Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
རབ་ཏུ་གནས་པའི་ཆོ་ག་བཀྲ་ཤིས་འབུམ་ཕྲག་གསར་དངོམ།
   
   
   
   
   
   
   
   
   
   


 
previousརབ་ཏུ་གནས་པའི་ཆོ་ག་བཀྲ་ཤིས་འབུམ་ཕྲག་གསར་དངོམ།next

རབ་ཏུ་གནས་པའི་ཆོ་ག་བཀྲ་ཤིས་འབུམ་ཕྲག་གསར་དངོམ།


GLG024_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་གནས་པའི་ཆོ་ག་བཀྲ་ཤིས་འབུམ་ཕྲག་གསར་དངོམ་ཞེས་བྱ་བ་བཞུགས་སོ། །


GLG024_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཤེས་ཟུང་འཇུག་བླ་མེད་སྙིང་པོ་བདུད་རྩིའི་གཏེར། །གྲུབ་པའི་རང་གཟུགས་ཁ་སྦྱོར་བདུན་ལྡན་ཉིན་མོར་བྱེད། །ལེགས་ལམ་འབུམ་སྡེའི་ཆེས་དཀར་སྣང་བས་མི་མཐུན་སྨག །མཐར་མཛད་དུས་ཀུན་དགེ་བའི་དཔལ་སྩོལ་རྡོ་རྗེ་འཆང་། །སྲས་བཅས་རྒྱལ་བའི་གསང་གསུམ་གཅིག་བསྡུས་པ། །ཚེ་དབང་རིགས་འཛིན་པདྨ་ཐོད་ཕྲེང་གིས། །སྐྱེ་དགུ་དགའ་སྐྱིད་ལྗོན་འབྲས་མངར་པོའི་རོར། །སྤྱོད་ཕྱིར་བཀྲ་ཤིས་དགེ་མཚན་རྒྱ་མཚོར་བསྐྱིལ། །རྣམ་འདྲེན་ཡེ་ཤེས་མཆོག་གི་སྣང་བ་ཡིས། །རྨོངས་པའི་སྔོ་བསངས་ལས་རྒྱལ་འདབ་བརྒྱ་འཛུམ། །བློ་གྲོས་བཟང་པོའི་འཇིགས་མེད་ཆོས་སྲིད་སྒྲ། །གྲགས་པས་སླར་ཡང་འཇིག་རྟེན་ཐམས་ཅད་འགོང་། །རྨད་བྱུང་རྟག་ཞིའི་དཔལ་དང་ལྡན་གྱུར་ཀྱང་། །གདུལ་དཀའི་འགྲོ་ལ་ཁྲོ་ཆགས་སྒྱུ་ཕྲུལ་གཟུགས། །ལྷ་ལམ་དབང་གཞུ་ལྟར་བཀྲའི་གཟི་བརྗིད་ཀྱིས། །མཆོག་ཐུན་དངོས་གྲུབ་མི་ཟད་ཆར་ཆེན་ཕོབ། །མ་དག་ལྕགས་ཁམས་ལྷ་སྔགས་ཡེ་ཤེས་ཀྱི། །གསེར་འགྱུར་རྩི་ལྟར་དངོས་ཕལ་ཇི་སྙེད་པ། །དམ་ཡེ་དབྱེར་མེད་རྟེན་འབྱུང་ལྷུན་གྲུབ་པའི། །བསོད་ནམས་ཞིང་གི་(༢ན)


GLG024_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་ཤིང་ཆེ་འདི་འཛུགས། །དེའང་། སྐུ་གང་རབ་ཏུ་གནས་བྱ་བ། །དེ་ལ་དེ་ཡི་དཀྱིལ་འཁོར་བྱ། །ཡང་ན་རང་གི་ལྷག་པའི་ལྷ། སློབ་དཔོན་རང་གི་གང་ཡིན་པ། །དེ་ནི་དབྱེ་བ་མཐོང་བས་བྱ། །ཞེས་པ་ལྟར་རབ་ཏུ་གནས་བྱའི་ལྷ། །སློབ་དཔོན། དུས། གནས། དགོས་པ། ཆོ་ག །ཡོ་བྱད་སྟ་གོན་སོགས་མཐའ་དག་འཛོམ་ནས་བདག་མདུན་གྱི་སྒྲུབ་པས་མཚོན་པ་རྒྱས་བསྡུས་སྐབས་ཐོབ་ཕྱེ་སྟེ། བུམ་པ་ཨ་མྲྀ་ཏས་བསངས། ཤཱུ་ནྱ་ཏཱས་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུཾ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ལྟོ་བ་ལྡིར་ཞིང་ཞབས་ཞུམ་པ་མགྲིན་པ་ཕྲ་བ་མཆུ་འཕྱང་བ་ལྷའི་གོས་ཀྱིས་མགུལ་པ་དཀྲིས་པ། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་སོ་སོའི་རྫས་རྣམས་ཀྱིས་ཡོངས་སུ་གང་བར་བསམ། ཁྲུས་སྔགས། ཨོཾ་སརྦ་ཏ་ཐཱ་ག་ཏ་གནྡྷེ་སྣཱ་ན་པུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲཱི་ཧཱུཾ། ཞེས་པས་དྲིའི་བུམ་པ་དང་། དེ་ནས་རིམ་པ་བཞིན་དུ། གནྡྷེའི་གནས་སུ་མངར་གསུམ་གྱི་བུམ་པ་ལ། ཏྲི་མ་དྷུ་དང་། ཞོའི་བུམ་པ་ལ། ད་དྷི་དང་། འབྲས་བུ་ལ། ཕ་ལ་དང་། འབྲུ་ལ། བྲུ་ཧི་དང་། (༢བ)


GLG024_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་ཡོས་ལ། ལབྫ་དང་། སྨན་ལ། ཨོ་ཥ་དྷི་དང་། རིན་པོ་ཆེའི་བུམ་པ་ལ། མ་ཎི་སྣ་ན་ཞེས་སྦྱོར། གཙུག་ཏོར་རྣམ་རྒྱལ་དང་ལས་ཐམས་ཅད་པ་ཡང་བཟླ། ནང་རྫས་རྣམས་ཞུ་བ་ལས་བྱུང་བའི་སོ་སོའི་བུམ་པ་རྟེན་གྱི་དྲི་མ་སྦྱོང་བའི་ནུས་པ་དང་ལྡན་པར་གྱུར། གཟུངས་བུམ་གྱི་ནང་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྟེན་འབྲེལ་སྙིང་པོའི་སྔགས་ཀྱི་འཕྲེང་བ་འོད་ཟེར་འཕྲོ་བ་དང་བཅས་པར་གྱུར། དེའི་འོད་ཀྱིས་འཇིག་རྟེན་གྱི་ཁམས་ཀྱི་བདུད་རྩི་ཐམས་ཅད་བཀུག་པ་དང་། བུམ་པའི་ཆུ་དེ་སྔགས་ཀྱི་འཕྲེང་བ་ཞུ་བ་དང་ལྷན་ཅིག་རོ་གཅིག་ཏུ་གྱུར། ཨོཾ་དང་སྭཱ་ཧཱ་ཐོག་མཐར་སྦྱར་བའི་རྟེན་འབྲེལ་སྙིང་པོ་བཟླ། བགེགས་སྦྱང་བ་ནི། གཏོར་མ་རྟེན་ལ་བསྐོར་ཞིང་། ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཥེ་བྷྱཿ སརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་བ་ལྱཱ་དེ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་ལ། འདིར་བདེ་བར་གཤེགས་པའི་རྟེན་ལ་རབ་ཏུ་གནས་པར་བྱེད་པ་ལ། མི་མཐུན་པར་བྱེད་པའི་གདོན་བགེགས་གང་ཡིན་པ་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ཤིག །ཅེས་ཞི་བས་སྦྱངས། ཏིང་ལོ་དང་ཆངས་བུ་རྟེན་ལ་བསྐོར་ཞིང་རྡོ་རྗེ་གསོར་ལ་སུམྦྷ་ནི་བཟླས་པས་ལན་གསུམ་བྱས་ལ། འདི་བདེ་བར་གཤེགས་པའི་སོགས་གོང་བཞིན་ལས། གདོན་བགེགས་གང་ཡིན་པ་ཐམས་ཅད་གཏོར་མ་ལམ་བརྔན། ཏིང་ལོ་ལམ་སྒྲོན། ཆངས་བུ་ལམ་རྒྱགས་ཀྱི་ཚུལ་དུ་ཁྱེར་ལ་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཞིག །གཏོར་མ་ཕྱིར་དོར་བ་ནི། ཞི་དྲག་ཕྱེད་མས་སྦྱང་བའོ། །རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་དཔལ་ཆེན་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་ཕུར་པའི་ལྷ་ཚོགས་ཐམས་(༣ན)


GLG024_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་བཛྲ་ས་མཱ་ཛཿཧཱུཾ། ཡེ་ཤེས་བསྐལ་པ་མེ་ལྟར་འབར་བའི་འོད། །མ་རིག་འདོད་པའི་མུན་ཁམས་ཐམས་ཅད་བསྲེག །ཞེ་སྡང་གཤིན་རྗེའི་འཇིགས་པ་ཐམས་ཅད་འཇོམས། །དཔའ་བོ་ཆེན་པོ་དཔའ་མཚན་སྟག་ལྤགས་ཅན། །ལོག་འདྲེན་སྲིན་པོའི་མཐའ་གནོན་དགྲ་འདུལ་བ། རིག་པའི་རྒྱལ་པོ་ཁྲོ་བོ་བཞུགས་སུ་འཚལ། །ལོག་འདྲེན་འདུལ་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་དུ་མཆོད་ཀྱིས་གཤེགས་སུ་གསོལ། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་ས་པ་རི་ཝཱ་ར་ཨརྒྷཾཾ་ནས་ཤཔྟའི་བར། ཧཱུཾ། ཆོས་ཉིད་སྟོང་པ་གཉིས་མེད་ངང་ཉིད་ལས། །འཇིག་རྟེན་སྤྱོད་པའི་ཚུལ་ཡང་མི་སྤོང་ཞིང་། །ཐབས་ལ་མཁས་པས་འཇིགས་བྱེད་སྐུར་སྟོན་པ། ཁྲོ་ཆེན་འབར་བའི་ཚོགས་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང་། །སྐུ་ཡི་ཆ་ལུགས་ཟ་བྱེད་རྔམ་སྟབས་ཅན། །གསུང་གི་ང་རོ་འབྲུག་སྟོང་ལྡིར་བའི་སྐུས། །མ་ལུས་དབང་དུ་སྡུད་ལ་ཕྱག་འཚལ་ལོ། །ལྷག་པའི་ཡེ་ཤེས་རོལ་པ་སྟོན་མཛད་ཅིང་། །སྡིག་པའི་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །ཉོན་མོངས་དུག་ཆེན་རྩད་ནས་འཇོམས་མཛད་པ། །སྦྲུལ་གདུག་རྒྱན་གྱིས་བརྒྱན་ལ་ཕྱག་འཚལ་ལོ། །བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །དཔའ་བོའི་སྟང་སྟབས་རྐྱང་བསྐུམ་ཚུལ་དུ་བཞུགས། །ཉི་ཟླ་འབར་བའི་སྤྱན་གྱི་སྡང་མིག་གིས། བགེགས་དཔུང་བསྲེག་པར་མཛད་ལ་༴། །གཏུམ་ཆེན་དུས་མཐའི་མེ་ལྟར་གཟི་བརྗིད་འབར། །གློག་སྟོང་འགྱུ་འདྲའི་ཁྲོ་གཉེར་མཆེ་བ་གཙིགས། །རྔམ་པའི་ང་རོ་འབྲུག་སྒྲ་སྟོང་བཞིན་སྒྲོག །ཁྲོ་རྒྱལ་བགེགས་ཚོགས་འདུལ་ལ་ཕྱག་འཚལ་བསྟོད། །ཧཱུཾ། འཇིགས་པའི་ཧཱུཾ་སྒྲ་ངེས་སྒྲོག་ཅིང་། །བགེགས་རྣམས་མ་ལུས་འདུལ་བ་ཡི། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །(༣བ)


GLG024_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །རབ་གནས་ཆོ་གའི་ས་གཞི་ལ་གནས་པའི། །ལྷ་ལ་སོགས་པའི་བགེགས་ཚོགས་ཀུན་ཉོན་ཅིག །ང་ནི་གནས་འདིར་རབ་གནས་ཆོ་ག་བྱེད། ཁྱེད་རྣམས་འདི་ནས་གཞན་དུ་འགྲོ་བར་གྱིས། །གལ་ཏེ་ང་ཡི་བཀའ་ལས་འདས་གྱུར་ན། །ཡེ་ཤེས་སྤྱན་གྱི་རྡོ་རྗེ་འབར་བ་ཡིས། །མགོ་བོ་ཚལ་པ་བརྒྱར་ནི་འགས་འགྱུར་ཞིང་། །བགེགས་རྣམས་བརླག་པར་འགྱུར་བར་གདོན་མི་ཟ། །བདག་ཉིད་སྐད་ཅིག་རྡོ་རྗེའི་སྲིན་པོའི་སྐུ་སོགས་དང་། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་༴། ཆོས་༴། དགེ་འདུན་༴། དཔལ་ཆེན་པོ་རྡོ་རྗེ་ཕུར་པའི་ལྷ་ཚོགས་རྣམས་ཀྱི་༴། དཔལ་མགོན་དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི་བདེན་པ་དང་། བདེན་པའི་བྱིན་རླབས་ཀྱིས། བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་རབ་ཏུ་གནས་པ་ལ་བར་དུ་གཅོད་པར་བརྩོམ་པའི་བགེགས་ཀྱི་ཚོགས་གང་ཡིན་པ་དེ་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདིས་ཚིམ་པར་གྱིས་ལ་ཞི་བའི་སེམས་དང་ལྡན་པས་རང་རང་གི་གནས་སུ་སོང་ཞིག །གལ་ཏེ་མི་འགྲོ་ན་ཁྲོ་བོའི་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བས་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་རོ། །ཀཱི་ལཱ་ཡ་དང་ཁྲོ་བོ་བཅུའི་སྔགས་བཟླས་དྲག་སྔགས་གཞན་ཡང་བཟླ་རུང་། སྡིག་པ་སྦྱང་བ་ནི། བདག་དང་སྦྱིན་པའི་བདག་པོ་རྣམས་ཀྱི་རྐང་པ་གཉིས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར། ལྟེ་བར་རཾ་ལས་མེའི་དཀྱིལ་འཁོར། སྙིང་གར་སྡིག་པའི་ས་བོན་ཀཾ་ནག་པོ་ལ་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་དུ་འདུས་པར་གྱུར། ཐུགས་ཀ་ནས་འོད་ཟེར་འཕྲོས་རྐང་པའི་འོག་གི་རླུང་གི་དཀྱིལ་འཁོར་ལ་ཕོག །རླུང་གཡོས་པས་ལྟེ་བའི་མེ་སྦར་ཏེ་དེའི་(༤ན)


