Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལྷ་བྲག་གཏེར་བྱོན་གྱི་ཕུར་པ་ལྕགས་ཁང་དྲག་སྔགས་སྤུ་གྲིའི་ལས་བྱང་འཇིགས་མེད་རྡོ་རྗེ་ཕ་ལམ།།
   
   
   
   
   
   
   
   
   


 
previousལྷ་བྲག་གཏེར་བྱོན་གྱི་ཕུར་པ་ལྕགས་ཁང་དྲག་སྔགས་སྤུ་གྲིའི་ལས་བྱང་འཇིགས་མེད་རྡོ་རྗེ་ཕ་ལམ།།next

ལྷ་བྲག་གཏེར་བྱོན་གྱི་ཕུར་པ་ལྕགས་ཁང་དྲག་སྔགས་སྤུ་གྲིའི་ལས་བྱང་འཇིགས་མེད་རྡོ་རྗེ་ཕ་ལམ།།


GLG024_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་བྲག་གཏེར་བྱོན་གྱི་ཕུར་པ་ལྕགས་ཁང་དྲག་སྔགས་སྤུ་གྲིའི་ལས་བྱང་འཇིགས་མེད་རྡོ་རྗེ་ཕ་ལམ་བཞུགས་སོ། །


GLG024_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བཛྲ་ཀུ་མཱ་རཱ་ཡ། གདོད་ནས་ལྷུན་གྲུབ་སྤྲོས་བྲལ་བདེ་བ་ཆེན་པོར་གཡོ་མེད་ངང་ཉིད་ལས། གཏུམ་ཆེན་ཁྲོ་བོ་མིག་སྨན་གདོག་ཅན་གར་དགུའི་ཉམས་ཀྱིས་རབ་འགྱིང་བས། །ནག་པོའི་རུ་མཚོན་རྣམ་པར་བསྙོལ་ཞིང་དཀར་ཕྱོགས་རྒྱལ་རྔ་ཆེར་སྒྲོག་པའི། །འཕྲིན་ལས་ལྷ་ཚོགས་འཁོར་ལོའི་མགོན་པོ་རྡོ་རྗེ་ཕུར་པས་དངོས་གྲུབ་སྩོལ། །ངེས་གསང་མཆོག་འདིའི་ལམ་བཟང་ལྷ་ལམ་ངོས། །ཕུལ་བྱུང་རྟགས་མཚན་མངོན་གྱུར་གྲུབ་པའི་གཟིས། །རྒྱ་བལ་བོད་འདིར་ལོག་འདྲེན་མུན་པའི་ཚོགས། །འཇོམས་མཛད་རིགས་འཛིན་སར་གཤེགས་ཚོགས་སྤྱི་དང་། ཁྱད་པར་ཡང་ཕུར་སྦྲགས་སྒྲུབ་ལ་བརྟེན་ནས། །མཆོག་གི་དངོས་གྲུབ་ལེགས་ཐོབ་གངས་ཅན་འདིར། །བཀའ་དྲིན་རྒྱལ་བ་ཀུན་གྱིས་ཟླ་བྲལ་བའི། །པདྨཱ་ཀ་རས་ཚེ་རབས་ཀུན་དུ་སྐྱོངས། །ཐེག་མཆོག་བདུད་རྩིའི་བཅུད་ཀྱི་ཟ་མ་ཏོག །མི་ཕྱེད་རྒྱས་འདེབས་བཀའ་ཡི་བསྡུ་བ་པོ། །ཚུལ་འདིའི་བཀའ་བབས་མི་རོ་གསོན་པོར་སློང་། །ཡེ་ཤེས་མཁའ་འགྲོའི་གཙོ་མོ་(༢ན)


GLG024_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

མཁར་ཆེན་བཟའ། །ལྕགས་མཛོད་ཟད་མི་ཤེས་པའི་སྒྲོམ་བུ་ལས། །འཕྲིན་ལས་ཆོས་སྡེའི་སྤུ་གྲི་ངར་མའི་དཔལ། །ཟབ་གཏེར་སྒོ་འབྱེད་རྒོད་ཀྱི་ལྡེམ་ཕྲུ་ནས། །རིམ་བརྒྱུད་སྔགས་འཆང་རྡོ་རྗེ་འཛིན་རྣམས་རྒྱལ། །ཡེ་ནས་རང་རིག་གདོད་མའི་མཁའ་དབྱིངས་སུ། །ཆོས་ཀུན་རྣམ་པར་གྲོལ་བའི་སྒྱུ་ཐབས་ཀྱིས། །གྲངས་མེད་རྒྱལ་བའི་འཁོར་ལོ་ཀུན་གྱི་གཙོ། །དུས་གསུམ་ཀུན་མཁྱེན་དཔལ་འབྱོར་ལྷུན་གྲུབ་ཞབས། །མི་བཟད་ངན་སོང་རྒྱུ་བསྒྲུབ་ཆོས་སྤོང་གི །ལས་ངན་སྒྲིབ་པས་མ་སྦགས་ཁྱོད་དྲིན་ན། །ད་དུང་ཀུན་བཟང་གོ་འཕང་མ་ཐོབ་བར། །ཐུགས་རྗེའི་བརྩེ་བས་སྐྱོངས་ཤིག་འཁོན་སྟོན་རྗེ། །ནག་ཕྱོགས་བདུད་སྡེའི་མེ་དཔུང་རབ་འཇོམས་ཤིང་། །དངོས་གྲུབ་ཞིང་ས་བརླན་པས་མཆོག་ཐུན་འབྲས། །སྩོལ་མཛད་དཔལ་ལྡན་རྡོ་རྗེ་ཕུར་པ་ཡི། །འཕྲིན་ལས་གྲུ་ཆར་འབེབས་སོ་ཤེས་ལྡན་ཀྱེ། །དེ་སྐད་དུ། བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ༔ ཡང་དག་བདེ་ཆེན་སྙིང་པོ་བསྒྲུབས་པའི་ཚེ༔ བར་ཆད་བགེགས་རྣམས་རྡོ་རྗེ་ཕུར་པས་བསྒྲལ༔ ཕྱག་རྒྱ་ཆེན་པོའི་དངོས་(༢བ)


GLG024_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་གནས་དེར་ཐོབ༔ རྡོ་རྗེ་ཐོད་འཕྲེང་རྩལ་ལ་གསོལ་བ་འདེབས༔ ཞེས་པ་ལྟར། སློབ་དཔོན་ཆེན་པོ་མཚོ་སྐྱེས་རྡོ་རྗེས། རྒྱ་བལ་གྱི་ས་མཚམས། དགུན་དུས་ཀྱང་མེ་ཏོག་རྣམ་པར་བཀྲ་ཞིང་། བཀྲ་ཤིས་བྱིན་ཆགས་པའི་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ། དཔལ་ཡང་དག་མར་མེ་དགུ་པའི་དཀྱིལ་འཁོར་ལ་བརྟེན་ནས་མཆོག་གི་རིགས་འཛིན་བསྒྲུབས་པར། མི་བསྲུན་ནག་པོའི་ཕྱོགས་ཀྱིས། སློབ་དཔོན་ཆེན་པོའི་དགོངས་པར་ཐོ་འཚམས་མ་ཐུབ་ཀྱང་། རྒྱ་བལ་བོད་གསུམ་དུ་སད་སེར་མུ་གེ་ཡམས་ནད་བཏང་བར། བར་ཆད་འབུལ་བའི་ཆོས་རྒྱ་གར་གྱི་སློབ་དཔོན་རྣམས་ལས་ལེན་པར་ཕོ་ཉ་མངགས་པ། སློབ་དཔོན་པྲ་བྷ་ཧ་སྟིས། བིདྱོ་ཏྟ་མ་ལ་འབུམ་སྡེ་ནས་དགྲ་འགེགས་འདུལ་བའི་འཕྲིན་ལས་མི་ཁུར་གཉིས་བརྫངས། གླེགས་བམ་ཕེབས་པ་ཙམ་གྱིས་བདུད་སྡེའི་རུ་མཚོན་ཐམས་ཅད་དུས་གཅིག་ཏུ་བསྙོལ་བའི་མཐུ་རྩལ་ཅན་གྱི་རྡོ་རྗེ་ཕུར་པ་འདི་ཉིད་ལ་བཀའ་གཏེར་གཉིས་ལས། སློབ་དཔོན་ཆེན་པོས་དགོངས་གཞི་དུ་མའི་དབང་གིས་འཇིག་པ་མེད་པའི་སྒྲོམ་བུར་རྒྱས་བཏབ་སྟེ། ལས་ལྡན་ལ་སྨོན་ལམ་མཛད་པ་ནི་གཏེར་མ་སྟེ། དེ་ལ་ཡང་། མངའ་བདག་གསུང་སྤྲུལ་ཆོས་ཀྱི་དབང་ཕྱུག་དང་། རིགས་འཛིན་རཏྣ་གླིང་པ་སོགས་གཏེར་ཁ་འགའ་ཞིག་ཡོད་པ་ལས། འདིར་དུས་ངན་སྙིགས་མ་མཐར་ཐུག་སླེབ་ཁ་རུ༔ རི་བོ་བཀྲ་བཟང་ཞེས་བྱའི་ཤར་འདབས་སུ༔ སྦས་པའི་རྣལ་འབྱོར་ཞིག་གི་སྨོན་ལམ་གྱིས༔ ང་ཡི་གཏེར་འདོན་ལྷ་སྲས་གདུང་རྒྱུད་སྐྱོབ༔ ཅེས་དང་། རིན་ཅེན་སྡོང་པོར། བྲག་རི་དུག་སྦྲུལ་(༣ན)


GLG024_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

སྤུངས་འདྲི་དང་༔ རི་བོ་བཀྲ་བཟང་རྩེ་མོ་ལ༔ རྒྱུན་ཆད་མེད་པར་འཇའ་འོད་འབྱུང་༔ གནས་འདིར་ཐུགས་ཀྱི་ལྷ་བཞེངས་ན༔ བོད་འདིར་བསྟན་པ་དར་ཞིང་བདེ༔ གནས་འདིར་བརྡ་ཡི་ལྡེ་མིག་རྙེད༔ གཏེར་ཆེན་བཏོན་ནས་འགྲོ་དོན་བྱེད༔ ཅེས་པ་ལྟར་གྱི་རིགས་འཛིན་རྒོད་ལྡེམ་གྱིས་གཏེར་ནས་སྤྱན་དྲངས་པའི་ཕུར་པ་ཆེ་མཆོག་དྲག་སྔགས་དྲིལ་སྒྲུབ་སྤུ་གྲི་གསུམ་ལས། དྲག་སྔགས་ལ་དྲིལ་སྒྲུབ་སྦྱར་བའི་ལས་བྱང་བཀླགས་ཆོག་ཏུ་བཀོད་པ་ལ། སྐྱབས་འགྲོ་སེམས་བསྐྱེད་ནི། །ཕྱོགས་བཅུ་དུས་བཞིའི་བདེ་གཤེགས་ཞི་ཁྲོའི་ལྷ། །ཀུན་འདུས་རྩ་གསུམ་ཆོས་ལོངས་སྤྲུལ་པའི་སྐུ། །སངས་རྒྱས་ཆོས་དང་དགེ་འདུན་བཅས་པ་ལ། །བདག་སོགས་སེམས་ཅན་མ་ལུས་སྐྱབས་སུ་མཆི། །རང་རིག་གདོད་མའི་ཡེ་ཤེས་འགྲོ་ཀུན་གྱིས། །མངོན་གྱུར་སངས་རྒྱས་ཡིན་ཀྱང་མ་རིག་པས། །འཁོར་བའི་ཀློང་དུ་འཁྱམས་པའི་ཆོ་འཕྲུལ་ཀུན། །རིག་པ་རང་ངོར་རྟོགས་ཕྱིར་སེམས་བསྐྱེད་དོ། །བསྙེན་ཕུར་བྱིན་གྱིས་བརླབ་པ་ནི། ཕུར་པ་ཆོས་སྐུ་འགྱུར་བ་མེད་པ་ལས། །ལོངས་སྐུ་གྲངས་མེད་ཁྲོ་བའི་སྐུར་ཤར་བ། །སྤྲུལ་སྐུའི་ཁྲོ་ཚོགས་མི་བཟད་འཕྲོ་འདུ་ཡིས། །དགྲ་བགེགས་བདུད་སྡེའི་དཔུང་ཚོགས་ཚར་གཅོད་གྱུར། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་ཧཱུཾ། ཚོགས་ཞིང་ནི། སྤྱི་གཙུག་པདྨ་ཉི་ཟླའི་གདན་སྟེང་དུ། །རྩ་གསུམ་ལྷ་ཚོགས་འཁོར་བཅས་གཤེགས་ཤིང་བཞུགས། །བཛྲ་ས་མ་ཡ་ཛཿཛཿ གུས་པས་ཕྱག་འཚལ་ཀུན་བཟང་མཆོད་སྤྲིན་འབུལ། །མ་དག་སྡིག་སྒྲིབ་བཤགས་ཤིང་དགེ་ཚོགས་ལ། །རྗེས་སུ་ཡི་རང་ཟབ་རྒྱས་དམ་པའི་ཆོས། །འཁོར་ལོ་བསྐོར་ཞིང་མི་འགྱུར་རྟགས་བརྟན་གསོལ། །ཇི་སྙེད་བསགས་པའི་དགེ་བ་བྱང་ཆུབ་ཏུ། །བསྔོ་ཞིང་སྐུ་གསུམ་འཕྲིན་ལས་བྱེད་(༣བ)


GLG024_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤོག །ཧཱུཾ། ཐུགས་ཀ་ལས་བྱུང་དཀར་སེར་དམར་ལྗང་ཧཱུཾ། །ཡོངས་གྱུར་རྒྱལ་ཆེན་སྡེ་བཞི་འཁོར་བཅས་རྣམས། །གཏོར་མ་འདི་བཞེས་ཕྱོགས་ཀྱི་གདོན་སྲུངས་ལ། །མཐུན་པའི་རྐྱེན་རྣམས་ཡིད་བཞིན་བསྒྲུབ་པར་མཛོད། །ཅེས་རྒྱལ་ཆེན་བཞིའི་མཚམས་གཅོད་བྱས་ལ་བགེགས་གཏོར་རྡོ་རྗེ་སློབ་དཔོན་གྱིས་སྔགས་དང་དམིགས་པས་བསྔོ། །ཕྱི་མཚམས་ནི། བདག་ཉིད་སྐད་ཅིག་རྡོ་རྗེ་སྲིན་པོའི་སྐུ། །རྔམ་བརྗིད་གར་འགྱིང་ཧཱུཾ་ཕཊ་དྲག་པོའི་སྒྲས། །སྟོང་གསུམ་གང་ཞིང་ཚུར་འདུས་སྟེང་འོག་དང་། །ཕྱོགས་མཚམས་འཇིག་རྟེན་དྲེགས་པའི་གདན་སྟེང་དུ། །ཨོཾ་སརྦྦ་བིགྷྣཱན། ཁྲོ་བཅུ་དྲག་པོའི་གསུང་གི་ངར་སྒྲ་སྒྲོག །སྲིད་གསུམ་གནས་པའི་མི་བསྲུན་འབྱུང་པོའི་སྡེ། །འདི་རུ་མ་འདུག་འཇིག་རྟེན་གཞན་དུ་དེངས། །གལ་ཏེ་མི་འགྲོ་ལུས་སྲོག་རྡུལ་དུ་རློགས། །ཨཱོཾ་སུམྦྷ་ནི་སུམྦྷ་ཧཱུཾ། །གྷྲྀཧྣ་གྷྲྀཧྣ་ཧཱུཾ། གྷྲྀཧྞ་པ་ཡ་གྷྲྀཧྣཱའི་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་ཝཱ་ན་བིདྱ་རཱ་ཛཱ་ཧཱུཾ་ཕཊ། ནང་མཚམས་ནི། ཧཱུཾ། ཐུགས་ལས་སྤྲུལ་པའི་ཁྲོ་བཅུས་མི་དགེ་བཅུ། །ཚར་བཅད་རྣམ་ཐར་ལམ་ལ་འགོད་བྱའི་ཕྱིར། །མ་དག་ཀུན་བཅོམས་ཁྲོ་བོ་ཞལ་ཕྱིར་གཟིགས། །བསྐལ་པའི་མེ་དཔུང་མཚོན་ཆའི་གུར་གྱིས་གཏམས། ཨོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ༔ ཧཱུཾ་ཧཱུཾ་ཧཱུཾ། གརྫ་གརྫ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། བྷནྡྷ་བྷནྡྷ། ཧུ་ལུ་ཧུ་ལུ། ཏིཥྠ་ཏིཥྠ། ཚིནྡྷ་ཚིནྡྷ། བྷིནྡྷ་བྷིནྡྷ། སྥོ་ཊ་ཡ་སྥོ་ཊ་ཡ། དགྲ་དགེགས་བར་གཅོད་ཐམས་ཅད་མཱ་ར་ཡ་ཧཱུཾ་ཕཊ༔ གསང་མཚམས་ནི། སྟེང་ཕྱོགས་ཕུར་པའི་བླ་བྲེ་བྲེས་པ་ལ། །ཕུར་པའི་གནམ་ལྕགས་ཐོག་ཆེན་ཤར་ར་ར། །འོག་ཕྱོགས་ཕུར་པའི་ས་གཞི་བརྡལ་བ་ལ། །ཕུར་པའི་འཕྲོ་འདུ་མ་ལྟར་འུར་(༤ན)


