Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བྱང་གཏེར་ཕུར་པ་ལུགས་གསུམ་གྱི་བསྙེན་སྒྲུབ་ལས་སྦྱོར་བྱ་ཚུལ་བདུད་སྡེའི་གཡུལ་ལས་རྣམ་པར་རྒྱལ་བ།
   
   
   
   
   
   
   
   


 
previousབྱང་གཏེར་ཕུར་པ་ལུགས་གསུམ་གྱི་བསྙེན་སྒྲུབ་ལས་སྦྱོར་བྱ་ཚུལ་བདུད་སྡེའི་གཡུལ་ལས་རྣམ་པར་རྒྱལ་བ།next

བྱང་གཏེར་ཕུར་པ་ལུགས་གསུམ་གྱི་བསྙེན་སྒྲུབ་ལས་སྦྱོར་བྱ་ཚུལ་བདུད་སྡེའི་གཡུལ་ལས་རྣམ་པར་རྒྱལ་བ།


GLG024_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་གཏེར་ཕུར་པ་ལུགས་གསུམ་གྱི་བསྙེན་སྒྲུབ་ལས་སྦྱོར་བྱ་ཚུལ་བདུད་སྡེའི་གཡུལ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ་བཞུགས་སོ། །


GLG024_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བཛྲ་ཀུ་མཱ་རཱ་ཡ། སངས་རྒྱས་ཀུན་གྱི་འཕྲིན་ལས་འཁོར་ལོའི་ལྷ། །དཔལ་ཆེན་རྡོ་རྗེ་གཞོན་ནུར་ལེགས་ཤར་པ། །བསྙེན་སྒྲུབ་བདུད་ཀྱི་གཡུལ་ལས་རྣམ་རྒྱལ་བའི། །འཕྲིན་ལས་སྒོ་བརྒྱ་འབྱེད་པའི་ལྡེ་མིག་འདྲི། །དེ་ལ་འདིར་བདེ་བར་གཤེགས་པ་ཐམས་ཅད་ཀྱི་འཕྲིན་ལས་མ་ལུས་པ་གཅིག་ཏུ་འདུས་པའི་བདག་ཉིད་བར་ཆད་ཀྱི་གཡུལ་ལས་རྣམ་པར་རྒྱལ་བའི་ལྷ་རྡོ་རྗེ་ཕུར་པ་ཞེས་སངས་རྒྱས་གཉིས་པ་དཔལ་ཨྱོན་ཆེན་པོའི་ཐུགས་དམ་གོང་ཁུག་མ་ཇོ་མོ་ལུགས་སུ་གྲགས་པ་ལ་བཀའ་གཏེར་གཉིས་སུ་བཞུགས་པའི་ཕྱི་མ་ལ་གཏེར་ཁ་འགའ་ཞིག་ཡོད་པའི་ལྷོ་བྲག་མཛོད་ལྔ་འདུས་པའི་ལྷོ་གསེར་མཛོད་དང་བྱང་ལྕགས་མཛོད་ནག་པོའི་ཟབ་གཏེར་ལས་བྱོན་པའི་ཕུར་པ་ལུགས་གསུམ་གྱི་བསྙེན་སྒྲུབ་ལས་སྦྱོར་གྱི་མན་ངག་ལ་སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པ་དང་གསུམ་ལས། དང་པོ་ནི། ཆེ་མཆོག་དང་སྤུ་གྲིའི་དབང་སོ་སོའི་གཏེར་གཞུང་ལྟར་ནོད་པའམ། ཡང་ལྕགས་ཁང་མའི་དབང་ཤིན་ཏུ་རྒྱས་པར་མ་ཚང་བ་རྣམས་ཆེ་མཆོག་ནས་ཁ་བསྐང་བ། ཐ་མའང་ཆེ་མཆོག་དང་དྲག་སྔགས་གང་ཡང་རུང་བའི་དབང་གི་ཆུ་བོ་མ་ནུབ་ཅིང་དམ་ཚིག་གི་སེལ་མ་ཞུགས་པའི་རྡོ་རྗེའི་སློབ་དཔོན་གྱི་དྲུང་དུ་སྨིན་བྱེད་ཀྱི་དབང་ལེགས་པར་མནོས་པ། རྒྱབ་རྟེན་(༢ན)


