབ་ཅིང་རྒྱ་ཆེ་གཟིགས་འཕགས་པོ། །རྒྱལ་པོ་ཆེན་པོ་ཡུལ་འཁོར་བསྲུང་། །སྐུ་མདོག་དཀར་པོ་པི་ཝང་འཛིན། །བཙུན་མོ་སྲས་དང་བློན་པོར་བཅས། །འཁོར་ནི་དྲི་ཟ་འབུམ་གྱིས་བསྐོར། །སྡེ་བོ་ཆེ་ལ་སྟོབས་པོ་ཆེ། །མཆོད་གཏོར་འདི་བཞེས་ཤར་ཕྱོགས་ཀྱི། །གདོན་རྣམས་བཟློག་ཅིང་ཕྱི་མཚམས་སྲུངས། །ཧཱུཾ། རི་རྒྱལ་ལྷུན་པོའི་ལྷོ་ཕྱོགས་ན། །ཕོ་བྲང་ཆེན་པོ་བཻ་ཌཱུཪྻ། །ཟབ་ཅིང་རྒྱ་ཆེ་༴། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ། །སྐུ་མདོག་སེར་པོ་རལ་གྲི་འཛིན། །བཙུན་མོ་སྲས་དང་༴། འཁོར་ནི་གྲུལ་བུམ་༴། སྡེ་པོ་ཆེ་ལ་༴། མཆོད་གཏོར་འདི་བཞེས་ལྷོ་ཕྱོགས་ཀྱི། །གདོན་རྣམས་བཟློག་ཅིང་༴། ཧཱུཾ། རི་རྒྱལ་ལྷུན་པོའི་ནུབ་ཕྱོགས་ན། །ཕོ་བྲང་ཆེན་པོ་རྒྱ་མཚོའི་རྦ། །ཟབ་ཅིང་རྒྱ་ཆེ་༴། རྒྱལ་པོ་ཆེན་པོ་སྤྱན་མི་བཟང་། །སྐུ་མདོག་དམར་པོ་སྦྲུལ་ཞགས་འཛིན། །བཙུན་མོ་༴། (༥ན)


GLG024_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ནི་ཀླུ་དབང་༴། སྡེ་བོ་ཆེ་ལ་༴། མཆོད་གཏོར་འདི་བཞེས་ནུབ་ཕྱོགས་ཀྱི། །གདོན་རྣམས་བཟློག་ཅིང་༴། ཧཱུཾ། རི་རྒྱལ་ལྷུན་པོའི་བྱང་ཕྱོགས་ན། །ཕོ་བྲང་ཆེན་པོ་ལྕང་ལོ་ཅན། །ཟབ་ཅིང་རྒྱ་ཆེ་༴། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །སྐུ་མདོག་ལྗང་གུ་རྒྱལ་མཚན་འཛིན། །བཙུན་མོ་སྲས་དང་༴། འཁོར་ནི་གནོད་སྦྱིན་འབུམ་༴། མཆོད་གཏོར་འདི་བཞེས་བྱང་ཕྱོགས་ཀྱི། །གདོན་རྣམས་བཟློག་ཅིང་ཕྱི་མཚམས་སྲུངས། །ཧཱུཾ། རྒྱལ་པོ་ཆེན་པོ་སྡེ་བཞི་པོ། །དོན་གྱི་སངས་རྒྱས་ཡིན་མོད་ཀྱང་། །གསང་སྔགས་བསྟན་པ་སྲུང་བའི་ཕྱིར། །བར་ཆད་འདུལ་བར་མཛད་དུ་གསོལ། །གཉིས་པ་ལ་དམ་སྲི་དང་སྒོ་བྱང་གཉིས་ལས། དང་པོ་དམ་སྲི་མནན་པ་ནི། དམ་སྲིའི་ལིངྒ་ཕྱག་ལེན་ལྟར་བྲིས་པ་མདུན་དུ་བཤམ། གསེར་སྐྱེམས་གཏོང་། དཔལ་ཆེན་ཕུར་པའི་ལྷ་ཚོགས་མཐུ་རྩལ་བསྐྱེད། །དེང་འདིར་སྒྲུབ་ལ་བར་ཆད་བྱེད་པ་ཡི། །གནོད་བྱེད་དམ་སྲི་གདོན་བགེགས་ཚོགས་རྣམས་ཀུན། །དམིགས་རྟེན་གཟུགས་ཀྱི་བྱང་བུ་འདི་ལ་ཁུག །ཛཿཧཱུཾ་བཾ་ཧོཿ པྲ་པེ་ཤ་ཡ་ཕཊ། ཨ་པེ་ཤ་ཡ་ཨཱཿ ཧཱུཾ། དམ་ཚིག་ཆེན་པོའི་དུས་ལ་བབ། །ཅེས་པ་ནས། ཪྣྲི་ཏྲི་མཱ་ར་ཡ་རྦད། རོལ་མོ་དྲག་ཏུ་བརྡུང་ཞིང་རྡོ་རྗེ་སློབ་དཔོན་གྱིས་ཕུར་ཐུན་བརྡེག །དེ་རྗེས་མནན་ཆས་ལག་ལེན་ལྟར་བྱས་པ་མནན་དོང་དུ་བཅུག་ལ་ལག་ཚགས་དམ་པར་བྱ། མནན་ཆས་སོགས་རྒྱས་པར་སྤྲོ་ན་ལག་ལེན་འདི་ལྟར་ལེགས་མོད། དེང་སང་རྩེ་ལུགས་ཀྱི་ཕྱག་ལེན་འཇུག་པ་བདེ་བའི་དབང་དུ་བཏང་ནས་(༥བ)


GLG024_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ར་སོག་ལ་ལིངྒ་བྲིས་ནས་མེ་འདག་ཁར་བཞག་པར་འབྲུབ་འཚམས་དང་གདབ་ཁ་བསྡུས་པ་ཞིག་བྱས་པའི་མཇུག་ཏུ་སས་གཡོགས་སྟེང་བྲོ་བརྡུང་བྱ་བ་ནི། མཆེད་རྣམས་ལུ་གུ་རྒྱུད་དུ་སྦྲེལ་ཏེ། དཔལ་ཆེན་འཁོར་བཅས་རོལ་བའི་བྲོ། །དམ་སྲིའི་སྙིང་ལ་ཆེམས་སེ་ཆེམ། ཁྲོ་བོ་ཁྲོ་མོ་རོལ་བའི་བྲོ། །དགྲ་བགེགས་སྙིང་ལ་༴། ཁྲོ་བོ་རྣམས་ཀྱིས་བྲོ་བརྡུངས་ལ། ཁྲོ་མོ་རྣམས་ཀྱིས་རྒྱས་འདེབས་སོ། །ཤར་དུ་ཞི་བའི་བྲོ་བརྡུངས་པས། །ནད་གདོན་བར་ཆད་ཞི་བར་ཤོག །ལྷོ་རུ་རྒྱས་པའི་བྲོ་བརྡུངས་པས། །ཚེ་དང་བསོད་ནམས་རྒྱས་པར་ཤོག །ནུབ་ཏུ་དབང་གི་བྲོ་བརྡུངས་པས། །ལྷ་འདྲེ་མི་གསུམ་དབང་སྡུད་ཤོག །བྱང་དུ་དྲག་པོའི་བྲོ་བརྡུངས་པས། །དགྲ་བགེགས་དམ་སྲི་ཞི་བར་ཤོག །བཛྲ་ཀཱི་ལི་ཀཱི་ལཱ་ཡ་ཤནྟིཾ། པུཥྚིཾ། པཱ་ཤཾ །མཱ་ར་ཡ་ཕཊ། ༈ གཉིས་པ་སྒོ་བྱང་གདགས་པ་ནི། ར་སོག་དང་བྱང་རས་ལ་བདུད་རྩི་འཁྱིལ་པ་དང་། རྟ་མགྲིན། ལུག་སོག་དང་བྱང་བུ་སོགས་ལ་གཤིན་རྗེའི་སྐུ་བྲིས་པ་སྔ་མ་སྒོ་གོང་གི་ནང་དང་རྗེས་མ་ཕྱི་རུ་བཏགས། མཆོད་གཏོར་བཤམ། བྱིན་རླབས་རྒྱལ་ཆེན་གྱི་སྐབས་ལྟར་བྱ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། བདུད་རྩི་འཁྱིལ་པ་ལྗང་ནག་རྒྱ་གྲམ་དང་དགྲ་སྟ་འཛིན་པ། རྟ་མགྲིན་དམར་པོ་དབྱུག་པ་དང་སྡིག་མཛུབ་མཛད་པ། གཤིན་རྗེ་ནག་པོ་བེ་ཅོན་དང་འཁོར་ལོ་འཛིན་པ་རྣམས་སྐད་ཅིག་གིས་བཛྲ་ས་མ་ཡ་ཛཿ ཛཿཧཱུཾ་བཾ་ཧོཿ རྟེན་ལ་ཐིམ་པར་གྱུར། ཨཱོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཚིནྡྷ་ཚིནྡྷ་དམ་སྲི་མ་ར་ཡ་ཧཱུཾ་ཕཊ། ཨཱོཾ་བཛྲ་ཀྲོ་ཏ་ཧ་ཡ་གྷྲཱི་ཝ་(༦ན)


GLG024_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ། ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨཱོཾ་བཛྲ་ཀརྨ་ཡ་མ་རཱ་ཙ་ཧཱུཾ་ཕཊ། ཅེས་པའི་སྔགས་གསུམ་པོ་བརྒྱ་ཚར་བཟླ། ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་སྐུ་གསུང་ཐུགས་བྱིན་གྱིས་བརླབས་གོང་གི་སྔགས་གསུམ་གྱི་མཇུག་ཏུ་གཏོར་སྔགས་བཏགས་ནས་ཚར་གསུམ་གྱིས་གཏོར་མ་འབུལ། ཨརྒྷཾ་ནས། ཤཔྡའི་བར་གྱིས་མཆོད། ཧཱུཾ། རྟ་མགྲིན་བདུད་རྩི་འཁྱིལ་པའི་སྐུ། །སྤྲུལ་པའི་འོད་ཟེར་དགྲ་བགེགས་འདུལ། །དངོས་གྲུབ་བདུད་རྩིའི་རྒྱ་མཚོར་བསྐྱིལ། །དམ་སྲི་ཐལ་བའི་རྡུལ་དུ་རློག །གོང་གི་སྔགས་གཉིས་བརྗོད། ཧཱུཾ། གསང་ཆེན་ལྷུན་གྲུབ་ཕོ་བྲང་ནས། །ལས་ཀྱི་གཤིན་རྗེའི་རྒྱལ་པོ་ལ། །བཅོམ་ལྡན་ཆོས་རྗེས་བཀའ་སྩལ་ལྟར། །དེ་བཞིན་རིགས་འཛིན་སྒྲུབ་པ་པོས། །བཀའ་གསང་གཞུང་ཆེན་འདི་སྒྲུབ་པས། །ཡང་དག་དོན་མཆོག་མ་ཐོབ་བར། །འདི་ལ་གནོད་ཅིང་བར་གཅོད་ན། །ལྷ་སྲིན་སྡེ་བརྒྱད་འབྱུང་པོའི་ཚོགས། ཁྱོད་ཀྱི་འཁོར་དང་གཡོག་ལགས་ཀྱི། །རྣམ་པར་སྨིན་པའི་ཆོས་ཤོད་ལ། །བླ་མེད་འབྲས་བུ་མ་ཐོབ་བར། །ས་འདི་ཡན་ཆད་བགེགས་མ་བཏང་། །ཕྱི་ཁོར་སྐྱོང་བའི་མུ་རན་ལ། །རྡོ་རྗེ་ཡང་དག་ཐུབ་པར་མཛོད། །ཨཱོཾ་བཛྲ་ཡ་མ་ར་ཙ་ས་མ་ཡ་སྟྭཾ། ཞེས་བརྗོད། གསུམ་པ་མ་ཏྲཾ་བསྒྲལ་ཞིང་ནང་གསང་གི་མཚམས་བཅད་པ་ལ། མ་ཏྲཾ་བསྐལ་པ་དང་མཚམས་གཅོད་གཉིས། དང་པོ་ལ། མ་ཏྲཾ་གནས་གང་ལ་དབང་བྱེད་པ། ངོ་བོ་ངོས་བཟུང་བ། སྔོན་བྱུང་། རྗེས་འཇུག་གི་འདུལ་(༦བ)