GLG024_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཀྱིས་སྙིང་གའི་ཀཾ་དེད་ནས་སྣ་སྒོ་གཡས་ནས་ཐོན་ཏེ། འདོད་ཆགས་ལས་གྱུར་པ་ཐམས་ཅད་བྱའི་རྣམ་པ། ཞེ་སྡང་ལས་གྱུར་པ་ཐམས་ཅད་སྦྲུལ་གྱི་རྣམ་པ། གཏི་མུག་ལས་གྱུར་པ་ཐམས་ཅད་ཕག་གི་རྣམ་པ་བཅས་པའི་ཁ་ན་མ་ཐོ་བ་ཐམས་ཅད་སྡིག་པ་རྭ་ཅན་གྱི་གཟུགས་ཀྱི་རྣམ་པར་གྱུར་ཏེ་ཏིལ་གྱི་ཕུང་པོ་ལ་ཐིམ་པར་གྱུར། མེ་ལ་སྔགས་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པར་གྱུར། སྟོང་པའི་ངང་ལས་ཧཱུཾ་ལས་ཞི་བའི་ཐབ་ཁུང་ཟླུམ་པོ་དཀར་པོ་རྒྱར་ཁྲུ་གང་པ། ཟབས་སུ་ཁྲུ་ཕྱེད་པ། མུ་ཁྱུད་ཁ་ཁྱེར་སོར་བཞི་པས་བསྐོར་བའི་ཁ་ཁྱེར་ལ་རྡོ་རྗེའི་འཕྲེང་བས་མཚན་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ཡེ་ཤེས་ཀྱི་ཐབ་ཁུང་དེའི་ནང་དུ་རཾ་ལས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་སུ་པཾ་ལས་པདྨ་དང་། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་ཟ་བྱེད་རྡོ་རྗེ་མཁའ་འགྲོ་སྐུ་མདོག་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། རུས་པའི་རྒྱན་དྲུག་གིས་བརྒྱན་པ། ཞལ་གདངས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཛཿཧཱུཾ་བཾ་ཧོཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར་ཨོཾ་བཛྲ་ཌཱ་ཀི་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །ཞེས་སོགས་ཤླཽ་ཀ་གཅིག་གིས་བསྟོད། རང་གི་མཐེབ་མཛུབ་གཉིས་ཀྱི་དབུས་སུ་ཡི་གེ་ཧཱུཾ་འབར་བ་རེ་རེས་མཚན་པར་གྱུར། ཨོཾ་བཛྲ་ཌཱ་ཀྐི་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་པཱ་པཾ་ད་ཧ་ན་བྷསྨིཾ་ཀུ་རུ་ཡེ་སྭཱ་ཧཱ། ལན་བདུན་ཙམ་བརྗོད། སླར་ཡང་མཆོད་བསྟོད་བྱས། ཨོཾ་ཁྱེད་ཀྱིས་(༤བ)


GLG024_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་དོན་ཀུན་མཛད། །ཅེས་སོགས་དང་། བཛྲ་མུཿ ཐབ་ཀྱི་ལྷ་ཡེ་ཤེས་པ་གཤེགས། དམ་ཚིག་པ་བདག་ཉིད་ལ་ཐིམ་པར་གྱུར། ཁྲུས་ནི། རབ་ཏུ་གནས་བྱའི་ལྷ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པར་གྱུར། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་དེ་དག་ཐམས་ཅད་ལ་ཡོ་བྱད་ཐམས་ཅད་དང་ལྡན་པའི་ཁྲུས་འདི་གསོལ་བར་བགྱིའོ། །ཞེས་པས་སྙན་གསན་ཕབ། སྐུ་རབ་གནས་ཅན་ལ་ཁྲུས་བྱ་ཞིང་། ཇི་ལྟར་བལྟམས་པ་སོགས་དང་། འདི་ནི་ཁྲུས་མཆོག་སོགས་དང་། དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ། །ཞེས་སོགས་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། ཞེས་བརྗོད། དེ་དག་སྐུ་ལ་སོགས་ཚིགས་བཅད་སྔགས་དང་བཅས་པས་སྐུ་ཕྱིའོ། །དེ་ནས་རྟེན་གསར་པ་ལ་ཁྲུས་གསོལ་བ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བེ་ཤོ་དྷ་ན་ཡ་སྭཱ་ཧཱ། ཞེས་བརྗོད་ཅིང་ཏིལ་མར་བྱུག །ཡང་འདག་ཆལ་གྱིས་མཉེ་ཞིང་གོང་གི་སྔགས་བརྗོད། དེ་ནས་དྲིའི་བུམ་པ་ལ། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཞེས་སོགས་ཀྱི་རྗེས་སུ། ཨོཾ་སརྦ་ཏ་ཐཱ་ག་ཏ་གནྡྷེ་སྣཱ་ན་པཱུ་ཛ་མེ་གྷྭ་ས་མུ་དྲ་ཕ་ར་ཎ་ས་མ་ཡ་ཤྲཱི་ཧཱུཾ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས་ནས། ཀཱ་ཡ་བི་ཤོ་དྷ་ན་ཡེ་སྭཱ་ཧཱའི་བར་བརྗོད། ཡང་སྔར་བཞིན་སྔགས་བརྗོད། རྫས་གཉིས་འཇུག་པ་འོག་མ་ཀུན་ལ་འགྲེ། མངར་གསུམ་གྱི་བུམ་པ་ལ་ཇི་ལྟར་བལྟམས་པ་སོགས་དང་། ཏྲི་མ་དྷུ་སྣཱ་ན་སོགས་(༥ན)


GLG024_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

དང་། མཇུག་ཏུ་སྐུ་དབྱི་བ་ཡང་གོང་དང་འདྲ། དེ་བཞིན་དུ་ཞོའི་བུམ་པ་ལ། འདི་ནི་སྦྱིན་པའི་རང་བཞིན་ཆུ་སོགས་དང་། ད་དྷི་སྣ་ན་སོགས་དང་། འབྲས་བུའི་བུམ་པ་ལ། འདི་ནི་ཚུལ་ཁྲིམས་རང་བཞིན་ཆུ་སོགས་དང་། ཕ་ལ་སྣཱ་ན་སོགས་དང་། འབྲས་བུའི་བུམ་པ་ལ། འདི་ནི་བཟོད་པའི་རང་བཞིན་ཆུ་སོགས་དང་། བྲུ་ཧི་སྣཱ་ན་སོགས། འབྲས་ཡོས་ཀྱི་བུམ་པ་ལ། འདི་ནི་བརྩོན་འགྲུས་རང་བཞིན་ཆུ་སོགས་དང་། ལབྫ་སྣཱ་ན་སོགས། སྨན་གྱི་བུམ་པ་ལ། འདི་ནི་བསམ་གཏན་རང་བཞིན་ཆུ་སོགས་དང་། ཨོཾ་ཥ་དྷི་སྣཱ་ན་སོགས། རིན་པོ་ཆེའི་བུམ་པ་ལ། འདི་ནི་ཤེས་རབ་རང་བཞིན་ཆུ་སོགས་དང་། མ་ཎི་སྣཱ་ན་སོགས། ཡང་བུམ་པ་དང་པོ་བལྡབས་ནས། ཆུ་བོ་དྲུག་གི་ཁྲུས་བྱས་པས་སོགས་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་སོགས་བརྗོད། རི་བོ་ལྟར་ནི་མཛེས་པ་ཡི། །ཡོན་ཏན་དམ་པའི་རྒྱན་ལྡན་པ། །མཆོད་གནས་རིན་ཆེན་འདི་དག་ལ། །བདག་གིས་ཁྲུས་ནི་གསོལ་བར་བགྱི། །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་ཀྱིས་བཀྲུ། དེ་བཞིན་དུ། མ་རིག་འཇོམས་པའི་ཉི་མ་སྟེ། །སྲིད་པའི་ནད་ནི་སེལ་བའི་སྨན། །དམ་ཆོས་རིན་ཆེན་འདི་དག་ལ། །བདག་གིས་ཁྲུས་ནི་གསོལ་བར་བགྱི། །ཆོས་ཀྱི་སྐུ་ཡི་བདག་ཉིད་ཅན། །མཆོག་གི་ཡོན་ཏན་གཟུགས་ཅན་གྱི། །མཆོད་རྟེན་རིན་ཆེན་འདི་དག་ལ། །བདག་གིས་ཁྲུས་འདི་གསོལ་བར་བགྱི། །བསྐལ་པའི་མཐའ་ཡི་དངོས་འཇོམས་པ། །འཇིགས་བྱེད་མེ་ཡི་ཆ་བྱད་ཅན། །མགོན་པོ་སྙིང་རྗེའི་སྟོབས་ལྡན་ལ། །བདག་གིས་ཁྲུས་འདི་གསོལ་བར་བགྱི། །མཆོག་ཏུ་ཚིམ་ཞིང་སྐལ་པ་བཟང་། །དམ་པའི་བདུད་རྩི་མཛེས་ཆ་བྱད། །དཔལ་ལྡན་བླ་མའི་སྐུ་འདི་ལ། །བདག་(༥བ)


GLG024_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཁྲུས་འདི་གསོལ་བར་བགྱི། །གདུལ་བྱའི་སེམས་ཅན་གང་དག་ལ། །རྒྱལ་བའི་སྤྲུལ་སྐུ་མང་པོ་ཡི། །ཆ་བྱད་ལྷ་ཡི་རྣམ་པ་ནི། །སྙིང་རྗེ་ཡིས་ནི་ངེས་གང་བ། །རྟག་ཏུ་ཕན་དང་བདེ་མཛད་པའི། །མཆོག་ཏུ་དུལ་བ་དེ་དག་ལ། །བདག་གིས་ཁྲུས་༴། །སངས་རྒྱས་གཟུགས་ཅན་གནས་དང་ནི། །སློབ་པའི་དགེ་འདུན་གནས་ཀྱི་ས། །གཙུག་ལག་ཁང་དང་གནས་གཞན་ལ། །བདག་གིས་ཁྲུས་༴། །ཞེས་པའི་ཚིག་མཚམས་རྣམས་རེ་རེ་བཞིན་གྱི་མཚམས་སུ་སྔགས་དང་བཅས་ཏེ་ཁྲུས་གསོལ། སྨོན་ལམ་ནི། སྐུ་མཆོག་རྣམ་དག་ལྟ་བས་མི་ངོམས་ལ། །ངོ་མཚར་སྐྱོན་བྲལ་མཁའ་དཀྱིལ་ཉི་གསལ་འདྲ། །ཆོས་ཀྱི་སྐུ་ལ་དྲི་མ་མི་མངའ་ཡང་། །སྲི་ཞུ་བཀུར་སྟི་རིམ་གྲོའི་ཚུལ་ཙམ་དུ། །ཆུ་གཙང་སྨན་སྤོས་འོ་མ་འདག་ཆལ་ཆུས། །འགྲོ་བའི་ལུས་སེམས་སྡུག་བསྔལ་ནད་བསལ་ཏེ། །ཉེས་པའི་སྐྱོན་བྲལ་འགྲོ་བའི་ཡིད་འོང་བ། །དམ་པའི་སྐུ་མཆོག་བདག་གིས་ཐོབ་པར་ཤོག །བདེ་གཤེགས་སྐུ་གསུམ་མཚན་དང་དཔེ་མངའ་ཡང་། །འགྲོ་བའི་དོན་དུ་གཟུགས་སྐུ་ཅིར་ཡང་གདའ། །རིན་ཆེན་དབྱིག་ལྟར་ཉེས་པའི་སྐྱོན་བྲལ་ཡང་། །འཇིག་རྟེན་སྲི་ཞུ་གུས་པའི་ཚུལ་ཙམ་དུ། །སྡིག་མེད་རྒྱལ་བ་རྣམས་ཀྱིས་རབ་བསྔགས་པའི། །རས་མཆོག་འདི་ཡི་རྒྱལ་བའི་སྐུ་ཕྱིས་པས། །ཉོན་མོངས་དུག་གསུམ་སྒྲིབ་པ་ཀུན་བྱང་ནས། །སྐུ་གསུམ་ངང་དུ་བདག་ཅག་འགྱུར་བར་ཤོག །ཨོཾ་ཧཱུཾཾ་ཏྲཱཾ་ཧྲཱིཿཨཱཿསྔར་བཞིན་རས་ཀྱིས་སྐུ་ཕྱི་ཚུལ་བྱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤྭ་དྷ་ན་ཡེ་སྭཱ་ཧཱ། སྟོང་གསུམ་ཀུན་ཏུ་དྲི་མཆོག་འབྱུང་གྱུར་བའི། །སྤོས་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་འདི་དག་(༦ན)