GLG024_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ལུང་སོགས་ཉམས་སུ་བླང་བྱའི་ཆོས་རྣམས་ལ་སྒྲོ་འདོགས་མཐའ་ཆོད་པར་བྱས་ནས་སྔགས་གསར་མའི་རྒྱས་འགེབས་ཁོ་ན་ལྷུར་བླངས་པ་ལ་རེ་བ་འཆའ་མི་དགོས་པར་ཤོག་སེར་གྱི་དྲི་མ་ཁ་ཆིལ་ལི་བའི་གདེང་ཚད་དང་ལྡན་པ་ཞིག་གིས། རྒྱུད་ལས། ར་བྲན་མང་པོ་འདུས་པའི་ཕྱིར༔ རི་བོས་བསྐོར་བའི་ལྕུག་ཕྲན་ཚལ༔ རི་མཐོ་ས་གཙང་ནགས་ཚལ་ལྡན༔ ཤིན་ཏུ་དབེན་པའི་ས་ཕྱོགས་སུ༔ ཞེས་གསུངས་པ་ལྟ་བུས་མཚོན་ཏེ། སྒྲུབ་ཆེན་གྱི་སྔོན་འགྲོ་ནས་བཤད་པའི་གནས། གྲོགས། ཡོ་བྱད་སོགས་སྟ་གོན་ལེགས་པར་བྱས། བསྙེན་སྒྲུབ་ལ་ཤིས་པའི་གཟའ་སྐར་དུས་སྦྱོར་དང་བསྟུན་པའི་ཡར་ངོའམ། ཡང་ན་མར་ངོ་ལའང་རུང་བས་བསྙེན་པའི་དུས་ཀྱི་ཡུན་ཚད་དང་གཟའ་ཚེས་སོགས་ལ་སྐབས་དང་སྦྱར་ནས་གནས་ཁང་བྱི་དོར་བྱ། ས་རྒྱན་གནམ་རྒྱན་སོགས་བཀོད་པས་མཛེས་ཤིང་། རིགས་འཛིན་བརྒྱུད་པ་ཡི་དམ་ཆོས་སྲུང་གི་བྲིས་འབུར་གྱི་སྐུ་བྱིན་རླབས་ཅན་དགྲམ། སྒྲུབ་རྫས་རྣམས་ཞལ་ལྷོར་གཟིགས་པའི་དབང་དུ་བྱས་པའི་སྟེགས་བུའམ་ཅོག་ཙེ་ལྟ་བུ་ཅི་རིགས་པའི་སྟེང་དུ་སྒྲུབ་གཏོར་སྐུ་རྟེན་ཙཀ་ལིས་བརྒྱན་པ་སྟེང་དུ་དར་ནག་གི་གདུགས་ཕུབ་པ། སྨན་རཀ །ཕྱི་ནང་གི་ཉེར་སྤྱོད་རོལ་མོ། ཕུར་སྲུང་། (༢བ)


GLG024_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་སྲུང་། གཞན་ཡང་གཏོར་བསྔོ་གང་བྱེད་ཀྱི་ཆོས་སྲུང་གི་མཆོད་གཏོར། རྒྱལ་ཆེན་བཞི་དང་གཞི་བདག་གཏོར་མ། ཚོགས་ཆས་སོགས་མཐོང་བ་བརྒྱུད་པའི་ཕྱག་ལེན་ལྟར་བཀོད། ཞལ་སྤྲོད་ཀྱི་ཚུལ་དུ་བྱང་གཟིགས་ཀྱིས་སྒྲུབ་པ་པོའི་སྟན་གྱི་འོག་ཏུ་སའམ་འབྲུ་དཀར་པོའི་གཡུང་དྲུང་རིས་ཆོས་སྐོར་དུ་འདྲི། སྐྱབས་སེམས་སྔོན་དུ་འགྲོ་བའི་རྡོ་རྗེ་སྲིན་པོའི་ང་རྒྱལ་ལ་གནས་པས་བསྙེན་ཕུར་ལ་བྱུག་བདུག་བྲབ་གསུམ་གྱི་སྒོ་ནས་གཟི་བྱིན་བསྐྱེད་པའི་ཕྱག་ལེན་དམིགས་པ་དང་བཅས་པ་དམ་པའི་ཞལ་གྱི་བདུད་རྩི་ལས་ཇི་ལྟར་བྱུང་བ་ལྟར་ལག་ཏུ་བསྟར་ཏེ་སྒྲུབ་གཏོར་གྱི་མདུན་དུ་ཕུར་གདན་ལ་ཞལ་ཚུར་གཟིགས་པའི་ཚུལ་གྱིས་བཙུགས། བགེགས་ལ་དཀར་གཏོར་དམར་གཏོར་བྱིན་ནས་བཀའ་བསྒོ་ཞིང་གུ་གུལ་གྱི་དུད་པས་གདུགས། ཡུངས་ཐུན་རོལ་མོ་དང་བཅས་པའི་ཚམ་ངམ་གྱིས་བསྐྲད། མཐོ་བཞི་ལ་རྒྱལ་པོ་བཞིའི་སྐུ་དང་བཅས་ཏེ་རྒྱལ་ཆེན་མཐོ་འཛུགས་གཞུང་བཞིན་བྱེད། སྲུང་འཁོར་བསྒོམ་ཞིང་སྒོ་དྲུང་དུ་མཐོ་དཀར་པོ་ཞིག་བརྩིག་གོ །གཉིས་པ་དངོས་གཞི་ལ། སྲོད་ཐུན་ནས་འཕྲིན་ལས་ཀྱི་གཞུང་བསྲངས། བཟླས་པའི་འགོར་འཕྲེང་བ་བྱིན་གྱིས་བརླབ་པ་ཟབ་གཏེར་འདི་ཉིད་ཀྱི་ཁྱད་ཆོས་བཞིན་འཕྱུགས་མེད་དུ་བྱ། རང་རྡོ་རྗེ་ཕུར་པར་གསལ་བའི་ཐུགས་ཀར་ཉི་མའི་གདན་ལ་ཡེ་ཤེས་སེམས་དཔའ་ཡབ་དང་ཚུལ་མཚུངས་པ་རྒྱན་མེད་པ་མཚོན་གང་པ་ཞིག་གསལ་བཏབ་པའི་ཐུགས་ཀར་རྡོ་རྗེ་རྩེ་དགུ་པ་ནས་འབྲས་ཙམ་གྱི་ལྟེ་བར་གསུང་གི་ངོ་བོ་ཧཱུཾ་ཡིག་སྔོན་པོ་སྤུས་བྲིས་པ་ཙམ་གྱི་མཐའ་སྐོར་དུ་གསང་བའི་ཡི་གེ་འབྲུ་བཅུ་བཞི་པ་སྤུ་ཤད་ཙམ་གྱིས་བསྐོར་བར་གསལ་འདེབས་པ་ནི། རྒྱུད་ལས། ཐུགས་ཀར་ཡེ་ཤེས་སེམས་དཔའ་ཉིད༔ རྒྱན་