GLG024_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

རུ་རུ། །ཕྱོགས་མཚམས་ཕུར་པའི་ར་བས་བསྐོར་བ་ལ། །ཕུར་པའི་ཚ་ཚ་གློག་ལྟར་ཁྱུགས་སེ་ཁྱུག །གང་གིས་འཇིག་ཏུ་མེད་པའི་སྲུང་བ་ཡི། །ཕུར་པའི་གུར་ཁང་མཚམས་ལས་མ་འདའ་ཞིག །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ། རཀྵ་རཀྵ་ཧཱུཾཿ བཤགས་པ་ནི། ཨཱོཾ་བཛྲ་ས་མ་ཡ་ཧཱུཾ་ཛཿ ཞེས་པའི་སྔགས་ཀྱིས་བསྲུང་བའི་འཁོར་ལོའི་ནང་། །སྤྱན་དྲངས་བདེ་གཤེགས་ཞི་ཁྲོའི་ཚོགས་རྣམས་དགོངས། །གྲངས་མེད་བསྐལ་པར་བསགས་པའི་སྡིག་སྒྲིབ་རྣམས། །སྙིང་ནས་བཤགས་སོ་ཚངས་པའི་དངོས་གྲུབ་སྩོལ། བརྡ་སྒོ་དབྱེ་བ་ནི། གསང་བའི་ཕོ་བྲང་ནང་དུ་བདག་འཇུག་གི །སྒོ་མ་བཞི་ཡིས་ཡེ་ཤེས་སྒོ་ཕྱེ་ཞིག །བྷྲཱུཾ་པྲ་བེ་ཤ་ཡ་ཕཊ༔ བརྡ་ཕྱག་འཚལ་བ་ནི། རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་ལྷ་ཚོགས་ལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོ། པྲ་ཏི་ཙྪ་ཧཱོཿ དམ་བཅའ་ཞུ་བ་ནི། བདག་ནི་མཁའ་མཉམ་སེམས་ཅན་རྣམས་ཀྱི་ཆེད། །བྱང་ཆུབ་སེམས་མཆོག་བསྐྱེད་པར་དམ་བཅའོ། །བྷོ་དྷི་ཙིཏྟ་ས་མ་ཡ་སྟཾ༔ བྱིན་དབབ་པ་ནི། ཧཱུཾཿ ཨ་ལ་ལ་ཧོཿ བྷ་ག་ཝཱན། ས་མ་ཡ་ཧོཿ ས་མ་ཡ་སྟྭཾ༔ ཧཱུཾ། དཔལ་ཆེན་འཕྲིན་ལས་གཞལ་ཡས་ཆེན་པོ་ནས། །བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་སྲས། ཁྲོ་བཅུ་ཁྲ་ཐབས་སྒོ་མ་བཀའ་སྲུང་སོགས། །རབ་འབྱམས་ལྷ་ཚོགས་རྣམས་ཀྱིས་ནུས་མཐུའི་དཔུང་། །བསྐྱེད་ནས་གནས་འདིར་དཀྱིལ་འཁོར་སྒྲུབ་པའི་རྫས། །ཀུན་ལ་སྐུ་གསུང་ཐུགས་ཀྱི་བྱིན་ཆེན་ཕོབ། །སྒྲུབ་མཆོག་སྔགས་འཆང་བདག་ལ་དབང་བསྐུར་ཞིག །འཕྲིན་ལས་རྣམ་བཞི་(༤བ)


GLG024_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པའི་དུས་ལ་བབ། ས་མ་ཡ་ཨ་བེ་ཤ་ཡ་ཨཱཿ མཆོད་རྫས་བྱིན་གྱིས་བརླབ་པ་ནི། །དམ་རྫས་ཡེ་ཤེས་བདུད་རྩིའི་ངོ་བོར་འབར། །ཞིང་བཅུ་བསྒྲལ་བའི་རཀྟའི་རྦ་ཀློང་འཁྲུག །འདོད་ཡོན་རྣམ་ལྔའི་ལོངས་སྤྱོད་རྣམ་པར་བཀྲ །ཀུན་བཟང་མཆོད་པའི་སྤྲིན་ལྟར་རྒྱས་པར་གྱུར། །རཾ་ཡཾ་ཁཾ། ཨཱོཾ་ཨཱཿཧཱུཾ། སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲིཿ ཨཱོཾ་མ་ཧཱ་རཀྟ་ཛྭ་ལ་ནི་ཧཱུཾ་ཕཊ༔ ཨཱོཾ་ཀ་པཱ་ལ་བྷྲུཾ། མ་ཧཱ་བྷ་ལིཾ་ཏ་ཨཱཿ ཏིང་འཛིན་རྣམ་གསུམ་ནི། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི། གསལ་སྟོང་དབྱེར་མེད་བདེ་ཆེན་རང་གི་སེམས། །ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནི། རིས་མེད་སྙིང་རྗེའི་རྩལ་གྱིས་ཡེ་ཤེས་ལྔའི། །འོད་གསལ་མངོན་པར་འབར་ལས་སྤྲུལ་སྐུའི་རྒྱུ། །རྒྱུའི་ཏིང་འཛིན་ནི། རང་གི་རིག་པ་ཡི་གེ་ཧཱུཾ་དུ་གྱུར། །ཨེ་ཡཾ་ར་སུ་ཀེཾ་རཾ་བྷྲཱུཾ་ཧཱུཾ། ཨེ་ལས་མཁའ་ཀློང་ཡཾ་ལས་རླུང་དཀྱིལ་སྟེང་། །ར་ལས་ཁྲག་མཚོ་སུ་ལས་ཞིང་ཆེན་བརྡལ། །ཀེཾ་ལས་ཀེང་རུས་བརྩེགས་པའི་ལྷུན་པོ་བརྗིད། །རཾ་ལས་བསྐལ་པའི་མེ་འབར་དེ་སྟེང་དུ། །སྨུག་ནག་ཨཱོཾ་ལཾ་འོད་དུ་འཚེར་བ་ཤར། །སྣང་སྲིད་མ་ལུས་ཕུར་པའི་གཞལ་ཡས་ཏེ། །གྲུ་གསུམ་དཔལ་ལ་ངན་སོང་གནས་བཅུ་རྫོགས། །རྒྱ་མདུད་འོག་མ་འདོད་ཁམས་ལྕུམ་བཞོགས་ཀྱི། །ཟུར་བརྒྱད་སྨད་ལ་གཟུགས་ཁམས་ཟུར་བརྒྱད་སྟོང་། །གཟུགས་མེད་མུ་བཞི་རྒྱ་མདུད་གོང་མ་ལ། །དཔལ་ཆེན་རྡོ་རྗེ་གཞོན་ནུའི་གཞལ་ཡས་ཁང་། །ཕྱི་ཡི་འབྱུང་བའི་དཀྱིལ་འཁོར་ཆེན་པོར་གནས། །བྷྲཱུཾ་བི་ཤྭ་བི་ཤུདྡྷེ༔ རཏྣ་བྷནྡྷ༔ ཛྙཱ་ན་ཨེ་མཎྜ་ལ་བྷྲུཾ། རྒྱ་མདུད་དབུས་སུ་དྲག་པོའི་ཕོ་བྲང་ལ། །ཟླ་གམ་དམར་(༥ན)


GLG024_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མཐིང་ནག་གྲུ་གསུམ་བརྒྱད། །ཡོངས་བསྐོར་གྲུ་ཆད་བར་ཁྱམས་སྒོ་བཞིར་བཅས། །རུས་སྦལ་གཟའ་དང་ཚངས་པ་ཆུ་སྲིན་སྦྲུལ། །ཞིང་ལྤགས་རྐང་རུས་རྒྱུ་མ་དོན་སྙིང་སོགས། །འཇིགས་རུང་ལས་གྲུབ་ཀ་གདུང་དྲལ་མ་གཞུ། །ཆུན་འཕྱང་དྲ་ཕྱེད་ཕོ་ལོང་ཏོག་ལ་སོགས། །རིན་ཅེན་ཐོད་པ་སྤེལ་བའི་རྩིག་པ་ལ། །གནམ་ལྕགས་གཟེར་བཏབ་དུར་ཁྲོད་ཆེན་པོ་བརྒྱད། །རྡོ་རྗེའི་ར་བ་བསྐལ་པའི་མེ་དཔུང་དབུས། །བཛྲ་ཏཾ་པདྨ་སུརྱ་ཙནྡྲ་མཎྜ་ལ་རུ་དྲ་དུ་ཏྲི་ཨ་སརྦ་བིགྷྣཱན༔ ལྟེ་བར་རྡོ་རྗེ་བྲག་ཆེན་པད་ཉིའི་ཁྲི། །རུ་དྲ་དགྲ་བགེགས་བསྣོལ་སྟེང་རྒྱུ་ཡིག་ཧཱུཾ། །ཧཱུཾ་སྥ་ར་ཎ་ཕཊ། ཧཱུཾ་ལས་འོད་འཕྲོས་སངས་རྒྱས་ཐམས་ཅད་ཀྱི། །གསུང་གི་བྱིན་རླབས་ཚུར་འདུས་ཧཱུཾ་ལ་ཐིམ། །སཾ་ཧ་ར་ཎ་ཧཱུཾ། ཧཱུཾ། སྙིང་རྗེ་ཆེན་པོས་བསྒྲལ་བའི་དམ་ཚིག་ནི། །བསད་ཅིང་མནན་པར་བྱ་བ་མ་ཡིན་ཏེ། །ཕུང་པོ་གཉིས་མེད་རྡོ་རྗེར་གཏམས་བྱས་ནས། །རྟོག་བྲལ་རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །དེ་ལས་འོད་འཕྲོས་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ཀྱི་དངོས་གྲུབ་ཀུན་བསྡུས་བདག་ལ་ཐིམ། །སངས་རྒྱས་མ་ལུས་ཀུན་གྱི་ཡེ་ཤེས་སྐུ། །རང་ཉིད་རྡོ་རྗེ་ཆོས་ཀྱི་དབྱིངས་ཉིད་ལས། །རབ་ཏུ་འབར་བའི་ཁྲོ་བོ་མི་བཟད་པ། །སྐུ་ཡི་དབྱིག་ཏུ་བདག་ཉིད་བསྐྱེད་པར་བགྱི། །དེ་ལས་དྲག་པོའི་འོད་ཟེར་དཔག་མེད་འཕྲོས། །བདེ་གཤེགས་སྐུ་ཡི་གཟི་བརྗིད་ཐམས་ཅད་བསྡུས། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ༔ བདག་ཉིད་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ། །ཞལ་གསུམ་(༥བ)


GLG024_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་དྲུག་ཞབས་བཞི་གར་གྱིས་བགྲད། །གཡས་དཀར་གཡོན་དམར་དབུས་མཐིང་རྔམ་པའི་ཞལ། །གཡས་གཉིས་རྡོ་རྗེ་རྩེ་དགུ་རྩེ་ལྔ་དང་། །གཡོན་གཉིས་མེ་དཔུང་འབར་བ་ཁ་ཊྭཾ་བསྣམས། །ལྷག་མའི་ཕྱག་གཉིས་རི་རབ་ཕུར་བུ་བསྒྲིལ། །དུར་ཁྲོད་ཆས་བརྒྱད་རྡོ་རྗེའི་ཁྱུང་གཤོག་སོགས། །དཔལ་གྱི་ཆས་བརྒྱན་བསྐལ་པའི་མེ་དཔུང་གི །རྩིབས་སྟོང་ཕྱོགས་བཅུར་འཕྲོ་ཞིང་སྲིད་གསུམ་བསྲེག །གྲངས་མེད་ཁྲོ་ཆུང་མཚོན་གང་རབ་འཕྲོ་ཞིང་། །ཐུགས་ཀར་ཡེ་ཤེས་སེམས་དཔའ་གཟི་འོད་འབར། །ཧཱུཾ་དཱིཔྟ་ཙཀྲ་ཧ་ན་ཧ་ན་ཧཱུཾ་ཕཊ༔ འཁོར་ལོ་རྒྱས་འདེབས་མཐིང་ནག་ཕྱག་གཉིས་ཀྱིས། །རྡོ་རྗེ་ཐོད་ཁྲག་འཁྲིལ་སྦྱོར་ཡབ་ལ་སྟོབ། །ཨཱོཾ་བཛྲ་ཀྲོ་ཏ་ཧཱུཾ་ཀ་ར་ཧཱུཾ༔ གྷརྫ་གྷརྫ་ཧཱུཾ་ཕཊ༔ སྔགས་དེ་བརྗོད་པ་ཙམ་གྱིས་ནི༔ དཔལ་ཆེན་གཙོ་བོའི་སྤྱི་གཙུག་ཏུ༔ ཁྲོ་བོའི་རྒྱལ་པོ་ཧཱུཾ་ཀ་ར༔ ཡུམ་ཆེན་རྡོ་རྗེ་སྒྲ་འབྱིན་མ༔ སྤྲུལ་པ་ཕག་དང་རྨིགས་བུའི་མགོ༔ འོད་དང་ཟེར་གྱི་ཚུལ་དུ་བསྒོམ༔ ཨཱོཾ་བཛྲ་ཀྲོ་ཏ་བི་ཛཱ་ཡ་ཧཱུཾ༔ ཧ་ན་ཧ་ན་ཧཱུཾ་ཕཊ༔ ཐུགས་ཀར་ཁྲོ་བོ་རྣམ་པར་རྒྱལ༔ ཡུམ་ཆེན་རྡོ་རྗེ་རྣམ་བསྙེམས་མ༔ སྤྲུལ་པ་སྟག་དང་བྱ་རྒོད་མགོ༔ བཀྲག་དང་གཟི་མདངས་ལྡན་པར་བསྐྱེད༔ ཨཱོཾ་བཛྲ་ཀྲོ་ཏ་ནཱི་ལ་དཎྜ་ཧཱུཾ༔ ད་ཧ་ད་ཧ་ཧཱུཾ་ཕཊ༔ ཅེས་བརྗོད་ནུ་མ་གཡས་ཀྱི་སྟེང་༔ ཁྲོ་བོ་དབྱུག་པ་སྔོན་པོ་དང་༔ ཡུམ་ཆེན་རྡོ་རྗེ་སྡེར་མོ་གཉིས༔ སྤྲུལ་པ་གཡག་དང་བྱ་རོག་མགོ༔ བཀྲག་དང་གཟི་མདངས་ལྡན་པར་བསྐྱེད༔ ཨཱོཾ་བཛྲ་ཀྲོ་ཏ་ཡ་མཱནྟ་ཀ་ཧཱུཾ༔ པ་ཙ་པ་ཙ་ཧཱུཾ་ཕཊ༔ ཅེས་བརྗོད་དཔུང་པ་གཡས་ཀྱི་སྟེང་༔ ཁྲོ་བོ་གཤིན་རྗེ་གཤེད་པོ་དང་༔ ཡུམ་(༦ན)