GLG024_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

བྱུག་པར་བགྱི། སྔར་བཞིན་དྲིས་བྱུག །ཨོཾ་བཛྲ་གནྡྷེ་སྭཱ་ཧཱ། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་ཡིད་འོང་བས། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་འབུལ། །གོས་ཟུང་འབུལ། ཨོཾ་ཨཱཿབཛྲ་ཝསྟྲ་ཡེ་སྭཱ་ཧཱ། བདེ་བྱང་སེམས་དང་ལོངས་སྐུའི་ཆ་བྱད་འཛིན་པ་རྣམས་ལ་རྒྱན་གྱི་བྱེ་བྲག་འབུལ་ཚུལ་བྱེད། སྤྲུལ་སྐུ་དང་ཉན་ཐོས་སོགས་ཀྱི་སྐུ་ཡིན་ན་འདི་མངགས་སོ། །ཚུལ་དེ་ལྟ་བུས་ནི་མངའ་དབུལ་སོགས་ཀྱི་སྐབས་སུའང་འགྲོ་ཤེས་དགོས་སོ། །གཤེགས་སྐུ་མཆོག་མཚན་དང་དཔེ་བྱད་དང་། །རིན་ཆེན་འོད་ཆགས་འབར་བས་སྐུར་བརྒྱན་ཅིང་། །བྱང་ཆུབ་ཕྱོགས་ཀྱི་རྒྱན་གྱིས་མཛེས་ལགས་ཀྱང་། །འཇིག་རྟེན་བཀུར་སྟི་རིམ་གྲོའི་ཚུལ་ཙམ་དུ། །རིན་ཅེན་ཕྲེང་བ་སེ་མོ་དོ་ཤལ་དང་། །རྒྱན་གྱི་དམ་པ་ཁྱད་པར་མཆོག་ཕུལ་བས། །བྱང་ཆུབ་ཕྱོགས་ཀྱི་རྒྱན་དང་ལྡན་གྱུར་ནས། །བླ་མེད་ཐེག་པ་མཆོག་ལ་གནས་པར་ཤོག །ཨོཾ་བཛྲ་ཨ་ཝཱ་ར་ཎ་ཝ་སུ་ཥ་ཎེ་སྭཱ་ཧཱ། རྟེན་བསྐྱེད་པ་ནི། ཨ་མྲྀ་ཏས་བསངས། ཤུ་ནྱ་ཏཱས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨའི་སྟེང་དུ་ཁྲོ་བོ་ལ་རཾ་ལས་ཉི་མ་དང་། ཞི་བ་ལ་ཨཱཿལས་ཟླ་བ་སོགས་ཀྱི་གདན་གྱི་སྟེང་དུ་རང་རང་གི་ས་བོན་ལས་ཕྱག་མཚན་ས་བོན་གྱིས་མཚན་པ་ཡོངས་སུ་གྱུར་པ་ལས། ཐུབ་པའི་དབང་པོ་དང་རྒྱལ་བ་རིགས་ལྔ་སོགས་རང་རང་གི་སྐུ་མདོག་ཕྱག་མཚན་ཇི་ལྟ་བའི་རྣམ་པ་ཅན་དུ་གྱུར། ངོས་གཟུང་བར་མ་ནུས་པའི་སྐུ་གཟུགས་རྣམས། ཨོཾ་ཨཱཿཧཱུཾ་ལས་རྡོ་རྗེ་ཨོཾ་ཨཱཿཧཱུཾ་གིས་མཚན་པ་ལས། རྡོ་རྗེ་འཆང་བཛྲ་ཀུ་མཱ་ར་སྐུ་མདོག་སྔོན་པོ་ཞལ་གསུམ་ཕྱག་དྲུག་པ། ཞབས་བཞི་པ། ཕྱག་གཡས་གསུམ་གྱིས་རྡོ་རྗེ་དང་། གཡོན་གསུམ་གྱིས་དེས་ཡུ་བ་བྱས་(༥བ)


GLG024_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དྲིལ་བུ་འཛིན་པ། ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་རྡོ་རྗེ་དང་དུང་ཁྲག་འཛིན་པ་དང་མཉམ་པར་སྦྱོར་བ། ཡབ་དུར་ཁྲོད་ཀྱི་ཆས་བརྒྱད་དང་དཔལ་གྱི་ཆས་དགུས་བརྒྱན་ཅིང་། ཡུམ་ཁྲོ་མོའི་ཆས་རྣམས་ཀྱིས་བརྒྱན་པ། ལྷ་ཁང་དང་གཙུག་ལག་ཁང་བྷྲུཾ་ལས་འཁོར་ལོ་བྷྲུཾ་གྱིས་མཚན་པ་ལས་རྣམ་སྣང་བཛྲ་ཀུ་མཱ་ར་སྐུ་མདོག་དཀར་པོ་ཞལ་གསུམ་ཕྱག་དྲུག་ཞབས་བཞི་པ། ཕྱག་གཡས་གསུམ་འཁོར་ལོ་དང་། གཡོན་གསུམ་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་སངས་རྒྱས་སྤྱན་མ་དཀར་མོ་ཞེས་པ་ནས་བཟུང་སྟེ། ཁྲོ་མོའི་ཆས་རྣམས་ཀྱིས་བརྒྱན་པ་ཞེས་པའི་བར་གོང་བཞིན། དེ་ཞུ་བ་ལས་བྱུང་བའི་མཆོད་རྟེན་གདན་ཁྲི། བང་རིམ། བུམ་པ། བྲེ། ཆོས་འཁོར། གདུགས་ཏོག་དང་བཅས་པ། ཁང་པ་རྣམས་རིན་པོ་ཆེ་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་དང་བཅས་པ་སོ་སོའི་དབུས་སུ་གླང་པོ་ཆེ། ཤར་དུ་སེང་གེ །ལྷོར་རྟ། ནུབ་ཏུ་རྨ་བྱ། བྱང་དུ་མཁའ་ལྡིང་གིས་བཏེག་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་པཾ་ལས་པདྨ་དང་། རཾ་ལས་ཉི་མའི་གདན་ལ། དབུས་སུ་བྷྲུཾ་ལས་འཁོར་ལོ་བྷྲཱུཾ་གྱིས་མཚན་པ་ལས་རྣམ་སྣང་སོགས་གོང་བཞིན་ཤར་དུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས་མི་བསྐྱོད་པ་བཛྲ་ཀུ་མཱ་རཱ་སྐུ་མདོག་སྔོན་པོ་སོགས་དང་ས་གཞི་རྣམ་སྣང་ལྟར་ལ། མི་འདྲ་བའི་ཁྱད་པར་ཕྱག་གཡས་གསུམ་གྱིས་རྡོ་རྗེ་དང་། གཡོན་གསུམ་གྱིས་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་མཱ་མ་ཀི་སྔོན་མོ་ཞེས་པ་ཙམ་ཡིན་ནོ། །ལྷོར་ཨཾ་ལས་རིན་པོ་ཆེ་ཨཾ་གིས་མཚན་པ་ལས་རིན་འབྱུང་བཛྲ་ཀུ་མཱ་ར་སྐུ་མདོག་སེར་པོ་ཞེས་སོགས་དང་། ཕྱག་གཡས་གསུམ་གྱིས་རིན་པོ་ཆེ་དང་། གཡོན་གསུམ་གྱིས་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་རིན་ཅེན་སྒྲོལ་མ་སེར་(༧ན)


GLG024_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

མོ་སོགས། ནུབ་ཏུ་ཛྲིཾ་ལས་པདྨ་ཛྲིཾ་གིས་མཚན་པ་ལས་འོད་དཔག་མེད་བཛྲ་ཀུ་མཱ་ར་སྐུ་མདོག་དམར་པོ་ཞེས་སོགས། ཕྱག་གཡས་གསུམ་པདྨ་དང་། གཡོན་གསུམ་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་གོས་དཀར་མོ་སྐུ་མདོག་དམར་མོ་ཞེས་སོགས། བྱང་དུ་ཁཾ་ལས་རལ་གྲི་ཁཾ་གིས་མཚན་པ་ལས་དོན་ཡོད་གྲུབ་པ་བཛྲ་ཀུ་མཱ་ར་སྐུ་མདོག་ལྗང་གུ་ཞེས་སོགས། ཕྱག་གཡས་གསུམ་གྱིས་རལ་གྲི་དང་། གཡོན་གསུམ་གྱིས་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ་ཡུམ་དམ་ཚིག་སྒྲོལ་མ་ལྗང་གུ་སོགས། པོ་ཏི་རྣམས་པཾ་ལས་པདྨ་དང་། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཛྲིཾ་ལས་པདྨ་སོགས་ཀྱི་འོད་དཔག་མེད་བཛྲ་ཀུ་མཱ་རར་བསྐྱེད། ལྷ་རྣམས་ཀྱི་ཀུན་གཞི་ལ་སོགས་པའི་གནས་སོ་སོར་ཧ་བརྒྱད་ཡོངས་སུ་གྱུར་པ་ལས་ཀུན་གཞིའི་རྣམ་ཤེས་གནས་འགྱུར་བ་ཀཽ་རི་སྐུ་མདོག་སྔོན་པོ་ཕྱག་གཡས་ན་བྱིས་པའི་རོ་དབྱུག་པའི་ཚུལ་དུ་འཛིན་པ། ཡིད་ཤེས་གནས་འགྱུར་ཙཽ་རི་སེར་མོ་ཕྱག་གཉིས་མདའ་གཞུ་འགེང་བ། ཉོན་ཡིད་གནས་འགྱུར་པྲ་མོ་ཧ་དམར་མོ་ཆུ་སྲིན་རྒྱལ་མཚན་འཛིན་པ། ལུས་ཤེས་གནས་འགྱུར་པེ་ཏ་ལི་མཐིང་ནག་རྡོ་རྗེ་འཛིན་པ། མིག་ཤེས་གནས་འགྱུར་པུཥྐ་སི་སྐུ་མདོག་དམར་སེར་བྱིས་པའི་རྒྱུ་མ་ཕྱག་གཉིས་ཀྱིས་དྲངས་ནས་འདོམ་གྱིས་འཇལ་བ་ལྟ་བུ། རྣ་བའི་ཤེས་པ་གནས་འགྱུར་གྷསྨི་རཱ་ལྗང་གུ་ཐོད་སྐམ་ནང་ནས་ཁྲག་འཐུང་བ། སྣ་ཤེས་གནས་འགྱུར་སྨ་ཤ་ནཱི་སྟེ་དུར་ཁྲོད་མ་སྐུ་མདོག་ནག་མོ་བྱིས་པའི་སྙིང་ཟ་བ། ལྕེ་ཤེས་གནས་འགྱུར་ཙཎྜ་ལཱི་སྐུ་མདོག་སེར་སྐྱ་ཕྱག་གཉིས་ཀྱིས་མཆོག་ཆེན་མིའི་ལུས་སྟོད་སྨད་འབྲེལ་བ། བརྒྱད་ཀའང་གར་སྟབས་ཀྱིས་འགྱིང་བའི་ཚུལ་གྱིས་བཞུགས་པ། ལྷ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ།


GLG024_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀར་ཧཱུཾ་སྔོན་པོ། ཧཱུཾ་ལ་སྔགས་ཀྱི་ཕྲེང་བས་བསྐོར་བར་གྱུར། ཨོཾ་བཛྲོ་རྒྷ་ཊ་པྲ་བེ་ཤ་ཡ་ཧཱུཾ་ཕཊ་ཀྱིས་སྒོ་དབྱེ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས། འོག་མིན་གྱི་གནས་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེ་རྣམས་སྦྱངས་ཤིང་། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པ། ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང་། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བྱའི་ཕྱིར། །ཡོངས་བདག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཆོས་རྣམས་ཀུན་གྱི་དབང་ཕྱུག་གཙོ། །བཙོ་མའི་གསེར་གྱི་མདོག་འདྲ་ཞིང་། །ཉི་མ་ལས་ལྷག་གཟི་བརྗིད་ཆེ། །དད་པས་སྤྱན་ནི་དྲང་བར་བགྱི། །ཞི་ཞིང་ཐུགས་རྗེ་ཆེ་ལྡན་པ། །དུལ་ཞིང་བསམ་གཏན་ས་ལ་བཞུགས། །ཆོས་དང་ཡེ་ཤེས་ཆགས་བྲལ་བ། །ཀུན་ཏུ་མི་ཟད་ནུས་པར་ལྡན། །ཚུར་སྤྱོན་ཚུར་སྤྱོན་ཞི་བདག་ལྷ། །ཐུབ་པའི་སྐྱེས་མཆོག་ཐམས་ཅད་མཁྱེན། །ཤིན་ཏུ་ལེགས་བྱས་གཟུགས་བརྙན་ནི། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །འདི་ནི་གཟུགས་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་སྩལ་དུ་(༨ན)


GLG024_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། ཕྱིར་འབྲང་བའི་བགེགས་བསྐྲད་པ་ནི། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པ་ནས་བཟུང་སྟེ། བདེན་པའི་བྱིན་རླབས་ཀྱི་བར་བགེགས་སྦྱང་བའི་སྐབས་དང་འདྲ་བ་ལ། ཡེ་ཤེས་སེམས་དཔའི་ཕྱི་བཞིན་འབྲངས་ནས་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་རབ་ཏུ་གནས་པ་དང་། བདེ་བ་མཆོག་གི་གནས་ལ་བར་དུ་གཅོད་པའི་བགེགས་ཀྱི་ཚོགས་གང་ཡིན་པ་ཐམས་ཅད་འདིར་མ་གནས་པར་དེངས་ཤིག །ཀཱི་ལཱ་ཡ་དང་སུཾ་བྷ་བརྗོད། ཐུགས་ལས་སྤྲུལ་པའི་ཁྲོ་བཅུས་མི་དགེ་བཅུ་སོགས་བརྗོད། བཅོམ་ལྡན་ཐུགས་རྗེས་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་པར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །ཐུགས་ལ་དགོངས་བཞིན་གནང་བར་མཛོད། །ཨོཾ་བཛྲ་ག་ག་ན་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་མཆོད་ཡོན་ཕུལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ཞེས་པའི་ཚིག་གཅིག་གིས་ཁྲུས་གསོལ། །བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། པདྨ་ཙཎྜ་ཨ་པ་ནི་ཏིཥྛ་ན་ཏུ། ཞེས་གདན་དབུལ། དེ་ནས་ཐལ་མོ་སྦྱར་ལ། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཚུར་གཤེགས་འདིར་ནི་བཞུགས་སུ་གསོལ། །བདག་གི་མཆོད་ཡོན་བཞེས་ནས་ནི། །བདག་ཀྱང་བློ་དང་ལྡན་པར་མཛོད། །ཅེས་གསོལ་ནས། མཆོད་པ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡ་ཤྲི་ཡེ་ཨཱཿཧཱུཾ། ཞེས་མཆོད་ཡོན་དང་། དེ་བཞིན་དུ་ཞབས་བསིལ་དང་མེ་ཏོག་ནས་རོལ་མོའི་བར་གྱིས་མཆོད་ལ། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ཨོཾ་