GLG024_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས། ཁོག་པ་གཞལ་ཡས་ཁང་དུ་བྱིན་གྱིས་བརླབ་པ། བཏུལ་བའི་དགོས་པ་དང་དྲུག་ལས། དང་པོ་གསུམ་སྒྲུབ་ཁོག་ལས་ཤེས། བཞི་པ་ལ། ཆོས་ཉིད་ཀྱིས་འདུལ་བ་དང་། ཆོ་གས་འདུལ་བ་གཉིས་ལས། དང་པོ་ནི། ཧཱུཾ། མ་ཏྲཾ་བྱ་བའི་སྡིག་ཅན་ཁྱོད། །སྔོན་ཡང་སྒྲུབ་པ་ཀུན་ནས་བསྒྲིབས། །དེ་ཚེ་དཔལ་ཆེན་ཧེ་རུ་ཀས། །བསྒྲལ་ནས་དུར་ཁྲོད་ཆེན་པོར་བྱས། ཁུངས་དང་རྩད་བཅད་གང་ནས་བྱུང་། ཁུངས་དང་རྩད་བཅད་བདག་ལས་བྱུང་། །བདག་མེད་སྟོང་པའི་ཐོ་བས་གཞོམ། །ཨཱོཾ་མཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། གཉིས་པ་ཆོ་གས་འདུལ་བ་ནི། མ་ཏྲཾ་གི་གཟུགས་འབྲུབ་ཁུང་གི་སྟེང་དུ་བཞག་ལ། འབྲུབ་ཁུང་བསྐྱེད། བདེན་བརྡར་གྱི་མཐར། མ་ཏྲཾ་ཀ་རུ་དྲ་ཛཿ ཨ་ཀཪྴ་རུ་དྲ་ཛཿ ཁ་ཊྭཱཾ་ཀ་རུ་དྲ་ཛཿཛཿ ཞེས་གསུམ་གྱིས་བཀུག་ལ་བསྟིམ་མོ། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་ཙིཏྟ་པྲ་པེ་ཤ་ཡ་ཤག་ཕཊ། ཅེས་བསྒྲལ། མགོ་ཕྱོགས་མ་ནོར་བར་འཇོག་གོ །ཧཱུཾ། མ་ཏྲཾ་བྱ་བའི་སྡིག་ཅན་ཁྱོད། །རོལ་པའི་སྟབས་ཀྱིས་མནན་པ་ནི། །འཇིགས་བྱེད་ཆེན་པོ་ཧེ་རུ་ཀས། །མགོ་ནི་ལྷོ་ནུབ་མཚམས་སུ་བསྟན། །རྐང་པ་བྱང་ཤར་མཚམས་སུ་བསྟན། ཁྲོ་རྒྱལ་ཞབས་ནི་གཡས་གཡོན་གྱིས། །གྱད་ཀྱི་དོར་སྟབས་ཚུལ་གྱིས་མནན། །ཧཱུཾ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཏྲི་རུ་ཀ་ཏྲི་ཤ་ཧོཿ ས་མ་ཡསྟྭཾ། མ་ཧཱ་དེ་ཝ་རུ་དྲ་ཛཿཛཿཧཱུཾ་ཧཱུཾ། གོང་གི་བྲོ་འདིར་ཡང་བྱེད་དོ། ལྔ་པ་བྱིན་གྱིས་བརླབ་པ་ལ་དངོས་དང་། སྒོ་དབྱེ་བ་གཉིས་ལས། དང་པོ་ནི། བྷྲཱུཾ་ཛྙཱ་ན་ཙཀྲ་མཎྜ་ལ་ཧཱུཾ། བདག་གི་ཐུགས་ཀའི་ཧཱུཾ་ལས་བྷྲཱུཾ་གྲངས་མེད་པ་སྤྲོས་པས། མ་ཏྲཾ་གི་ཁོག་(༧ན)


GLG024_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ཕོག་སྟེ། དེ་ཉིད་དུར་ཁྲོད་ཀྱི་གཞལ་ཡས་ཁང་ནམ་མཁའི་མཐའ་དང་མཉམ་པ། བནྡྷ་གསར་རྙིང་གི་རྩིག་པ་བྱས་པ། གནམ་ལྕགས་ཀྱི་གཟེར་བཏབ་པ་ལ་རཀྟའི་ཞམ་ཆུ་འབབ་པ། བནྡྷ་ལྕང་ལོ་ཅན་གྱི་ཁ་བད་བཏེག་པ། དྲེགས་པ་ཅན་རྣམས་ཀྱི་ཀ་བ་བཙུགས་པ། ལྷ་ཆེན་བརྒྱད་ཀྱིས་གདུང་མ་བྱས་པ། ལྷ་བྲན་མང་པོས་དྲལ་མ་བྱས་པ། ཞིང་ལྤགས་ཀྱི་ཐོག་ཕུབ་པ། རིན་ཅེན་རྣམ་བཞིས་སྒོ་མོ་བྱས་པ། རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ནང་ཕོ་བྲང་རྩིབས་བཅུ་པ། ཕྱི་དུར་ཁྲོད་ཀྱི་གནས་བརྒྱད་ཀྱིས་བརྒྱན་པ། དེའི་ཕྱི་རིམ་ལྕགས་རི་དང་མེ་རིས་བསྐོར་བར་གྱུར། གཉིས་པ་སྒོ་དབྱེ་བ་ནི། ཁུ་ཚུར་དང་བཅས་པའི་སྡིགས་མཛུབ་བསྒྲེང་ཞིང་། བྷྲུཾ་པྲ་པེ་ཤ་ཡ་ཕཊ། ལན་བདུན་བརྗོད། ཧཱུཾ་ཧཱུཾ་ཧཱུཾ། ཧ་ཧ་ཧ། ཕཊ་ཕཊ་ཕཊ། ཅེས་བརྗོད་ཅིང་བསྐོར་རོ། །དྲུག་པ་བཏུལ་བའི་དགོས་པ་སྒྲུབ་ཁོག་ལས་ཤེས། གཉིས་པ་མཚམས་གཅོད་ལ་གཉིས་ལས། དང་པོ་ནང་མཚམས་ནི། ཧཱུཾ། བདག་ཉིད་དཔལ་གྱི་ཐུགས་ཀ་ནས། །ཁྲོ་རྒྱལ་ཊཱཀྐི་རཱ་ཛ་འཕྲོས། །དམར་སྐྱ་ཞལ་གཅིག་ཕྱག་གཉིས་པ། །གཡས་གཡོན་ཐོ་བ་ལྕགས་ཀྱུ་ཐོགས། །ཁྲོས་པ་ཕྱོགས་བཅུར་རབ་འཕྲོས་པས། །ཕྱོགས་སྐྱོང་བཅུ་པོ་བཀུག་ནས་ནི། །ཕྱོགས་བཅུ་ཀུན་ཏུ་གདན་དུ་བཏིང་། །ཕོ་མོ་གན་རྐྱལ་ཁ་སྦུབ་བསྣོལ། །ཨཱོཾ་སུཾ་བྷ་སོགས་དང་། རྗེས་སུ། ཨིནྡྷ་ཡ་ཏི་ར་པཾ། ཨགྣ་ཡེ། ཡ་མཱ་ཡ། ནཻ་རྡི་ཏྱ་ཡ། ཝ་རུ་ཎཱ་ཡ། བཱ་ཡ་བེ། ཀུ་བེ་རཱ་ཡ། ཨི་ཤ་ནཱ་ཡ། ཨུརྡྷ་བྲཧྨ་ཎེ། སཱུཪྻ། ཙནྡྲ། ཨརྡྷོ་(༧བ)


GLG024_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

པྲ་ཐི་བི་བྷྱཿཏི་ར་བཾ། ཛཿཧཱུཾ་བཾ་ཧོཿ ཞེས་ཕྱག་རྒྱ་བཞིས་བགེགས་རྣམས་བཀུག །རྡོ་རྗེ་སློབ་དཔོན་སོགས་ཀྱིས་ཕུར་པ་བཅུ་པོ་ལག་ཏུ་ཐོགས་ཏེ། ཧཱུཾ། བདག་ཉིད་དཔལ་གྱི་ཐུགས་ཀ་ནས། །ཕྱོགས་སྐྱོང་བཅུ་ཡི་གདན་སྟེང་དུ། །འབར་བའི་ཧཱུཾ་བཅུ་འཕྲོས་པ་ལས། །འཕྲོས་འདུས་ཁྲོ་བོ་བཅུ་རུ་གྱུར། །ཧཱུཾ་ཀཱ་ར་རྣམ་རྒྱལ་དབྱུག་སྔོན་རྒྱལ། །གཤིན་རྗེ་མི་གཡོ་རྟ་མགྲིན་རྒྱལ། །འདོད་རྒྱལ་བདུད་རྩི་ཁམས་གསུམ་རྒྱལ། །སྟོབས་པོ་ཆེ་རྣམས་རིམ་བཞིན་བསྒོམ། །ཀུན་ཀྱང་ཞལ་གསུམ་ཕྱག་དྲུག་པ། །སྐུ་སྟོད་ཁྲོ་ཚུལ་མཚོན་ཆ་འཛིན། །དུར་ཁྲོད་ཆས་ཀྱིས་རབ་ཏུ་བརྒྱན། །སྐུ་སྨད་ལྕགས་ཕུར་ཟུར་གསུམ་འབར། །ཕྱོགས་སྐྱོང་བཅུ་ཡི་སྙིང་གར་བཏབ། །མེ་དཔུང་འབར་བའི་ཀློང་དཀྱིལ་ན། །སྤྲུལ་པ་ཡང་སྤྲུལ་བགྲང་ལས་འདས། །བར་ཆད་བགེགས་དཔུང་མ་ལུས་པ། །རྡུལ་ཕྲན་བཞིན་དུ་བརླག་པར་བྱ། །ཨཱོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ། བར་ཆད་འབྱུང་པོ་གྷརྫ་གྷརྫ་ཧཱུཾ་ཕཊ། ཅེས་སོགས་དང་། ཐུགས་ལས་སྤྲུལ་པའི་ཁྲོ་བཅུས་མི་དགེ་བཅུ། །ཞེས་པ་ནས་བཟུང་སྟེ། ཕུར་པའི་གུར་ཁང་མཚམས་ལས་མ་འདའ་ཞིག །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་རཀྵ་རཀྵ་ཧཱུཾ།གཉིས་པ་གསང་མཚམས་ནི། ཕྱི་ནང་སྣོད་བཅུད་མ་བྱ། བཞི་པ་དཀྱིལ་འཁོར་བཞེང་ཞིང་བསྙེན་པ་བྱ་བ་ལ་བཞེང་བ། རྒྱན་དགྲམ་པ། འཕྲིན་ལས་གྱེར་ཞིང་འཛབ་བྱ་བ་དང་གསུམ། དང་པོ་ལ། སྦྱང་བ། ཐིག་ཚོན་བྱིན་གྱིས་བརླབ་པ། ཐིག་གདབ་པ་དང་གསུམ། དང་པོ་སྦྱང་བ་ནི། བདུད་རྩི་འཁྱིལ་པའི་སྔགས་བརྗོད་ཅིང་དྲི་བཟང་གི་ཆུས་གཏོར། (༨ན)