GLG024_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་དུར་ཁྲོད་བདག་མོ་གཉིས༔ སྤྲུལ་པ་ཤ་བ་འུག་པའི་མགོ༔ ལས་ལ་ཆས་པ་ལྟ་བུར་བསམ༔ ཨཱོཾ་བཛྲ་ཀྲོ་ཏ་ཨཱ་ཡ་ཨ་ཙ་ལ་ཧཱུཾ༔ བྷནྡྷ་བྷནྡྷ་ཧཱུཾ་ཕཊ༔ ཅེས་བརྗོད་སོག་པ་གཡས་ཀྱི་སྟེང་༔ ཁྲོ་བོ་མི་གཡོ་མགོན་པོ་དང་༔ ཡུམ་ཆེན་རྡོ་རྗེ་གཏུན་ཁུང་མ༔ སྤྲུལ་པ་གཟིག་དང་ཁྭ་དའི་མགོ༔ བཀའ་ཉན་ཚུལ་དུ་བསྒོམ་པར་བྱ༔ ཨཱོཾ་བཛྲ་ཀྲོ་ཏ་ཧ་ཡ་གྷཱི་བ་ཧཱུཾ༔ ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ༔ ཅེས་བརྗོད་རྒྱབ་ཀྱི་སོག་སྦྲག་ཏུ༔ ཁྲོ་བོ་རྟ་མགྲིན་རྒྱལ་པོ་དང་༔ ཡུམ་ཆེན་གཏུམ་མོ་དབང་སྡུད་མ༔ སྤྲུལ་པ་བྱི་ལ་པུ་ཤུད་མགོ༔ སྲུང་བའི་གོ་ཆ་མཛད་པར་བསྒོམ༔ ཨོཾ་བཛྲ་ཀྲོ་ཏ་ཨ་པ་ར་ཛི་ཏ་ཧཱུཾ༔ ཏིཥྛ་ཏིཥྛ་ཧཱུཾ་ཕཊ༔ ཅེས་བརྗོད་སོག་པ་གཡོན་པའི་སྟེང་༔ ཁྲོ་བོ་འདོད་པའི་རྒྱལ་པོ་དང་༔ ཡུམ་ཆེན་རྡོ་རྗེ་མདའ་བསྙེམས་མ༔ སྤྲུལ་པ་སྤྱང་ཀི་ཁ་ཡི་མགོ༔ བཀའ་སྡོད་ཕོ་ཉའི་ཚུལ་དུ་བསམ༔ ཨཱོཾ་བཛྲ་ཀྲོ་ཏ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ༔ ཚིནྡྷ་ཚིནྡྷ་ཧཱུཾ་ཕཊ༔ ཅེས་བརྗོད་དཔུང་པ་གཡོན་པའི་སྟེང་༔ ཁྲོ་བོ་བདུད་རྩི་འཁྱིལ་བ་དང་༔ ཡུམ་ཆེན་རྡོ་རྗེ་རླུང་འབྱིན་མ༔ སྤྲུལ་པ་སེང་གེ་ཕ་ཝང་མགོ༔ དངོས་གྲུབ་ཆེན་པོའི་ཕོ་ཉར་བསམ༔ ཨཱོཾ་བཛྲ་ཀྲོ་ཏ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུཾ༔ བྷིནྡྷ་བྷིནྡྷ་ཧཱུཾ་ཕཊ༔ ཅེས་བརྗོད་ནུ་མ་གཡོན་པའི་སྟེང་༔ ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་དང་༔ ཡུམ་ཆེན་ཁྲོ་མོ་གསོད་བྱེད་མ༔ སྤྲུལ་པ་དྲེད་དང་སྲེ་མོའི་མགོ༔ དགྲ་བགེགས་འདུལ་བའི་སྲུང་མར་བསྒོམ༔ ཨཱོཾ་བཛྲ་ཀྲོ་ཏ་མ་ཧཱ་བ་ལ་ཧཱུཾ༔ སྥོ་ཊ་ཡ་སྥོ་ཊ་ཡ་ཧཱུཾ་ཕཊ༔ ཅེས་བརྗོད་འོག་གི་བཅུ་དྲུག་མདོར༔ ཁྲོ་བོ་འཇིགས་བྱེད་སྟོབས་པོ་ཆེ༔ ཡུམ་ཆེན་རྡོ་རྗེ་སྐྱོད་(༦བ)


GLG024_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་མ༔ སྤྲུལ་པ་དོམ་དང་བྱི་བའི་མགོ༔ བཀའ་སྡོད་ཚུལ་དུ་གསལ་བར་བསྒོམ༔ ཨཱོཾ་བཛྲ་ཀྲོ་ཏ་སྥ་ར་ན་ཧཱུཾ་ཕཊ༔ སྐུ་ལུས་རྒྱ་ཁྱོན་ཐམས་ཅད་དུ༔ བ་སྤུ་རེ་ལ་ཁྲོ་ཆུང་རེ༔ འཇིགས་པའི་མཚོན་ཆ་ཐོགས་ནས་ཀྱང་༔ སྲུང་བྱེད་ཁྲབ་ཏུ་གཏམས་པར་བསྒོམ༔ ཨཱོཾ་བཛྲ་གྷ་རུ་ཌ་ཧཱུཾ་ཕཊ༔ ལྟེ་བའི་གནས་སུ་སྤྲུལ་པའི་ཁྱུང་༔ དུང་མདོག་ལྕགས་ཀྱི་གཤོག་པ་ཅན༔ གསེར་མིག་འཁྱིལ་བ་རྡོ་རྗེའི་སྐུ༔ མཆུ་སྡེར་ལྕགས་ཀྱིས་སྦྲུལ་བཟུང་ནས༔ གདུག་པ་ཅན་རྣམས་ཟས་སུ་ཟ༔ དེ་ལྟར་ཤིན་ཏུ་གསལ་བར་བསྒོམ༔ གཙོ་བོའི་ཐུགས་ལས་ཕྱག་རྒྱ་བཞི་སྤྲོས་པས། །ཕྱོགས་སྐྱོང་བཅུ་པོ་རང་དབང་མེད་པར་བཀུག །ཛཿཧཱུཾ་བཾ་ཧོཿ མོ་གྷ་ཡརྣིར་ཛཿ ཨེ་སརྦ་བིག་ནན༔ སྟེང་འོག་ཕྱོགས་མཚམས་གྲུ་གསུམ་པད་ཉི་ཟླ། དེ་སྟེང་གཙོ་བོའི་ཐུགས་ལས་ཧཱུཾ་ཟུང་བཅུ། །འཕྲོས་པས་བདེ་གཤེགས་ཐུགས་བསྐུལ་འགྲོ་དོན་བྱས། །བཛྲ་བཛྲ་རྡོ་རྗེ་འབར་བ་བཅུ། །ཕན་ཚུན་འཕྲོ་འདུ་ཁྲོ་ཆུང་སྐར་ལྟར་འཕྲོ། །ཀཱི་ལཱ་ཡ་ཧཱུཾ༔ ཧཱུཾ་སྟེང་ཕྱོགས་ཚངས་པ་བསྣོལ་བའི་གདན་སྟེང་དུ། །ཨཱོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ༔ གརྫ་གརྫ་ཧཱུཾ་ཕཊ༔ དེ་ལས་ཧཱུཾ་མཛད་དང་ནི་སྒྲ་འཛིན་མ། །སྤྲུལ་པའི་ཕྲ་མེན་ཕག་དང་རྨིག་བུའི་མགོ །ཤར་ཕྱོགས་བརྒྱ་བྱིན་བསྣོལ་བའི་གདན་སྟེང་དུ། །ཨཱོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུཾ༔ ཧ་ན་ཧ་ན་ཧཱུཾ་ཕཊ༔ དེ་ལས་རྣམ་པར་རྒྱལ་དང་རྣམ་བསྙེམས་མ། །སྤྲུལ་པའི་ཕྲ་མེན་སྟག་དང་བྱ་རྒོད་མགོ །ཤར་ལྷོ་མེ་ལྷ་བསྣོལ་བའི་གདན་སྟེང་དུ། །ཨཱོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུཾ༔ ད་ཧ་ད་ཧ་ཧཱུཾ་ཕཊ༔ དེ་ལས་དབྱུག་སྔོན་ཅན་དང་རྡོ་རྗེ་སྡེར། །སྤྲུལ་པའི་ཕྲ་མེན་གཡག་དང་བྱ་རོག་མགོ །ལྷོ་ཕྱོགས་གཤིན་རྗེ་བསྣོལ་བའི་(༧ན)


GLG024_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

གདན་སྟེང་དུ། །ཨཱོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུཾ། པ་ཙ་པ་ཙ་ཧཱུཾ་ཕཊ༔ དེ་ལས་གཤིན་རྗེ་གཤེད་དང་དུར་ཁྲོད་བདག །སྤྲུལ་པའི་ཕྲ་མེན་ཤ་པ་འུག་པའི་མགོ །ལྷོ་ནུབ་སྲིན་པོ་བསྣོལ་བའི་གདན་སྟེང་དུ། །ཨཱོཾ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུཾ༔ བྷནྡྷ་བྷ྄ནྡྷ་ཧཱུཾ་ཕཊ༔ དེ་ལས་མི་གཡོ་མགོན་དང་གཏུན་ཁུང་མ། །སྤྲུལ་པའི་ཕྲ་མེན་གཟིག་དང་ཁྭ་དའི་མགོ །ནུབ་ཕྱོགས་ཀླུ་དབང་བསྣོལ་བའི་གདན་སྟེང་དུ། །ཨཱོཾ་བཛྲ་ཀྲོ་དྷ་ཧ་ཡ་གྷྲཱི་ཝ་ཧཱུཾ༔ ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ༔ དེ་ལས་རྟ་མགྲིན་རྒྱལ་དང་དབང་སྡུད་མ། སྤྲུལ་པའི་ཕྲ་མེན་བྱི་ལ་པུ་ཤུད་མགོ །ནུབ་བྱང་རླུང་ལྷ་བསྣོལ་བའི་གདན་སྟེང་དུ། །ཨཱོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུཾཿ ཏིཥྛ་ཏིཥྛ་ཧཱུཾ་ཕཊ༔ དེ་ལས་གཞན་གྱིས་མི་ཐུབ་མདའ་བསྙེམས་སམ། །སྤྲུལ་པའི་ཕྲ་མེན་སྤྱང་ཀི་ཁྲ་ཡི་མགོ །བྱང་ཕྱོགས་གནོད་སྦྱིན་བསྣོལ་བའི་གདན་སྟེང་དུ། །ཨཱོཾ་བཛྲ་ཀྲོོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾཿ ཚིནྡྷ་ཚིནྡྷ་ཧཱུཾ་ཕཊ༔ དེ་ལས་བདུད་རྩི་འཁྱིལ་དང་རླུང་འབྱིན་མ། །སྤྲུལ་པའི་ཕྲ་མེན་སེང་གེ་ཕ་ཝང་མགོ །བྱང་ཤར་དབང་ལྡན་བསྣོལ་པའི་གདན་སྟེང་དུ། །ཨཱོཾ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུཾ༔ བྷིནྡྷ་བྷིནྡྷ་ཧཱུཾ་ཕཊ༔ དེ་ལས་ཁམས་གསུམ་རྣམ་རྒྱལ་གསོད་བྱེད་མ། །སྤྲུལ་པའི་ཕྲ་མེན་དྲེད་དང་སྲེ་མོའི་མགོ །འོག་ཕྱོགས་ས་བདག་བསྣོལ་བའི་གདན་སྟེང་དུ། །ཨཱོཾ་བཛྲ་ཀྲོདྷ་མ་ཧཱ་བ་ལ་ཧཱུཾ༔ སྥོ་ཊ་ཡ་སྥོ་ཊ་ཡ་ཧཱུཾ་ཕཊ༔ དེ་ལས་སྟོབས་པོ་ཆེ་དང་སྐྱོད་བྱེད་མ། །སྤྲུལ་པའི་ཕྲ་མེན་དོམ་དང་བྱི་བའི་མགོ །ཡབ་རྣམས་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཀྱིས། །རི་རབ་ཕུར་བསྒྲིལ་སྐུ་སྨད་(༧བ)


GLG024_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ཟུར་གསུམ་པ། །དྲག་པོའི་དཔལ་ལྡན་རྡོར་གཤོག་དུར་ཁྲོད་ཆས། །ཕྱོགས་སྐྱོང་དྲེགས་པ་ཐལ་གྱིས་ཕྱུང་ནས་བཞུགས། །ཡུམ་བཅུ་མཐིང་སྐྱ་ཁྲོ་མོའི་ཆས་ཀུན་རྫོགས། །གཡས་པ་ཡབ་འཁྱུད་གཡོན་ཀུན་ཐོད་ཁྲག་སྟོབ། ཁྲ་ཐབས་ཀུན་ཀྱང་ལྕགས་ཀྱུ་ཕུར་བུ་བསྒྲིལ། །ཐུགས་ཀའི་ཧཱུཾ་ཡིག་རང་དང་སྔགས་ཀྱིས་བསྐོར། །ཧཱུཾ་ཕཊ་དྲག་པོའི་ང་རོས་སྲིད་གསུམ་གཡོ། །བསྐལ་པའི་མེ་ལྟར་འབར་བའི་ཀློང་ན་བཞུགས། །སྲས་མཆོག་གི་ཕུར་པ་བསྐྱེད་པ་ནི། སྲས་མཆོག་བཛྲ་ཀཱི་ལ་སྐུ་མདོག་ནག །ཕྱག་གཉིས་རྒྱ་གྲམ་ཕུར་བསྒྲིལ་སྐུ་སྨད་ནི། །ཟུར་གསུམ་རྡོར་གཤོག་དུར་ཁྲོད་ཆས་ཀྱིས་བརྒྱན། །ཞི་རྒྱས་དབང་དྲག་ལྷུན་གྱིས་གྲུབ་པར་མཛོད། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཤཱནྟིང་། པུཥྚིཾ། པ་ཤང་། མཱ་ར་ཡ་ཧཱུཾ་ཕཊ། ས་མ་ཡ་ཏིཥྛ་ལྷན༔ མཐིང་ནག་གྲུ་གསུམ་གདན་ལ་བཞུགས་སུ་གསོལ། །སྒོ་མ་བཀའ་སྲུང་བསྐྱེད་པ་ནི། ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ༔ དྷ་ཏི་མ་མ་ཤཱི་གྷྲི་ཀ་ར་ཡེ་ཧཱུཾ་ཕཊ༔ དེ་ལས་དམ་ཅན་མ་མོ་བཅུ་གཉིས་པོ། །རང་རང་ཆ་ལུགས་ཡོངས་རྫོགས་བར་ཁྱམས་འཁོད། །སྒོ་བཞིར་ཛཿཧཱུཾ་བཾ་ཧོཿས་ཉི་མ་དང་། །ཞིང་རྐྱང་གདན་སྟེང་ཐུགས་ལས་སྤྲུལ་པ་ཡི། །དཀར་མོ་པུ་ཤུད་མགོ་ཅན་ལྕགས་ཀྱུ་ཐོགས། །སེར་མོ་སྐྱ་ཀའི་མགོ་ཅན་ཞགས་པ་ཐོགས། །དམར་མོ་སྲིན་བྱའི་མགོ་ཅན་ལྕགས་སྒྲོག་ཐོགས། །ལྗང་ནག་ཁྲ་ཡི་མགོ་ཅན་དྲིལ་བུ་ཐོགས། །ཕྱི་རོལ་དུར་ཁྲོད་ཆེན་པོ་བརྒྱད་ཀྱི་དབུས། བསེ་ལྕགས་དུང་ལ་སོགས་པའི་ཕོ་ཉ་བཞུགས། །སྲོག་ཡེ་ཤེས་སུ་བསྐྱེད་ནས་སྲོག་དབང་བསྐུར་བ་ནི། རྡོ་རྗེ་གཞོན་ནུའི་(༨ན)