GLG024_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་པཱ་ཤ་ཧཱུཾ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་གྷཎྜེ་ཧོཿ རང་བཞིན་གྱི་གནས་ནས་སྤྱན་འདྲེན་པ་ནི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་བཛྲ་ས་མ་ཛཿ མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ནས་མཆོད་པའི་བར་གོང་བཞིན་བྱ། ཇི་ལྟར་སངས་རྒྱས་ཐམས་ཅད་ནི། །དགའ་ལྡན་དུ་ནི་གནས་པ་ན། །ལྷ་མོ་སྒྱུ་འཕྲུལ་ལྷུམས་ཞུགས་ལྟར། །དེ་བཞིན་གཟུགས་བརྙན་ལྷན་ཅིག་ཏུ། །འདི་རུ་མགོན་པོ་རྟག་བཞུགས་ནས། །བྱང་ཆུབ་སེམས་ནི་བསྐྱེད་པ་དང་། །ཆེ་གེ་མོ་ཡི་དོན་སླད་དུ། །བདག་གི་འབྱོར་པ་ཉིད་ཀྱིས་ནི། །ཅི་འབྱོར་པ་ཡི་མཆོད་པ་རྣམས། །མེ་ཏོག་ལ་སོགས་འདི་བཞེས་ཤིག །བདག་དང་སློབ་མར་བཅས་པ་ལ། །རྗེས་སུ་བརྩེ་བར་དགོངས་སུ་གསོལ། །ཀུན་གྱིས་འདི་ལ་བྱིན་རླབས་ཤིང་། །འདི་ཉིད་དུ་ནི་བཞུགས་པར་རིགས། །ཨོཾ་བཛྲ་ཨཾ་ཀུ་ཤ་སོགས་བརྗོད། རྒྱས་གདབ་པ་ནི། ལྷ་རྣམས་ཀྱི་སྤྱི་བོར་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། མགྲིན་པར་པདྨ་དམར་པོ་ཨཱཿས་མཚན་པ། །ཐུགས་ཀར་རྡོ་རྗེ་རྩེ་ལྔ་སྔོན་པོ་ཧཱུཾ་གིས་མཚན་པར་གྱུར། ཨོཾ་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི། །སྐུ་ནི་མཚན་དང་དཔེ་བྱད་ལྡན། །མི་འགྱུར་རྡོ་རྗེ་འཁོར་ལོ་ཨོཾ། །སྐུ་ཡི་གནས་སུ་རྒྱས་གདབ་བོ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨཱཿརྒྱལ་བ་སྲས་བཅས་ཐམས་ཅད་ཀྱི། །གསུང་དབྱངས་དྲུག་ཅུ་ཚངས་པའི་དབྱངས། །མི་འགག་རྡོ་རྗེ་པདྨ་ཨཱཿ། །གསུང་གི་གནས་སུ་རྒྱས་གདབ་བོ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཝཱཀྐ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཧཱུཾ་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི། །ཐུགས་ནི་མི་གཡོ་རྡོ་རྗེ་(༩ན)


GLG024_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས། །ཡེ་ཤེས་ལྔ་ལྡན་རྡོ་རྗེ་ཧཱུཾ། །ཐུགས་ཀྱི་གནས་སུ་རྒྱས་གདབ་བོ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། །བདག་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཨོཾ་པཉྩ་ཀཱུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ཞེས་པ་ནས། ཤྲི་ཡེ་ཧཱུཾ་ཞེས་དབང་བསྐུར་བས་སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རང་རང་གི་རིགས་བདག་དང་རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་གྱུར། མཆོད་པ་རྣམས་རྩ་འཆམས་ཀྱི་དུས་ཀྱི་མཆོད་པ་བྱིན་རླབས་དང་། སྨན་རག་གཏོར་གསུམ་བྱིན་རླབས་བྱ། །རབ་འབྱམས་རྒྱ་མཚོ་མ་སོགས་ཀྱི་ཆུ་གཉིས་ཉེར་སྤྱོད་རོལ་མོ་འབུལ། །སྨན་རག་གཏོར་གསུམ་ཀྱང་གཞུང་བཞིན་འབུལ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ་སོགས་ཀྱིས་སྤྱི་ལ་བསྟོད། །ཕུར་པའི་སྒོས་བསྟོད་ཀྱང་བྱེད། ཆོས་སྐྱོང་གི་གཏོར་མ་བཏང་། དེ་ནས་སྙན་གསན་ནི། ཐུགས་རྗེ་ཡི་ནི་བདག་ཅན་བདག །སློབ་མ་རྣམས་ལ་རྗེས་བརྩེ་དང་། ཁྱེད་རྣམས་ལ་ཡང་མཆོད་སླད་དུ། །ད་ལྟར་རབ་གནས་བགྱི་བར་འཚལ། །བཅོམ་ལྡན་གུས་པས་བདག་ལ་ནི། །དེ་ཕྱིར་བཀའ་དྲིན་མཛད་པར་འོས། །རྡོ་རྗེ་ཅན་བདག་ཆེ་གེ་མོ། །སྐུ་གསུང་ཐུགས་རྟེན་རབ་གནས་ནི། །ཡོན་བདག་ཅི་ནུས་ཡོ་བྱད་ཀྱི། །ད་ལྟ་ཡང་དག་བགྱིད་པར་འགྱུར། །དེ་ཕྱིར་སློབ་མར་བཅས་བདག་ལ། །རྗེས་(༩བ)


GLG024_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བརྩེ་བས་ཉེར་བཟུང་ནས། །འཁོར་བཅས་ཀུན་གྱི་རབ་གནས་ལ། །བྱིན་གྱིས་བརླབ་པར་མཛད་པར་འོས། །བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དཀོན་ཅོག་གསུམ་གྱི་རྟེན་རབ་ཏུ་གནས་པར་བགྱིད་པར་འཚལ་ན། བདེ་བར་གཤེགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཁྱེད་རྣམས་སང་ནང་པར་བྱོན་ཞིང་རྟེན་བྱིན་གྱིས་བརླབས་ཏེ། བདག་ལ་དངོས་གྲུབ་ཀྱི་མཆོག་སྩལ་དུ་གསོལ། ཞེས་བརྗོད། མཆོད་བསྟོད་བསྡུས་པ་ཞིག་བྱེད་ཡི་གེ་བརྒྱ་པ་བརྗོད། མ་འབྱོར་བ་དང་ཉམས་པ་དང་ཞེས་སོགས་ཀྱིས་བཟོད་པར་གསོལ། ཨོཾ་བཛྲ་ཨུད་ཏིཥྛ། རྟེན་གྱི་ཡེ་ཤེས་པ་རྣམས་དམ་ཚིག་པ་ལས་ལོགས་སུ་ཕྱེ་སྟེ་མདུན་གྱི་ནམ་མཁར་བཞུགས་པར་གྱུར། མཆོད་བསྟོད་བསྡུས་པ་ཞིག་བྱེད། ཨོཾ་བཛྲ་ཝསྟྲ་ཨཱཿཧཱུཾ། ཞེས་པས་རྟེན་དགབ། ལས་སྔགས་ཀྱིས་བསྲུང་། གཏོར་མགྲོན་གྱི་ཡེ་ཤེས་པ་གཤེགས་པ་དང་། བརྟན་བཞུགས་སོགས་ལག་ལེན་དཀྱུས་བཞིན་ནོ། །སང་ཞོགས་ཐོ་རངས་དུས་དཀྱིལ་འཁོར་སྒྲུབ་མཆོད་བཏང་། བུམ་པ་བསྒྲུབ་པ་ནས་བཟུང་ཁྲུས་གོས་རྒྱན་ཡན་སྟ་གོན་ལྟར། གང་འདིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཏེ། རྒྱུ་དང་འབྲས་བུའི་དགོངས་པ་ཕུན་སུམ་ཚོགས་པ་དང་ལྡན་པ། ཆོས་ཐམས་ཅད་ཐུགས་སུ་ཆུད་པའི་སངས་རྒྱས་བཅོམ་ལྡན་འདས་འདི་བདག་གིས་རབ་ཏུ་གནས་པར་བགྱིའོ། །གང་འདི་བཅོམ་ལྡན་འདས་ཀྱི་བྱང་ཆུབ་ཀྱི་(༡༠ན)


GLG024_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་ཡང་དག་པར་ལྡན་པ། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། མ་འདྲེས་པའི་དྲན་པ་ཉེ་བར་བཞག་པ་གསུམ་དང་། ཐུགས་རྗེ་ཆེན་པོ་ལ་སོགས་པ་མདོར་ན་སློབ་པ་དང་མི་སློབ་པའི་སངས་རྒྱས་སུ་བྱེད་པའི་ཆོས་རྣམས་དང་ལྡན་པ། དེའི་ཉེས་པའི་སྐྱོན་ཐམས་ཅད་དང་བྲལ་ཞིང་། བདེ་བར་གཤེགས་པའི་ཡོན་ཏན་གྱི་ཆོས་ཚད་མེད་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་འདི་བདག་གིས་རབ་ཏུ་གནས་པར་བགྱིའོ། །གང་འདི་བཅོམ་ལྡན་འདས་ཀྱི་བླ་ན་མེད་པའི་ཚུལ་ཁྲིམས་ལ་སོགས་པའི་ཕུང་པོ་ལྔ་དང་ཡང་དག་པར་ལྡན་པ། ཆོ་འཕྲུལ་གསུམ་དང་། ཏིང་ངེ་འཛིན་གསུམ་དང་། བསླབ་པ་གསུམ་དང་། ཚངས་པའི་གནས་བཞི་དང་། བསམ་གཏན་བཞི་དང་། འཕགས་པའི་བདེན་པ་བཞི་དང་ཡང་དག་པར་ལྡན་པ། དེའི་ཡང་དག་པ་ཕྱིན་ཅི་མ་ལོག་པའི་ཡེ་ཤེས་དང་། ཤེས་བྱའི་ཡུལ་ཐམས་ཅད་བརྙེས་པ་ཉོན་མོངས་པ་ལ་སོགས་པ་རྣམས་མ་ལུས་པར་སྤངས་པ་དང་། བདུད་བཞི་ལས་རབ་ཏུ་རྒྱལ་བའི་སངས་རྒྱས་བཅོམ་ལྡན་འདས་འདི་བདག་གིས་རབ་ཏུ་གནས་པར་བགྱིའོ། །གང་འདི་བཅོམ་ལྡན་འདས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་བསགས་པ་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ཡང་དག་པར་བརྒྱན་པ་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་རྣམ་པར་མཛེས་པ་དང་། སྐྱེས་བུ་ཆེན་པོའི་སྐུ་ལྟ་བས་ཆོག་མི་ཤེས་པ་དང་། མཐོང་ན་མི་མཐུན་པ་མེད་པ་སྟེ། དེའི་(༡༠བ)


GLG024_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཀྱི་སྐུའི་འབྱོར་པ་མཐར་ཐུག་པ། འགྲོ་བ་མ་ལུས་པའི་རྩ་ལག་ཏུ་གྱུར་པའི་སངས་རྒྱས་བཅོམ་ལྡན་འདས་འདི་བདག་གིས་རབ་ཏུ་གནས་པར་བགྱིའོ། །ཞེས་བརྗོད་ཅིང་དེ་ཐམས་ཅད་ཀྱི་མཐར་རབ་ཏུ་གནས་བྱའི་རྟེན་ལ་མེ་ཏོག་འཐོར། སྤོས་ཀྱིས་བདུག །རོལ་མོ་དབུལ་ཞིང་། ཨོཾ་ན་མོ་བྷ་ག་ཝ་ཏེ། ཤཱཀྱ་མུ་ནེ་ཡེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། ས་མྱ་ཀྶཾ་བུདྷ་ཡ། ཏདྱ་ཐཱ། ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཨོཾ་བཻ་རོ་ཙ་ན་ཨཱོཾ་སྭཱ་ཧཱ། ཨཱོཾ་ཨ་ཀྵྱོ་བྷྱཿཧཱུཾ་སྭཱ་ཧཱ། ཨཱོཾ་རཏྣ་སཾ་བྷཱ་ཝ་ཏྲཱཾ་སྭཱ་ཧཱ། ཨཱོཾ་ཨ་མི་ཏཱ་བྷཱ་ཧྲཱིཿསྭཱ་ཧཱ། ཨོཾ་ཨ་མོ་གྷ་སིདྡྷི་ཨཿསྭཱ་ཧཱ། ཞེས་དང་། རབ་ཏུ་གནས་བྱའི་ལྷ་གང་ཡིན་གྱི་སྔགས་དང་། ཨོཾ་བཛྲ་ས་ཏྭ་ཧཱུཾ། ཞེས་བརྗོད་དོ། །སེམས་བསྐྱེད་པ་ནི། སེམས་ཅན་ཐམས་ཅད་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྐྱེད་ལ། འདི་སྐད་ཅེས། ངོ་མཚར་ཆེན་པོ་གྲངས་མེད་ཅིང་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །དེ་དག་ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དཀོན་ཅོག་གསུམ་གྱི་རྟེན་རབ་ཏུ་གནས་པར་བགྱི་བས་དེའི་མཐུས་བདག་གི་སེམས་ཅན་ཐམས་ཅད་ཀྱི་དབུགས་དབྱུང་ངོ་། །འཁོར་བའི་གཅོང་རོང་ཆེན་པོ་ལས་བསྒྲལ་བར་བགྱིའོ། །ཕས་ཀྱི་རྒོལ་བ་བདུད་དང་ལོག་འདྲེན་ཐམས་ཅད་ཕམ་པར་བགྱིའོ། །སེམས་ཅན་ཐམས་ཅད་ཀྱི་བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པའི་རྟོག་པ་ཐམས་ཅད་གསལ་བར་བགྱིའོ། །སེམས་ཅན་ཐམས་ཅད་ཀྱི་ང་རྒྱལ་གྱི་རི་བོ་སྙིལ་བར་བགྱིའོ། །སེམས་ཅན་རྣམས་ཀྱི་སྐྱེ་བའི་(༡༡ན)