GLG024_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཡབ་དང་ཚུལ་མཐུན་པ༔ མཚོན་གང་པ་ཞིག་བསྒོམ་པར་བྱ༔ དེ་ཡི་ཐུགས་ཀར་ཕྱག་མཚན་གྱི༔ རྡོ་རྗེ་རྩེ་དགུ་ནས་འབྲས་ཙམ༔ དེ་ཡི་ལྟེ་བར་གསུང་གི་རྟགས༔ ཧཱུཾ་སྔོན་སྤུ་ཡིས་བྲིས་པ་ཙམ༔ དེ་ཡི་ཐ་མར་ཀཱི་ལཱ་ཡ༔ གསེར་མདོག་སྐྲ་ཤད་ཙམ་གྱིས་བསྐོར༔ ཞེས་པའི་དོན་ནོ། ཁྲོ་བོ་རྣམ་པར་རྒྱལ་བའི་མདུན་དུ་བསྙེན་ཕུར་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ཞལ་སྤྲོད་ཀྱི་ཚུལ་དུ་སྐད་ཅིག་གིས་བསྐྱེད། བདག་མདུན་གཉིས་ཀའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་ཏེ་སྡིག་སྒྲིབ་སྦྱང་བ་མན་ངག་ལྟར་བྱེད། ཡང་འོད་ཟེར་འཕྲོས་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་ཡི་དམ་ལྷའི་རྣམ་པར་རོང་རོང་གྱུར་པ་བདག་མདུན་ཕུར་གསུམ་ལ་བསྟིམ་པ་དང་། དེ་བཞིན་དུ་བཅུད་ཐམས་ཅད་ལྷ་དང་། སྣོད་ཐམས་ཅད་གཞལ་ཡས་ཁང་དུ་བསྒྱུར་ནས་སོ། །སོ་སོར་བྱིན་གྱིས་བརླབས་པས་རྟེན་བརྟེན་པ་བཀྲག་དང་གཟི་མདངས་རྒྱས་པར་བསམ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་ཡེ་ཤེས་སེམས་དཔའི་ཤངས་བུག་གཡས་ནས་འཐོན། སྐུའི་དབྱིབས་རྒྱུད་རང་གི་སྣ་བུག་གཡས་ནས་ཕྱིར་འཕྲོས། མདུན་གྱི་གཙོ་བོའི་ཤངས་བུག་གཡོན་དུ་ཞུགས། མདུན་བསྐྱེད་ཀྱི་ཡེ་ཤེས་སེམས་དཔའི་ཤངས་བུག་གཡོན་པར་ཞུགས་ཏེ་སོང་བར་ཏིང་ངེ་འཛིན་སེམས་དཔའི་ཧཱུཾ་ཡིག་ལ་ཕོག་པས་ཐུགས་དམ་གྱི་རྒྱུད་བསྐུལ། དེ་ལས་འོད་ཟེར་ཕྱིར་འཕྲོས་ཡེ་ཤེས་སེམས་དཔའི་ཤངས་བུག་གཡས་ནས་འཐོན། སྐུའི་དབྱིབས་བརྒྱུད་མདུན་བསྐྱེད་ཀྱི་ཤངས་བུག་གཡས་ནས་ཕྱིར་བྱུང་སྟེ་རང་གི་གཡོན་དུ་ཞུགས། རིམ་པ་བཞིན་ཡེ་ཤེས་སེམས་དཔའི་ཤངས་བུག་གཡོན་ནས་བརྒྱུད་ཏིང་ངེ་འཛིན་སེམས་དཔའ་ལ་ཕོག །དེ་ལྟ་བུའི་དམིགས་པ་མགལ་མེའི་འཁོར་ལོ་ལྟར་བྱ། ཡང་(༣བ)