GLG024_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་འཛིན་རྣམས། །སྲིད་པ་རྡོ་རྗེར་གྲུབ་མཛོད་ཅིག །སྲིད་པ་རྡོ་རྗེ་ཕུར་པའི་ལྷ། །ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད། །ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་འཕྲིན་ལས་རྫོགས་བྱའི་ཕྱིར། །དབང་དང་དངོས་གྲུབ་འདིར་སྩོལ་ཅིག །ཨཱོཾ་ཧཱུཾ་ཏྲཾ་ཧྲཱིཿཨཿ ཨ་བྷི་ཥཱིཉྩ་ཧཱུཾ༔ བདག་གི་ཐུགས་ཀའི་འོད་ཟེར་གྱིས། །སྐུ་གསུང་ཐུགས་གྱི་བྱིན་རླབས་བསྡུས། ཁམས་གསུམ་ཐམས་ཅད་དུས་གཅིག་ཏུ། །བསྒྲལ་བར་ནུས་པའི་དབང་ཐོབ་གྱུར། །སྙན་གསན་ནི། འགྱུར་མེད་བདེ་བ་ཆེན་པོའི་ངང་ཉིད་ལས། །རྒྱལ་བ་ཞི་ཁྲོའི་ལྷ་ཡི་འཁོར་ལོའི་ཚོགས། །རྡོ་རྗེ་གཞོན་ནུ་ཡུམ་སྲས་ཁྲོ་བོ་བཅུ། ཁྲ་ཐབས་སྤྲུལ་པའི་གར་གྱིས་དབྱིངས་ནས་བཞེངས། །བཛྲ་ས་མ་ཡ་ཛཿ ལན་གསུམ་བརྗོད། སྤྱན་འདྲེན་པ་ནི། སྲིད་པ་རྡོ་རྗེ་ཕུར་བུ་བསྒྲུབ་པ་དང་། །མ་ལུས་དབང་དང་དངོས་གྲུབ་ལེན་པའི་ཕྱིར། །ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས་སུ་གསོལ། །ཕྱི་ནང་གསང་བའི་ཀུན་བཟང་མཆོད་སྤྲིན་བཞེས། །རྟགས་དང་མཚན་མ་བཟང་པོ་སྟོན་པ་དང་། །ཀཱི་ལཱ་ཡ་ཡི་དངོས་གྲུབ་སྩལ་དུ་གསོལ། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ༔ ཨེ་ཧྱེ་ཧི་བྷ་ག་ཝཱན། མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤཱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ༔ གཉིས་མེད་བསྟིམ་པ་ནི། ཡེ་ཤེས་ཁྲོ་བོའི་རྒྱལ་པོ་འཁོར་བཅས་རྣམས། །དམ་ཚིག་པ་དང་གཉིས་མེད་བརྟན་པར་བཞུགས། །ཛཿཧཱུཾ་བཾ་ཧོཿས་མ་ཡ་ཨ་བེ་ཤ་ཡ་ཨ་ཨཱཿ ཆོས་ཀུན་བདག་དང་གཉིས་སུ་མེད་པའི་དོན། །ཡང་དག་དོན་གྱི་ཕྱག་དང་མཆོད་(༨བ)


GLG024_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

པ་འབུལ། །ཤྲཱི་བཛྲ་ན་མ་ཡ༔ ཕྱག་འཚལ་བ་ནི། སྲིད་གསུམ་གདུག་པ་ང་རྒྱལ་མི་དགེ་བཅུ། །ལོག་འདྲེན་དགྲ་བགེགས་ཚོགས་རྣམས་གཞོམ་བྱའི་ཕྱིར། །བདེ་གཤེགས་རྣམས་ཀྱི་ནུས་མཐུའི་བདག་ཉིད་ཅན། །བཅོམ་ལྡན་འཁོར་དང་བཅས་ལ་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོ་པྲ་ཏི་ཛ་ཧོཿ ཕྱི་མཆོད་ནི། དབང་པོའི་གཞུ་ལྟར་བཀྲ་བའི་མེ་ཏོག་གི །ཕུང་ཕུང་ཡལ་འདབ་གེ་སར་རྣམ་པར་ལྡེམ། །མཁའ་ལ་ཆུ་འཛིན་ལྟར་འཁྲིགས་བདུག་སྤོས་ཀྱིས། །དཔག་བསམ་ལྗོན་པའི་དྲི་ཡང་སྐྱེངས་པར་བྱེད། །དུས་ཀྱི་མེ་ལྕེའི་འཕྲེང་འདྲའི་མར་མེ་ཡིས། །ཉིན་མཚན་དབྱེ་བ་མེད་པའི་སྣང་བ་སྟེར། །གཏིང་དཔག་ནུས་དཀའི་དྲི་ཆབ་འཁྲུགས་པའི་རླབས། །སྲིད་པའི་རྩེ་མོར་འཕྱུར་བའི་དབུ་འཕྲེང་འཁྲིགས། །འཆི་མེད་བདུད་རྩིའི་བཅུད་རྣམས་བསྡུས་འདྲ་བའི། །སྣ་ཚོགས་བཤོས་བུའི་འཕྲེང་བ་ཚར་དུ་དངར། །བདུད་སྡེའི་གཡུལ་ལས་རྒྱལ་བའི་རྫ་རྔ་ཡི། །བརྗིད་ལྡན་དྲག་པོའི་སྒྲ་ཡིས་ཕྱོགས་ཀུན་འགེངས། །རྣོ་ངར་མཚོན་ཆའི་རུ་མཚོན་དྲངས་པ་ཡིས། །གཡུལ་ངོར་ལྷ་ཡི་དཔུང་ཚོགས་བཤམས་པ་ལྟར། །ཇི་སྙེད་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན། །མཁའ་དབྱིངས་ཁྱོན་ཀུན་བཟང་སྟེ་རྣམ་པར་འབུལ། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ༔ པུཥྤེ་ནས་ཤཔྟའི་བར་བརྗོད། །སྨན་མཆོད་ནི། གདོད་ནས་རྣམ་དག་རྩ་བརྒྱད་སྟོང་སྦྱར་བའི། །མྱོང་གྲོལ་བདུད་རྩིའི་སྨན་གྱི་མཆོད་པ་འདི། །བླ་མ་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ལྷ། །བཀའ་སྡོད་སྲུང་མར་བཅས་པའི་ཚོགས་ལ་འབུལ། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱི་ཡ༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་(༩ན)


GLG024_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ཁཱ་ཧི༔ ཀུན་བཟང་རྒྱལ་བ་རིགས་ལྔ་གསང་བའི་བདག །མཁའ་འགྲོ་ལས་ཀྱི་དབང་མོ་ཚངས་པའི་རྒྱལ། །བརྒྱ་བྱིན་ཀླུ་རྒྱལ་འཇོག་པོ་རྒྱལ་པོ་ཛར། །བདུད་རྩི་སྨན་མཆོད་འབུལ་ལོ་བཞེས་སུ་གསོལ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། །ཤཱཀྱ་པྲ་བྷ་པད་འབྱུང་བི་མཱ་ལ། །ཤཱི་ལ་མཉྫུ་འཚོ་རྒྱལ་སྣ་ནམ་ཞང་། །རྒོད་ལྡེམ་སེ་སྟོན་ཉི་བཟང་མགོན་བཟང་ལ། །བདུད་རྩི་སྨན་༴ ཨོཾ་ན་མཿསརྦ་༴ སེ་སྟོན་རིན་རྒྱལ་ཟླ་མགོན་ནུབ་དགོན་རྗེ། །སླར་ཡང་རྡོ་རྗེ་མགོན་དང་ངག་དབང་གྲགས། །སངས་དཔལ་མེས་སྟོན་ནམ་མཁའ་ཡོལ་མོ་བར། །བདུད་རྩི་སྨན་༴ ཨོཾ་ན་མཿསརྦ་༴ །ལེགས་ལྡན་རྗེ་དང་བཀྲ་ཤིས་སྟོབས་ཀྱི་རྒྱལ། །ངག་གི་དབང་པོ་སྟོབས་ལྡན་ཤུགས་འཆང་རྩལ། །པདྨ་བཛྲ་ཟིལ་གནོན་དྲག་རྩལ་ལ། བདུད་རྩི་སྨན་༴ ཨོཾ་ན་མཿསརྦ་༴། དབུས་ཕྱོགས་གྲུ་གསུམ་མཐིང་ནག་དཀྱིལ་འཁོར་ནས། །རྡོ་རྗེ་གཞོན་ནུ་འཁོར་ལོ་རྒྱས་འདེབས་མར། །རྩ་བརྒྱད་སྟོང་སྦྱར་བདུད་རྩིའི་མཆོད་པ་འབུལ། །བཞེས་ནས་འཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་༴། སྟེང་འོག་ཕྱོགས་མཚམས་འཁོར་ལོའི་རྩིབས་སྟེང་ནས། ཁྲོ་བཅུ་ཡབ་ཡུམ་ཕྲ་ཕྱག་ཚོགས་རྣམས་ལ། རྩ་བརྒྱད་སྟོང་སྦྱར་བདུད་རྩིའི་མཆོད་པ་འབུལ། །བཞེས་ནས་འཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་༴ གྲུ་གསུམ་འབར་བའི་དགྲ་བགེགས་གདན་སྟེང་དུ། །སྲས་མཆོག་བཛྲ་ཀཱི་ལ་རིགས་ལྔ་ལ། རྩ་བརྒྱད་སྟོང་སྦྱར་བདུད་རྩིའི་མཆོད་པ་འབུལ། །བཞེས་ནས་འཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩོལ། །མཧཱ་པཉྩ་༴ ཁྱམས་སུ་དམ་ཅན་མ་མོ་བཅུ་གཉིས་དང་། །སྒོ་བཞིར་འགུགས་འཆིང་སྡོམ་མྱོས་ལས་མཛད་མར། རྩ་བརྒྱད་སྟོང་སྦྱར་བདུད་རྩིའི་མཆོད་པ་འབུལ། །བཞེས་ནས་འཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་༴ མུ་རན་བཅུ་ལས་དབང་ཕྱུག་ཉི་ཤུ་བརྒྱད། །དུར་ཁྲོད་དབུས་གནས་ཆོས་སྐྱོང་(༩བ)


GLG024_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་སྲུང་ལ། རྩ་བརྒྱད་སྟོང་སྦྱར་བདུད་རྩིའི་མཆོད་པ་འབུལ། །བཞེས་ནས་འཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་༴ དངོས་གྲུབ་ལེན་པ་ནི། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་རྒྱལ་བ་ཡི། །གདུང་ཚོབ་རིགས་འཛིན་སྔགས་འཆང་བདག་ཅག་གི །གནས་གསུམ་ཡི་གེ་ཧཱུཾ་གིས་བྱིན་བརླབས་པས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སཱིདྡྷི་ཧཱུཾ་ཨཱཿ གཏོར་མ་འབུལ་བ་ནི། གསང་བའི་དམ་རྫས་རྨད་བྱུང་བྷ་ལིང་ཆེ། །ཆོས་ཉིད་ཀློང་སྤྲུལ་མི་ཟད་འདོད་ཡོན་ལྔས། །རབ་སྤྲས་བདུད་རྩིའི་ངོ་བོར་བྱིན་བརླབས་འདི། །དཔལ་ཆེན་ལྷ་ཚོགས་འཁོར་དང་བཅས་ལ་འབུལ། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ༔ མ་ཧཱ་བྷ་ལིང་ཏ་ཁཱ་རཾ་ཁཱ་ཧི༔ རཀྟ་འབུལ་བ་ནི། དུག་གསུམ་བསྒྲལ་བའི་དམར་ཆེན་རཀྟའི་ཚོགས། །དུང་ཆེན་སྣོད་དུ་བསྐྱིལ་བའི་ཁྲག་གི་མཚོ། །ཐུགས་རྗེ་ཆགས་པས་འགྲོ་བའི་དོན་མཛད་པའི། ཁྲག་འཐུང་ལྷ་ཚོགས་འཁོར་དང་བཅས་ལ་འབུལ། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ༔ མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ སྦྱོར་སྒྲོལ་གྱི་མཆོད་པ་ནི། ཐོད་པ་ཞིག་ཏུ་སྨན་རཀ་བསྲེས་པ་བླུག་པར་དམིགས་ཏེ། མཐིང་ནག་འབྲུབ་ཁུང་ནང་དུ་ཪྣྲི་ཏྲི་ལས། །དགྲ་བགེགས་གཟུགས་ལ་ཟླ་ཚེས་སྲོག་གསུམ་ཁུག །ཛཿཧཱུཾ་བཾ་ཧོཿ དཀར་ནག་སྙིང་ཁྲག་ལ། །མཱ་ར་ཡ་རྦད་དུག་གསུམ་ངོ་བོ་ཡི། །ཤ་ཆེན་ཁྲག་གི་རྒྱ་མཚོ་རུས་པའི་ཚོགས། །དཔལ་ཆེན་འཁོར་དང་བཅས་པའི་ཞལ་དུ་འབུལ། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ༔ མ་ཧཱ་མཾ་ས་རཀྟ་ཀེཾ་ནྲྀ་ཏི་ཁ་རཾ་ཁཱ་ཧི༔ ཁྲོ་མོའི་མཁའ་གསང་ནང་དུ་ཁྲོ་རྒྱལ་གྱི། །ཐོ་བས་བརྡུངས་པས་གདུག་པའི་ཚོགས་རྣམས་བསྒྲལ། ཁ་ཐཾ་ཁ་ཐཾ་ཁ་ཐཾ༔ ཧཱུཾ་ཧཱུཾ་(༡༠ན)


GLG024_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ༔ ཕཊ་ཕཊ་ཕཊ༔ གཉིས་མེད་བྱང་ཆུབ་སེམས་ཀྱིས་ཐུགས་དམ་བསྐང་། །རྣམ་ཤེས་ཧཱུཾ་གྱུར་སྦྱོར་མཚམས་གནས་སུ་འཕངས། །བཛྲ་ཀྲོ་དྷ་བི་ཛཱ་ཡ་ཁཱ་ཧི་ཁཱ་ཧི༔ ལྷ་རྣམས་དགྱེས་པའི་ང་རོ་འབྲུག་ལྟར་སྒྲོག །ཧ་ཧ་ཧ༔ ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ༔ འཕྲིན་ལས་རྒྱ་མཚོར། སྦྱོར་སྒྲོལ་གྱི་བསྒྲལ་མཆོད་ལ་གདབ་ལས་མི་རིགས་པའི་ཤེས་བྱེད། ཉོན་མོངས་སྒྲོལ་བའི་མཆོད་པ་ཡོང་རྒྱུ་ཡིན་མོད་ཅེས་གསུང་ནའང་། ཕུར་པ་ཆེ་མཆོག་གི་ལས་བྱང་ལས། ཞེ་སྡང་ཆེན་པོའི་མཆོད་པ་འདིས། །ཕྱི་ལྟར་བསྒྲལ་བའི་ཞིང་བཅུ་སྒྲོལ། །ནང་ལྟར་ཉོན་མོངས་ཧྲགས་པའི་གཟུགས། །མ་ཏྲཾ་སྔོ་སྐྱ་བཀུག་ལ་སྐྱེལ། །ཞེས་པའི་ཕྱི་ནང་སྦྱོར་སྒྲོལ་གྱི་དོན་སྤྱན་རས་སུ་མ་བཙས་པ་ཡིན་ནམ་སྙམ། བསྟོད་པ་ནི། ཆོས་དབྱིངས་རྣམ་དག་ཡངས་པའི་མཁའ་ཀློང་ནས། །རྡོ་རྗེ་གཞོན་ནུ་མཐིང་ནག་ཆུ་འཛིན་ཆེ། །དྲག་པོའི་འཕྲིན་ལས་གནམ་ལྕགས་རྡོ་རྗེའི་ཐོག །ནག་ཕྱོགས་སྡེར་བཅས་བྲག་རི་འཇོམས་ལ་བསྟོད། །དུས་ཀྱི་མེ་ལྕེ་ལྷབ་ལྷུབ་འབར་བའི་དབུས། །གཏུམ་དྲག་སྲིན་པོའི་ཞལ་ཅན་མི་སྡུག་གཟུགས། །རྡོ་རྗེའི་ཁྱུང་གཤོག་ནམ་མཁའི་ངོས་སུ་བགྲད། །རྣོ་ངར་མཚོན་ཆས་དགྲ་སྙིང་འབིགས་ལ་བསྟོད། །དགྲ་བགེགས་རུ་དྲ་འདམ་ལྟར་བརྫིས་པའི་ཁྲིར། །དཔལ་ཆེན་ཁྲོ་བོའི་དབང་པོ་གར་གྱིས་འགྱིང་། །སྐྱེ་མཆེད་རྣམ་དག་ཤེས་རབ་གསལ་བའི་ཡུམ། །འཁོར་ལོ་རྒྱས་འདེབས་སྐུ་ལ་འཁྲིལ་དེར་བསྟོད། །དགྲ་བགེགས་གླང་པོའི་མགོ་འགེམས་ས་བཅུ་ཡི། །བདག་ཉིད་འཇིགས་བྱེད་ཁྲོ་བཅུ་(༡༠བ)