GLG024_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་ལྔའི་སྣོད་ཐོགས་ཏེ། ཆོས་དབྱིངས་དག་པའི་བདུད་རྩི་མི་བསྐྱོད་པས། །རྒྱལ་བའི་ཐུགས་ཀྱི་དངོས་གྲུབ་བསྒྲུབ་པའི་ཕྱིར། །བཀའ་གསང་རྨད་དུ་བྱུང་བའི་དཀྱིལ་འཁོར་འདིར། །གསང་བའི་དཀྱིལ་འཁོར་ཆེན་པོར་ཆག་ཆག་འདེབས། །ཨཱོཾ་མ་ཧཱ་མུ་ཏྲཾ་མཎྜ་ལ་ཧཱུཾ། དེ་བཞིན་དུ་འདོད་པ་བསྒྱུར་ཏེ། མེ་ལོང་དག་པའི་བདུད་རྩི་རྣམ་སྣང་འདིས། །རྒྱལ་བའི་སྐུ་ཡི་༴། བཀའ་གསང་སོགས་འགྲེ །ཨཱོཾ་མ་ཧཱ་བི་ཏྲ་མཎྜ་ལ་ཨཱོཾ། མཉམ་ཉིད་དག་པའི་བདུད་རྩི་རཀྟ་འདིས། རྒྱལ་བའི་ཡོན་ཏན། སོགས། ཨཱོཾ་མ་ཧཱ་རུ་དྷི་ར་མཎྜ་ལ་སྭཱ། ཀུན་རྟོག་དག་པའི་བདུད་རྩི་བྱང་སེམས་འདིས། །རྒྱལ་བའི་གསུང་གི་༴། བཀའ་སོགས་ཨཱོཾ་མ་ཧཱ་ཤུཀླ་མཎྜ་ལ་ཨཾཿ བྱ་གྲུབ་དག་པའི་བདུད་རྩི་ཤ་ཆེན་འདིས། །རྒྱལ་བའི་འཕྲིན་ལས་༴། ཨཱོཾ་མ་ཧཱ་མཾ་ས་མཎྜ་ལ་ཧཱ། གཉིས་པ་ཐིག་ཚོན་བྱིན་རླབས་ནི། ཐིག་ཚོན་ཕྱག་ལེན་ལྟར་བཤམ་མཆོད་པ་གོང་ལྟར་བརླབ། བཛྲ་ཨ་མྲྀ་ཏས་བསངས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས། རང་ཉིད་དཔལ་ཆེན་པོར་གསལ་བའི་ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲས་རྒྱལ་བ་ཞི་ཁྲོའི་ཚོགས་སྤྱན་དྲངས། ཞལ་དུ་ཞུགས། རྗེས་ཆགས་ཀྱི་མེས་ཞུ་བ་ཡུམ་གྱི་མཁར་བབས་པ། ཨཱོཾ་ཧཱུཾ་སྭཱ་ཨཾ་ཧཱ་ལྔར་གྱུར་པ་ཐིག་ཚོན་ལྔ་སོ་སོའི་གནས་སུ་བབས་པ་ལས། དབུས་སུ་ཨཱོཾ་དཀར་པོ་ལས་བྷུདྡྷ་ཀཱི་ལཱ་ཡ་དཀར་པོ་སྨད་ཞི་བའི་ཕུར་བུ་ཟླུམ་པོར་བཞུགས་པ། ཤར་དུ་ཧཱུཾ་སྔོན་པོ་ལས་བཛྲ་ཀཱི་ལཱ་ཡ་མཐིང་ཁ་སྨད་དྲག་


GLG024_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཕུར་བུ་གྲུ་གསུམ་དུ་བཞུགས་པ། ལྷོར་སྭཱ་སེར་པོ་ལས་རཏྣ་ཀཱི་ལ་ཡ་སེར་པོ་སྨད་རྒྱས་པའི་ཕུར་བུ་གྲུ་བཞིར་བཞུགས་པ། ནུབ་ཏུ་ཨཾ་དམར་པོ་ལས་པདྨ་ཀཱི་ལ་ཡ་དམར་པོ་སྨད་དབང་གི་ཕུར་བུ་ཟླ་གམ་དུ་བཞུགས་པ། བྱང་དུ་ཧཱ་ལྗང་གུ་ལས་ཀརྨ་ཀཱི་ལ་ཡ་ལྗང་གུ་སྨད་ལས་ཀྱི་ཕུར་བུ་གྲུ་གསུམ་དུ་བཞུགས་པ། ཐམས་ཅད་ཀྱང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། རང་འདྲའི་ཡུམ་དང་གཉིས་སུ་མེད་པའི་སྤྱི་བོར་ཨཱོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པར་གྱུར། བཛྲ་ས་མ་ཡ་ཛ། ཛཿཧཱུཾ་བཾ་ཧོ། ཨཱོཾ་སརྦ་ཏ་ཐཱ་ག་ཏ། ཨརྒྷཾ་ནས། ཤཔྡའི་བར་བརྗོད། ལྷ་ལྔའི་གནས་གསུམ་གྱི་ཨཱོཾ་ཨཱཿཧཱུཾ་ལས་འོད་ཟེར་འཕྲོས། སྐུ་གསུང་ཐུགས་ཀྱི་ལྷ་ཚོགས་རྣམས་སྤྱན་དྲངས་ཏེ་ཐིམ་པར་གྱུར། ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་ས་མ་ཡ་སཱུ་ཏྲཾ་མ་ཏི་ཀྲ་མ་ཧཱུཾ། ཞེས་པ་དང་། ཨཱོཾ་ཨཱཿཧཱུཾ། བརྒྱ་རྩ་བཟླས། དཀར་པོ་ཨཱོཾ་གྱི་རང་བཞིན་ལ། །རིན་ཆེན་ཤེལ་གྱི་རང་བཞིན་འཕྲོ། །ཆོས་དབྱིངས་ཡེ་ཤེས་བྱིན་གྱིས་རློབས། མཐིང་ཁ་ཧཱུཾ་གི་རང་བཞིན་༴། བཻ་ཌཱུཪྻཱ་ཡི་རང་བཞིན་འཕྲོ། །མེ་ལོང་ཡེ་ཤེས་བྱིན་གྱིས་༴། སེར་པོ་སྭཱ་ཡི་རང་བཞིན་༴། རིན་ཆེན་གསེར་གྱི་༴། དམར་སེར་ཨཾ་གི་༴། རིན་ཅེན་བྱུ་རུའི་༴། སོར་རྟོག་ཡེ་ཤེས་༴། ལྗང་གུ་ཧཱ་ཡི་༴། ཨིནྡྲ་ནཱི་ལའི་༴། བྱ་སྒྲུབ་ཡེ་ཤེས་བྱིན་གྱིས་རློབས། །ཞེས་བརྗོད་པས་ལྷ་རྣམས་འོད་དུ་ཞུ་ནས་ཐིག་ཚོན་སོ་སོ་ལ་ཐིམ་པར་བསམ། གསུམ་པ་ལ་གནམ་སའི་ཐིག་གཉིས་(༩ན)


GLG024_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ལས། དང་པོ་ནི། ཐིག་སྐུད་ཀྱི་སྣེ་སློབ་མ་ལ་གཏད་དེ། ཧཱུྃ། བཀྲ་ཤིས་མཚན་ལྡན་གཟུང་མ་ཡུམ། ཁ་ནས་ཨུཏྤལ་ངད་ལྡང་ཞིང་། །སྐད་ཀྱང་ངང་པ་གཞོན་ནུ་འདྲ། །སྙན་པར་སྨྲ་ཞིང་ཚུལ་དང་ལྡན། །མཉེན་ལྕུག་འཁྲིལ་བས་དབྱེར་མི་ཕྱེད། །རྡོ་རྗེ་ལས་ཀྱི་དངོས་གྲུབ་མ། །གསང་བའི་རྡོ་རྗེ་ཐིག་འདེབས་པའི། །ལས་རྣམས་མ་ལུས་ཀུན་གྱིས་ཤིག །ཐབས་ཤེས་ལྡན་པའི་བྱིན་རླབས་ལས། །གསང་བའི་དཀྱིལ་འཁོར་ཆེན་པོ་འདིར། །བྱང་ཆུབ་སེམས་ཀྱི་ཐིག་གདབ་ཀྱི། །བྷྲཱུཾ་ལས་བསྐྱེད་པའི་གཞལ་ཡས་ཁང་། །ཕྱོགས་མཚམས་ཡེ་ཤེས་རྣམས་དང་ལྡན། །དཀྱིལ་འཁོར་ཆེན་པོའི་ཐིག་བཏབ་པས། །སྒྲུབ་པའི་ལྷ་རྣམས་བཞུགས་པའི་གནས། །ཕོ་བྲང་ཆེན་པོར་ལྷུན་གྱིས་གྲུབ། །བྷྲཱུཾ་ཛྙཱ་ན་ཤྲཱི་ཀྲ་མ་སྭཱ་ཧཱ། གཉིས་པ་ས་ཐིག་ནི། ཧཱུཾ། སྟོང་གསུམ་མཎྜལ་ཡུམ་གྱི་ས་གཞི་ལ། །ཐུགས་རྗེ་འགྱུར་མེད་ཡབ་ཀྱི་ཐིག་བཏབ་པས། །སྲིད་པའི་དཀྱིལ་འཁོར་འབྱམས་ཀླས་དབྱིངས་སུ་གསོལ། །སྒྲུབ་པའི་ལྷ་ཚོགས་བཞུགས་གནས་ལྷུན་གྱིས་གྲུབ། །བྷྲཱུཾ་ཛྙཱ་ན་མཎྜ་ལ་སྭཱ་ཧཱ། དེ་ནས་ཐིག་གི་ལག་ལེན་ནི། ཤར་ནུབ་ཚངས་ཐིག་བཏབ་པའི་རྗེས། །དཀྱིལ་ནས་ཆེ་ཆུང་གང་འཚམ་པ། །མིག་ཚོད་བཏང་ནས་ལན་གཉིས་ནི། །གཞལ་བའི་མཚན་མ་བཏབ་པ་དག །ཤར་ནུབ་གཉིས་ཀར་བྱས་པ་དེའི། །དཀྱིལ་ནས་མཚན་མ་གཉིས་པའི་བར། །གཞལ་བའི་ཚད་དེས་ནང་མ་ནས། །ལྷོ་བྱང་གཉིས་ཀྱི་བྱ་རྗེས་དང་། །ཕྱི་མ་གཉིས་ཀྱི་སྟེང་ནས་ནི། །མཚམས་བཞིར་བྱ་རྗེས་བཙལ་བྱས་ནས་(༩བ)