GLG024_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲིན་ལས་རྣམ་བཞིའི་དམིགས་པ་སྤྱི་བྱེ་བྲག་ཐམས་ཅད་ཀྱང་སྐབས་ཐོབ་ཀྱིས་ཕྱེ་བའི་ཞལ་ཤེས་ལྟར་བྱ། སྙིང་མཛོད་ལས་གསུངས་པའི་ཐུན་མོང་མ་ཡིན་པའི་སྲུང་འཁོར་དྲུག་པོ་གཏེར་གཞུང་གི་རྡོ་རྗེའི་ཚིག་ལ་མན་ངག་གི་མདུད་པ་བཀྲོལ་བ་བཞིན་འཆུབ་ཆེ་ཆུང་དང་བསྟུན་པའི་ཉམས་སུ་ལེན། མཇུག་ཏུ་རང་གི་ཐུགས་ཀའི་འོད་ཟེར་གྱིས་མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ་བས་མདུན་བསྐྱེད་ཀྱི་སྐུ་དེ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་སོ་སོར་བྱུང་ནས་གཅིག་འཛབ་ཕུར་ལ་ཐིམ་ཅིག་ཤོས་ཇེ་ཆུང་དུ་སོང་བ་མཐར་རང་གི་སྣ་བུག་གཡོན་པ་ནས་ཞུགས་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ལ་ཐིམ་པས་བདག་དང་ཕུར་པ་གཉིས་ཀ་གཟི་མདངས་རྒྱས་པར་བསམ། ཐུན་མཐར་དབྱངས་གསལ་གྱི་མཇུག་ཏུ་སྤེལ་ཚིག་བཏགས་པ་ལན་བདུན་བརྗོད། ཚོགས་ཐོག་མཐའ་བར་གསུམ་ཕུར་སྲུང་གཏེར་སྲུང་མཆོད་ཅིང་བསྐང་བ་བྱེད། བསྙེན་པ་ལ་ཚོགས་ནུབ་རེ་བཞིན་གྱི་སྤྲོས་པ་མི་དགོས་པས་མི་གཏོང་ཕྱིན་ལྷག་མ་ཆད་མཐོ་བསྟན་སྐྱོང་རྣམས་གཞུང་བཞིན་བཏང་། སླར་བདག་བསྐྱེད་གསལ་བཏབ་སྟེ་མཆོད་བསྟོད་བསྡུས་པ་ཞིག་བྱ། རྟེན་བརྟེན་པ་ཐམས་ཅད་སྐྱེ་འགག་གནས་གསུམ་དང་བྲལ་བའི་སེམས་ཀྱི་རོལ་རྩེད་ཙམ་དུ་ཐག་བཅད་ནས་ཡེ་སྟོང་ཀ་དག་གི་ངང་དུ་ལྷོད་ཀྱིས་གློད། སླར་ཡང་ལྷུན་གྲུབ་འོད་ལྔའི་རང་མདངས་འཇའ་ཚོན་ལྟ་བུར་ལམ་གྱིས་འཆར་བཅུག་སྟེ་དགེ་བ་བསྔོ། འཛབ་བཟླ་བཞིན་པའི་ངང་ནས་དགུང་ཐུན་ལ་གཉིད་ལོག་ཐོར་ཐུན་སྔ་ཐུན་དགོངས་ཐུན་གསུམ་དང་རྗེས་ཀྱི་སྲོད་ཐུན་རྣམས་ལ་འཕྲིན་ལས་ཀྱི་གཞུང་བསྲངས་ཀྱང་རུང་མོད། སྔགས་གསར་མ་བ་ལྟར་དེ་ལྟར་མ་བྱས་ན་ཆད་ལྷག་ཏུ་གྱུར་གྱི་དོགས་པའི་ཐེ་ཚོམ་ལུགས་སྲོལ་འདི་ལ་བསྐྱེད་པ་མ་ཧཱ་ཡོ་གའི་གཞུང་སྒྲ་ཇི་བཞིན་པ་(༤ན)