GLG024_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

གདོང་ལྔའི་དབང་། །ཕ་རོལ་ཕྱིན་བཅུའི་བདག་ཉིད་བདེ་བ་ཆེ། །སྐྱེད་མཛད་གཉིས་མེད་སྦྱོར་བའི་ཡུམ་ལ་བསྟོད། །མི་བསྲུན་ཞིང་བཅུའི་སྙིང་ག་འབིགས་བྱེད་པའི། །ཐུགས་ལས་སྤྲུལ་པའི་སྲས་མཆོག་ཀཱི་ལཱ་ཡ། །ཉོན་མོངས་ཉི་ཤུ་གནས་སྒྲོལ་བརྣག་པའི་སྙིང་། ཁྲག་དྲོན་འཐུང་བའི་ཁྲོ་ཐབས་ཉི་ཤུར་བསྟོད། །འགུགས་འཆིང་སྡོམ་རྡེག་མཛད་པའི་སྒོ་མ་བཞི། །མ་མོ་བཅུ་གཉིས་བསེ་ལྕགས་དུང་ལ་སོགས། །ཐོགས་མེད་འཕྲིན་ལས་བསྒྲུབ་པར་མཛད་པ་ཡི། །ཕུར་སྲུང་བཀའ་སྡོད་བཅས་ལ་ཕྱག་འཚལ་བསྟོད། །འཛབ་ནི། ཐུགས་ཀར་ཡེ་ཤེས་སེམས་དཔའ་རྒྱན་མེད་པ། །ཡབ་དང་ཚུལ་མཐུན་དེ་ཡི་ཐུགས་ཀར་ནི། །རྡོ་རྗེ་རྩེ་དགུའི་ལྟེ་བར་ཧཱུཾ་སྔོན་མཐར། །གསེར་གྱི་མདོག་ཅན་སྙིང་པོས་བསྐོར་བ་ལས། །འོད་འཕྲོས་སྟོང་གསུམ་གང་ཞིང་སྲིད་གསུམ་གྱི། །ལོག་འདྲེན་གདུག་པའི་ཚོགས་རྣམས་ཚར་གཅོད་གྱུར། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ༔ གྲངས་རྟགས་ཚད་རྣམས་མན་ངག་ཇི་བཞིན་ལས། །བསྙེན་པའི་ཟབ་གནད་མཐའ་དག་ཞལ་ལས་དྲིས། །བརྒྱུད་འཛབ་ནི། ཧཱུཾ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་རང་བྱུང་རྣམ་དག་ཞིང་ཁམས། ལྕང་ལོ་ཅན་རྣམས་ནས། །ཀུན་བཟང་ཧེ་རུ་ཀ་རྒྱལ་བ་ལྔ་དང་གསང་བའི་བདག །འགྲོ་དོན་སྐུར་བཞེངས་ཆོས་ཉིད་རང་སྒྲ་སྒྲོགས། །བདག་ཀྱང་རྗེས་འཇུག་ཐུགས་རྗེས་བྱིན་གྱིས་རློབས། །ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཚིག་རྐང་ཕྱི་མ་གཉིས་ཧཱུཾ་བདུན་དང་བཅས་པ་འོག་མ་ཀུན་ལ་སྦྱོར། བགྲོད་དཀའི་མཚོ་གླིང་མ་ལ་ཡའི་རྩེ་མོ་སོགས་གནས་མཆོག་དམ་པ་སོ་སོ་ནས། །ཌཱ་སྨུག་ནག་དབང་གི་ཀིའི་(༡༡ན)


GLG024_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ཚངས་པ་པའི་རྒྱལ་པོ་གདོང་གསུམ། ལྷ་དབང་བརྒྱ་བྱིན་ཀླུ་རྒྱལ། འཇོག་པོ་རྒྱལ་པོ། ཛ། །འགྲོ་དོན་སྐུར་བཞེངས་༴། བདག་ཀྱང་༴། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཟ་ཧོར་ཡུལ་ཡང་ལེ་ཤོད་ཆུ་བོ་གངྒའི་རྩ་བ་མཎྜ་ལ་སོགས་རྒྱ་གར་གནས་རྣམས་ནས། །པྲ་བྷ་ཤཱཀྱ་རིག་འཛིན་ཆེན་པོ་པད་འབྱུང་བི་མཱ་ལ་མི་ཏྲ་བལ་པོ་ཤེ་ལ་མཉྫུ། །འགྲོ་དོན་༴། བདག་ཀྱང་༴། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། །མོན་ཁ་སེང་རྫོང་རི་བོ་བཀྲ་བཟང་སོགས་བོད་ཀྱི་གནས་རྣམས་ནས། །མཁར་ཆེན་བཟའ་སྣ་ནམ་རྡོ་རྗེ་བདུད་འཇོམས། སྤྲུལ་སྐུ་རིགས་འཛིན་རྒོད་ལྡེམ་རྗེ། འགྲོ་དོན་༴། །བདག་ཀྱང་༴། །ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ལས་ལྡན་བཀའ་བབས་སྔགས་འཆང་རྡོ་རྗེ་མགོན། །ངག་དབང་གྲགས་པ་སངས་རྒྱས་དཔལ་བཟང་ཞབས། །འགྲོ་དོན་༴། བདག་ཀྱང་༴། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ནམ་མཁའ་རྒྱལ་མཚན་སྔགས་འཆང་ཤཱཀྱ་བཟང་། །བདུད་འཇོམས་རྡོ་རྗེ་མཁའ་འགྲོ་ཡོངས་གྲུབ་རྩལ། །འགྲོ་དོན་༴། བདག་ཀྱང་༴། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། བསྟན་པའི་རྒྱལ་མཚན་རྗེ་བཙུན་རྡོ་རྗེ་འཛིན། །བཀའ་དྲིན་གསུམ་ལྡན་ཟིལ་གནོན་དྲག་རྩལ་རྗེ། །འགྲོ་དོན་༴། བདག་ཀྱང་༴། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། འབྲལ་མེད། སྙིང་གའི་ཕོ་བྲང་རང་ལུས་རྒྱལ་བའི་དཀྱིལ་འཁོར། བསེ་གཏེར་མཛོད། སྒྲོམ་སྨུག་པོ། སྨུག་ནག་གྲུ་གསུམ་གཞལ་ཡས་རྣམས། ནས། །རྩ་བའི་བླ་མ་རང་རིག་མ་ཧཱ་གུ་རུ་གསང་སྙིང་པོའི་མཐར་ཐུག་སྔགས་བཀའ་སྲུང་ཨེ་ཀ་ཛཱ་ཊི། །འགྲོ་དོན་༴། བདག་ཀྱང་༴། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། རྩ་དང་། ཐིག་ལེ་དང་། བཀའ་དང་དམ་ཚིག་གི་གཞལ་ཡས་རྣམས་ནས། །མ་དང་ཡེ་ཤེས། མཁའ་འགྲོ་བཀའ་ཆོས་སྐྱོང་གཏེར་བདག །སྲུང་རྡོ་རྗེ་སྤུན་གྲོགས་རྣམས། །འགྲོ་དོན་༴། བདག་ཀྱང་༴། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ལུས་ངག་ཡིད་གསུམ་བྱིན་རློབས་ཕྱི་དང་ནང་། གསང་བའི་བར་ཆད་སོལ་ལ་བྱིན་གྱིས་རློབས། །མི་མཐུན་རྐྱེན་སོལ་ལམ་སྣ་ཆོས་ལ་དྲོངས། །(༡༡བ)


GLG024_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཚོགས་ནི། རཾ་ཡཾ་ཁཾ་གིས་ཚོགས་ཀྱི་ཉེས་པའི་སྐྱོན། །མ་ལུས་སྦྱངས་ནས་བདུད་རྩིའི་ངོ་བོར་གྱུར། །ཨཱོཾ་ཨཱཿཧཱུཾ། བླ་མ་རྡོ་རྗེ་གཞོན་ནུ་སྲུང་མར་བཅས། །སྲིད་པ་རྡོ་རྗེ་ཕུར་སྒྲུབ་མཆོག་ཐུན་གྱི། །དངོས་གྲུབ་སྩོལ་ཞིང་དགྲ་བགེགས་སྒྲོལ་བའི་ཕྱིར། །ཚོགས་ལ་སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ། །ཨཱོཾ་བཛྲ་ས་མ་ཡ་ཛཿཛཿ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ༔ ཨརྒྷཾ། པཱདྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝེ་ཏེ། ཤཔྟ་ཨཱཿཧཱུཾ། བླ་མེད་མཆོད་པ་ཡེ་ཤེས་བདུད་རྩིའི་བཅུད། །མི་ཟད་ནམ་མཁའི་མཛོད་བརྙེས་འདོད་ཡོན་ལྔས། །རྣམ་པར་བརྒྱན་འདི་རྩ་གསུམ་འཁོར་ལོའི་ལྷ། །ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་ལ་འབུལ། །གྷ་ན་ཙཀྲ་པཱུ་ཛ་ཁ་རཾ་ཁཱ་ཧི༔ གཡས་ཞལ་ལ་མཆོད་པ་འབུལ་བ་ནི། འོད་སྟོང་འབར་བའི་ཤེལ་དཀར་སྡོང་པོ་བཞིན། །རབ་བཞད་ཟླ་བའི་བཞིན་རས་གཡས་ཞལ་ལ། །ཚོགས་ཕུད་མཆོད་པ་འབུལ་ལོ་བར་ཆད་ཀུན། །ཞི་ཞིང་མཐུན་པའི་དངོས་གྲུབ་སྩལ་དུ་གསོལ། །གཡོན་ཞལ་ལ་བཤགས་པ་ནི། །སྲིད་པའི་ཕུར་བུ་བསྒྲུབ་པའི་མཆེད་ལྕམ་རྣམས། །བག་མེད་དབང་གིས་རྩ་བ་ཡན་ལག་གི །དམ་ཚིག་ཉེས་པའི་ཚོགས་ཀུན་བཤགས་བགྱིད་ན། །ཐུགས་རྗེ་ཆེ་ལྡན་རྣམས་ཀྱིས་བཟོད་པར་མཛོད། །རྩ་ཞལ་ལ་བསྒྲལ་མཆོད་ནི། བཀའ་གཏེར་གཉིས་ཀར་རྒྱས་བསྡུས་དུ་མ་ཡོད་ཀྱང་། འདིར་ནི་འབྲུབ་འཆམས་དང་བཅས་པའི་རྒྱས་པའི་དབང་དུ་བྱས་ཏེ་ཁྲིགས་རིམ་དུ་བསྒྲིག་པར་བྱེད་པ་ཡིན་ལ། དེ་ཡང་མངོན་སྤྱོད་བརྣག་པའི་(༡༢ན)


GLG024_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལ། རྡོ་རྗེ་སློབ་དཔོན་ཞྭ་ཕོད་དང་བཅས་ཆས་བསྒྱུར་བ་ཚད་ལྡན་གྱི་ཡིག་ཆ་ཀུན་ལ་ཡོད་ཀྱང་། མཁས་རློམ་ཁ་ཅིག་གིས། ངུར་སྨྲིག་འཛིན་པས་སྡིག་ལ་སྡིག །ཅེས་པའི་ལུང་ལ་བརྟེན་ནས། རབ་བྱུང་རྣམས་ཆས་མི་བསྒྱུར་ཞེས་སྨྲ་བ་ནི། ལུང་དེའི་དོན་ཀྱང་མ་གོ་བའི་རང་མཚང་སྟེ། ལུང་དེ་ནི་ངུར་སྨྲིག་འཛིན་པ་རྣམས་དགེ་སྦྱོང་གི་ཆོས་བཞི་ཉམས་སུ་ལེན་དགོས་པས། སྤྱིར་སེམས་ཅན་གཞན་ལ་སྡིག་པ་སྟེ་གནོད་པར་བྱར་མི་རིགས་ཀྱང་། བསྒྲལ་བའི་ཞིང་དུ་གྱུར་པའི་སྡིག་ཅན་བསྒྲལ་ཞེས་པའི་དོན་ཡིན་གྱི། ཆས་གོས་ཀྱི་དབྱེ་བ་ནི་མ་ཡིན་པ་མངོན་སུམ་དུ་འགྲུབ་བོ། །ལུགས་འདིའི་སྒོ་ནས་དགྲ་བགེགས་དམིགས་ཀྱིས་བཀར་པ་ལ། ལིངྒ་འཁོར་ལོའི་བྲི་ཚུལ། གངས་ཁྲོད་ཀྱི་ཕུར་བུ་མཁན་པོ་ཕལ་ཆེར་ལ་མ་གྲགས་པའི་ཟབ་གནད་མཐའ་ཡས་ཀྱང་། བརྒྱུད་ལྡན་གྱི་མན་ངག་ལས་ལེན་ཕྱིར་འདིར་མ་སྤྲོས་ལ། སྤྱིར་བཏང་ལ་ཡང་། བླ་མ་རིགས་འཛིན་ཡི་དམ་སྲུང་མ་རྣམས་བསྐུལ་ཞིང་། གསེར་སྐྱེམས་ནས་བཟུང་ཞལ་སྟོབ་ཀྱི་བར་ཕྱག་ལེན་འཕྱུགས་མེད་དུ་དགོས་པས། དིང་སང་དྲག་པོའི་ལས་སྦྱོར་གྱི་གནད་མིག་དང་རྣ་བར་མ་སོན་པའི་གང་དྲན་གྱི་ཟན་རོལ་མོ་དང་བཅས་ཏེ། སྲང་མདོའི་ཁྱི་རྒན་དགའ་བར་བྱེད་པའི་དྲེགས་ལྡན་གྱི་རྣམ་ཐར་མ་ཡིན་པའི་ལག་ལེན་ཆེ་ཕྲ་མཐའ་དག་ཉམས་འོག་ཏུ་ཆུད་པར་བྱེད་པ་ནི་གནད་ཡིན་ནོ། །བསྐུལ་བ་ནི། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །དུས་གསུམ་རྒྱལ་བའི་གདུང་གསོབ་པའི། །རིགས་འཛིན་(༡༢བ)