GLG024_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མའི་ཐིག་དྲུག་གདབ་པར་བྱ། །དེ་རྗེས་དཀྱིལ་ནས་ཟུར་ཐིག་བཞིར། །དཀྱིལ་འཁོར་ཆེ་ཆུང་གང་བྱེད་དང་། །འཚམས་པའི་དུམ་བུ་དྲུག་བཅད་པའི། །མཚན་མ་བཏབ་ལ་ཕྱི་མ་གཉིས། །ཐིག་གིས་ལེགས་པར་ཕྱེ་བ་ཡི། །ནང་མ་དབུས་དོར་མཐའ་གཉིས་གདབ། །རྩིག་པ་འདོད་སྣམ་ཕ་གུ་ཡིན། །ཕྱི་མ་ཕྱེད་གདབ་ཕྱི་མ་བགོ །དྲ་བ་དྲ་ཕྱེད་མདའ་ཡབ་ལོ། །ཚངས་ཐིག་གཡས་སུ་ཆ་ཆེན་གཉིས། །ནང་མ་ཕྱེད་གདབ་ཕྱི་མ་བགོ །སྒོ་དང་སྒོ་ཁྱུད་སྒོ་ལོགས་ཐིག །ཕྱི་མ་བཞིར་བགོས་རྩིག་པ་མུན། །ཀ་བ་ཀ་རྒྱན་གཡོན་ལའང་འགྲེ །པུ་ཤུའི་སྟེང་ནས་ཆ་ཆེན་བཞི། །བཏབ་པའི་ནང་མ་གསུམ་པོ་དག །ཐོག་མཐའ་བཞིར་བགོས་དབུས་མ་ཡི། །དཀྱིལ་ལ་ཆ་ཕྲན་གཅིག་གདུང་མ། །དེ་ལྷག་མདུན་རྒྱབ་མུན་པ་སྟེ། །དེ་ཡང་ཀ་རྒྱན་སྟེང་ནས་ནི། །ཆ་ཕྲན་གཅིག་ཐེན་གཅིག་ཕྱིར་བསྐྱེད། །གསུམ་ཐེན་ནང་དུ་གཉིས་བསྐུམ་ལ། །ཆ་ཕྲན་གཅིག་ཐེན་གཅིག་ཕྱིར་བསྐྱེད། །ཆ་ཕྲན་གཅིག་ཐེན་གཉིས་ནང་བསྐུམ། །གཉིས་ཐེན་གཅིག་བསྐྱེད་གསུམ་ཐེན་རྗེས། །གཉིས་བསྐུམ་གཅིག་བསྐྱེད་རྟ་བབས་སོ། །གླང་རྒྱབ་དཔངས་སུ་ཆ་ཕྲན་བརྒྱད། ཚངས་པའི་ཐིག་ནས་གཡས་ངོས་སུ། །ཆ་ཆེན་གཅིག་གཞལ་མུན་སྟེང་ནས། །གཅིག་ཐེན་གཉིས་བསྐྱེད་གསུམ་ཐེན་ཞིང་། །གཅིག་བསྐུམ་གཅིག་ཐེན་གཅིག་བསྐུམ་གཅིག །ཐེན་ཞིང་གཅིག་བསྐུམ་གཉིས་ཐེན་གསུམ། །བསྐུམ་དེ་གཡོན་ཕྱོགས་ལ་ཡང་འགྲེ །ཆ་ཆེན་བཞི་པ་དབུས་དོར་ཏེ། །མཐའ་གཉིས་བཏབ་པས་པདྨ་དང་། །འཁོར་ལོ་གདུགས་(༡༠ན)


GLG024_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཐིག་ཏུ་འགྱུར། །རྡོ་རྭ་རྩིག་པ་ནས་བརྩམས་པའི། །ཆ་ཆེན་གསུམ་གྱི་སྟེང་དག་ནས། །གཡས་གཡོན་རྭ་ནང་གསུམ་དང་ནི། །ཕྱི་མ་ལྔ་ནས་བསྐོར་བས་འགྲུབ། །པདྨ་དང་ནི་དམ་ཅན་གཉིས། །ཚད་ལ་ཆ་ཕྲན་གསུམ་གསུམ་ཡིན། །རྡོ་རྗེའི་རྭ་བ་ཆ་ཕྲན་གཅིག །དུར་ཁྲོད་མེ་རི་ཆ་ཆེན་རེ། །ལུགས་འདི་དག་ལ་སྐབས་འགར་ནི། །པདྨ་སྣ་ཚོགས་རྡོ་རྗེའི་རྭ། །བཞག་ནས་ཁྲག་མཚོ་བྱེད་པའི་ཚེ། །འཁོར་ལོའི་རྩེ་ནས་མུ་ཁྱུད་དག །བསྐོར་བའི་ཁྱམས་ལ་འདྲི་བ་ཡིན། །སྔ་འགྱུར་ལུགས་སྲོལ་འགའ་ཞིག་ལ། །དུར་ཁྲོད་ནང་དུ་ཆ་ཕྲན་གཉིས། །བསྐོར་བ་ཁྲག་ཁྱམས་སྲུང་མའི་ས། །གསང་སྔགས་སྔ་འགྱུར་ལུགས་སྲོལ་གྱི། །རྟ་བབས་སྣམ་བུ་བཞི་བྱེད་ན། །དངོས་གཞི་སྔར་དང་འདྲ་བ་ལ། །མདའ་ཡབ་སྟོང་ནས་ཆ་ཆེན་གཉིས། །ནང་མ་བཞིར་བགོས་རྟ་བབས་དང་། །གླང་རྒྱབ་དཔངས་དང་གཡས་གཡོན་དུ། །ཆ་ཕྲན་གསུམ་རེ་དག་གིས་འགྲུབ། །རྡོ་རྭ་རྩིག་པ་ནས་དྲངས་པའི། །ཆ་ཆེན་གཉིས་སྟེང་གཡས་གཡོན་དུ། །གསུམ་དང་ལྔ་ནི་གོང་ལྟར་བསྐོར། །དཀྱིལ་འཁོར་ནང་གི་ཐིག་དག་ནི། །དབུས་ནས་སྒོ་མཚམས་བར་དག་ཏུ། །ཟླུམ་ཐིག་གཅིག་དང་ནང་ཆ་ཕྲན། །གཅིག་དོར་བསྐོར་བ་ཕྱིའི་མུ་ཁྱུད། །ནང་དུ་ཆ་ཕྲན་ལྔ་དོར་ནས། །བསྐོར་བའི་ཟླུམ་ཐིག་རྩིབས་བཅུ་པོ། །འཆོས་དོན་ཡིན་གྱི་དེ་རྗེས་དབྱི། །དེ་ནས་ནང་དུ་ཆེ་ཆུང་གཉིས། །དོར་ཏེ་བསྐོར་ཞིང་སླར་གཅིག་དོར། །བསྐོར་བས་ལྟེ་བའི་ཟླུམ་ཐིག་གོ །ལྟེ་བ་དག་ནས་མུ་ཁྱུད་ཀྱི། །(༡༠བ)


GLG024_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ནང་མར་བྱ་རྗེས་བཙལ་ནས་ནི། །ཕྱོགས་གསུམ་བཏབ་པས་གྲུ་གསུམ་མོ། །ཆ་ཕྲན་དགུ་དང་བཞི་ཆ་གཅིག །གཞལ་བའི་ཚད་ཀྱིས་ལྷོ་བྱང་གི །ཚངས་ཐིག་བར་དུ་བསྐོར་ནས་ནི། །གཞལ་ཏེ་མཚན་མ་ལྔ་བཏབ་པས། །རྩིབས་རྩེ་འབྱུང་ངོ་ཕྱོགས་གཞན་འགྲེ །ཚད་ངེས་རྩེ་མོ་ནས་བརྩམས་ནས། །སྔར་གྱི་ཟླུམ་སྐོར་གསུམ་པའི་སྟེང་། །ཐེན་ནས་བསྐོར་བས་རྩིབས་རྣམས་འགྲུབ། །དེ་ཡང་རབ་རྡུལ་ཚོན་དང་འབྲིང་རས་བྲིས་སུ་བཤད་པ་ནི་སྒྲུབ་ཁོག་ཏུ་ཤེས་ཤིང་། བཀའ་བརྒྱད་གསང་རྫོགས་སོགས་སུ་སྟ་གོན་གྱི་དཀྱིལ་འཁོར་དུ་སློབ་མ་འཇུག་པར་གསུངས་པ་གསར་མ་བ་དག་གི་བློར་མི་ཆུད་ཀྱང་རྟོག་དཔྱོད་ཀྱི་གནས་མ་ཡིན་མོད། འོན་ཀྱང་འཇུག་པ་བདེ་བའི་ཕྱིར། འདིར་བསྡུས་པ་རང་སྔགས་བརྗོད་ཅིང་དྲི་བཟང་གི་ཐིག་ལེའི་སྟེང་དུ་ཚོམ་བུ་བཀོད་དོ། །གཉིས་པ་རྒྱན་དགྲམ་ཞིང་། མཆོད་པ་བྱ་བ་ནི། རྒྱས་པ་སྒྲུབ་ཁོག་ཏུ་ཤེས་ལ། བསྡུ་ན་སྨན་རཀ་གཏོར་གསུམ་མཆོད་པ་སོགས་ཕྱག་ལེན་ལྟར་རོ། །གསུམ་པ་འཕྲིན་ལས་གྱེར་ཞིང་འཛབ་བྱ་བ་ནི། སྐྱབས་འགྲོ་ནས་བཟུང་། ཕུར་སྲུང་བཀའ་སྡོད་བཅས་ལ་ཕྱག་འཚལ་བསྟོད། ཅེས་པའི་བར་ལས་བྱང་ལྟར་བཏང་། འཛབ་ཅུང་ཟད་བཟླ། དཔལ་ཆེན་རྡོ་རྗེ་ཕུར་པའི་ལྷ་ཚོགས་རྣམས། །ཉེ་བར་དགོངས་ཤིག་མཆོད་བསྟོད་བསྒྲུབ་པའི་ཆེད། །དཀྱིལ་འཁོར་འདྲི་བར་བགྱི་ན་སྟ་གོན་ལ། །གནས་དེ་བྱིན་གྱིས་རློབ་པར་མཛད་དུ་གསོལ། རྩ་བའི་གསུམ་པ་སློབ་དཔོན་སྟ་གོན་ནི། སྒྲུབ་ཁོག་ཏུ་གསལ། རྩ་བའི་བཞི་པ་དབང་རྫས་སྟ་(༡༡ན)