GLG024_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་ལེན་གྱི་སྤྲོས་བཅས་ལའང་། ལྷུན་གྲུབ་འདུས་མ་བྱས་འོད་གསལ་རྫོགས་པ་ཆེན་པོའི་ཀློང་དུ་རྩིས་ཟིན་པའི་གནད་འགག་གིས་བློ་འཚུབ་དང་སྦུབས་འཐུམ་མ་དགོས་པས། མི་སྤྲོ་ན་ཐུན་གཟན་གསུམ་ལ་མངོན་རྟོགས་བསྡུས་པ་ཞིག་གིས་གསལ་བཏབ་རྗེས་བར་ཆད་བསྲུང་དམིགས་དབྱངས་གསལ་ལ་སྤེལ་ཚིག་བཏགས་པ། འཛབ་ཀྱི་ངང་ནས་གཉིད་ལོག་པ་གསུམ་པོ་སྤངས་པའི་སྲོད་ཐུན་ཇི་ལྟ་བའི་བཟླས་བརྗོད་དང་། མཆོད་བསྟོད། ཀ་དག་གི་རྫོགས་རིམ། དགེ་བ་བསྔོ་བ་རྣམས་དཀྱུས་བཞིན་བྱ། སྔ་ཐུན་པ་ཁྱད་ཆོས་ཐུན་འགོར་འབྲུ་གསུམ་གྱི་མཇུག་ཏུ་དབྱངས་གསལ་ལ་སྤེལ་ཚིག་ཞབས་བཅད་མ་བཏགས་པ་བདུན་བརྗོད། ཁམས་ཅུང་ཟད་སེང་བ་སོགས་ཀྱི་དུས་འཕྲེང་བ་ལ་མདུད་པ་རྒྱབ་ནས་གདན་སྟེང་དུ་འཇོག །ཐུན་མཚམས་གང་བོས་ཤིག་ཏུ་དགེ་སྦྱོར་གྱི་རིགས་གཞན་དང་། ཕུར་སྲུང་། གཏེར་སྲུང་། གཞི་བདག་མཆོད་པ་སོགས་བྱེད། བསྙེན་ཚད་ནི། རྡོ་རྗེ་ཕུར་པ་ཐུགས་གསང་སྐུའི་རྒྱུད་ལས། ས་ཡ་དྲུག་འབུམ་བསྙེན་པའི་ཚད༔ དེ་རྫོགས་ནས་ནི་རྟགས་འདི་འབྱུང་༔ ཁྲག་འཐུང་ང་ཡི་ཞལ་མཐོང་ཞིང་༔ ཕྱག་མཚན་ཕུར་བུ་གར་དུ་འཁྲབ༔ གཏོར་མ་རཀྟ་བདུད་རྩི་ཁོལ༔ ཞེས་གསུངས་པས། ཡིག་འབྲུ་བཅུ་བཞི་པའི་བསྙེན་རྐྱང་ལ་དྲག་པོ་རང་བྱུང་རང་ཤར་ལས། བརྒྱ་སྟོང་ཁྲི་འབུམ་བྱེ་བ་བཟླས༔ ཞེས་པ་ལྟར་སྔགས་རྙིང་མའི་ལུགས་སུ་བྱེ་བ་སྔོན་དུ་བཏང་བའི་ས་ཡ་འདྲེན་པས་ཤིན་ཏུ་འགྲུས་པའི་དབང་དུ་བྱས་ན་ཐུན་རེ་ལ་ཁྲི་ཚོ་རེར་ཆ་བཞག་ཚེ་ཟླ་བ་བརྒྱད་འགོར་ཞིང་། ཉི་མ་ཞག་རེར་ཁྲི་ཚོ་གསུམ་ཙམ་གྱི་རྩིས་བྱས་ན་ལོ་གཅིག་ལ་བསྙེན་པ་ཐེམས་སོ། །དེ་ནས་སྒྲུབ་པ་ནི། རྒྱུད་ལས། ས་གཞི་ནག་ལ་གཏིང་ཟབ་པ༔ གནམ་ས་གཉིས་ཀ་དྲག་པོའི་གཟུགས༔ (༤བ)