GLG024_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་དུས་ལ་བབ། །ཨུ་རྒྱན་པདྨ་འབྱུང་གནས་ཀྱིས། །རྒྱ་གར་ཙནྡན་ནགས་ཚལ་ལ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་བསྒྲུབ་པའི་གྲོགས་མཛོད་ཅིག །པཎ་ཆེན་བི་མཱ་མི་ཏྲ་ཡིས། །རྒྱ་གར་ཆུ་བོ་གངྒཱ་ལ། ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་བསྒྲུབ་པའི་གྲོགས་མཛོད་ཅིག །བལ་པོ་ཤཱི་ལ་མཉྫུ་ཡིས། །མཎྜ་ལ་ཡི་མཁར་གོང་དུ། ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་བསྒྲུབ་པའི་གྲོགས་མཛོད་ཅིག །མཆིམས་སྟོན་ཤཱཀྱ་པྲ་བྷ་ཡིས། །ཡར་ཀླུངས་བགེགས་ཀྱི་ཕུག་ཆུང་དུ། ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་བསྒྲུབ་པའི་གྲོགས་མཛོད་ཅིག །ཤུད་བུ་དཔལ་གྱི་སེང་གེ་ཡིས། །འུ་ཤང་རྡོ་ཡི་བྲག་ལོགས་ལ། ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་བསྒྲུབ་པའི་གྲོགས་མཛོད་ཅིག །སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱིས། །ཧས་པོ་རི་ཡི་ཡང་གོང་ལ། ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་བསྒྲུབ་པའི་གྲོགས་མཛོད་ཅིག །མཁར་ཆེན་བཟའ་ཡི་འཚོ་རྒྱལ་གྱིས། །ནམ་མཁའི་ཕོ་རོག་ནག་པོ་ལ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་བསྒྲུབ་པའི་གྲོགས་མཛོད་ཅིག །མཁར་ཆེན་དཔལ་གྱི་དབང་ཕྱུག་གིས། །རྩིབས་ཀྱི་སྤྱང་ཀུ་སྔོན་པོ་ལ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་བསྒྲུབ་པའི་གྲོགས་མཛོད་ཅིག །སྤྲུལ་སྐུ་གཏེར་སྟོན་ཡབ་སྲས་ཀྱིས། །ཟང་ཟང་རི་བོའི་བྲག་གི་རྩེར། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་བསྒྲུབ་པའི་གྲོགས་མཛོད་ཅིག །སྔགས་འཆང་ཤཱཀྱ་བཟང་པོ་ཡིས། །ཡོལ་མོ་གངས་ཀྱི་ར་བ་རུ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་བསྒྲུབ་པའི་གྲོགས་མཛོད་ཅིག །སྤྲུལ་སྐུ་ལེགས་ལྡན་རྡོ་རྗེ་ཡིས། །འབྲས་གཤོངས་གནས་སྒོ་འབྱེད་པའི་ཚེ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་བསྒྲུབ་པའི་གྲོགས་མཛོད་ཅིག །ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱིས། །ཀོང་ཡུལ་གཙང་ཆབ་གྱེན་བཟློག་ཚེ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་བསྒྲུབ་པའི་གྲོགས་མཛོད་ཅིག །གཞན་ཡང་འཁོན་སྟོན་བསོད་ནམས་དང་། །རླངས་སྟོན་ཀུན་བཟང་རོལ་པའི་ཞབས། །ཐུ་སྟོན་འཇིགས་མེད་དཔའ་བོ་སོགས། །མཁས་ཤིང་གྲུབ་པ་བརྙེས་པ་ཡི། །བཀའ་གཏེར་བརྒྱུད་པའི་བླ་མ་རྣམས། །རང་རང་སོ་སོའི་སྒྲུབ་ཁང་དུ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་བསྒྲུབ་པའི་གྲོགས་མཛོད་ཅིག །ཁྱོད་ཀྱི་འཕྲིན་ལས་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །བཅོམ་ལྡན་རྡོ་རྗེ་ཕུར་པ་ཡབ་ཡུམ་སྲས། ཁྲོ་བཅུ་ཁྲ་ཐབས་སྒོ་སྲུང་བཅས་པ་ཡི། །མངོན་སྤྱོད་དྲག་པོའི་འཕྲིན་ལས་(༡༣ན)


GLG024_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ལ་བབ། །དགྲ་བོའི་བླ་སྲོག་ཁུག་ལ་སྙིང་ཁྲག་འཐུང་། །ལྕགས་ཀྱི་སྤྱང་མོ་གཡུ་ཡི་ཁྱི་མོ་དང་། །གསེར་གྱི་འཕར་བ་ཟངས་ཀྱི་ཝ་མོ་བཞིའི། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་བསྒྲུབ་པའི་གྲོགས་མཛོད་ཅིག །དྲེལ་རྟ་ཆུ་གླང་ཤ་བ་རྔ་མོ་ལ། །ཞོན་ནས་སྟོང་གསུམ་མྱུལ་བའི་རེ་མ་བཞིའི། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་བསྒྲུབ་པའི་གྲོགས་མཛོད་ཅིག །རྡོ་རྗེ་ཡབ་སྦྱིན་རྡོ་རྗེ་དེ་སྦྱིན་དང་། །རྡོ་རྗེ་བསེ་སྦྱིན་རྡོ་རྗེ་ཕག་སྦྱིན་བཞིའི། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་བསྒྲུབ་པའི་གྲོགས་མཛོད་ཅིག །ཕྱོགས་བཞིའི་སྐྱེས་བུ་བཞི་དང་བདུད་མོ་བཞི། །ཞིང་ཆེན་དམག་དཔོན་ཆེན་པོ་རྣམ་བཞི་ཡི། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་བསྒྲུབ་པའི་གྲོགས་མཛོད་ཅིག །མདོར་ན་ཕུར་སྐྱོང་སྲུང་མའི་ཚོགས་སྤྱི་དང་། །བཀྲ་བཟང་ལྷ་བྲག་གཏེར་གྱི་སྲུང་མ་ཡི། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་བསྒྲུབ་པའི་གྲོགས་མཛོད་ཅིག །དཀྱིལ་འཁོར་མུ་རན་ལས་བྱེད་གདུག་པ་ཅན། །མ་ཚོགས་དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཀྱི། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་བསྒྲུབ་པའི་གྲོགས་མཛོད་ཅིག །དེ་ཡང་ཐོག་མར་གསེར་སྐྱེམས་གཟུ་དབང་ནི། །རྩ་བརྒྱུད་བླ་མ་ཕུར་པའི་ལྷ་ཚོགས་རྣམས། །དེང་འདིར་དགོངས་ཤིག་སངས་རྒྱས་བསྟན་འཇིག་ཅིང་། །མཚན་ལྡན་བླ་མའི་སྐུ་དགྲ་སྒྲོལ་བགྱིད་ན། །གསེར་སྐྱེམས་མཆོད་པ་འདི་བཞེས་གཟུ་དཔང་མཛོད། །གཙུག་ལག་ཆོས་འཁོར་འཇིག་ཅིང་དགེ་འདུན་གསོད། །ལུས་ཅན་ཀུན་འཚེ་མཚམས་མེད་ལྔར་སྤྱོད་ཅིང་། །རིགས་འཛིན་རྣལ་འབྱོར་སྒོས་དགྲ་སྒྲོལ་བགྱིད་ན། །གསེར་སྐྱེམས་༴། །དགེ་བཅུའི་ལུགས་དམད་མི་དགེའི་སྲོལ་ངན་བསྟོད། །སྣ་ཚོགས་ཐབས་ཀྱིས་ངན་གཡོའི་སེམས་འཆང་བའི། །མི་བསྲུན་གདུག་པའི་དགྲ་བགེགས་སྒྲོལ་བགྱིད་ན། །གསེར་སྐྱེམས་༴། ཕུར་བསྒྱུར་ནི། མི་བཟད་རྣོ་ངར་ལྡན་པ་ཡི། །དྲག་བྱེད་ཕུར་པ་གཉན་པོ་འདི། །སྟེང་(༡༣བ)


GLG024_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

གི་ལྷ་ལ་མི་འདེབས་སོ། །ཕུར་ལམ་གཉན་པོ་ད་ཕྱེ་ཞིག །ཚིག་གཞན་གསུམ་འདྲ་བ་ལ། འོག་གི་ཀླུ་ལ་མ་འདེབས་སོ། །ཡང་སྡེ་བརྒྱད་སུན་ལ་མི་འདེབས་སོ། །དྲག་བྱེད་ཕུར་པ་གཉན་པོ་འདི། །སྡང་བར་བྱེད་པའི་དགྲ་ལ་འདེབས། །གནོད་པར་བྱེད་པའི་བགེགས་ལ་འདེབས། །ཟ་བར་བྱེད་པའི་འདྲེ་ལ་འདེབས། །ཕུང་བར་བྱེད་པའི་སྲི་ལ་འདེབས། །ལས་ཀྱི་བདུད་གཡོས་ཕུར་ཁས་བཟློག །མས་ཀྱི་སྲི་ལངས་ཕུར་ཁས་བཟློག །ཆགས་ཆེ་ཉམ་ང་ཕུར་ཁས་བཟློག །དགྲ་བགེགས་ཐལ་བའི་རྡུལ་དུ་རློག །དེ་ནས་འབྲུབ་ཁུང་བསྐྱེད་ཆོག་ནི་བཀའ་གཏེར་གཉིས་ཀར་གསལ་བ་མི་འདུག་པ་འཁྲུགས་བ་སྡེབས་ཁ་འགེངས་ལ་དགོངས་ལ། དེང་སང་ལག་ལེན་དུ་མི་བྱེད་པ་ནི། དམིགས་པ་རྣོན་པོ་ཡང་རབ་ལ་མེད་ཀྱང་རུང་མོད། འོན་ཀྱང་ཕྱག་ལེན་འཁྲུགས་པའི་རྒྱུན་འབྱམས་པ་ཡིན་ནོ། །རང་གི་ཐུགས་ཀ་ནས། ཞེས་པ་ནས་བཟུང་སྟེ། ཁུག་ཅིག །ཅེས་པའི་བར་ཟིལ་གནོན་གྱི་ལས་བྱང་དཀྱུས་བཞིན་ལ། འཇམ་དཔལ་ཚེ་བདག་ནས་བཅས་པའི་བར། དཔལ་ཆེན་རྡོ་རྗེ་གཞོན་ནུ་ཁྲོ་བཅུ་ཁྲ་ཐབས་སྒོ་མ་བཀའ་སྲུང་པས་ལྕགས་དུང་ལ་སོགས་པའི་ཕོ་ཉ་དམ་ཅན་དང་བཅས་པ། ཞེས་འདོན་པ་བསྒྱུར་རོ། །རྡོ་རྗེ་གཞོན་ནུའི་ང་རྒྱལ་ལ་གནས་པའི་རྡོ་རྗེ་སློབ་དཔོན་ཞྭ་ཕོད་ཅན་གྱི་རྔ་པ་རྣམས་དང་ལྷན་ཅིག་གམ། རང་ཉིད་གཅིག་པུས་ཀྱང་རུང་སྟེ། བདེན་བདར་དང་། དར་ནག་གི་གཡབ་མོ། ཕྱག་རྒྱ་བཞི་སོགས་བྱེད་དགོས་ལ། དིང་སང་གངས་ཁྲོད་སྔགས་འཆང་མང་པོ་ཞིག་ཁྲོ་བོའི་ཞལ་བརྙན་སོགས་ཀྱི་ཆ་བྱད་དང་


GLG024_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པས་བདེན་པ་དང་དགུག་གཞུག་བྱེད་པ་ནི། མངོན་སྤྱོད་ལ་ནང་བྱན་ཚུད་པ་ཞིག་གིས་བརྟགས་ཚེ་བཞད་གད་ཀྱི་གནས་སོ། །དེ་ནས་རོལ་མོ་དང་བཅས། སྒོ་མ་བསྐུལ་བ་ནི། དཀྱིལ་འཁོར་ཤར་ཕྱོགས་སྒོ་སྲུང་པུ་ཤུད་མགོ །ལོག་འདྲེན་འགུགས་པར་བྱེད་པའི་ལྕགས་ཀྱུ་ཐོགས། །འཁོར་བཅས་ཁྱོད་ཀྱིས་དགྲ་བོའི་བླ་སྲོག་རྣམས། ཁུག་ཅིག་བཛྲ་ཨཾ་ཀུ་ཤ་ཡ་ཛཿ འོག་མ་འགྲེ །དཀྱིལ་འཁོར་ལྷོ་ཕྱོགས་༴ སྐྱེ་ཀའི་མགོ༔ །ལོག་འདྲེན་འཆིང་བར་༴ ཞགས་པ་ཐོགས། །འཁོར་བཅས་༴ སྐེ་ནས་ཆིངས་ཤིག་བཛྲ་པཱ་ཤ་ཧཱུཾ། །དཀྱིལ་འཁོར་ནུབ་ཕྱོགས་༴ སྲིན་བྱའི་མགོ །ལོག་འདྲེན་སྡོམ་པར་༴ ལྕགས་སྒྲོག་ཐོགས། །འཁོར་བཅས་༴ །ཡན་ལག་སྡོམས་ཤིག་བཛྲ་སྥོ་ཊ་བཾ། །དཀྱིལ་འཁོར་བྱང་ཕྱོགས་༴ ཁྲ་ཡི་མགོ །ལོག་འདྲེན་མྱོས་པར་༴ དྲིལ་བུ་ཐོགས། །འཁོར་བཅས་༴། མྱོས་པར་གྱིས་ཤིག་བཛྲ་གྷཎྜ་ཧོ༔ ཕོ་ཉའི་ཚོགས་ཀྱིས་དགྲ་བོའི་སྐྱོབ་བྱེད་ལྷ། ཕྱེ་ཞིག་བཛྲ་པྲ་བེ་ཤ་ཡ་ཕཊ། དམིགས་རྟེན་གཟུགས་ཀྱི་མཚན་མ་ཉ་བོ་ལ། །དབྱེར་མེད་སྟིམས་ཤིག་ཨ་བེ་ཤ་ཡ་ཨཱཿ དེ་ནས་དཔལ་ཆེན་ཁྲོ་བཅུ་ཁྲ་ཐབས་ཀྱི་འཆམས་དང་བཅས་ཏེ། མགྱོགས་ཕུར་བརྡེག་པ་ནི། ཧཱུཾ་དམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཕྱག་བརྙན་ཆེན་པོའི་དུས་ལ་བབ༔ ཤྭ་ན་མུ་ཁའི་དུས་ལ་བབ༔ བདག་ཉིད་ཆེན་མོའི་དུས་ལ་བབ༔ ཁྱེད་ཀྱི་འཕྲིན་ལས་དུས་ལ་བབ༔ ས་བདག་ཆེན་མོའི་དུས་ལ་(༡༤བ)


GLG024_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ་༴ ཨོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་དྷ་ཏི་མ་མ་ཀ་ར་མ་ཤཱི་གྷྲཾ་ཀ་ར་ཡེ། ཪྣྲི་ཏྲི་མཱ་ར་ཡ་རྦད༔ དེ་ནས་གདབ་ཕུར་གདབ་པ་ནི། ཧཱུཾ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་༔ དུས་གསུམ་རྒྱལ་བ་འི་གདུང་གསོབ་པའི༔ རིག་འཛིན་བདག་ཅག་རྣམས་ལ་ནི༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ བདུད་དང་བར་དུ་གཅོད་པ་རྣམས༔ དངོས་གྲུབ་འཕྲོག་ཅིང་འཚེ་བའི་རིགས༔ ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས༔ ཡུད་ཙམ་ཞིག་ལ་འདིར་བཀུག་ནས༔ མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་༔ ལུས་ངག་རྡུལ་དུ་བརླག་ནས་ཀྱང་༔ སྡུག་བསྔལ་ཉམས་སུ་མྱོང་བར་མཛོད༔ ཨཱོཾ་ལཾ་ཧཱུཾ་ལཾ་སྟམྦྷ་ནཾ་མོ་ཧཾ་གྷ་ཏ་ཡ་བྷ་ག་ཝན༔ ཧྲྀ་ཀྲྀ་བྲྀ་བི་ཀྲྀ་བཛྲ་ཧཱུཾ་ཀ་ར་ཧཱུཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་ཛཿཧཱུཾ་བཾ་ཧོཿ སརྦ་བིགྷྣཱན༔ བཛྲ་ཀཱི་ལི་ཀཱི་ལཱ་ཡ་ཧཱུཾ་ཕཊ༔ བཛྲ་ཧཱུཾ་ཀཱ་ར་ཧཱུཾ་ཕཊ༔ཧཱུཾ་ཀཱ་ར་ཧཱུཾ་ཨ་ཕཊ༔ དྲག་པོའི་ཐུན་རྫས་བརྡེག་པ་ནི༔ ཧཱུཾ། དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས༔ རྟོགས་ཤིག་གྲོགས་དང་བྲལ་བར་གྱིས༔ རིངས་པར་ཁུག་ལ་སྨྲ་རུ་ཆུག༔ ཕོབ་ཅིག་རྣམ་པར་གཟིར་བར་གྱིས༔ ང་ཡི་དབང་དུ་གྱུར་ནས་ནི༔ བསྒོ་བའི་བཀའ་རྣམས་ཉན་པར་བྱོས༔ ཧཱུཾ་པ་ར་བིཪྻ་ཚིནྡ་ཚིནྡ་ཧཱུཾ་ཕཊ༔ བཱིནྡྷ་བཱིནྡྷ་ཧཱུཾ་ཕཊ༔ གྲྀཧྞ་གྲྀཧྞ་ཧཱུཾ་ཕཊ༔ ཧ་ན་ཧ་ན་ཧཱུཾ་ཕཊ༔ གནྡྷ་གནྡྷ་ཧཱུཾ་ཕཊ༔ ཏྲ་ཤ་ཡ་ཏྲ་ཤ་ཡ་ཧཱུཾ་ཕཊ༔ ཧ་ས་ཡ་ར་ཧ་ས་ཡ་ར་ཧྲཱི་དཎྜ་ཧཱུཾ་ཕཊ༔ ཤི་གྷྲི་ཨཱ་ན་ཡ་ཧཱུཾ་ཕཊ༔ ཛྭ་ལ་བྷ་ཡ་ཛྭ་ལ་བྷ་ཡ་ཧཱུཾ་ཕཊ༔ ཨ་བེ་ཤ་ཡ་ཨ་བེ་ཤ་ས་ཡ་ཧཱུཾ་ཕཊ༔ བིནྡྷ་ཡ་བིནྡྷ་ཡ་ཧཱུཾ་ཕཊ༔ དེ་ནས་དམ་ཅན་གྱི་ཕུར་པ་གདབ་པ་ནི། ཧཱུཾ། བྲན་དང་ཕོ་ཉ་བཀའ་(༡༥ན)