GLG024_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

གོན་ལ་བུམ་པ་བུམ་རྫས། ཞར་ལ་རྫས་གཞན་གྱི་སྟ་གོན་དང་གསུམ། དང་པོ་ལ་ཕྱི་ནང་གསང་གསུམ་ལས། ཕྱི་ནང་གི་བུམ་པ་གཉིས་ནི་སློབ་མ་ལ་དབང་མི་བསྐུར་ཀྱང་དངོས་གྲུབ་ཀྱི་རྫས་སུ་དགོས་པས། དང་པོ་ཕྱིའི་བུམ་པ་སྒྲུབ་པ་ནི། བུམ་པ་བཅུ་གཉིས་སོགས་ཕྱག་ལེན་ལྟར་བཤམ། མཆོད་གཏོར་བྱིན་རླབས་ལྷ་སྟ་གོན་ལྟར་བྱ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ལས་བུམ་པ་གཞལ་ཡས་ཁང་མཚན་ཉིད་དང་ལྡན་པའི་ནང་ཨ་ལས་བདུད་རྩིའི་རྒྱ་མཚོ་ཆེན་པོས་གང་བ། དེར་པདྨའི་སྡོང་པོ་ལྷ་གྲངས་དང་མཉམ་པའི་སྟེང་དུ། བཛྲ་ཏཾ་པདྨ་སུཪྻ་ཙཎྜ་མཎྜ་ལ་རུ་དྲ་དུ་ཏྲི་ཨེ་སརྦ་བིགྷྣཱན། ལྟེ་བར་རྡོ་རྗེ་བྲག་ཆེན་པད་ཉིའི་ཁྲི། ཞེས་པ་ནས། འཛབ་ཀྱི་བར་ལས་བྱང་ལྟར་དང་། དེ་ནས་བཟླས་པ་གྲུབ་རྗེས། ལས་བུམ་ནང་དུ་པདྨ་ཉི་མའི་སྟེང་། །ཧཱུཾ་ལས་ཁྲོ་བོ་བདུད་རྩི་འཁྱིལ་པ་ནི། །ལྗང་ནག་གཡས་པ་རྒྱ་གྲམ་གཡོན་དྲིལ་བུ། །རབ་འཛིན་གནས་གསུམ་ཡི་གེ་འབྲུ་གསུམ་གྱིས། །མཚན་པ་དག་ལས་འོད་འཕྲོས་ཡེ་ཤེས་པ། །སྤྱན་དྲངས་དམ་ཚིག་པ་དང་གཉིས་མེད་གྱུར། །དབང་ལྷ་སྤྱན་དྲངས་བདུད་རྩིའི་ཆུ་རྒྱུན་གྱིས། །དབང་བསྐུར་དོན་ཡོད་གྲུབ་པས་དབུ་བརྒྱན་གྱུར། །ཨཱོཾ་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། ཨ་མྲྀ་ཏ་བརྒྱ་རྩ་བརྒྱད་བཟླས་རྗེས། དུང་ཆོས་ཀྱི་ཆུ་བུམ་པར་བླུག་སྟེ། ཨཱོཾ་ཨཱཿཧཱུཾ་དང་ཧཱུཾ་ལན་བདུན་བཟླས། ལྷ་ཐམས་ཅད་འོད་དུ་ཞུ། བྱང་ཆུབ་ཀྱི་སེམས་ཀྱི་ཆུས་གང་བར་(༡༡བ)


GLG024_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། གཉིས་པ་ནང་གི་བུམ་པ་བསྒྲུབ་པ་ནི། ཐོད་པ་རྫས་བཅས་ཕྱག་ལེན་ལྟར་བཤམས་ཏེ་སྒྲུབ་ཚུལ་ལྷན་ཅིག་པའོ། །གསུམ་པ་གསང་བའི་བུམ་པ་དབང་ཆོག་ཏུ་གསལ། གཉིས་པ་བུམ་རྫས། གསུམ་པ་དབང་རྫས་གཞན་རྣམས་ནི་སྒྲུབ་ཁོག་ཏུ་ཤེས། རྩ་བའི་ལྔ་པ་སློབ་མ་སྟ་གོན་ནི། སྒྲུབ་ཁོག་དང་དབང་གཞུང་དུ་གསལ།སྤྱི་དོན་གསུམ་པ་དཀྱིལ་འཁོར་འདྲི་ཞིང་སྒྲུབ་པ་ལ། ཚོན་བཀྱེ་བ། རྫས་འགོད་པ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྐྱེད་ཅིང་ཡེ་ཤེས་ཀྱི་དཀྱིལ་འཁོར་སྒྲུབ་པ་དང་གསུམ། རྩ་བའི་དང་པོ་ཚོན་བཀྱེ་བ་ནི། ཧཱུཾ། འདི་ནི་ཆོས་དབྱིངས་དག་པ་སྟེ། །བདེ་འབྱུང་རིགས་ལྔའི་ངོ་བོ་ཉིད། །སེམས་ཅན་མ་ལུས་སྒྲལ་བའི་ཕྱིར། །ཚོན་གྱི་ལས་འདི་བདག་གིས་བརྩམ། །ཞེས་བརྗོད་ཅིང་ཚོན་བཀྱེའོ། །རྩ་བའི་གཉིས་པ་རྫས་འགོད་པ་ལ་རྒྱན། མཆོད་རྫས། དབང་རྫས། དངོས་གྲུབ་ཀྱི་རྫས། ལྷའི་རྟེན་རྫས་དང་ལྔ། དང་པོ་ནི། མཚན་ལྡན་བནྡྷ་ཕུར་པ་རལ་གྲི་མདའ། །མེ་ལོང་ཚོན་སྐུད་དྲ་བ་ཡོལ་བ་དང་། །ཞིང་ལྤགས་བླ་བྲེ་འཕན་གདུགས་རྒྱུ་མའི་འཕྲེང་། །མར་མེ་དང་བཅས་རྒྱན་རྣམས་བཞུགས་སུ་གསོལ། གཉིས་པ་ཕྱི་ནང་གསང་བའི་མཆོད་པ་ནི། །ཕྱག་ལེན་ལྟར་རོ། །གསུམ་པ་དབང་རྫས་ནི། སྒྲུབ་ཁོག་ཏུ་གསལ། བཞི་པ་དངོས་གྲུབ་ཀྱི་རྫས་ནི། རྒྱན་འགོད་དུ་སོང་། ལྔ་པ་ལྷའི་རྟེན་རྫས་འགོད་པ་ལ། རྟེན་བཤམ་པ། གཟི་བྱིན་བསྐྱེད་ཅིང་བྱིན་གྱིས་བརླབ་པ། འགོད་པ་དངོས་དང་གསུམ། དང་པོ་ནི་ཕྱག་ལེན་ལྟར་བཤམ། གཉིས་(༡༢ན)


GLG024_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། སྔགས་བཟླ་ཞིང་བྱུག་བདུག་བྲབ་གསུམ་བྱས་ལ། འདི་སྐད་དོ། །ཧཱུཾ། ཕུར་པ་ཆོས་སྐུ་འགྱུར་བ་མེད་པ་ལས། །སོགས་བརྗོད་ཅིང་རྡོ་རྗེ་སློབ་དཔོན་གྱིས་མཚན་བཅས་མཚན་མེད་ཀྱི་ཕྱག་བཞེས་བྱང་གཏེར་ཕུར་བུ་ལུགས་གསུམ་གྱི་བཀའ་སྲོལ་ལྟར་བྱེད་དོ། །གསུམ་པ་བཞུགས་སུ་གསོལ་བ་ནི། བདེ་གཤེགས་འཁོར་ལོ་རབ་བྲིས་ཐོད་པའི་སྐུ། །གསང་བ་སྔགས་ཀྱི་ཡིག་འབྲུ་རྣམ་པར་བཀྲ །གནམ་ལྕགས་རྡོ་རྗེ་འབར་བ་རྩེ་ལྔ་པ། །ཡོན་ཏན་བདུད་རྩིའི་བུམ་པ་བཞུགས་སུ་གསོལ། །དབུས་ནས་རང་བྱུང་གྲུབ་པའི་ལྷ། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ཆོས་དབྱིངས་རྡོ་རྗེའི་ངང་ཉིད་ལས། །བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང་། །ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ། །ཡབ་ཡུམ་གཉིས་སུ་མེད་པ་ཡང་། །ལྷ་ཆེན་བསྣོལ་བའི་གདན་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་དིཔྟ་ཙཀྲ་བཛྲ་ས་མ་ཡ་ཏིཥྛནྟུ། སྟེང་ནས་རང་བྱུང་༴། སངས་རྒྱས་ཀུན་གྱི་༴། ཆོས་དབྱིངས་རྡོ་རྗེའི་༴། ཧཱུཾ་མཛད་རྡོ་རྗེ་སྒྲ་འབྱིན་བཅས། །ཕྲ་མེན་ཕག་དང་རྨིགས་བུའི་མགོ །དབང་དང་དངོས་གྲུབ་བླང་བའི་ཕྱིར། །ཚངས་པ་བསྣོལ་བའི་༴། དགྱེས་ཤིང་བརྟན་པར་༴། ཨཱོཾ་བཛྲ་༴། ཤར་ནས་༴། སངས་རྒྱས་༴། ཆོས་དབྱིངས་༴། རྣམ་རྒྱལ་རྡོ་རྗེ་རྣམ་བསྙེམས་བཅས། །ཕྲ་མེན་སྟག་དང་བྱ་རྒོད་མགོ །དབང་དང་༴། །བརྒྱ་བྱིན་༴། དགྱེས་ཤིང་༴། ཨཱོཾ་བཛྲ་༴། མེ་ནས་༴། སངས་རྒྱས༴།(༡༢བ)


GLG024_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དབྱིངས་༴། དབྱུག་སྔོན་རྡོ་རྗེ་སྡེར་མོ་བཅས། །ཕྲ་མེན་གཡག་དང་བྱ་རོག་མགོ །དབང་དང་༴། མེ་ལྷ་༴། དགྱེས་ཤིང་བརྟན་༴། ཨཱོཾ་བཛྲ་༴། ལྷོ་ནས་༴། སངས་རྒྱས་ཀུན་གྱི་༴། ཆོས་དབྱིངས་༴། གཤིན་རྗེ་དུར་ཁྲོད་བདག་མོར་བཅས། །ཕྲ་མེན་ཤ་བ་འུག་པའི་མགོ །དབང་དང་༴། གཤིན་རྗེ་༴། དགྱེས་ཤིང་༴། ཨཱོཾ་བཛྲ་༴། ལྷོ་ནུབ་༴། སངས་རྒྱས་༴། ཆོས་དབྱིངས་༴། མི་གཡོ་རྡོ་རྗེ་གཏུན་ཁུང་བཅས། །ཕྲ་མེན་གཟིག་དང་ཁྭ་དའི་མགོ །དབང་དང་༴། སྲིན་པོ་༴། དགྱེས་ཤིང་༴། ཨཱོཾ་བཛྲ་༴། ནུབ་ནས་༴། སངས་རྒྱས་༴། ཆོས་དབྱིངས་༴། རྟ་མགྲིན་རྡོ་རྗེ་དབང་སྡུད་བཅས། །ཕྲ་མེན་བྱི་ལ་པུ་ཤུད་མགོ །དབང་དང་༴། ཆུ་ལྷ་༴། དགྱེས་ཤིང་༴། རླུང་ནས་༴། སངས་རྒྱས་༴། ཆོས་དབྱིངས་༴། གཞན་གྱིས་མི་ཐུབ་མདའ་བསྙེམས་བཅས། །ཕྲ་མེན་སྤྱང་ཀི་ཁྲ་ཡི་མགོ །དབང་དང་༴། རླུང་ལྷ་༴། དགྱེས་ཤིང་༴། ཨཱོཾ་བཛྲ་༴། བྱང་ནས་༴། སངས་རྒྱས་༴། ཆོས་དབྱིངས་༴། འཁྱིལ་པ་རྡོ་རྗེ་རླུང་འབྱིན་བཅས། །ཕྲ་མེན་སེང་གེ་ཕ་ཝང་མགོ །དབང་དང་༴། གནོད་སྦྱིན་༴། དགྱེས་ཤིང་༴། ཨཱོཾ་བཛྲ་༴། བྱང་ཤར་༴། སངས་རྒྱས་༴། ཆོས་དབྱིངས་༴། ཁམས་གསུམ་རྣམ་རྒྱལ་གསོད་མར་བཅས། །ཕྲ་མེན་དྲེད་དང་སྲེ་མོའི་མགོ །དབང་དང་༴། དབང་ལྡན་༴། དགྱེས་ཤིང་༴། ཨཱོཾ་བཛྲ་༴། འོག་ནས་༴། སངས་རྒྱས་༴། ཆོས་དབྱིངས་༴། སྟོབས་ཆེན་རྡོ་རྗེ་སྐྱོད་བྱེད་བཅས། །ཕྲ་མེན་དོམ་དང་བྱི་བའི་མགོ །དབང་དང་༴། ས་བདག་༴། (༡༣ན)