GLG024_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ལྗོན་ཤིང་རྩད་ནས་གཅད་དོ། །འཆི་བདག་གི་ཉི་མ་ཕྱེ་མར་བརླག་གོ །མ་རིག་པའི་མུན་པ་བསལ་བར་བགྱིའོ། །མ་དད་པ་དང་། ཕྱི་རོལ་པ་དག་དང་། ལྟ་བ་ཕྱིན་ཅི་ལོག་པ་དག་ཡང་དག་པའི་ལྟ་བ་ལ་གཟུད་ཅིང་དད་པར་འགྱུར་རོ། །ལས་ཀྱི་ཆུ་བོ་བཟློག་པར་བགྱིའོ། །སྲིད་པའི་རྒྱ་མཚོ་སྐེམ་པར་བགྱིའོ། །ཆོས་ཀྱི་སྒྲོན་མེ་སྦར་བར་བགྱིའོ། །བྱང་ཆུབ་ཀྱི་ལམ་བསྟན་པར་བགྱིའོ། །བཟོད་པ་དང་ངེས་པ་ལ་གཟུད་དོ། །བསམ་གཏན་གྱི་བདེ་བ་ལ་ཆེར་སྩལ་ཏོ། །འདོད་ཆགས་ཀྱི་མེ་དཔུང་ཞི་བར་བགྱིའོ། །ཞེ་སྡང་གི་མཚོན་རྣོན་པོ་གཞོམ་པར་བགྱིའོ། །བདེན་པ་ལ་གཟུད་དོ། །ཕྲག་དོག་གི་འཚུབ་མ་ཞི་བར་བགྱིའོ། །སེར་སྣའི་མདུད་པ་དགྲོལ་བར་བགྱིའོ། །སྡུག་བསྔལ་ཐམས་ཅད་ཞི་བར་བགྱིའོ། །འཇིགས་པ་མ་མཆིས་པ་དང་བདེ་བ་ཆེན་པོའི་གྲོང་ཁྱེར་དུ་འཇུག་ཅིང་གནས་པར་བགྱིའོ། །དེ་བས་ན་བདག་ལ་ལས་ཀྱི་དངོས་གྲུབ་ཀྱི་མཆོག་སྩོལ་ཞིང་གནང་བར་མཛད་དུ་གསོལ། །རྟེན་བསྐྱེད་པ་ནས་ཡེ་ཤེས་པ་སྤྱན་དྲངས། མཆོད་པའི་བར་སྟ་གོན་བཞིན། དེ་ནས། ཐུགས་རྗེ་ཡི་ནི་བདག་གཞན་དང་། །ཞེས་སོགས་ཀྱི་སྙན་གསན་ཕབ། དཀྱིལ་འཁོར་གྱི་ལྷ་དགུག་གཞུག་བྱེད་པ་ནས་བཟུང་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པའི་བར་ཀྱང་སྔར་ལྟར་དབང་བསྐུར་བ་ནི། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་གཤེགས་པ་དང་གཤེགས་མ། སེམས་དཔའ་དང་སེམས་མ། ཁྲོ་བོ་དང་ཁྲོ་མོའི་ཚོགས་མདུན་གྱི་ནམ་མཁར་སྤྱན་དྲངས། སྔར་བཞིན་མཆོད་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་དུ་གསོལ། །ཞེས་གསོལ་བ་(༡༡བ)


GLG024_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། སྤྱན་མ་ལ་སོགས་པ་རིག་མ་དང་བཅས་པ་ནམ་མཁར་བཞུགས་པ་རྣམས་ཀྱིས་གདུགས་དང་རྒྱལ་མཚན་ལ་སོགས་པ་རབ་ཏུ་གནས་བྱའི་ལྷ་རྣམས་ཀྱི་སྟེང་ཕྱོགས་སུ་འཛིན། གླུ་གར་མཛད་ཅིང་རོལ་མོ་བརྡུང་། མེ་ཏོག་དང་གུར་གུམ་ལ་སོགས་པའི་ཆར་འབེབས། ཕྱག་གིས་ཅུང་ཟད་ཡོ་བར་བཟུང་བའི་བུམ་པ་དཀར་པོ་བདུད་རྩིས་གང་བ་རྣམས་ཀྱིས་དབང་བསྐུར། གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་བཀྲ་ཤིས་ཀྱི་གླུ་དབྱངས་ཀྱིས་ཤིས་པ་བརྗོད། ཁྲོ་བོ་རྣམས་ཕྱོགས་མཚམས་སུ་འཁོད་ནས་བགེགས་བསྐྲད་པར་གྱུར། ཛཿ སྲིད་པའི་ཕུར་བུ་བསྒྲུབ་པ་དང་། དབང་དང་དངོས་གྲུབ་བླང་བའི་ཕྱིར། །མི་འགྱུར་ཡེ་ཤེས་ལྷ་ཚོགས་ཀྱིས། །དབང་བསྐུར་དམ་པ་སྩལ་དུ་གསོལ། །ལན་གསུམ་བརྗོད། དེ་ནས་དབུ་རྒྱན་གྱི་དབང་བསྐུར་བ་ནི་འདི་སྐད་དོ། །ཧཱུཾ། སངས་རྒྱས་ཀུན་གྱི་རིན་པོ་ཆེ། །དཔག་ཏུ་མེད་པའི་འོད་དང་ལྡན། །རིགས་མཆོག་ཕྱག་རྒྱ་ལྔར་ལྡན་པ། ཁམས་གསུམ་བདག་པོར་དབང་བསྐུར་རོ། །རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་སཾ། ཏྲཱཾ་ཏྲཱཾ་ཏྲཱཾ་ཏྲཱཾ་ཏྲཱཾ། དེ་ནས་རྡོ་རྗེ་དྲིལ་བུ་གཏད་ལ་འདི་སྐད་དོ། །ཧཱུཾ། ཐབས་དང་ཤེས་རབ་དབང་ཆེན་འདི། །རྡོ་རྗེ་དྲིལ་བུའི་རིག་པ་འཛིན། །མྱ་ངན་འདས་ཤིང་འཁོར་བ་ཡི། །སྐྱོན་རྣམས་དག་པའི་དབང་ཐོབ་ཤོག །ཨོཾ་བཛྲ་པྲ་ཛྙ་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། དེ་ནས་བུམ་པ་བླངས་ལ། ཧཱུཾ། ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་འཕྲིན་ལས་རྫོགས་བྱའི་ཕྱིར། །དབང་དང་དངོས་གྲུབ་འདིར་སྩོལ་ཅི། །ཨོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། །ཨ་མྲྀ་ཏ་ཀུཎྜ་ལི་ཙིཏྟ་བཛྲ་ཧཱུཾ་ཀཱ་ར་ཨཱཿ ཇི་ལྟར་(༡༢ན)


GLG024_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

བལྟམས་པ་ནས་ཤྲི་ཡེ་ཧཱུཾ། ཞེས་གསུང་ཞིང་དབང་བསྐུར་བས་ལུས་ཐམས་ཅད་གང་། དྲི་མ་ཐམས་ཅད་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས་རང་རང་གི་རིགས་ཀྱི་བདག་པོ་དང་རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་གྱུར། མཆོད་པ་བྱིན་རླབས་ནས། ཆུ་གཉིས་ཉེར་སྤྱོད། སྨན་རག་གཏོར་མ་འབུལ་བ། བསྟོད་པ་རྣམས་སྟ་གོན་གྱི་སྐབས་ལྟར་བྱ། སྤྱན་དབྱེ་ན། ཀུན་མཁྱེན་ཡེ་ཤེས་སྤྱན་ལྡན་སྐྱོན་བྲལ་ཡང་། །གུས་པས་འཕགས་པའི་སྤྱན་ནི་དབྱེ་བགྱིས་པས། །ནམ་མཁའི་མཐས་གཏུགས་གྱུར་པའི་སེམས་ཅན་རྣམས། །སངས་རྒྱས་ཡེ་ཤེས་སྤྱན་ནི་ཐོབ་པར་ཤོག །ཨོཾ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤྭ་དྷི་ན་སྭཱ་ཧཱ། ཡེ་ཤེས་ཀྱི་སྤྱན་རྣམ་པར་དག་པ་དང་ལྡན་ཞིང་སེམས་ཅན་གྱི་དོན་ལ་འཇུག་པའི་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །ཨཱ་ལས་སྐྱེས་པའི་མེ་ལོང་། །ཆས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །ཞེས་པ་ནས་བཟུང་སྟེ། སེམས་ཅན་དོན་ནི་མཉམ་མེད་བྱོས། །ཨོཾ་བཛྲ་ས་ཏྭ་ཨཱཿ ཆུ་གཉིས་ཉེར་སྤྱོད་རོལ་མོ་སྔགས་མཆོད་ཀྱིས་འབུལ། མི་བསྐྱོད་རྡོ་རྗེ་སོགས་ཀྱིས་བསྟོད། རྟེན་སྒྱུར་ནི། རྟེན་རྣམས་མི་བསྐྱོད་བཛྲ་ཀུ་མཱ་ར་ཞལ་གསུམ་ཕྱག་དྲུག་ཞབས་བཞི་པའི་སྐུ་དེ་ཉིད་ཡོངས་སུ་གྱུར་པ་ལས། བླ་མ། སངས་རྒྱས། བྱང་སེམས། ཉན་ཐོས། ཆོས་སྐྱོང་གི་སྐུ་བྲིས་འབུར་ཚད་དང་མཚན་ཉིད་ཡོངས་སུ་རྫོགས་པར་གྱུར། གླེགས་བམ་རྣམས་འོད་དཔག་མེད་བཛྲ་ཀུ་མཱ་ར་ཞུ་བ་ལས་བྱུང་བའི་ལུང་རྟོགས་ཀྱི་ཆོས་དཀོན་ཅོག་དབྱངས་གསལ་ཡི་གེའི་རྣམ་པ་གླེགས་བམ་གྱི་གཟུགས་སུ་གྱུར། གཙུག་ལག་(༡༢བ)


GLG024_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་བཟང་རྟ་བབས་ལ་སོགས་པ་རྣམས་བཛྲ་ཀུ་མཱ་ར་ཞུ་བ་ལས་བྱུང་བའི་རང་རང་གི་དབྱིབས་ཅན་དུ་གྱུར། དེ་དག་ཀུན་ཀྱང་བདག་དང་ཡོན་བདག་དང་།སེམས་ཅན་ཐམས་ཅད་ཀྱི་ཕྱག་གི་གནས་མཆོད་པའི་རྟེན་བསོད་ནམས་གསོག་པའི་དཔལ་མགོན་དམ་པར་གྱུར་ཏེ། ཞལ་དྲོ། བྱིན་ཆེ། བག་དྲོ་བ་སྐྱོབ་པའི་ནུས་པ་དང་ལྡན་པར་གྱུར། ཆོས་སྐྱོང་རྣམས་ཀྱང་བསྟན་པ་བསྲུང་བའི་མཐུ་སྟོབས་ནུས་པ་དང་ལྡན་པར་གྱུར། བརྟན་བཞུགས་ནི། མེ་ཏོག་ལག་ལེན་ལྟར་གྲུབ་པ་ཐོགས་ཏེ། ཕྱོགས་བཅུ་ན་བཞུགས་པ་སོགས་གུར་ཞལ་གྱི་གཏོར་ཆོག་གི་གཤམ་ན་ཡོད་པ་ལྟར། བདེ་གཤེགས་ཀུན་བཟང་མཐོང་བས་བཀྲ་ཤིས་ལྟར། །རྒྱལ་བ་སྲས་བཅས་དེང་འདིར་བདེ་ལེགས་ཤོག །ངན་སྡིག་ལོག་པའི་ཚོགས་རྣམས་བཅོམ་གྱུར་ནས། །རྒྱལ་སྲས་རིགས་འཛིན་ཚོགས་རྣམས་འཕེལ་དར་ཞིང་། །ཞལ་མཐོང་ཙམ་གྱིས་བདེ་བའི་མཆོག་བརྙེས་ནས། །ཉི་ལྟར་ཞལ་དྲོ་ཟླ་ལྟར་འོད་གསལ་ཞིང་། །བདག་དང་འགྲོ་ལ་ཞལ་དྲོ་བྱིན་ཆེན་ནས། །བསྐལ་པའི་མཐར་ཐུག་བར་དུ་བཞུགས་སུ་གསོལ། །ཇི་སྲིད་མེ་དང་ཆུ་དང་ནི། །རླུང་གིས་བསྐལ་པ་འཇིག་བར་དུ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བཅོམ་ལྡན་ཁྱོད་ནི་བཞུགས་པར་མཛོད། །ཅེས་བརྗོད་ལ། ཡིག་བརྒྱ་ལན་བདུན་བཟླས་ཏེ། །མགོན་པོ་བསྐལ་པ་ཇི་བཞིན་དུ། །སྣ་ཚོགས་གཟུགས་ནི་བཟུང་ནས་ཀྱང་། །ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་སུ། །དེ་ན་འགྲོ་བའི་དོན་ཀུན་མཛོད། མངའ་དབུལ་ལ། མཆོད་པ་བྱིན་གྱིས་བརླབས་ལ། ཆུ་གཉིས་ཉེར་སྤྱོད་(༡༣ན)