GLG024_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ཉན་ཚོགས༔ ཁྱེད་ཀྱི་དམ་ཚིག་དུས་ལ་བབ༔ སྔོན་ཆད་ཇི་ལྟར་ཁས་བླངས་བའི༔ མངོན་སྤྱོད་འཕྲིན་ལས་མྱུར་དུ་མཛོད༔ ཧ་ན་ཧ་ན་བཛྲ༔ ད་ཧ་ད་ཧ་བཛྲ༔ པ་ཙ་པ་ཙ་བཛྲ༔ མ་ཐ་མ་ཐ་བཛྲ༔ ཛྭ་ལ་ཛྭ་ལ་བཛྲ༔ སུ་རུ་སུ་རུ་བཛྲ༔ མུ་རུ་མུ་རུ་བཛྲ༔ ཀ་ཊཾ་ཀ་ཊ་ཡེ༔ ཛ་ཡེ་བི་ཛ་ཡེ༔ ཨ་ཛི་ཏེ་ཨ་པ་ར་ཛི་ཏེ༔ མ་ར་སེ་ནྱ་པྲ་མརྡྷ་ནི་ཧཱུཾ་ཕཊ༔ དུག་ཁྲག་གིས་གཤེར་བ་ནི། གདུག་ཅིང་སྡང་སེམས་ལྡན་པ་ཡི༔ ལྷའམ་འོན་ཏེ་བདུད་ཀྱང་རུང་༔ ང་ལ་བར་ཆད་བྱེད་པ་རྣམས༔ མཐུ་དང་རྫུ་འཕྲུལ་མེད་པར་བྱོས༔ སརྦ་ཨཱ་ན་ཡ་ཧཱུཾ་ཕཊ༔ ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུཾ་ཕཊ༔ ཧོམ་གཟར་དུ་ཐོ་བས་བརྡུང་བ་ནི། ཧཱུཾ། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན༔ བཀའ་ལས་འདའ་བྱེད་སྡིག་ཅན་རྣམས༔ རྡོ་རྗེ་མེ་དབལ་སྙིང་བསྲེགས་ནས༔ ལུས་ངག་རྡུལ་ཕྲན་བཞིན་དུ་རློག༔ ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ༔ དེ་ནས་སྙིང་གར་མཆོག་ཕུར་བསྒྲིལ་བ་ནི། ཧཱུཾ་སྐུ་སྟོད་ཁྲོ་བོ་ཆེན་པོ་ལ། །སྐུ་སྨད་ཟུར་གསུམ་དཔལ་དང་ལྡན། ཁྲོ་བོ་བཅུ་ཡིས་རྣམ་པར་བརྒྱན། །གདུག་པ་མ་ལུས་འདུལ་བར་བྱོས། །ཪྣྲིར་ཏྲི་ཨེ་ཧུར་ཐུཾ་ཛཿམཱ་ར་ཡ་རྦད༔ གྲི་གུག་གིས་བསྒྲལ་བ་ནི། ཧཱུཾ། རྡོ་རྗེ་གསང་བའི་བཀའ་ལས་ནི༔ སྡིག་ཅན་གང་ཞིག་འདའ་བྱེད་ན༔ སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས༔ ཀླད་པ་ཚལ་པ་བརྒྱ་རུ་ཁོས༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ ང་ཡི་བཀའ་ལས་འདའ་མ་བྱེད༔ ཧཱུཾ་མ་མ་ཝ་ཤཾ་ཀུ་རུ༔ མ་ཏི་ཨེ་ག་ར་དནྡྷ་ཏི་མ་མ་ཀརྨ་ཤཱི་བྷྲཾ་ཀ་ར་ཡེ་ཧཱུཾ་ཕཊ༔ གཏེར་གཞུང་དུ་བསྒྲལ་མཚམས་སོགས་གསལ་བར་མེད་(༡༥བ)


GLG024_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་འཁྲུགས་བསྡེབས་ཁ་འགེངས་ལ་དགོངས་པར་མ་ཟད་བི་དྱོ་ཏྟ་མའི་རྒྱུད་ལས། ལྷ་འབྲལ་གཟུགས་ལ་དབབ་པ་དང་། །བྱད་དུ་གཞུག་དང་སྨྱོ་རུ་གཞུག །རྡུལ་དུ་བརླག་དང་ཞལ་དུ་སྟོབ། །ཅེས་ནང་གསེས་ཀྱི་སོ་སོར་དྲུག་ཏུ་དབྱེ་བའི་ཟབ་གནད་སློབ་དཔོན་ཆེན་པོའི་ཐུགས་ཀྱི་བརྣོག་ཆོས་རིགས་འཛིན་བརྒྱུད་པའི་ཕྱག་ལེན་དུ་ཡོད་ཀྱང་ཐུན་མོང་ཙམ་ལའང་། གྲང་སོ་གཏེར་སྟོན་པའི་སྒྲོལ་བྱེད་དྲག་པོའི་རྣོ་མཚོན་དུ་མན་ངག་གིས་ལེགས་པར་བརྒྱན་པར་མངོན་ཞིང་། ཆོས་རྗེ་བླ་མ་དམ་པའི་བཀླགས་པས་དོན་གྲུབ་དང་། ས་སྐྱོང་ཐམས་ཅད་མཁྱེན་པ་ཀུན་བཟང་རོལ་པའི་རྡོ་རྗེས་ཀྱང་དེར་ཞལ་འཕངས་མཛད་པའི་དགོངས་པ་གཅིག་པར། ཐོག་མར་སྙིང་ཀར་ཕུར་བུ་བཏབ་ནས་བླ་སྲོག་བསྒྲལ་ཞིང་རྣམ་ཤེས་སྤར་བར་བཞེད་རྗེས། ཁྲོ་བཅུའི་ཕུར་པ་ལུས་ཀྱི་གནས་རྣམས་སུ་འདེབས་པ་སོགས་ཕུར་འདེབས་མཛད་སྲོལ་འདུག་པ་ནི། རོལ་མཚོན་བསྣུན་པ་དང་འདྲ་བས་འཐད་པར་མ་མཐོང་ཞེས་སྔགས་འཆང་མང་པོའི་སྒྲོས་སུ་ཐོས་པ་རྣམ་ཤེས་མཐར་སྤར་བ་ལྟར་སྣང་ལ་འཆར་བདེ་ཞིང་ལུགས་སྲོལ་འདི་གའི་བཞེད་པ་དང་མཐུན་མོད། ས་ཕུར་སོགས་སུ་མ་ཟད་ཆོས་དབང་རིན་པོ་ཆེའི་སྤུ་གྲིས་མཚོན་པའི་གཏེར་ཁ་མང་པོར་དེ་ལྟར་བཤད་པ་བཀའ་བརྒྱད་ཀྱི་གདབ་ལས་དང་ཡང་མཐུན་ཞིང་ཐོག་མ་ནས་སྲས་མཆོག་གི་ཕུར་བའམ་ཡང་ན་བསྙེན་ཕུར་བཏབ་ནས་རྣམ་ཤེས་སྤར་བས་ལུས་རྟེན་འདིའི་བླ་སྲོག་བསྒྲལ་ཟིན་ཀྱང་སླར་འཁོར་བ་ལ་མི་ལྡོག་པའི་ཕྱིར་དུ་སྐྱེ་བའི་སྒོ་ལྔ་གཅོད་ཆེད་(༡༦ན)


GLG024_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

གདབ་ཁ་ལྷག་མ་རྣམས་མཛད་པ་དགོས་གནད་ཆེ་བར་མངོན་ལ། ལྷ་བྲག་གཏེར་བྱོན་གྱི་ཕྱག་བཞེས་སུ་ཐོག་མར་ཟ་གསོད་ཀྱི་མགྱོགས་ཕུར་སྙིང་དཀར་ནག་གི་མཚམས་སུ་འདེབས་པ་རྣམ་ཤེས་གནས་ངན་པར་མི་ཡར་བའི་ཆེད་དུ་གཟེར་བཏབ་པ་ལྟར་བྱེད་པས་ཐུགས་རྗེ་རྗེས་འཛིན་ཀྱི་བཤད་ཚུལ་འདི་ལ་སྦྱོར་བ་ཡོད། གཏེར་ཁ་འོག་མའི་དགོངས་པ་ལྟར་ན་ཕུར་པ་བདུད་རྩི་འཁྱིལ་བར་བསྐྱེད་ནས་འདེབས་པར་གསུངས་པས་བྱང་གི་ཕུར་པ་འདེབས་པ་འཐད་ལ། ལུགས་འདི་ལ་མཐར་གདབ་པའི་ཕུར་པ་སྲས་ཕུར་རམ་མཆོག་ཕུར་དུ་གྲགས་པར་ངོས་འཛིན་པ་དྲག་སྔགས་ཀྱི་དགོངས་པའི་གནད་ཀྱིས་རྟོགས་པས་སྲས་མཆོག་རིགས་ལྔའི་ནང་གི་བར་ཀཱི་ལཱ་ཡར་ངོས་འཛིན་ནོ། །ཁྲོ་བཅུའི་ཕུར་གདབ་ནི། བཀའ་གཏེར་གཉིས་ཀར་འདུག་པའི་དོན་སྔར་བཤད་པ་ཙམ་དུ་མ་ཟད་སེམས་ཅན་ཐམས་ཅད་ཀྱི་ལུས་ལ་གདོད་མ་ནས་རང་ཆས་སུ་ཁྲོ་བོ་བཅུར་གྲུབ་པ་དེ་སོ་སོའི་བདུད་དུ་འབེབས་པར་སེམས་སོ། །མཐར་ལིངྒ་རྡོ་རྗེ་གཞོན་ནུས་གྲི་གུག་གིས་སྒྲོལ་པ་སྨད་ལས་ཀྱི་དབང་སོགས་ཀྱི་སྐབས་ཕྱག་ལེན་དུ་ཡོད་ཅིང་། བཀའ་མར་ཤ་བས་སྒྲོལ་པའང་སྤྲོས་བཅས་ཀྱི་སྐབས་འཆམས་དང་བཅས་མཛད་སྲོལ་ཚེས་ལྔ་རིན་པོ་ཆེར་མནལ་ལམ་ལུང་བསྟན་གྱི་ཚུལ་དུ་བྱུང་པ་ལྟར་རྩེ་ལུགས་ཀྱི་ཕྱག་རྒྱུན་དུ་སྣང་བའང་གཤིན་རྗེའི་ཕྱག་བརྙན་ཤ་བ་ཡིན་པས་འགལ་བ་མེད་ལ། སྔ་རབས་ཀྱི་ཡིག་རྙིང་ལ་ལར་རྣམ་ཤེས་སྤར་ཚར་བའི་མཇུག་གྲི་གུག་གིས་གཏུབ་ཅིང་དམ་ཅན་གྱི་ཕུར་པ་བཏབ་ནས་སྲུང་མ་བཅུ་(༡༦བ)


GLG024_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱིས་ཕུང་པོ་དུམ་བུར་གཏུབ་པར་བཤད་པ་འདི་གནས་སྐབས་ཀྱི་སྤྲོས་བཅས་གཙོ་བོར་སྟོན་པ་མ་ཡིན་པའི་དོན་གྱི་ཕྱག་བཞེས་ཁུངས་དང་མི་འབྲེལ་བ་མིན་པས། དེ་ལྟར་ན་ཤྭ་ན་མཆེད་བཞི་གང་རུང་གིས་བསྒྲལ་བ་འཐད་དམ་སྙམ། རྒྱས་པར་སྤྲོ་ན་ཕུར་པ་མང་དུ་བྱེད་སྲོལ་གོང་དུ་བཤད་པ་ལྟར་ཁ་བསྐང་ཀྱང་འགལ་བ་མེད་ཅིང་། རྒྱས་བསྡུས་འཚམ་པ་ལུགས་འདི་གའི་ཕྱག་ལེན་དུ་དཀྱུས་བཞིན་བདེ་བས། ལས་ཕུར་བསྐྱེད་ཆོག་མན་ངག་བཞིན། ལུས་ཀྱི་ཆ་གང་དང་གང་ལ་བརྡེག་སོགས་ཞལ་ཤེས་ལྟར་བྱའོ། །དེ་ནས་ཞལ་སྟོབ་བྱ་བ་ནི། དཔལ་ཆེན་འཁོར་བཅས་གནམ་ས་ལྟ་བུའི་ཞལ། །གདོངས་ལ་སྤུ་གྲི་ངར་མའི་མཆེ་བ་གཙིགས། །གློག་སྟོང་འཁྱུག་འདྲའི་ལྗགས་ཁྱོད་དགྲ་བགེགས་ཀྱི། །ཤ་ཁྲག་དོན་སྙིང་རུས་ཚོགས་ཞལ་དུ་སྟོབ། །བཛྲ་ཀཱི་ལི་ཀཱི་ལཱ་ཡ་མ་ཧཱ་མཾ་ས། རཀྟ་ཀེཾ་ནི་རི་ཏི་ཁ་རཾ་ཁཱ་ཧི༔ ལྷག་མ་ནཱི། འཇིགས་རུང་གནས་ནས་མཁའ་འགྲོ་སུམ་ཅུ་གཉིས། །དབང་ཕྱུག་ཉེར་བརྒྱད་གིང་ཆེན་བཅོ་བརྒྱད་དང་། འབར་མ་མ་བདུན་སྲིད་བཞི་ཕོ་ཉའི་ཚོགས། །དམ་ཚིག་དྲན་པར་གྱིས་ལ་གནས་འདིར་གཤེགས། །ལྷག་མའི་ཁྲག་མཚོ་འཁྱིལ་ཞིང་རུས་ཚོགས་སྤུངས། །ཤ་དང་ནང་ཁྲོལ་ཉིལ་ཞིང་བདུད་རྩི་ལྔའི་ལོངས་སྤྱོད་འདི་བཞེས་རྣལ་འབྱོར་དཔོན་སློབ་ཀྱི། །འགལ་རྐྱེན་སོལ་ལ་མཐུན་རྐྱེན་ཡིད་བཞིན་སྒྲུབས། །ཨཱོཾ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་སརྦ་ཌཱ་ཀི་ནི་གིང་ཀ་རཿ མ་ཧཱ་སརྦ་པུ་ཙ་ཁཱ་ཧི༔ ཆད་མཐོ་བསྟན་སྐྱོང་ནི། སྔོན་ཚེ་འོག་མིན་(༡༧ན)