GLG024_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེས་ཤིང་༴། ཨཱོཾ་བཛྲ་༴། ཤར་ནས་རང་བྱུང་གྲུབ་པའི་ལྷ། །འགུགས་བྱེད་ཆེན་མོ་པུ་ཤུད་མགོ །ཤར་སྒོར་ཉི་སྟེང་མི་རོའི་སྟེང་། །དགྱེས་ཤིང་༴། ཨཱོཾ་བཛྲ་༴། ལྷོ་ནས་རང་བྱུང་༴། འཆིང་བྱེད་ཆེན་མོ་སྐྱ་ཀའི་མགོ །ལྷོ་སྒོར་༴། དགྱེས་ཤིང་༴། ནུབ་ནས་༴། སྡོམ་བྱེད་ཆེན་མོ་སྲིན་བྱའི་མགོ །ནུབ་སྒོར་༴། དགྱེས་ཤིང་༴། ཨཱོཾ་བཛྲ་༴། མྱོས་བྱེད་ཆེན་མོ་ཁྲ་ཡི་མགོ །བྱང་སྒོར༴། དགྱེས་ཤིང་༴། ཨཱོཾ་བཛྲ༴།རྩ་བའི་གསུམ་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྐྱེད་ཅིང་ཡེ་ཤེས་ཀྱི་དཀྱིལ་འཁོར་སྒྲུབ་པ་ནི། ལས་བྱང་རྒྱས་པར་གྱེར་རོ། །སྤྱི་དོན་བཞི་པ་སློབ་མ་དཀྱིལ་འཁོར་དུ་འཇུག་པ་ནི། དབང་གཞུང་དུ་གསལ། སྤྱི་དོན་ལྔ་པ་ལྷ་ལ་སྙན་གསན་འབུལ་ཞིང་དངོས་གྲུབ་སྒྲུབ་པ་ལ། འཛབ་བསྙེན་ལ་ཞུགས་ཏེ་དངོས་གྲུབ་སྒྲུབ་པ། དེ་ལ་བར་གཅོད་ཀྱི་བདུད་བརྟགས་ཏེ་འདུལ་བ། དངོས་གྲུབ་ཀྱི་མཚན་མ་བསྟན་པ་དང་གསུམ། རྩ་བའི་དང་པོ་ནི། ཧཱུཾ། མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། །རྡོ་རྗེ་གཞོན་ནུ་འཁོར་ལོ་རྒྱས་འདེབས་མ། ཁྲོ་བཅུ་ཕྲ་ཕྱག་སྒོ་མར་བཅས་པ་རྣམས། །བརྗིད་པའི་སྐུ་ལ་དུར་ཁྲོད་ཆས་བརྒྱད་རྫོགས། །གསུང་གི་སྙིང་པོ་སྒྲ་སྒྲོག་སྔགས་ཀྱི་སྒྲ། །ཐུགས་ནི་མི་འགྱུར་ཆེན་པོ་ཡེ་ཤེས་སེམས། །འཛབ་ཀྱི་རྒྱུད་བསྐུལ་རྡོ་རྗེའི་སྐུ་གསུང་ཐུགས། །ཨ་ལས་འཕྲོས་པས་སྟོང་གསུམ་སྐུ་ཡིས་གང་། །མ་གསལ་བར་དུ་བསྐྱེད་ཅིང་གསལ་བར་བསྒོམ། །མ་འགྲུབ་བར་དུ་ཏིང་འཛིན་མི་བཏང་ངོ་། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སརྦ་བིགྷྲཱན་(༡༣བ)


GLG024_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

བཾ་ཧཱུཾ་ཕཊ། ཛཿཧཱུཾ་ཨ། ཞེས་བསྙེན་སྒྲུབ་གཞུང་ལྟར་བྱའོ། །རྩ་བའི་གཉིས་པ་ཉུལ་ལེ་བསྐྲད་པ་ནི། རྫས་དམིགས་པ་སོགས་ཕྱག་ལེན་རྣམས་གཞུང་ལྟར། ཧཱུཾ། ཤར་ཕྱོགས་དཀར་མོ་དུང་གི་གཞལ་ཡས་ནས། ཁྲག་མདོག་དམར་མོ་བསེ་ཡི་ལན་ཕྲན་ཅན། །སྤྱན་རྩ་དམར་ཟླུམ་ཉི་ཟླའི་ཟེར་ལྟར་འཕྲོ། །སྨིན་མ་གློག་འཁྱུག་མུན་པའི་གོ་སྐབས་འབྱེད། །བུ་ཡུག་ཐོག་འབེབས་ཤངས་ནས་རྡོ་རྗེ་འཁྲུག །བཞད་པ་ཧེ་དང་དཔལ་གྱི་སྤུ་གྲིས་གཏམས། །རྔམ་པའི་ལྗགས་འདྲིལ་བསྐལ་པའི་མེ་ཆེན་འབར། །ཨག་ཚོམས་མེ་འབར་རབ་འབྱམས་སྲིད་པ་བསྲེག །སྙན་ནས་བསྐལ་པའི་འབྲུག་སྒྲ་ལྡིར་རི་རི། །ལག་པ་དམར་པོ་སྤུ་གྲི་འབུམ་གྱིས་གཏམས། །སེན་མོ་ལྕགས་ཀྱུའི་རྩེ་ལ་བསྐལ་མེ་འཕྲོ། །བ་སྤུ་རྡོ་རྗེ་གནམ་ལྕགས་ཞུན་མ་འཁྲུག །སྨིན་མཚམས་ལྕགས་ཀྱི་ཁྲོ་ཆུའི་ཆར་པ་འབེབས། །ཞལ་གྱི་ཕུར་པས་སྲིན་མོ་ལྔ་བརྒྱ་གཟིར། །རལ་པའི་གསེབ་ནས་ཁྲག་གི་སེར་ཆེན་འབེབས། །མི་བཟད་གཏུམ་ཆེན་ཤ་ཟ་ཁྲག་འཐུང་མ། །སྲིན་པོ་དྲེགས་པའི་སྙིང་འབྱིན་ཆང་པར་འཛིན། །ཤིན་ཏུ་མི་བཟད་འབར་མའི་སྐུ་གཅིག་མ། །དཔག་ཚད་ལྔ་བརྒྱར་རྒྱུག་ཅིང་ཀླུ་སྲིན་སྒྲོལ། ཁྲོས་པའི་ཞལ་མདོག་ཁྲག་གི་མཆིན་པ་ཁ། །སྐུ་ལ་ན་བཟའ་སྤྲིན་གྱི་གཡང་གཞི་གསོལ། །ཕྱོགས་བཅུར་ཁ་བལྟས་ཕྱོགས་སྐྱོང་དྲེགས་པ་མནན། །བདུད་ལ་བབས་ན་སྙིང་ཟ་བདུད་དཔུང་འཇིག །སྲི་ལ་བབས་ན་སྲོག་གཅོད་སྲི་ཕུང་འཇིག །(༡༤ན)


GLG024_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་ལ་བབས་ན་དགྲ་རྩ་དྲུང་ནས་གཅོད། །བགེགས་ལ་བབས་ན་རུས་པ་རྡུལ་དུ་རློག །དཔལ་གྱི་ཕོ་ཉ་དཔལ་གྱི་ཐུགས་ལས་སྤྲུལ། །དམ་ཉམས་དགྲ་དང་འབྱུང་པོ་དགྲ་བགེགས་སོགས། །ཕུང་པོ་དུམ་བུར་གཏུབས་ལ་དོན་སྙིང་གསོལ། །གྲུ་བུ་གྲུ་མ་ཨ་པ་ཙ། །རུ་པ་ཙི་རི་ར་ཙ་ཎ་ཐུན་ཐུན། ན་ཤ་སྟཾ་བྷ་ཡགྴ་བྱི་ན་ཡ། ཕྱེ་མ་ཕྱེ་མ། རྡུལ་ཕྲན་རྡུལ་ཕྲན། ཙིཏྟ་རྦད། ཅེས་བསྐུལ་ལོ། །དེ་ནས་བྱིན་འབེབས་པ་ནི། མི་ལག་གི་གཡབ་དར་བཤུག་པའི་སྒྲ་དང་བཅས་ཏེ་གཞུང་བཞིན་ནོ། །འདི་ནས་དགོངས་སྟར་གྱི་སྒྲུབ་པ་མ་ཐོན་བར་འཛབ་འབུལ་དགོས་པ་ཡིན་ནོ། །རྩ་བའི་གསུམ་པ་དངོས་གྲུབ་ཀྱི་མཚན་མ་ནི་སྒྲུབ་ཁོག་ཏུ་གསལ། སྤྱི་དོན་དྲུག་པ་དབང་བསྐུར་བ་ལ།དབང་བསྐུར་བ་དང་། དངོས་གྲུབ་ལེན་པ་གཉིས། རྩ་བའི་དང་པོ་གཞུང་དུ་ཤེས། རྩ་བའི་གཉིས་པ་ལ། བདག་དོན་དུ་དངོས་གྲུབ་བླང་བ། གཞན་དོན་དུ་དབང་བསྐུར་བ། མཇུག་བསྡུ་བ་དང་གསུམ། དང་པོ་ལ། ངོ་བོ་ངོས་གཟུང་བ། བླང་བའི་ཆོ་ག །ཐོབ་པའི་ཡོན་ཏན་ནོ། །དང་པོ་ནི་སྒྲུབ་ཁོག་ཏུ་གསལ། གཉིས་པ་བླང་བའི་ཆོ་ག་ལ། རྫས་བཤམ་པ། བགེགས་བསྐྲད་པ། དངོས་གྲུབ་བསྡུ་བའི་བཟླས་པ། ལྷ་གནད་ལ་དབབ་པ། གཏོར་ཚོགས་ཀྱི་མཆོད་པ་བྱ་ཞིང་བླང་བ། བསྡུ་ཞིང་བསྟིམ་པ་དང་དྲུག །དང་པོ་ནི་ཕྱག་ལེན་ལྟར་བཤམ། གཉིས་པ་ནི། མཚམས་གཅོད་(༡༤བ)