GLG024_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱམས་རྒྱ་མཚོ་མ་སོགས་ཀྱིས་རོལ་མོའི་བར་འབུལ། འདོད་ཡོན་ལྔ། རྒྱལ་སྲིད་བདུན། ཉེ་བའི་སྣ་བདུན་ནི། གཡུལ་ལས་རྒྱལ་བར་བྱེད་པའི་རལ་གྲི་དང་། །ཚ་གྲང་གནོད་པ་སྐྱོབ་པའི་པགས་པ་དང་། །ཡང་འཇམ་ཉོན་མོངས་མེད་པའི་མལ་ཆ་དང་། །དགའ་མགུ་རྩེ་བར་བྱེད་པའི་ཡིད་འོང་ཚལ། །གང་འདོད་བལྟ་ནུས་བདེ་བར་ཉལ་བའི་ཁྱིམ། །ཐགས་བཟང་སྲེག་བཅད་མི་ནུས་འཇམ་པའི་གོས། །ཆུ་ལ་མི་བྱིང་ངལ་དུབ་མེད་པའི་ལྷམ། །ཉེ་བའི་རིན་ཆེན་སྣ་བདུན་འདི་དག་གིས། །ཞིང་ཁམས་འདི་དང་རབ་འབྱམས་ཞིང་གཞན་རྣམས། །བཀང་སྟེ་བཅོམ་ལྡན་འཁོར་དང་བཅས་ལ་འབུལ། །ས་བྷ་ཨུ་པ་རཏྣ། བཀྲ་ཤིས་རྟགས་བརྒྱད་ཀྱི་མཆོད་པ་ནི། ལྷ་ཡི་དབང་པོ་ལྷ་མིན་གཡུལ་རྒྱལ་ཚེ། །བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཆོད་པ་ལྟར། །སངས་རྒྱས་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས། །བཀྲ་ཤིས་རྟགས་བརྒྱད་དག་གིས་མཆོད་པར་བགྱི། །མངྒ་ལ་ཨཿབྷྱཿ མགོན་པོ་ཐུགས་རྗེ་ཆེ་ལྡན་པ་སོགས། །སངས་རྒྱས་རྣམ་གཟིགས་སོགས། །སྣ་ཚོགས་པདྨ་ཟླ་བའི་དཀྱིལ་འཁོར་སྟེང་། །སྣ་ཚོགས་རིན་ཅེན་ཁམས་ལས་གྲུབ་པ་ཡི། །སྤྲུལ་པའི་མཆོད་རྟེན་སྣ་ཚོགས་རྒྱན་གྱིས་མཛེས། །ཆོས་སྐུའི་རང་བཞིན་ཁྱོད་ལ་ཕྱག་འཚལ་ལོ། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད་སོགས། །ཐུགས་རྗེས་འགྲོ་བའི་དོན་མཛད་བཅོམ་ལྡན་(༡༣བ)


GLG024_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

འདས། །མཚན་ཙམ་ཐོས་པའི་ངན་འགྲོའི་སྡུག་བསྔལ་སྐྱོབ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻ་ཌཱུཪྻ་ཡི་འོད་ལ་ཕྱག་འཚལ་ལོ། །འཇམ་དབྱངས་ཕྱག་ན་རྡོ་རྗེ་སྤྱན་རས་གཟིགས་སོགས། །མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁས་པ་ཆེ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །གསང་བའི་དབྱངས་ལ་ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་བ་ཆེ། །རང་བཞིན་འོད་གསལ་མཆོག་གི་མཆོག །སྟོན་པ་རྡོ་རྗེ་ཕྱག་༴། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་མཁའ་འདྲ་དྲི་མ་མེད། །རང་བཞིན་དག་པ་གོས་པ་མེད། །རྡོ་རྗེ་སྐུ་ལ་ཕྱག་༴། །རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་སྟེ། །རྡོ་རྗེ་གསུང་ལ་༴། །དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །དག་པ་ངོ་བོ་ཉིད་ལས་བྱུང་། །རྡོ་རྗེ་སེམས་ལ་ཕྱག་འཚལ་ལོ། །སྤྱིའི་མངའ་དབུལ་ལ་བརྒྱད་ཡོད་པ། དེ་ནས། ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞིས་ལེགས་པར་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཤིང་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཨོཾ་བཛྲ་པུ་རེ་ཥེ་ཨཱཿཧཱུཾ་སྭཱ་ཧཱ། དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། སྲབ་འཇམ་ཡང་བ་ལྷ་ཡི་གོས། །མི་ཕྱེད་རྡོ་རྗེའི་སྐུ་བརྙེས་ལ། །མི་ཕྱེད་དད་པས་དབུལ་པར་བགྱི། །(༡༤ན)


GLG024_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །དྲི་མེད་མཚན་ལ་བགྲེས་པ་མི་མངའ་ཡང་། །དད་པས་ངུར་སྨྲིག་རྒྱལ་མཚན་ཕུལ་བ་ཡིས། །ནམ་མཁའི་མཐའ་དང་མཉམ་པའི་འགྲོ་བ་ཡིས། །སངས་རྒྱས་བརྟུལ་ཞུགས་མཆོག་ལ་སྤྱོད་པར་ཤོག །ཨོཾ་བཛྲ་ཝསྟྲ་ཡེ་ཨཱཿཧཱུཾ་སྭཱ་ཧཱ། རྒྱལ་བ་མཚན་དཔེའི་རང་བཞིན་རྒྱན་ལྡན་ཕྱིར། །རྒྱན་གཞན་དག་གིས་བརྒྱན་པར་མི་འཚལ་ཡང་། །རིན་ཅེན་རྒྱན་མཆོག་ཕུལ་བས་འགྲོ་ཀུན་གྱིས། །མཚན་དཔེས་བརྒྱན་པའི་སྐུ་ལུས་ཐོབ་པར་ཤོག །ཨོཾ་བཛྲ་ལངྐ་ར་ཝ་སུ་ག་ཎ་ཨཱཿཧཱུཾ་སྭཱ་ཧཱ། རྒྱལ་བ་ཟག་མེད་འབྱོར་ལ་མངའ་སྒྱུར་ཡང་། །འགྲོ་བའི་དོན་དུ་འདོད་ཡོན་རྣམ་ལྔ་ཡིས། །མཆོད་པས་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱིས། །བསོད་ནམས་མི་ཟད་གཏེར་ལ་སྤྱོད་པར་ཤོག །ཨོཾ་བཛྲ་ས་མནྟ་བྷ་དྲ་པཱུ་ཛ་མེ་གྷ་ཨཱཿཧཱུཾ་སྭཱ་ཧཱ། མི་དབང་རིན་ཅེན་སྣ་བདུན་འདི་དག་ནི། སངས་རྒྱས་སྲས་དང་བཅས་པ་མ་ལུས་ལ། །བསམ་བཞིན་ཡིད་ཀྱིས་སྤྲུལ་ཏེ་ཕུལ་བ་ཡིས། །འགྲོ་བ་མི་ཟད་གཏེར་ལ་སྤྱོད་པར་ཤོག །ཨོཾ་མ་ཧཱ་སཔྟ་རཏྣ་པཱུ་ཛ་མེ་གྷ་ཨཱཿཧཱུཾ་སྭཱ་ཧཱ། རྒྱལ་བའི་མགོན་པོ་དཔལ་གྱི་ལྷམ་མེར་བཞུགས། །བསོད་ནམས་ཡེ་ཤེས་སྐུ་ལྔ་བརྙེས་པ་ལ། །ལྔ་ཕྲག་ལྔ་ལྡན་སྙིང་པོ་དམ་པ་འབུལ། །འགྲོ་བས་བདེ་གཤེགས་སྙིང་པོ་ཐོབ་པར་ཤོག །ཨོཾ་བཛྲ་པཉྩ་བི་མ་ལ་པཱུ་ཛ་མེགྷ་ཨཱཿཧཱུཾ་སྭཱ་ཧཱ། བརྩེ་བའི་ཁོར་ཡུག་སྙན་པའི་བ་དན་དང་། །ཏིང་འཛིན་བླ་བྲེས་སྤོབས་པའི་འོད་གསལ་བ། །མཆོག་རྐྱེན་འོས་པའི་ཉེར་མཁོ་འདི་དག་འབུལ། །སྐྱེ་བོས་རྣམ་དག་ཡེ་ཤེས་ཐོབ་པར་ཤོག །ཨོཾ་བཛྲ་མ་ཧཱ་པཱུ་ཛ་མེ་གྷ་ཨཱཿཧཱུཾ་སྭཱ་ཧཱ། ཐུན་མོང་གི་མངའ་(༡༤བ)


GLG024_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

དབུལ་བརྒྱད་དོ། །སྐུ་གཟུགས་ཀྱི་དྲུག་ནི། རྒྱལ་བའི་དབུ་སྐྲ་མཐོན་མཐིང་སྐྱོན་བྲལ་ཡང་། །གཞན་དོན་བསྒྲུབ་ཕྱིར་ཁྱིམ་པའི་རྟགས་སྤང་ཕྱིར། །དད་པས་གསེར་གྱི་འབྲེག་གཅད་ཕུལ་བ་ཡིས། །འགྲོ་བ་སྡུག་བསྔལ་ཀུན་ལས་གྲོལ་བར་ཤོག །ཨོཾ་བཛྲ་ཀ་ཙ་མུ་ལ་ཨཱཿཧཱུཾ་སྭཱ་ཧཱ། ཟངས་མདོག་ལྟར་མཛེས་ཡིད་འོང་སྐྱོན་བྲལ་ཡང་། །བདག་ཅག་དད་པས་ཕྱག་དང་ཞབས་རྣམས་ཀྱི། །སེན་མོའི་འབྲེག་གཅད་ཕུལ་བས་འགྲོ་ཀུན་གྱིས། །སངས་རྒྱས་དཔེ་བྱད་བཟང་པོ་ཐོབ་པར་ཤོག །ཨོཾ་བཛྲ་ན་ག་ཚེ་ད་ཛ་ན་ཨཱཿཧཱུཾ་སྭཱ་ཧཱ། དབུ་སྐྲ་རིན་ཅེན་ལྕང་ལོ་མ་དཀྲུགས་ཤིང་། །མཛེས་ཤིང་ལྟ་བས་མི་ངོམས་སྐྱོན་བྲལ་ཡང་། །བདག་བློ་སྦྱངས་ཕྱིར་རྐྱེན་དང་འཚམ་པ་འདི། །ཕུལ་བས་འགྲོ་ཀུན་དུག་གསུམ་བྲལ་བར་ཤོག །ཨོཾ་བཛྲ་བ་ལ་ཤྭ་དྷ་ཡ་ཨཱཿཧཱུཾ་སྭཱ་ཧཱ། དྲི་འཛིན་རྣམ་དག་ཚུལ་ཁྲིམས་ལས་འཁྲུངས་པ། །དགེ་བ་བསྒྲུབ་ཕྱིར་སྐྱོན་ལས་ངེས་གྲོལ་ཡང་། །མོས་པས་འཛིན་དཔྱད་དམ་པ་ཕུལ་བ་ཡིས། །འགྲོ་བས་ཡེ་ཤེས་བླ་མེད་ཐོབ་པར་ཤོག །ཨོཾ་བཛྲ་རོ་མ་དྷ་ར་ཨཱཿཧཱུཾ་སྭཱ་ཧཱ། དཀར་ལ་ཐགས་བཟང་བཞི་བཅུ་ཚང་བའི་ཚེམས། །བརྒྱད་ཁྲི་བཞི་སྟོང་ཆོས་ལ་མངའ་སྒྱུར་ཡང་། །བདག་ཅག་དད་པས་ཚེམས་ཤིང་འབུལ་ལགས་ཀྱིས། །འགྲོ་བས་སངས་རྒྱས་གསུང་དབྱངས་ཐོབ་པར་ཤོག །ཨོཾ་བཛྲ་དནྡྷ་ཤོ་དྷ་ཡ་ཨཱཿཧཱུཾ་སྭཱ་ཧཱ། བསྙེན་བསྲིང་མི་མངའ་ཀུན་ཏུ་གསལ་བར་ལྡན། །ཐུབ་པའི་སྒྲ་འཛིན་ངོ་བོས་དག་ན་ཡང་། །དག་བྱེད་འདི་ནི་བདག་གིས་འབུལ་ལགས་ཀྱིས། །སྐྱེ་བོས་རྟག་ཏུ་དམ་ཆོས་ཐོས་པར་ཤོག །ཨོཾ་བཛྲ་ཀརྞ་ཤོ་དྷ་ཡ་ཨཱཿཧཱུཾ་སྭཱ་ཧཱ། ཁྲོ་(༡༥ན)


GLG024_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

བོའི་མངའ་དབུལ་ནི། ཧཱུཾ། བླ་མ་དཔལ་ཆེན་འཁོར་བཅས་ལ། །ཐོད་སྐམ་རིན་ཆེན་དབུ་བརྒྱན་པས། །འཁོར་བའི་རྣམ་རྟོག་ཟིལ་མནན་ནས། །སྐུ་གསུམ་ཡེ་ཤེས་ལྔ་ཐོབ་ཤོག །ཨོཾ་བཛྲ་ཀ་པཱ་ལ་མུ་ཀུ་ཊ་པཱུ་ཛ་ཨཱཿཧཱུཾ་སྭཱ་ཧཱ། ཧཱུཾ། བླ་མ་དཔལ་ཆེན་༴། །མི་མགོ་ཁྲག་འཛག་ལྔ་བཅུར་བཅས། །རྒྱུ་མས་འབྲེལ་བ་༴། །འགྲོ་ཀུན་བདུད་སྡེ་དག་པར་ཤོག །ཨོཾ་བཛྲ་ཀ་པཱ་ལ་མ་ལ་པཱུ་༴། །ཧཱུཾ། བླ་མ་༴། །ཐོད་སྐམ་ཚངས་སྐུད་ནག་པོས་སྦྲེལ། །དོ་ཤལ་འཕྲེང་བ་༴། །འགྲོ་ཀུན་བདག་འཛིན་བྲལ་བར་ཤོག །ཨོཾ་བཛྲ་ཀ་པཱ་ལ་ནི་རྟི་པཱུ་༴། །ཧཱུཾ། བླ་མ་༴། །གླང་ཆེན་ཀོ་རློན་དབང་པོས་བརྒྱན། །མཁའ་དང་མཉམ་པ་འདི་༴། །འགྲོ་ཀུན་གཏི་མུག་དག་པར་ཤོག །ཨོཾ་བཛྲ་ཧསྟི་ཝསྟྲ་པཱུ་༴། །ཧཱུཾ། བླ་མ་༴། །རུ་ཏྲའི་ཞིང་ལྤགས་ལྕང་ལོ་ཅན། །དབྱིངས་དང་མཉམ་པ་འདི་༴། །འགྲོ་ཀུན་ཞེ་སྡང་དག་པར་ཤོག །ཨོཾ་བཛྲ་ནི་ར་ཝསྟྲ་༴། །ཧཱུཾ། བླ་མ་༴། །གཅན་གཟན་སྟག་ལྤགས་ཁྲག་ཟིལ་ཅན། །སྤྲིན་ལྟར་ཀླུབས་པ་འདི་༴། །འགྲོ་ཀུན་ང་རྒྱལ་དག་པར་ཤོག །ཨོཾ་བཛྲ་བྱ་ཀ་ཝསྟྲ་༴། །ཧཱུཾ། བླ་མ་༴། །བདུད་དང་རུ་ཏྲའི་སྙིང་ཁྲག་དང་། །འགྲོ་དྲུག་བསྒྲལ་བའི་རཀྟ་འདི། །ཐིག་ལེའི་བྱུགས་པ་འདི་ཕུལ་བས། །འགྲོ་ཀུན་འདོད་ཆགས་དག་པར་ཤོག །ཨོཾ་བཛྲ་མ་ཧཱ་རཀྟ་ཏི་ལ་༴། །ཧཱུཾ། ཁམས་གསུམ་བཅུད་བསྡུས་ཞུན་ཆེན་དང་། །དཀར་དམར་ཟོ་རིས་བྱུགས་པ་འདིས། །འགྲོ་ཀུན་ལོག་འདྲེན་ཀུན་བྲལ་ཤོག །ཨོཾ་བཛྲ་ས་ར་ས་ཏ་གྷ་ཡ་༴། །ཧཱུཾ། བླ་མ་༴། །སྲིད་གསུམ་འགྲོ་བ་ཀུན་བསྲེགས་པའི། །ཐལ་ཆེན་ཚོམ་བུར་བྱུགས་པ་ཡིས། །འགྲོ་ཀུན་ཕྲག་དོག་དག་