GLG024_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

བྲག་ནག་ངོས་རྒྱར་བདུག་པ་རུ༔ དྲག་པོའི་ས་ལ་མཎྜལ་བྱ༔ དབུས་སུ་གྲུ་གསུམ་ཐ་མ་རུ༔ ཟླ་གམ་གསུམ་གྱིས་བསྐོར་བ་དང་༔ ཁྱམས་སྒོ་རྟ་བབས་ལ་སོགས་ཏེ༔ དཀྱིལ་འཁོར་རྒྱན་རྣམས་རྫོགས་པར་འདྲི༔ ཞེས་པ་ལྟར་དུར་ཁྲོད་ཀྱི་ས་ལ་སོགས་པ་དྲག་པོའི་རྫས་སྣ་བསྲེས་པའི་སྟེགས་བུ་རོ་སོལ་གྱིས་ཁ་དོག་ནག་པོར་བྱས་པ་ལ་གྲི་ཁྲག་གིས་ཆག་ཆག་བཏབ། ས་བརྟག་བསླང་སོགས་སྒྲུབ་ཆེན་ནས་བཤད་པའི་སྤྲོས་པ་རྣམས་དོར། བགེགས་གཏོར། རྒྱལ་ཆེན་མཐོ་འཛུགས་རྣམས་སྔོན་དུ་བསྙེན་པའི་སྐབས་སོང་ཟིན་པས་བསྙེན་སྒྲུབ་སྦྲེལ་མ་ལ་གོ་བཅད། ཐིག་ཚོན་བྱིན་རླབས་སོགས་རྡུལ་ཚོན་སྐབས་མེད་དུ་མི་རུང་བའི་ཆོ་ག་རྣམས་དང་བཅས་དཀྱིལ་འཁོར་བྲིས་པའི་སྟེང་དུ་ཕུར་ཆ་དགོད། དེ་ཙམ་མ་ལྕོགས་ན་ཚོན་གྱི་རྣམ་གཞག་རྣམས་དོར་བའི་རས་བྲིས་ལ་ཕུར་ཆ་དགོད། ཤིན་ཏུ་བསྡུ་ན་རྩ་བའི་ཐིག་ཆེན་བརྒྱད་ལོགས་ཐིག་དང་བཅས་བཏབ་པར་ཕུར་ཆ་དགོད། ཕུར་ཆ་ཡོངས་རྫོགས་མ་རྙེད་ན་ཁྲོ་བཅུ། ཕྲ་ཕྱག །སྒོ་བ་སོགས་ལ་རྡུལ་ཚོན་གྱི་སྐབས་ཚོན་སྤུངས་སམ་ཕྱག་མཚན་འདྲི་བ་གང་རུང་རས་བྲིས་ལ་སྐུ་དང་མཚན་མ་གང་བྲིས་དེ་ག་དང་། བསྡུ་ན་འཁོར་རྣམས་ལ་འབྲུའི་ཚོམ་བུ་བཀོད་པས་རུང་ལ། གཙོ་བོའི་ཕུར་པ་དང་ལས་ཕུར་གཉིས་ནི་མེད་དུ་མི་རུང་བའོ། །མདུན་དུ་མཉྫིའི་ཁྲི་ལ་སྒྲུབ་གཏོར། གཡས་སུ་སྨན་དང་གཡོན་དུ་རཀྟ། བྱང་ཤར་དུ་མཚམས་འཛིན་གྱི་མེ་ཏོག །ཤར་དུ་མཆོད་ཡོན། ཞབས་བསིལ། ལྷོར་མེ་ཏོག །བདུག་སྤོས། ནུབ་ཏུ་མར་མེ། དྲི་ཆབ། བྱང་དུ་ཞལ་ཟས། ཁྲག་གི་ཨརྒྷཾ། དབང་པོའི་མེ་ཏོག་སོགས་འདོད་ཡོན་ནང་གི་མཆོད་པ་རྣམས་ཀྱང་མཐོང་བ་རྒྱུད་པའི་ཕྱག་ལེན་ལྟར་བཤམ། སྒྲུབ་གཏོར་བཀའ་སྲུང་གི་མཆོད་པ་རྣམས་སྔར་བསྙེན་པའི་སྐབས་(༥ན)