GLG024_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱང་ལྟར་བྱེད། གསུམ་པ་ནི་ཕྱག་ལེན་ལྟར་བྱིན་ཕོབ། བདུད་རྩི་བྱིན་གྱིས་བརླབས། ཀཱི་ལཱ་ཡའི་མཇུག་ཏུ། སརྦ་པཉྩ་ཨ་མྲྀ་ཏ་ཀུཎྜ་ལི་སརྦ་སིདྡྷི་ཧཱུཾ་ཧཱུཾ། ཞེས་བཏགས་པ་བརྒྱ་རྩ་དང་ཨཱ་ཡུཿསིདྡྷི་ཧཱུཾ་བཏགས་པ་བཟླ་ཞིང་དམིགས་པ་བྱ། བཞི་པ་ནི། ཧཱུཾ། རྡོ་རྗེ་གཞོན་ནུའི་ལྷ་ཚོགས་གནས་འདིར་གཤེགས། །དཀྱིལ་འཁོར་འདིར་བཞུགས་དངོས་གྲུབ་སྩལ་དུ་གསོལ། གནས་འདིར་མི་གཤེགས་དངོས་གྲུབ་མི་སྟེར་ན། །ཐུགས་བསྐྱེད་ཉམས་ཤིང་དམ་ཚིག་འགལ་བར་མཆིས། །ཀཱི་ལཱ་ཡའི་མཇུག་ཏུ། ས་མ་ཡ་ཛཿ ས་མ་ཡ་ཧཱུཾ། ཞེས་པ་ལན་བདུན་བཟླ། ལྔ་པ་ནི། ཁྲག་ཆང་བཟེད་ཞལ་དང་བཅས་པ་ཕྱག་ལེན་ལྟར་བཤམ། ཧཱུཾ་རིང་ལན་གསུམ་དང་བཅས་ཏེ་རཀྟ་འཕྱར། དེ་བཞིན་དུ་ཆང་ཡང་ཕྱར་ཏེ། ཧཱུཾ། རྡོ་རྗེ་ཕུར་པའི་ལྷ་ཚོགས་རྣམས། །དང་པོར་སྐྱབས་མགོན་ཡེ་ཤེས་ལྷ། །བར་དུ་བསྒྲུབས་པས་ཡི་དམ་ལྷ། །ད་ལྟ་གཉིས་མེད་ཆོས་ཀྱི་སྐུ། །རཀྟ་དམར་གྱི་མཆོད་པ་འབུལ། །མཆོད་པ་བཞེས་ལ་དངོས་གྲུབ་སྩོལ། །ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཀཱི་ལཱ་ཡའི་མཇུག་ཏུ། མ་ཧཱ་རཀྟ་ཁཱ་ཧི། ཞེས་བཟླ་ཞིང་། བཟེད་ཞལ་ནས་དཀྱིལ་འཁོར་གྱི་མདུན་དུ་རཀྟ་ལན་གཉིས་འབུལ་བ་ཕྱག་ལེན་ལྟར་རོ། །ཆང་ལ་ཡང་། མ་ད་ན་ཡི་མཆོད་པ་འབུལ། །ཞེས་ཚིག་རྐང་ལྔ་པ་དང་། མ་ཧཱ་རཀྟའི་ཚབ་ལ། མ་ཧཱ་པཉྩར་འདོན་པ་བསྒྱུར་བ་མ་གཏོགས་གོང་བཞིན་ནོ། །(༡༥ན)


GLG024_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ། ལྷག་པའི་ཡེ་ཤེས་རྡོ་རྗེ་ཕུར་པའི་ལྷ། །རང་བཞིན་དབྱིངས་ནས་རྩོལ་རྟོག་མི་མངའ་ཡང་། །སྔོན་གྱི་ཐུགས་དམ་རང་བཞིན་བྱིན་རླབས་ནི། །ནོར་བུ་རིན་ཅེན་དགོས་འདོད་ཀུན་འབྱུང་ལྟར། །དུས་ལས་མི་འདའ་ཐུགས་རྗེའི་དབང་གི་ལྷ། །དུས་ལས་མི་གཡེལ་གཡར་དམ་གཅིག་པའི་ངང་། །མི་ཟད་རིན་ཅེན་རྒྱན་གྱི་འཁོར་ལོ་ནས། །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ། །སྐལ་ལྡན་རྣམས་ལ་དུས་འདིར་སྩལ་དུ་གསོལ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ། །འཛད་མེད་ནོར་གྱི་དངོས་གྲུབ་སྩལ་དུ་གསོལ། །རྒྱུད་འཛིན་སྲིད་ཀྱི་དངོས་གྲུབ་སྩལ་དུ་གསོལ། །མི་འཛད་གཏེར་གྱི་༴། མངོན་ཤེས་རྫུ་འཕྲུལ་༴། འཕྲིན་ལས་རྣམ་བཞིའི་༴། ཀུན་བཟང་མཆོག་གི་དངོས་གྲུབ་སྩལ་དུ་གསོལ། །སྨན་མཆོད་བྱས་པའི་ལྷག་མ་ནས་མཐེབ་སྲིན་གྱིས་བླང་ཞིང་། ཀཱ་ཡ་སིདྡྷི་ཨཱོཾ། ཝཱཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུཾ། ཞེས་གནས་གསུམ་དུ་བཞག །ཧཱུཾ། དགོངས་ཤིག་རྡོ་རྗེ་ཕུར་པའི་ལྷ། །རིགས་འཛིན་མཁའ་འགྲོ་དམ་ཅན་ཚོགས། །དཔང་གྱུར་ཐམས་ཅད་དགོངས་སུ་གསོལ། །དང་པོ་བསྙེན་ཅིང་བར་དུ་བསྒྲུབས། །བསྐྱེད་རྫོགས་གཉིས་ཀྱི་ལས་གཞུང་བསྲངས། །སྨིན་གྲོལ་གཉིས་ཀྱིས་རྒྱུད་ཀྱང་སྦྱངས། །ཞག་དུས་གྲངས་དང་རྟགས་ཀྱང་ཐེམས། །དིང་སང་སྐྱ་རེངས་དང་པོའང་ཤར། །རྡོ་རྗེའི་ནམ་ཡང་ལངས་ལ་ཉེ། །འདོད་དགུའི་དངོས་གྲུབ་རིན་པོ་ཆེ། །ད་ནི་འབྱུང་


GLG024_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དུས་ལ་བབ། །རྡོ་རྗེ་ཕུར་པའི་ལྷ་ཚོགས་རྣམས། །སྐུ་གསུང་ཐུགས་ཡོན་འཕྲིན་ལས་ཀྱི། །དབང་དང་དངོས་གྲུབ་བདག་ལ་སྩོལ། །ལྷ་དང་སྐལ་བ་མཉམ་པར་ཤོག །དྲུག་པ་དངོས་གྲུབ་བསྡུ་ཞིང་ཐིམ་པ་ནི། ཁྲག་ཆང་རྣམས་ཕུར་སྲུང་གི་གཏོར་མར་སྦྲན་ཞིང་། ཀ་ཊཾ་ཀ་ཊ་ཡེ་ཞེས་པ་ནས་བཟུང་སྟེ། པྲ་མརྡྷ་ནི་ཧཱུཾ་ཕཊ། ཅེས་པའི་བར་དང་། མ་མ་བ་ཤཾ་ཀུ་རུ་ནས་བཟུང་སྟེ། ཀ་རེ་ཡ་ཧཱུཾ་ཕཊ་ཀྱི་བར་སྦྲེལ་བའི་མཇུག་ཏུ་རཀྟ་ཨ་མྲྀ་ཏ་ལ་ཁཱ་ཧི། ཞེས་བརྗོད། སླར་ཡང་། དགོངས་ཤིག་རྡོ་རྗེ་ཕུར་པའི་ལྷ། །ཞེས་པ་ནས་བཟུང་སྟེ། ལྷ་དང་སྐལ་བ་མཉམ་པར་ཤོག་གི་བར་བརྗོད། ཁྲག་ཆང་ནས་གནས་གསུམ་དུ་རེག་པ་ཕྱག་ལེན་ལྟར་རོ། །གསུམ་པ་ཐོབ་པའི་ཡོན་ཏན་ནི། སྒྲུབ་ཁོག་ཏུ་གསལ། གཉིས་པ་གཞན་དོན་དུ་དབང་བསྐུར་བ་ལ། སློབ་མས་ཞུ་བ་དང་སློབ་དཔོན་གྱིས་བྱིན་པ་གཉིས། དང་པོ་ནི། ཧཱུཾ། སྲིད་པ་རྡོ་རྗེ་ཕུར་པའི་ལྷ། །དུས་གསུམ་རྒྱལ་བའི་གདུང་གསོལ་པ། །རིགས་འཛིན་བདག་ཅག་རྣམས་ལ་ནི། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཞེས་གསོལ་བ་བཏབ། གཉིས་པ་ལ། ཁས་བླངས་པ་དང་། སྦྱིན་པ་དངོས། དང་པོ་ནི། གསང་བ་མཆོག་གི་དཀྱིལ་འཁོར་འདིར། །བྱང་ཆུབ་རྡོ་རྗེས་ལམ་དྲངས་ནས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རྣམས། །སྐལ་ལྡན་རྣམས་ལ་སྦྱིན་པར་བྱ། །ཞེས་ཁས་བླངས་སོ། །གཉིས་པ་སྦྱིན་པ་ནི། དབང་སྒྲུབ་(༡༦ན)


GLG024_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

དང་འབྲེལ་བའི་རྒྱས་པ་སྒྲུབ་ཁོག་ཏུ་གསལ། །སྐབས་འདིར་སྒྲུབ་པ་ཆེན་པོའི་མཇུག་ཏུ་དངོས་གྲུབ་གཙོ་བོར་བླང་བར་བྱས་ཏེ། དངོས་གྲུབ་ཀྱི་རྫས་རྣམས་འབྲིམ་ཞིང་། །རྡོ་རྗེ་གཞོན་ནུའི་རིགས་འཛིན་རྣམས། །ཞེས་སོགས་ཤླཽ་ཀ་གཉིས་ཀྱི་མཇུག་ཏུ། ཀཱི་ལཱ་ཡ་དང་། ཀཱ་ཡ་སིདྡྷི་སོགས་བརྗོད། དེ་ནས་རྫས་བགོ་བ་རྒྱས་པ་ནི་སྒྲུབ་ཁོག་ཏུ་གསལ་ཞིང་། བསྡུས་པ། དཔོན་སློབ་ཐམས་ཅད་ཀྱིས་ལོངས་སྤྱད་པ་ཕྱག་ལེན་ལྟར་རོ། །གསུམ་པ་མཇུག་བསྡུ་བ་ནི། འབད་དང་རྩོལ་བ་མ་དགོས་པར། །ཞེས་སོགས་དང་། སློབ་དཔོན་མཆེད་ལྕམ་ཚོགས་རྣམས་ཀྱིས། དངོས་གྲུབ་རྫས་ལ་ལོངས་སྤྱད་པས། །ཚེ་རིང་ནད་མེད་བར་ཆད་ཞི། །མཆོག་ཐུན་དངོས་གྲུབ་འགྲུབ་གྱུར་ཅིག །ཅེས་བརྗོད་དོ། གཏེར་༡ སྦ་སྦྱིན་སྲེག་༢ ལྷག་༣ མ་ཟོར་༤ ། །ཆད་མཐོ་༥ བསྟན་སྐྱོང་༦ གཏང་རག་༧ བསྡུ ༨ ། །ཚོན་༩ གཤེགས་ཕུར་ཤུལ་༡༠ བཀྲུ་བ་དང་། གཤེགས་༡༡ ཡོན་༡༢ མར་མེ་༡༣ ལུས་བསྲུང་བ་༡༤ ། །ཕྱི་ནང་མཚམས་སྲུང་༡༥ གཏང་རག་གཏོང་། །སྨོན་ལམ་༡༦ བཀྲ་ཤིས་༡༧ གནས་སྲུང་བ་༡༨ ། །རྒྱུན་༡༩ གྱི་སྤྱོད་ལམ་བྱ་བ་ཡིས། །མཇུག་གི་ལས་རིམ་རྣམ་པར་དག །དང་པོ་གཏེར་སྦ་ནི་སྒྲུབ་ཁོག་ཏུ་ཤེས། གཉིས་པ་ནི་སྦྱིན་སྲེག་གི་ཡི་གེར་གསལ། གསུམ་པ་ཚོགས་ལྷག་ནི་ལས་བྱང་ལྟར་རོ། །བཞི་པ་ནི། ཟོར་བསྡུས་པ་ཚོགས་ལྷག་དང་འབྲེལ་བའི་ལུགས་ཡོད་ཅིང་། རྒྱས་པ་དཀྱིལ་འཁོར་བསྡུས་ཟིན་ནས་བྱེད་དགོས་པ་ཡིན་ནོ། །(༡༦བ)