GLG024_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དབྱིངས་ཕོ་བྲང་དུ། །དཔལ་ཆེན་ཀཱི་ལཱ་ཡ་ཡི་སྒྲ་བསྒྲགས་ཚེ། །མཁའ་འགྲོ་ལས་མཁན་ཆོས་སྲུང་དམ་ཅན་གྱིས། །སོ་སོའི་རང་རྟགས་སྲོག་སྙིང་ཕུལ་ནས་ཀྱང་། །རང་རང་གཟུགས་བསྟན་སྔགས་འཆང་དམ་ལྡན་ལ། །དངོས་གྲུབ་སྟེར་ཞིང་ཚེ་སྲོག་བསྲིང་བ་དང་། །འཕྲིན་ལས་བསྒྲུབ་པར་དམ་བཅས་ཁས་བླངས་བཞིན། །གཏོར་མ་འདི་ལོང་བཅོལ་བའི་ལས་ཀུན་སྒྲུབས། །ཤློ་ཀ་རྗེས་མ་ཀུན་ལ་འགྲེ །དེ་འོག་ཡང་ལེར་པདྨ་ཐོད་འཕྲེང་དང་། །ཤཱཀྱ་དེ་ཝས་ཕུར་དཀྱིལ་ཞལ་ཕྱེ་ནས། །མ་མོ་མཁའ་འགྲོ་དབང་ཕྱུག་ཉེར་བརྒྱད་སོགས། །ཕུར་པའི་སྲུང་མར་ཁས་བླངས་སྲོག་སྙིང་ཕུལ། །རང་རང་གཟུགས་བསྟན་སྔགས་འཆང་དམ་ལྡན་ལ། །དངོས་གྲུབ་སྟེར་ཞིང་ཚེ་སྲོག་བསྲིང་བ་དང་། །འཕྲིན་ལས་བསྒྲུབ་པར་དམ་བཅས་ཁས་བླངས་བཞིན། །གཏོར་མ་འདི་ལོང་བཅོལ་བའི་ལས་ཀུན་སྒྲུབས། །དེ་འོག་སེང་རྫོང་པད་འབྱུང་མཁར་ཆེན་བཟའ། །རྡོ་རྗེ་བདུད་འཇོམས་ཕུར་དཀྱིལ་ཞལ་ཕྱེ་ནས། །ཤྭ་ན་བསེ་ལྕགས་དུང་སོགས་ཕུར་སྲུང་ཀུན། །ཕུར་པའི་སྲུང་མར་ཁས་བླངས་སྲོག་སྙིང་ཕུལ། །རང་རང་གཟུགས་བསྟན་སྔགས་འཆང་དམ་ལྡན་ལ། །དངོས་གྲུབ་སྟེར་ཞིང་ཚེ་སྲོག་བསྲིང་བ་དང་། །འཕྲིན་ལས་བསྒྲུབ་པར་དམ་བཅས་ཁས་བླངས་བཞིན། །གཏོར་མ་འདི་ལོང་བཅོལ་བའི་ལས་ཀུན་སྒྲུབས། །དེ་འོག་རང་སྣང་ཆོས་དབྱིངས་དག་པའི་ངང་། །པདྨ་འབྱུང་གནས་རྒོད་ཀྱི་ལྡེམ་ཕྲུ་ཡིས། །ཕུར་པ་ལུགས་གསུམ་དཀྱིལ་འཁོར་ཞལ་ཕྱེ་ནས། །ཕུར་སྐྱོང་བཀའ་ཡི་སྲུང་མར་བཅས་པ་ཡི། །རང་རང་གཟུགས་བསྟན་སྔགས་འཆང་དམ་ལྡན་ལ། །དངོས་གྲུབ་སྟེར་ཞིང་ཚེ་སྲོག་བསྲིང་པ་དང་། །འཕྲིན་ལས་བསྒྲུབ་པར་དམ་བཅས་ཁས་བླངས་བཞིན། །གཏོར་མ་འདི་ལོང་བཅོལ་པའི་ལས་ཀུན་སྒྲུབས། །བོད་ཁམས་སྐྱོང་བར་ཁས་བླངས་མཐུ་རྩལ་ཅན། །བསྟན་མ་བཅུ་གཉིས་བཀའ་སྡོད་བྲན་གཡོག་བཅས། །བ་ལིང་རྒྱན་ལྡན་མཆོད་གཏོར་འདི་བཞེས་ལ། །བཅོལ་བའི་འཕྲིན་ལས་མ་ལུས་སྒྲུབ་པར་མཛོད། །ཅེས་ཆད་མཐོ་བསྟན་སྐྱོང་གི་གཏོར་མ་ནམ་མཁར་བཏེག་ཅིང་འབུལ་ལ། །སྤྱིར་ཕུར་པ་ལ་ཁྲོ་བོ་རོལ་པའི་གཏེར་བཟློག་རྒྱས་པར་འདུག་ཅིང་། ཆད་མཐོའི་གཏོར་(༡༧བ)


GLG024_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཟོར་དུ་བྱས་ཏེ་ཟོར་ལམ་དབྱེ་ཞིང་གཏོར་གཞོང་འོག་ཏུ་དམ་སྲི་གནོན་ཅིང་བྲོ་བརྡུང་བ་སོགས་ལྷོ་གཏེར་བྱང་གཏེར་གཉིས་ཀར་འདུག་ཅིང་། རྒྱས་པར་སྤྲོ་ན་ཕུར་པ་སྤུ་གྲིའི་ཆོས་སྡེ་ལས་ཤེས་པར་བྱའོ། །གཏང་རག་འབུལ་བ་ནི། རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ལྷ་ཚོགས་ལ། །ཡིད་འོང་རྣམ་པར་མཛེས་པའི་ཕྱི་མཆོད་དང་། །བདུད་རྩི་སྨན་དང་བྷ་ལིང་རཀྟར་བཅས། །བཞེས་ལ་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །དཀྱིལ་འཁོར་བསྡུ་བ་ནི། གཞལ་ཡས་དཀྱིལ་འཁོར་ལྷ་རྣམས་གཙོ་བོ་ཡི། །ཐུགས་ཀར་བསྡུ་ཞིང་རྡོ་རྗེ་གཞོན་ནུ་ཡང་། །མི་དམིགས་ཆོས་དབྱིངས་ངང་དུ་གྱུར་པ་ལས། །སླར་ཡང་ཁྲོ་བོའི་ང་རྒྱལ་དག་གིས་བསྲུང་། །སྨོན་ལམ་ནི། ཁྱབ་བདག་དཔལ་ལྡན་ཀརྨ་ཧེ་རུ་ཀའི། །ཟབ་མོའི་འཕྲིན་ལས་ཉམས་སུ་བླངས་པའི་དགེས། །ཚེ་རབས་ཀུན་ཏུ་དལ་འབྱོར་ལུས་ཐོབ་ཅིང་། །དགེ་བའི་བཤེས་ཀྱིས་རྗེས་སུ་འཛིན་པར་ཤོག །ཐེག་མཆོག་གསང་བ་སྔགས་ཀྱི་དཀྱིལ་འཁོར་དུ། །སྨིན་བྱེད་དབང་གི་ཆོ་ག་ལེགས་ནོས་ཤིང་། །ཨ་ཏི་རྫོགས་པ་ཆེན་པོའི་ལམ་བཟང་གིས། །ཚེ་གཅིག་ཉིད་ལ་མྱུར་དུ་གྲོལ་བར་ཤོག །སྲིད་པ་ཕུར་བུར་ལྷུན་གྲུབ་རྒྱ་མདུད་དུ། །རིན་ཅེན་ཐོད་པའི་གཞལ་ཡས་ཁང་གི་དབུས། །རྡོ་རྗེ་གཞོན་ནུ་ཁྲོ་བཅུ་ཕྲ་ཕྱག་གི །གསལ་སྣང་བསྐྱེད་རིམ་འཇའ་ལྟར་རྣམ་བཀྲ་ཤོག །མ་རིག་འཁྲུལ་པས་བསླད་པའི་ཐ་མལ་སེམས། །རྟོགས་ན་ཧེ་རུ་ཀཿལས་གཞན་མེད་ཕྱིར། །རང་ཉིད་དཔལ་ཆེན་ཕུར་བུར་ངེས་རྙེད་པའི། །ང་རྒྱལ་བརྟན་(༡༨ན)


GLG024_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

པོས་བགེགས་དཔུང་འཇོམས་པར་ཤོག །ཞི་བས་མི་འཐུལ་མ་རུངས་དགྲ་དང་བགེགས། །མངོན་སྤྱོད་དྲག་པོའི་ལས་ཀྱིས་ཚར་བཅད་ནས། །ཚེ་ཁྲུས་དགོངས་པས་རྣམ་ཤེས་རང་སེམས་དང་། །བསྲེས་ནས་བདེ་བ་ཆེན་པོར་རྣམ་གྲོལ་ཤོག །ཆོས་རྣམས་ཐམས་ཅད་ངོ་བོ་ཀ་ནས་དག །དག་པའི་ངང་ནས་ལྷ་སྐུར་འཇའ་ལྟར་ཤར། །ཤར་བ་ལས་འཕྲོས་སྤྲུལ་སྐུར་འགྲོ་དོན་མཛད། །ཐེག་མཆོག་ཆོས་ཀྱི་དོན་གཉིས་ལྷུན་གྲུབ་ཤོག །བཀྲ་ཤིས་ནི། ཐུགས་རྗེ་ཆེན་པོས་སྒོ་གསུམ་བྱིན་གྱིས་བརླབ། །རྩ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །མཐུ་སྟོབས་ནུས་པས་དངོས་གྲུབ་ཆར་ལྟར་འབེབས། །ཕུར་པ་འཕྲིན་ལས་ལྷ་ཚོགས་བཀྲ་ཤིས་ཤོག །རྣོ་མྱུར་རྩལ་གྱིས་དགྲ་བགེགས་ཐལ་བར་རློག །ཕུར་སྐྱོང་སྲུང་མ་རྣམས་ཀྱི་བཀྲ་ཤིས་ཤོག །ཡིད་བཞིན་ནོར་དང་བུམ་པ་བཟང་པོ་ལྟར། །བསམས་དོན་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་ཕྱོགས་ཐམས་ཅད་དུ་མེ་ཏོག་སིལ་མས་ཀུན་ཏུ་ཁྱབ་པར་བྱའོ། །སྨྲས་པ། མཁན་སློབ་ཆོས་རྒྱལ་དམ་པའི་དྲིན་ལས་གངས་ཅན་ལྗོངས་འདིའི་ཡོལ་གོའི་ནང་། །ཟབ་རྒྱས་ཆོས་ཀྱི་ཡིད་བཞིན་ནོར་བུས་ཕྱུར་བུར་གཏམས་པའི་འདོད་འཇོ་ལས། །སྐལ་བཟང་རྣམས་ལ་མཆོག་ཐུན་དངོས་གྲུབ་འབྱོར་པའི་བགོ་སྐལ་རབ་ཐོབ་ཀྱང་། །ད་ནི་སྙིགས་མ་ལྔ་བདོའི་ཤུགས་ཀྱིས་དམ་པའི་ལམ་སྲོལ་ཕལ་ཆེར་ཉམས། །ས་འཛིན་དཀར་པོས་བསྐོར་བའི་བོད་ཡུལ་འདིར། །ནོར་ལྡན་བླུན་པོའི་གཙུག་ན་མངོན་པར་(༡༨བ)


GLG024_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

འགྱིང་། །སྟོབས་ལྡན་ཟོག་པོ་འགྲོ་བའི་འདྲེན་པར་རློམ། །རིགས་རུས་ཙམ་གྱིས་དྲེགས་པའི་ང་རོ་སྒྲོག །སྐྱེ་བར་མིང་བཏགས་མཐོན་པོའི་ཁྲི་ལ་འཛེགས། །གང་ཤར་སྐྱོང་ལ་སངས་རྒྱས་མཛད་པར་སྨྲ། །མཁས་རློམ་ཕལ་ཆེར་ཆོས་སྤོང་སྒྲིབ་པས་སྦགས། །བློ་ལྡན་རྣམས་ཀྱང་ཟབ་ཆོས་སྐལ་བས་དབེན། །དེ་ཕྱིར་གསང་ཆེན་ཟབ་མོའི་ལེགས་བཤད་གཏམ། །ཐེག་མཆོག་སྙིང་པོའི་བཅུད་འདིའི་དགོས་པ་ནི། །འོན་ཀྱང་རང་ཉིད་དྲན་པ་གསོ་བ་དང་། །གཟུར་གནས་འགའ་ལ་ཕན་སྙམ་བདག་གིས་བྲིས། །དབང་ལུང་ཆོས་ཀྱིས་ཕོངས་པའི་བླ་ཆེན་དང་། །ཐ་སྙད་ཚིག་ཙམ་ལྷུར་ལེན་རྟོག་གེ་པ། །བླང་དོར་བལྟ་ལ་མིག་ལྡོངས་བླུན་སྒོམ་ལ། །འདི་འདྲ་བསྟན་ཀྱང་སྦྲུལ་ལ་གླ་རྩི་བཞིན། །ཤེས་བྱའི་གནས་ལས་ཐ་ག་པ་བྲིན་པའི། །བོད་འདིར་སྐྱེས་ཀྱང་དམ་པའི་མགོན་གྱིས་ཟིན། །ངེས་གསང་ཐེག་པའི་ཆོས་ལ་གདེངས་ཚད་རྙེད། །བསམས་ཤིང་བཀའ་དྲིན་དྲན་ནོ་རྡོ་རྗེ་འཛིན། །གངས་ཁྲོད་ཕུར་པའི་ལུགས་སྲོལ་རྒྱུ་སྐར་དབུས། །ཇོ་ལུགས་ལྷ་བྲག་ཟབ་གཏེར་ཉིན་བྱེད་ཀྱི། །ལས་བྱང་འཁྱེར་བདེར་བཀོད་པའི་དགེ་བའི་གཟིས། །ནག་ཕྱོགས་བདུད་སྡེའི་གཡུལ་ལས་རྒྱལ་བར་ཤོག །ཅེས་ལྷ་བྲག་གཏེར་བྱོན་གྱི་ཕུར་པ་ལྕགས་ཁང་དྲག་སྔགས་སྤུ་གྲི་ལ་དྲིལ་སྒྲུབ་སྦྱར་བའི་ལས་བྱང་འཇིགས་མེད་རྡོ་རྗེའི་ཕ་ལམ་ཞེས་བྱ་བ་འདི་ཡང་། རང་ཉིད་ཀྱི་བརྗེད་བྱང་དུ། དཔལ་ས་སྐྱ་པ་འཇམ་དབྱངས་འཁོན་གྱི་རིགས་ལས། རྡོ་རྗེ་འཆང་


GLG024_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

བཤེས་གཉེན་དམ་པའི་གཟུགས་ཅན་དཔལ་འབྱོར་ལྷུན་གྲུབ་དང་ཟུར་ཐམས་ཅད་མཁྱེན་པ་སོགས་ཡོངས་འཛིན་ཆོས་བཞིན་དུ་སྤྱོད་པ་དུ་མའི་བཀའ་དྲིན་ལས། གསང་སྔགས་བཀའ་གཏེར་གྱི་དོན་ཕྱོགས་ཙམ་རིག་ཅིང་། སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་བཙོང་ཁ་པའི་རིང་ལུགས་པ་ཟ་ཧོར་གྱི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོ་མིང་གཞན་ཟིལ་གནོན་དྲག་རྩལ་དུ་འབོད་པས་ཚིག་ཕྲད་སྒྱུར་བསྣན་དང་གསར་དུའང་ཅུང་ཟད་ཁ་བཀང་རང་ལོ་ཉེར་བདུན་པ་གྲོ་ཞུན་ཅན་གྱི་དཀར་ཕྱོགས་དགའ་བ་དང་པོའི་ཚེས་ལ་དགའ་ལྡན་ཕོ་བྲང་མེ་ཏོག་རྣམ་པར་བཀྲ་བའི་ལྡིང་ཁང་དུ་སྦྱར་བའི་ཡི་གེ་པ་ནི་ངག་དབང་དགེ་ལེགས་སོ།། །།མངྒ་ལཾ།། །།


previousལྷ་བྲག་གཏེར་བྱོན་གྱི་ཕུར་པ་ལྕགས་ཁང་དྲག་སྔགས་སྤུ་གྲིའི་ལས་བྱང་འཇིགས་མེད་རྡོ་རྗེ་ཕ་ལམ།།next