GLG024_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

བཤམས་པ་དེ་ག་ཡོད་ན་གསར་དུ་མ་བཟོས་ཀྱང་ཆོག །སྲོད་ཐུན་ནས་འགོ་བཟུང་སྟེ་ཐུན་བཞིར་གཅོད་པ་སོགས་བསྙེན་པའི་སྐབས་དང་འདྲ། འོན་ཀྱང་དམིགས་པའི་ཁྱད་པར་བདག་བསྐྱེད་ཀྱི་སྲུང་འཁོར་གཞལ་ཡས་ཁང་བསྒོམ་པ་དང་ལྷན་དུ་གཙོ་བོ་དང་རྣམ་རྒྱལ་གྱི་བར་དེར་གཞལ་ཡས་ཁང་བསྒོམ། དེ་བཞིན་དུ་ལྷ་རྣམས་ཀྱང་བདག་མདུན་གཉིས་ཀ་དུས་གཅིག་ཏུ་མེ་ལོང་ལ་གཟུགས་བརྙན་ཤར་བ་ལྟར་གསལ་བཏབ་སྟེ་བདག་མདུན་གྱི་གཙོ་བོ་གཉིས་ཞལ་སྤྲོད་ཀྱི་ཚུལ་གྱི་ལས་བྱང་གི་གཞུང་བསྲངས། གཙོ་བོ་དྲིལ་སྒྲུབ་ལྟར་བསྐྱེད་ན་བདག་ཉིད་རྩ་བའི་དཀྱིལ་འཁོར་མཚན་མ་རྫས་ཀྱི་དཀྱིལ་འཁོར། ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་གསུམ་ཀ་ཚང་བར་ལུགས་འདི་ལ་ཚད་མར་གྱུར་པའི་སྔགས་རྒན་རལ་བ་ཅན་རྣམས་བཞེད་དོ། །ཆོས་དབང་རིན་པོ་ཆེའི་ཕུར་པ་སྤུ་གྲི་ལ་སྲས་མཆོག་རིགས་བཞིའི་ཐ་སྙད་མ་གསུངས་ཀྱང་། བྱང་གཏེར་གྱི་ཕུར་པ་འབྲིང་པོ་འདིར་སྲས་མཆོག་རིགས་བཞིའི་རྣམ་གཞག་མཚན་ལྡན་བླ་མ་ངག་དབང་གྲགས་པ་སོགས་མཁས་གྲུབ་རྣམས་ཀྱིས་མཛད་པས་བསྒོམ་པར་སྤྲོ་ན་རྣམ་རྒྱལ་གྱི་མདུན་དུ་བུདྡྷ་ཀཱི་ལཱ་ཡ། དེ་བཞིན་དུ། གཤིན་རྗེ། རྟ་མགྲིན། བདུད་རྩི་འཁྱིལ་པ་གསུམ་གྱི་མདུན་དུ་རིམ་བཞིན། རཏྣ། པདྨ། ཀརྨ་ཀཱི་ལཱ་ཡ་རྣམས་བསྒོམ། གཟུངས་ཐག་འཐེན། སྒྲུབ་པའི་སྔགས་ནི། ཡིག་འབྲུ་བཅུ་བཞི་པ་ལ་ཛ་ཧཱུཾ་ཨཱཿགསུམ་བསྣན་པའི་བཅུ་བདུན་པ་ལ་བསྙེན། བསྙེན་ཚད་ནི། གསང་རྒྱུད་ལས། གྲངས་ཀྱི་བསྙེན་པ་བྱེ་བ་གསུམ༔ རྟགས་བསྙེན་རྟགས་བྱུང་བར་དུ་བཟླ༔ ཞེས་བྱེ་བ་གསུམ་བཟླ་བར་གསུངས་པས་ཐུན་རེ་ལ་ཁྲི་ཕྲག་རེ་འགྲོ་བའི་དབང་དུ་བྱས་ན་ཟླ་བ་ཕྱེད་གསུམ་ལ་བསྙེན་ཚད་ཐེམས། སྒྲུབ་པ་ཁོ་ནའི་དབང་དུ་བཏང་སྟེ་ཐུན་བཞི་ག་ལ་ལས་བྱང་གི་གཞུང་བསྡུས་ཙམ་རེ་བཏང་། དགོངས་(༥བ)


GLG024_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་གྱི་མཐར་ཚོགས་བསྡུས་པ་རེ་བཏང་བའི་ཚོགས་ལྷག་དཀྱིལ་འཁོར་གྱི་བྱང་ཤར་མཚམས་སུ་སྤུངས་པ་སོགས་ཕྱག་ལེན་ལྟར་བྱེད། གྲུབ་རྟགས་ནི། རྒྱུད་ལས། སྟོང་གསུམ་ཞབས་ཀྱིས་བརྫིས་པ་དང་༔ ཉི་ཟླ་ཁོང་དུ་མིད་པ་དང་༔ རི་རབ་ལག་གིས་བསྐོར་བ་དང་༔ རྒྱ་མཚོ་ཧུབ་ཀྱིས་བཏུངས་པ་དང་༔ དངོས་སམ་ཉམས་སམ་རྨི་ལམ་དུ༔ གྲུབ་པའི་རྟགས་རེ་ངེས་པར་འབྱུང་༔ ཞེས་སོ། །དེ་ནས་ལས་སྦྱོར་ནི། རྒྱུད་ལས། མཎྜལ་གྲུ་གསུམ་རིམ་པ་གསུམ༔ ཟངས་ལྕགས་འཁར་བའི་ཕྱེ་མ་ལ༔ ཁྲག་རྒོད་པ་སྲས་ལ་བྱུག་པར་བྱ༔ དྲག་པོའི་ཤིང་ལ་ཟུར་གསུམ་རྩང་༔ ཉེར་གཅིག་སྲིན་མོའི་འགྲོས་སུ་བཀོད༔ རྣམ་ཤེས་ཚང་བའི་ལིངྒ་བྲི༔ ཞེས་པ་ལྟར། དཀྱིལ་འཁོར་གྱི་མདུན་དུ་ཕུངས་སོགས་དྲག་པོ་བ་རྫས་ཀྱི་འགྲུབ་ཁུང་ཁ་ཁྱེར་རྩང་སོགས་ཕྱག་ལེན་ལྟར་རྔམ་བརྗིད་དང་ལྡན་པར་བཤམ། ལུགས་སྲོལ་འདི་པའི་མན་ངག་ལས་བྱུང་བའི་ལིངྒ་སྔགས་ཅན་རིགས་འཛིན་བརྒྱུད་པའི་བྱིན་རླབས་ཀྱི་དྲོད་རླངས་མ་ཡལ་བ་ཕྱག་ལེན་ལྟར་བྲིས་ཏེ་ཧོམ་ཁུང་དུ་བཅུག །ཕུར་སྲུང་བསྐུལ་བ། དགུག་འདྲེན། ལྷ་དབྱེ་སོགས་ཡིད་ཆེས་པར་བྱས། ཐུན་བཞི་ལ་ལས་སྦྱོར་གྱི་སྔགས་སྒྲུབ་སྔགས་ཀྱི་མཇུག་ཏུ་དྷ་ཏེ་རྣམ་གསུམ་གྱི་སྔགས་བཏགས་པ་འདྲེན་ནོ། །སྔགས་ནི། དྲང་སོ་གཏེར་སྟོན་གསུམ་པ་ཡོལ་མོ་བ་ཆེན་པོས་གསུངས་པའི་བསྙེན་ཡིག་ལྟར་བཟླ་ཞིང་ཐུན་བཞི་གའི་མཇུག་ཏུ་ཐུན་བརྡེག །རྟགས་རྫོགས་ན་མདུན་གཅིག་ཙམ་ནས་ཕུར་གདབ་སོགས་བསྒྲལ་ལས་ཡོངས་སུ་རྫོགས་པར་བྱས་ཏེ། རྒྱུད་ལས། ཆ་གཅིག་དུག་གསུམ་མེ་ལ་བསྲེག༔ ཆ་གཅིག་ཀླུ་ལ་གཏད་པར་བྱ༔ ཆ་གཅིག་གཏོར་སྟེགས་འོག་ཏུ་མནན༔ ཞེས་པ་ལྟར་མནན་སྲེག་གིས་མཇུག་བསྡུ། འདི་ལ་ཞལ་ཤེས་དང་དྲག་སྔགས་སྤྱི་སྡོམས་ཀྱི་གནད་ལ་ནང་བྱན་(༦ན)