GLG024_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་པ་དང་དྲུག་པ་ཆད་མཐོ་བསྟན་སྐྱོང་ནི་ལས་བྱང་ལྟར་རོ། །བདུན་པ་གཏང་རག་ནི། ཡི་དམ་ཆོས་སྲུང་རྣམས་ལ་གཏོང་བ་ལག་ལེན་གྱི་དཀྱུས་བཞིན་ནོ། །བརྒྱད་པ་དཀྱིལ་འཁོར་བསྡུ་བ་ནི། གཙོ་བོ་ཁྲོ་བཅུ་ཁྲོ་ཐབས་སྒོ་བ་ཡི། །ཡེ་ཤེས་ལྷ་ཡི་ཚོགས་རྣམས་མ་ལུས་པ། །མཚན་མ་རྫས་ཀྱི་ཕུར་པའི་ཚོགས་རྣམས་ལ། །ཐིམ་པས་དབྱེར་མེད་ངོ་བོ་གཅིག་ཏུ་གྱུར། །སྣོད་བཅུད་སྲུང་འཁོར་ལ་ཐིམ་དེ་དུར་ཁྲོད། །དེ་ཉིད་གཞལ་ཡས་ཁང་ཐིམ་དེ་འཁོར་དང་། །དེ་རྣམས་ཡུམ་ཐིམ་ཡུམ་ཡང་གཙོ་བོར་ཐིམ། །གཙོ་བོ་མི་དམིགས་སྟོང་པའི་ངང་དུ་གྱུར། །བདག་ཉིད་སྐད་ཅིག་རྡོ་རྗེ་སྲིན་པོའི་སྐུ། །ཞེས་པ་ནས། བིདྱ་རཱ་ཛ་ཧཱུཾ་ཕཊ། དགུ་པ་རྡུལ་ཚོན་གཤེགས་པ་ནི། ཚངས་ཐིག་ནས་བརྩམས་ཏེ་ལྟེ་བའི་བར་གྱི་རྡུལ་ཚོན་རྣམས་བསུབ་ཅིང་བུམ་པར་བླུག་སྟེ་ཆུ་བོ་ཆེན་པོ་རོལ་མོ་སོགས་དང་བཅས་དོར་བ་ཕྱག་ལེན་ལྟར་རོ། །བཅུ་པ་ཕུར་ཤུལ་བཀྲུ་བ་ནི། གདབ་ཕུར་རྣམས་བཏོན་ལ། ཨཱོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ནི་སརྦ་ཨཪྠ་སཱ་དྷ་ན་ཡེ་སྭཱ་ཧཱ། ཞེས་བཟླ་ཞིང་བུམ་ཆུས་བཀྲུའོ། །བཅུ་གཅིག་པ་མཆེད་ལྕམ་ནང་དུ་བཤགས་པ་བྱ་བ། བཅུ་གཉིས་པ་སློབ་དཔོན་ལ་ཡོན་དབུལ་བ། བཅུ་གསུམ་པ་མར་མེའི་སྨོན་ལམ་རྣམས་ནི། སྒྲུབ་ཁོག་ཏུ་གསལ། བཅུ་བཞི་པ་ལུས་སྲུང་བ་བསྡུས་པ་ནི་དཀྱིལ་འཁོར་བསྡུ་ཆོག་གི་སྐབས་སུ་སོང་ཟིན་ཅིང་། རྒྱས་པ་(༡༧ན)


GLG024_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཁོག་ཏུ་གསལ། བཅོ་ལྔ་པ་ནང་གི་མཚམས་སྲུང་ལ་གཏང་རག་གཏོང་བ་ནི། མཆོད་གཏོར་བྱིན་རླབས་དང་། རྒྱལ་ཆེན་སྡེ་བཞི་འཁོར་བཅས་ལ། །ཞེས་པ་ནས་བཟུང་སྟེ། བར་ཆད་འདུལ་བར་མཛད་དུ་གསོལ། ཞེས་པའི་བར་སྔར་ལྟར་ལ། མཚམས་བཅད་འཕྲིན་ལས་གཏང་རག་ཏུ། །ཡིད་འོང་མཆོད་པའི་ཚོགས་རྣམས་དང་། །མཆོད་སྦྱིན་གཏོར་མ་འབུལ་གྱིས་བཞེས། ཞེས་ཁ་བསྒྱུར། དེ་བཞིན་དུ་ཤར་ཕྱོགས་གདོན་བཟློག་གཏང་རག་ཏུ། །མཆོད་གཏོར་འབུལ་གྱིས་བཞེས་སུ་གསོལ། ལྷོ་ཕྱོགས་སོགས་ལ་འགྲེ་མཆོད་གཏོར་བརླབས་ལ། སྒོ་བྱང་གདགས་པའི་སྔགས་གསུམ་གྱི་མཇུག་ཏུ་གཏོར་མ་འབུལ་བ་ནས། ས་མ་ཡ་སྟྭཾ། ཞེས་པའི་བར་སྔར་ལྟར་ལ། དམ་སྲི་ཐལ་བའི་རྡུལ་བརླག་པའི། །གཏང་རག་ཆེད་དུ་མཆོད་པ་དང་། །གཏོར་མ་འབུལ་ལོ་བཞེས་སུ་གསོལ། ཞེས་དང་། རྡོ་རྗེ་ཡང་དག་ཐུབ་མཛད་པའི། །གཏང་རག་༴། གཏོར་མ་༴། སོ་སོར་བརྟན་བཞུགས་བྱ། བཅུ་དྲུག་པ་སྨོན་ལམ་དང་བཀྲ་ཤིས་ནི། །ལས་བྱང་ལྟར་རོ། །བཅོ་བརྒྱད་པ་གནས་སྲུང་བ་དང་། བཅུ་དགུ་པ་རྒྱུན་གྱི་སྤྱོད་ལམ་ནི། སྒྲུབ་ཁོག་ཏུ་ཤེས་སོ། །སྨྲས་པ། ཟབ་མོའི་གནད་བསྡུས་ཚིག་གི་སྤྲོས་བྲལ་བའི། །ཇོ་ལུགས་ལྷ་བྲག་ཟབ་མོའི་གཏེར་ཁ་ལ། །འཁྲུལ་མེད་སྤྲོས་པའི་ལག་ལེན་གྱིས་བརྒྱན་པས། །སྔ་འགྱུར་ཆོས་ཚུལ་སྤེལ་བའི་དགའ་སྟོན་བྱས། །གསར་རྙིང་བཀའ་གཏེར་(༡༧བ)


GLG024_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

མན་ངག་དང་བྲལ་ཞིང་། །གསར་མའི་རྒྱས་འགེབས་ལྷུར་ལེན་ཕུར་པ་མཁན། །དེ་འདྲའི་གྲལ་དུ་འགྱིང་བག་མ་དགོས་པར། །པདྨའི་རིང་ལུགས་མཆོག་ལ་ངེས་པ་རྙེད། །དགེ་དེས་མ་རིག་ཚོགས་དང་བསྟན་པའི་དགྲ །དོན་དང་རྟགས་ཀྱི་ཕུར་བུས་ཡོངས་བསྒྲལ་ཏེ། །གནས་སྐབས་སྲིད་འབྱོར་དོན་ཀུན་རབ་འགྲུབ་ཅིང་། །མཐར་ཐུག་གདོད་མའི་ལམ་དེ་མངོན་གྱུར་ཤོག །སྒྲུབ་ཆེན་དང་འབྲེལ་བའི་ཕུར་སྒྲུབ་དངོས་གྲུབ་རྒྱ་མཚོའི་རོལ་གར་ཞེས་བྱ་བ་འདི་ནི། །བཀའ་བརྒྱད་བདེ་འདུས་ཀྱི་སྒྲུབ་ཆེན་དང་། གཏེར་ཁ་འོག་མ། སངས་རྒྱས་གླིང་པ། རཏྣ་གླིང་པ་གསུམ་གྱི་ཕུར་པ་ནས་ཁ་འགེང་དགོས་པ་རྣམས་བསྐང་། རྩ་འཆམས་སོགས་ལ་ཉེར་མཁོ་རྣམས་ས་ཕུར་ལྷ་ཁྲ་ནས་བཏུས། གཙོ་བོར་ལུགས་འདི་གའི་ཐུན་མོང་མ་ཡིན་པ་ལྷ་བྲག་གཏེར་བྱོན་གྱི་བཀའ་བརྒྱད་དང་ཕུར་པ། རིགས་འཛིན་ཆེན་པོ་ཡོལ་མོ་བའི་བསྙེན་སྒྲུབ་ཀྱི་ཡི་གེ་སོགས་ལ་ཞིབ་མོར་དཔྱད། བོད་འབངས་བདེ་ཐབས་སོགས་དུས་རིམ་ལ་དགོས་པའི་སྒྲུབ་ཆེན་ལྟར་ཁྲིགས་སུ་བསྒྲིགས། དབང་གི་སྒྲུབ་ཆེན་ལ་མེད་དུ་མི་རུང་བའི་ཞིབ་ཆ་མང་ཙམ་འདུག་པ་རྣམས་སྒྲུབ་ཁོག་དབང་ཆོག་སོགས་ཚད་ཐུབ་ཀྱི་གཞུང་གཞན་དུ་ཁ་འཕངས། སྔ་རྩོམ་ལ་ལྷ་ནག་བཀའ་མ་དང་། ས་ཕུར་ལྷ་ཁྲ་སོགས་ཀྱི་ལྷད་ཞུགས་པའི་གོ་རིམ་ཅུང་ཟད་འཁྲུགས་པ་རྣམས་བསྡེབས་ནས་ཤིན་ཏུ་དག་ཅིང་ཡིད་བརྟན་དུ་རུང་བར་བྱས་པ་འདི་ནི། མཁྱེན་བརྩེ་ནུས་གསུམ་གྱི་བདག་ཉིད་ཟུར་ཆེན་རྡོ་རྗེ་འཆང་(༡༨ན)


GLG024_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་དབང་གི་གྲོང་ཁྱེར་གྱི་བཀའ་དྲིན་ལས། ཐུབ་བསྟན་སྤྱི་དང་ཁྱད་པར་གསང་ཆེན་རྙིང་མའི་རིང་ལུགས་ལ་མི་འཇིགས་པའི་སྤོབས་པ་དགེ་བ་ཟ་ཧོར་གྱི་སྔགས་སྨྱོན་བླ་མེད་རྡོ་རྗེ་བདེ་འདུས་གསང་མཚན་རྩལ་གྱིས་རང་ལོ་ཞེ་གཅིག་པ་ལ་ཞུས་དག་པར་བྱས་ནས་ཡང་སྐྱོར་གྱི་ཚུལ་དུ་སྦྱར་བའི་ཡི་གེ་པ་ནི་འཇམ་དཔལ་ལོ།། །།


previousདཔལ་རྡོ་རྗེ་ཕུར་པའི་སྒྲུབ་ཆེན་གྱི་ཆོག་སྒྲིགས་དངོས་གྲུབ་རྒྱ་མཚོའི་རོལ་གར།next