GLG024_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤོག །ཨོཾ་བཛྲ་མ་ཧཱ་བྷ་སྨིན་ཏི་ལ་པཱུ་༴། །ཧཱུཾ། བླ་མ་༴། །ལྟོ་འགྲོ་སྦྲུལ་རིགས་སྣ་ཚོགས་པའི། །ཆུན་འཁོར་འབར་བ་འདི་ཕུལ་བས། །འགྲོ་ཀུན་སྲིད་པའི་ཞེན་བྲལ་ཤོག །ཨོཾ་བཛྲ་ན་ག་ཨ་ལཾ་ཀ་ར་༴། །ཧཱུཾ། བླ་མ་༴། །དྲི་མེད་པད་ཉི་ཏི་རའི་གདན། །གཟི་བརྗིད་འབར་བ་འདི་ཕུལ་༴། །འགྲོ་ཀུན་བླ་མའི་ས་ནོན་ཤོག །ཨོཾ་བཛྲ་པདྨ་མ་ཏཾ་གྷི་ཏི་ནི་༴། །ཧཱུཾ། བླ་མ་དཔལ་ཆེན་༴། །རང་བཞིན་གསལ་བའི་ཡེ་ཤེས་སྒྲོན། །བསྐལ་པའི་མེ་དཔུང་འདི་ཕུལ་བས། །འགྲོ་ཀུན་ཉོན་མོངས་ཀུན་བསྲེག་ཤོག །ཨོཾ་བཛྲ་ཛྙཱ་ན་ཛྭ་ལ་པཱུ་༴། །ཧཱུཾ། བླ་མ་༴། །བདུད་རྩི་སྨན་དང་རཀྟ་དང་། །གཏོར་ཚོགས་བཟུང་པོ་འདི་ཕུལ་༴། །འགྲོ་ཀུན་ཚོགས་གཉིས་མཐར་ཕྱིན་ཤོག །ཨོཾ་བཛྲ་པཉྩ་རཀྟ་བྷ་ལིཾ་ཏ་ག་ན་ཙཀྲ་པཱུ་༴། །ཧཱུཾ། བླ་མ་དཔལ་ཆེན་འཁོར་བཅས་ལ། །རྐང་གླིང་ཐོད་རྔ་ལ་སོགས་པའི། །རོལ་མོའི་ང་རོ་འདི་ཕུལ་བས། །འགྲོ་ཀུན་ཆོས་སྒྲས་ཚིམ་པར་ཤོག །ཨོཾ་བཛྲ་དྷརྨཱ་ཤཔྟ་པཱུ་༴། །ཆོས་ཀྱི་མངའ་དབུལ་ནི། རིན་ཅེན་དུ་མ་ལས་གྲུབ་སེང་གེའི་ཁྲི། །ཡིད་འོང་སྣ་ཚོགས་གོས་ཀྱིས་བཀབ་པ་འདི། །སྤྲོས་བྲལ་གསུང་རབ་མཆོག་ལ་ཕུལ་བ་ཡིས། །འགྲོ་རྣམས་རྡོ་རྗེའི་གདན་ལ་བཞུགས་པར་ཤོག །ཨོཾ་བཛྲ་ཨ་པ་ན་ཨཱཿཧཱུཾ་སྭཱ་ཧཱ། སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་བ། །གང་ལ་རེག་ན་བདེ་བའི་རྒྱུར་འགྱུར་བའི། །གོས་བཟང་རིན་ཅེན་བདག་བློ་སྦྱང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ཨོཾ་བཛྲ་ཝསྟྲ་ཨཱཿཧཱུཾ་སྭཱ་ཧཱ། ཟུང་འཇུག་དམ་ཆོས་འཛིན་པ་ཀུན་བྲལ་ཡང་། །ཐབས་དང་ཤེས་རབ་རྗེས་སུ་འབྲེལ་གྱུར་པའི། །ཉི་ཟླ་ལྟ་བུའི་རྟེན་འབྲེལ་དགབ་བྱ་བ། །ཕུལ་བས་སྐྱེ་བོས་ཟུང་འཇུག་ཐོབ་པར་ཤོག །ཨོཾ་བཛྲ་པྲཛྙཱ་ཨུ་པ་ཡ་ཨ་དྷཱ་ཡ་ཨཱཿ(༡༦ན)


GLG024_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་སྭཱ་ཧཱ། སྤྲོས་པ་དུ་མས་རབ་ཏུ་རྒྱས་གྱུར་ཀྱང་། །ཡེ་ཤེས་ཆེན་པོ་རོ་གཅིག་གྱུར་པ་ལྟར། །གླེགས་བམ་གཅིག་གྱུར་ཡོ་བྱད་མཆོག་ཕུལ་བས། །འགྲོ་བས་ཡེ་ཤེས་ཆེན་པོ་རྟོགས་པར་ཤོག །ཨོཾ་བཛྲ་པུསྟ་ཀ་བྷནྡྷ་ཨཱཿཧཱུཾ་སྭཱ་ཧཱ། མཆོད་རྟེན་གྱི་མངའ་དབུལ་ནི། ཨོཾ་བཛྲ་ཨཱ་ཡུཿཥེ་སྭཱ་ཧཱ། སེམས་ཅན་ཐམས་ཅད་ཤེས་པ་བཅུ་དང་ལྡན་པར་གྱུར་ཅིག །བདེ་བར་གཤེགས་པའི་བསྟན་པ་དམ་པའི་ཆོས་མི་ནུབ་ཅིང་ཡུན་རིང་དུ་གནས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ལྷག་པའི་བསམ་པ་རྣམ་པར་དག་པ་ཀུན་ཏུ་བཟང་པོའི་སྨོན་ལམ་ལ་འཇུག་པར་གྱུར་ཅིག །ཅེས་ཞི་བ་སྙིང་པོས་མཛད་པ་དང་། ཡང་ན་པདྨ་ལྕགས་ཀྱུའི་གདུགས་དཀར་གྱི་ཆོ་ག་ལས། སེམས་ཅན་ཤེས་བཅུ་ལྡན་གྱུར་ཅིག །བསྟན་པ་ཡུན་རིང་གནས་པར་ཤོག །སེམས་ཅན་ལྷག་བསམ་དག་པ་ཡིས། །ཀུན་བཟང་སྨོན་ལམ་འཇུག་པར་ཤོག །ཨོཾ་བཛྲ་ཨཱ་ཡུཿཥེ་སྭཱ་ཧཱ། ཞེས་པ་གང་རུང་བྱ། དེ་ནས་འཁོར་ལོ་དབུལ་བར་བསམ་ཞིང་། ཁམས་གསུམ་སེམས་ཅན་མ་ལུས་པ། །སྟོབས་དང་མ་འདྲེས་ཆོས་དང་ནི། །དྲན་པ་ཉེར་གཞག་རྣམ་ཐར་བརྒྱད། །ཡེ་ཤེས་ལྔ་སོགས་ལྡན་འགྱུར་ཤོག །ཨོཾ་པྲ་མ་ར་ད་ན་ཡ་སྭཱ་ཧཱ། ཞེས་བརྗོད། ཅོད་པན་དབུལ་བ་ནི། སེམས་ཅན་རྣམས་ནི་མ་ལུས་པས། །བདེ་བར་གཤེགས་པའི་སྐུ་གཟུགས་ལ། །དར་གྱི་ལྷབ་ལྷུབ་ལ་སོགས་པས། །བྱང་ཆུབ་བར་དུ་མཆོད་པར་ཤོག །ཨོཾ་པ་ཊཾ་ཀ་ལཾ་བ་ཡ་སྭཱ་ཧཱ། ཞེས་བརྗོད། འཕན་འབུལ་བ་ནི། སེམས་ཅན་རྣམས་ནི་མ་ལུས་པའི། །ཕྱོགས་བཅུ་སྙན་པའི་བ་དན་གྱིས། །འཚེ་བ་མེད་ཅིང་ཆོས་ལྡན་པའི། །གྲགས་པས་རྒྱས་པར་འགེངས་པར་ཤོག །ཨོཾ་པ་ཏཾ་ཀེ་སྭཱ་ཧཱ། རྒྱལ་མཚན་དབུལ་བ་ནི། འཁོར་བ་མ་སྟོངས་བར་དུ་ནི། །བདུད་བཞི་དག་ལས་རབ་རྒྱལ་ནས། །སྟོན་པའི་བསྟན་པ་ཟབ་མོ་དག །མ་ནུབ་རྒྱལ་མཚན་ཐོབ་པར་ཤོག །ཨོཾ་ཀུམྦྷི་ར་དྷཱ་ཛ་ཡ་སྭཱ་ཧཱ། གདུགས་འབུལ་(༡༦བ)


GLG024_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི། ཁམས་གསུམ་སེམས་ཅན་མ་ལུས་པ། །ཉོན་མོངས་ཚད་པས་གདུངས་པ་ལ། །ཐུགས་རྗེ་བྱང་ཆུབ་སེམས་ཀྱི་གདུགས། །ཕུལ་བའི་བདེ་བས་ཚིམ་པར་ཤོག །ཨོཾ་བྲཧྨ་ཎ་ཡ་སྭཱ་ཧཱ། ཞེས་དང་། མེ་ཏོག་གི་འཕྲེང་བ་དབུལ་ཞིང་། འཁོར་བའི་སེམས་ཅན་མ་ལུས་ཀུན། །མཚན་དང་དཔེ་བྱད་རྫོགས་ཐོབ་ནས། །ལྟ་བས་མི་ངོམས་གཟུགས་ཀྱིས་ནི། །སེམས་ཅན་དོན་རྣམས་རྫོགས་བྱེད་ཤོག །ཨོཾ་རཏྣ་མཱ་ལེ་ཏྲཾ་སྭཱ་ཧཱ། ཞེས་དང་། གདན་དབུལ་བ་ནི། སེམས་ཅན་མ་ལུས་སངས་རྒྱས་ཏེ། །སྟོབས་བཅུ་ལྡན་པ་གླང་པོའི་གདན། །མི་འཇིགས་སེང་གེའི་གདན་དང་ལྡན། །རྫུ་འཕྲུལ་རྐང་པ་རྟ་ཡི་གདན། །དབང་བཅུ་ཐོབ་པ་རྨ་བྱའི་གདན། །ཐོགས་མེད་ཤུགས་ལྡན་མཁའ་ལྡིང་གདན། །འདོད་དགུ་འབྱུང་བ་རིན་ཅེན་གདན། །སྐྱོན་གྱིས་མ་གོས་པདྨའི་གདན། །རང་བཞིན་འོད་གསལ་ཉི་ཟླའི་གདན། །གདན་རྣམས་མྱུར་དུ་ཐོབ་པར་ཤོག །ཨོཾ་སུ་ན་དྷ་རྀ་ཛ་ཡེ་སྭཱ་ཧཱ། ལྷ་བཤོས་འབུལ་བ་ནི། ཨ་མྲྀ་ཏས་བསངས། བྷྲུཾ་ལས་རིན་པོ་ཆེའི་སྣོད་སོགས་ཀྱི་བྱིན་རླབས་དང་། །ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱ། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་བརྗོད། གཟུགས་སྒྲ་དྲི་རོ་རེག་ལྡན་པའི། །མཆོག་ཏུ་གྱུར་པའི་ཟས་མཆོག་འདི། །བདག་གིས་དད་པས་འབུལ་བར་བགྱི། །ཅི་བདེར་བར་ནི་བཞེས་སུ་གསོལ། །ཨོཾ་དི་བྱ་ཨ་ཀ་ནི་ས་མཱ་དྷི་དྷྱ་པྲ་ཎ་ཡེ་སྭཱ་ཧཱ། ཞལ་ཟས་རོ་བརྒྱ་ལྡན་པའི་ཡིད་འཕྲོག་པ། །ལེགས་སྦྱར་འདི་ནི་རྒྱལ་བ་སྲས་བཅས་ལ། །དད་པས་ཕུལ་བས་འགྲོ་བ་འདི་དག་ཀུན། །འབྱོར་ལྡན་ཏིང་འཛིན་ཟས་ལ་སྤྱོད་པར་ཤོག །རྒྱལ་བས་བདུད་བཅོམ་བྱང་ཆུབ་སངས་རྒྱས་ཏེ། །རྒྱལ་བའི་སྐུ་ལ་བགྲེས་སྐྱེམས་མི་མངའ་ཡང་། །བདག་ཅག་བསོད་ནམས་ཞིང་དུ་(༡༧ན)


GLG024_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་སླད་དུ། །བཤོས་དང་ཞལ་ཟས་སྦྱར་བ་འདི་ཕུལ་བས། །དུས་ཀུན་དགེ་བའི་ལོ་ཐོག་འཕེལ་རྒྱས་ནས། །བདེ་བ་ཅན་དུ་པདྨོ་ལས་སྐྱེས་ཏེ། །ཏིང་འཛིན་ཟས་དང་ཆོས་ལ་སྤྱོད་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱ་ཏྱཾ་པྲ་ཏཱིཙྪ་ཡེ་ཨཱཿཧཱུཾ། ཨོཾ་བཛྲ་ཏམྦུ་ལ་ཡ་ཨཱཿཧཱུཾ། ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿ གཟུངས་ཐག་བཏགས་ལ། སྐུ་གཟུགས། ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། གཙུག་ལག་ཁང་དང་མཆོད་རྟེན་ལ། ཨོཾ་ཧཱུཾ་ཧྲཱིཿབྷྲུཾ་ཁཾ། བཛྲི་བྷཱ་ཝ་དྲྀ་ཏིཥྛཱ་ཧཱུཾ་བྷྲཱུཾ་ཁཾ། པུ་ཏི་ལ། ཨོཾ་སུ་པྲ་ཏིཥྛ་བཛྲ་སྭཱཧཱ། ཨོཾ་ཧཱུཾ་ཧྲཱི༔ཏྲཱཾ་ཐཱ། ཅི་འགྲུབ་རེ་དང་། ཐམས་ཅད་ཀྱིས་ཐུན་མོང་དུ་ཡེ་དྷརྨཱ་ཅི་འགྲུབ་རེ་བཟླ། རབ་ཏུ་གནས་པའི་ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཟླ་བ་ལ་སྔགས་ཀྱི་འཕྲེང་བ། དེའི་འོད་ཀྱིས་རང་བཞིན་གྱི་གནས་ནས་སངས་རྒྱས་བྱང་སེམས་ཐམས་ཅད་རབ་ཏུ་གནས་པའི་རྟེན་དེ་དག་དང་མཐུན་པའི་གཟུགས་ཀྱི་རྣམ་པས་བྱོན་ནས་རྟེན་སོ་སོ་ལ་གཉིས་སུ་མེད་པར་ཐིམ་པར་གྱུར། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པ་འདབ་འདྲའི་སྤྱན་མངའ་བ། །དེས་ནི་དེ་རིང་ཁྱེད་ལ་ཞི་བྱེད་བཀྲ་ཤིས་ཤོག །དེ་ཡི་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་མི་དང་ལྷས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་རྒུ་རྣམས་ལ་ཞི་བྱེད་པ། །དེས་ནི་དེ་རིང་ཁྱེད་ལ་ཞི་བྱེད་༴། དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །མི་དང་ལྷ་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །དེས་ནི་དེ་རིང་ཁྱེད་ལ་༴། །ཆེ་བའི་ཆེ་མཆོག་སྟོན་མཆོག་བླ་ན་མེད། །ཆོས་རྗེ་ཉི་(༡༧བ)


GLG024_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྒྱལ་བའི་བྱིན་རླབས་ཀྱིས། །བདུད་དང་བགེགས་རིགས་གནོད་པའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །ཆོས་ཉིད་བདེན་པའི་ཆོས་མཆོག་བླ་ན་མེད། །དམ་ཆོས་བདུད་རྩི་བདེན་པའི་བྱིན་རླབས་ཀྱིས། །ཉེས་པའི་སྐྱོན་བྲལ་དགེ་ཚོགས་རྣམས་འཕེལ་པ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །དགེ་འདུན་ཡོན་ཏན་རིན་ཅེན་དཔལ་འབར་བ། །རྒྱལ་སྲས་ཕན་མཛད་བདེན་པའི་བྱིན་རླབས་ཀྱིས། །ཉོན་མོངས་སྡུག་བསྔལ་གདུངས་པའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་༴། །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་འདིར་ནི་བདེ་གྱུར་ཅིག །སྟོན་མཆོག་ལྷ་དང་མིས་ནི་མཆོད་འོས་པ། །སངས་རྒྱས་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་༴། །དེ་དག་ཐམས་ཅད་༴། ཞི་བ་ཆགས་བྲལ་༴། །ཆོས་ལ་ཕྱག་འཚལ་འགྲེ། །སེམས་ཅན་གང་༴། །ཚོགས་ཀྱི་དམ་པ་༴། །དགེ་འདུན་ཕྱག་འཚལ་༴། །ཉིན་མོ་བདེ་ལེགས་ནས། ཉིན་མཚན་རྟག་ཏུ་བདེ་ལེགས་པ། །དཔལ་ལྡན་བླ་མས་དེང་འདིར་སྩོལ། །ཡི་དམ་ལྷ་ཡིས་༴། །དཀོན་ཅོག་གསུམ་གྱིས་༴། །ཆོས་སྐྱོང་སྲུང་མས་༴། །གཞི་བདག་རྣམས་ཀྱིས་དེང་འདིར་སྩོལ། །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏམ། །སའམ་འོན་ཏེ་བར་སྣང་འཁོད་པའང་རུང་། །སྐྱེ་རྒུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །འདིར་ནི་རྒྱལ་བ་དགྲ་རྒྱལ་བདེན་གང་གིས། །ཤིན་ཏུ་བདེན་པ་གསུང་ཞིང་བརྫུན་མེད་པ། །བདེན་པ་དེ་ཡིས་དེང་འདིར་བདེ་ལེགས་ཤོག །དེ་ཀུན་འཇིགས་པ་ཆེ་ལས་ཐར་(༡༨ན)


GLG024_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཅིག །དེང་འདིར་རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་ཉི་མ་དང་། ཟླ་བ་དང་། གཟའ་སྒྲ་གཅན་གྱི་གནོད་པ་ལས་གྲོལ་བ་བཞིན་དུ་བདུད་དང་སྤང་བྱ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་ཏེ་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །ཛ་ཡ་ཛ་ཡ། སུ་ཛ་ཡ། ཞེས་ཚིགས་བཅད་རེ་རེ་མཚམས་སུ་རོལ་མོ་དང་བཅས་ཏེ་ཤིས་པ་བརྗོད། གཏོར་འབུལ་གྱི་རྗེས་སུ་སྲུང་བའི་ཕྱག་རྒྱས། ཨོཾ་བཛྲ་རཀྵ་ཧཾ། རྡོ་རྗེས་རེག་སྟེ། རྡོ་རྗེ་འདི་ན་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས། །གལ་ཏེ་དམ་ལས་འདས་གྱུར་ན། །ཞིག་འགྱུར་འདི་ལ་ཐེ་ཚོམ་མེད། །ཨོཾ་མ་ཧཱ་ས་མ་ཡ་ཧ་ན་ཧཱུཾ་ཕཊ། ཨོཾ་བཛྲ་བྷནྡྷ་ཧཾ། ཞེས་བརྗོད་ལ། འགྲོ་བ་སེམས་ཅན་དོན་སླད་དུ། །བདེ་གཤེགས་རྣམས་ནི་བཞུགས་ཀྱི་བར། །བདག་དང་གཞན་གྱི་དོན་གྱི་ཕྱིར། །སྤྲུལ་པའི་གཟུགས་བརྙན་སྲུང་བར་མཛོད། །རབ་ཏུ་གནས་པར་བྱས་པའི་རྟེན་འདི་ལ་ཁྱོད་ཀྱིས་བསྲུང་བ་དང་། སྐྱོབ་པ་དང་། མཆོད་པ་བསམ་གྱིས་མི་ཁྱབ་པ་རྒྱུན་མི་ཆད་པར་གྱིས་ཤིག །བདག་དང་ཡོན་བདག་འཁོར་དང་བཅས་པ་རྣམས་ལ་ཡང་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་བསྲུང་བ་དང་། ཆོས་དང་མཐུན་པའི་བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་མཛོད། ཅེས་བསྒོའོ། །ཡོན་བདག་བསྐོ་བ་ནི། ཁྱོད་ཀྱིས་ངེད་ལ་གང་གསོལ་བའི། །གཟུགས་སྐུ་དག་ནི་ཁྱད་པར་དུ། །ཇི་ལྟར་གསུངས་པ་རབ་གནས་པ། །དེ་དག་དོན་ནི་ངས་བྱས་པས། །དེ་རྣམས་དོན་ནི་གྲུབ་ཟིན་གྱིས། །ཅི་བདེ་བར་ནི་མཆོད་པ་བྱོས། ཁྱོད་ཀྱི་ང་ལ་གསོལ་བ་བཏབ་པའི་རབ་ཏུ་གནས་པ་དེ་ལེགས་པར་ཚར་(༡༨བ)


GLG024_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱས་ཀྱིས། ཁྱོད་ཀྱིས་རྟེན་འདི་ལ་ཞག་བདུན་དུ་མཆོད་པ་རྒྱ་ཆེན་པོ་གྱིས་ཤིག །དེ་ནས་ཀྱང་ཅི་འབྱོར་བའི་མཆོད་པས་རྒྱུན་མི་ཆད་པར་མཆོད་པ་གྱིས་ཤིག །ཆུ་གཉིས་ཉེར་སྤྱོད་ཀྱིས་མཆོད། སྦྱིན་བདག་ལས་སྔགས་ཀྱིས་བསངས། སྭབྷཱ་ཝས་སྦྱངས་སྟོང་པའི་ངང་ལས་བཛྲ་ཀུ་མཱ་ར་ཞལ་གཅིག་ཕྱག་གཉིས་ཀྱིས་ཕུར་པ་བསྒྲིལ་བ། དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་གྱུར། རྗེ་བཙུན་རྩ་བ་ནས་བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱི་བར་སྔར་བཞིན་ལ་རབ་ཏུ་གནས་པར་བྱས་པའི་རྟེན་དང་། སྦྱིན་པའི་བདག་པོ་འཁོར་དང་བཅས་པ་བཀྲ་ཤིས་པར་བྱེད་པ་ལ་བར་དུ་གཅོད་པར་བརྩོམ་པའི་བགེགས་ཀྱི་ཚོགས་ཐམས་ཅད་ས་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཞིག །སྔགས་བཟླ་ཞིང་བགེགས་བསྐྲད། ལས་སྔགས་ཀྱིས་བསངས་སྦྱངས། སྟོང་པའི་ངང་ལས་མཾ་ལས་བྱུང་བའི་བཀྲ་ཤིས་ཀྱི་རྫས་བརྒྱད། སྐུ་གསུང་ཐུགས་རྟེན་རྣམས་ཀྱི་བྱིན་རླབས་དང་། བདག་ཅག་དཔོན་སློབ་ཡོན་མཆོད་ཀྱིས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་དཔལ་འབྱོར་སོགས་སྲིད་ཞིའི་ལེགས་ཚོགས་ཐམས་ཅད་རྒྱས་པའི་ནུས་པ་དང་ལྡན་པར་གྱུར་ཅིག །དེ་ནས་བཀྲ་ཤིས་རྫས་བརྒྱད་ཀྱི་ཚིག་རྣམས་གཞུང་བཞིན་བྱས། ཚོགས་མཆོད། མཇུག་ཆོག །བསྔོ་བ་སྨོན་ལམ་ཤིས་པ་བརྗོད་པ་སོགས་བྱའོ། །བསྟན་འགྲོའི་ཕན་བདེ་ནམ་མཁའི་མཐའ་མཉམ་པར། །ལེགས་བྱས་རྒྱ་མཚོའི་རླབས་ཕྲེང་ནམ་དུ་ཡང་། །དུས་ལས་ཡོལ་མེད་ཆོ་ག་བཀྲ་ཤིས་པའི། །འབུམ་ཕྲག་མཐའ་ཀླས་ལང་ཚོ་གསར་པ་དངོས། །མཁྱེན་བརྩེ་ནུས་པའི་འོད་ཟེར་ལྕགས་ཀྱུ་ཡིས། །གྲངས་མེད་འགྲོ་བའི་(༡༩ན)


GLG024_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཉོན་སྦྱང་བ་དང་། །ལྷན་ཅིག་སྲིད་ཞིའི་འབྱོར་པ་མ་ལུས་པ། །མི་འཛད་ནམ་མཁའ་མཛོད་ཀྱི་སྒོ་འཕར་ཕྱེ། །ངོ་མཚར་བཀོད་པ་སྐུ་གསུང་ཐུགས་རྟེན་སོགས། །མཐོང་ཐོས་དྲན་རེག་ཙམ་གྱིས་དོན་ལྡན་དུ། །བྱིན་བརླབས་བརྟན་གཡོའི་དངོས་ཀུན་གྱིས་བཏུད་པའི། །རྣམ་དཀར་ཕྱོགས་དུས་གནས་སྐབས་ཡོངས་ཁྱབ་ཤོག །བོད་འབངས་བདེ་ཐབས་སུ་ཟན་གཡང་མི་འགྱུར་ལྷུན་གྱིས་གྲུབ་པའི་རྟེན་བརྟེན་པར་རབ་གནས་བྱེད་པར་འགྲོ་གདོང་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པའི་ཞལ་འདོན་དུ་རེག་ཟིག་ཏུ་བཏབ་པའི་ཆོ་ག་བཀྲ་ཤིས་འབུམ་ཕྲག་གསར་དངོམ་ཞེས་པའང་ཟ་ཧོར་གྱི་བནྡེས་བཀོད་པ་པྲ་ཏིཥྛནྟུ་བྷ་ཝནྟུ། ཨོཾ་ཨཱཿཧཱུཾ་གིས་སྦྱང་ཆས་རྣམས་བྱིན་གྱིས་བརླབས། ཨ་ཀཱ་རོ་སོགས། སུམ་བྷ་སོགས། ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝི་དྱ། ཨོཾ་སརྦ་པཱ་པཾ་ཧ་ན་བཛྲ་ཡེ་སྭཱ་ཧཱ། ལས་སྔགས་ཚར་བཅུ་གཅིག །གཏོར་མ༡། མར༢། མཆོད༣། མེ༤། སྤོས༥། མར༦། དྲི༧། ཟས༨། ཡུགས༩། ཆུ༡༠། ཁམ༡༡། དུར༡༢། ཟན༡༣། སེང་༡༤། ཉེ༡༥། སྲི༡༦། མེ༡༧། མར༡༨། འབྲས༡༩། སྤོས་མར༢༠།། སརྦ་མངྒ་ལཾ།། །།


previousརབ་ཏུ་གནས་པའི་ཆོ་ག་བཀྲ་ཤིས་འབུམ་ཕྲག་གསར་དངོམ།next