GLG024_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ཚུད་དགོས། དགྲ་དམིགས་བསལ་མེད་ཅིང་མཚོན་དོན་ཙམ་བྱེད་ན་ཟན་ལིང་གིས་ཀྱང་གོ་ཆོད་དོ། །གདབ་ཁ་དྲུག་འཁྲུལ་མེད་དུ་ཉམས་སུ་ལེན་པར་འདོད་ན་མཐོང་རྒྱུད་ཀྱི་ཕྱག་བཞེས་དམར་འཁྲིད་ལས་ཤེས་པར་བྱའོ། །མཚམས་འགྲོལ་རྒྱུའི་ཞོགས་ལས་བྱང་རྒྱས་པ་ཚོགས་མཆོད་དང་བཅས་པ་འབུལ། ཕུར་ཆ། སྒྲུབ་གཏོར་སོགས་སྒྲུབ་རྫས་རྣམས་ལས་བསྐུལ་ཚིག་གི་སྒོ་ནས་དངོས་གྲུབ་ལེན་པ་སྔ་འགྱུར་སྤྱི་གཞུང་ལྟར་བྱེད། སྔར་གྱི་ཚོགས་ལྷག་རྣམས་དང་བཅས་ཏེ་ཚོགས་ལྷག་གཏོང་། ཆད་མཐོ། བསྟན་སྐྱོང་། དཀྱིལ་འཁོར་བསྡུ་ཆོག །སྨོན་ལམ། བཀྲ་ཤིས། རྒྱལ་མཐོ་འགྲོལ་བ་སོགས་ལག་ལེན་གཞུང་བཞིན་བྱ། ནང་མཚམས་འགྲོལ་ཉིན་དམ་ལྡན་འགའ་ཞིག་དང་འཕྲད། མིག་དགྲ་དང་ཉི་ཟླའི་ཕྱོགས་སུ་ལྟ་སྟངས་བྱེད། གཞན་ལ་སྲུང་བ་སོགས་བྱིན་རླབས་ཀྱི་རིགས་བྱེད་པ། མཚམས་ནང་གི་དངོས་པོ་ཕྱིར་གཏོང་བ། སྐྲ་སེན་འབྲེག་པ། མཆིལ་མ་འདོར་བ། འཕྲེང་བ་ལ་རེག་པ་སོག་བསྲུང་། ཐོག་མ་ནས་མཚམས་ཁོག་ཏུ་མ་བཅུག་པའི་མི། དངོས་པོ། ཡི་གེ་སོགས་མི་གཏོང་བས་མཚོན་ཏེ་བསྙེན་སྒྲུབ་ཀྱི་དམ་ཚིག་ལ་གནས་པ་ནི་ཤིན་ཏུ་གཅེས་སོ། །འདི་ནི་ཕུར་པ་འབྲིང་པོ་སྤུ་གྲི་ལ་སྦྱར་བའི་བསྙེན་སྒྲུབ་ལས་གསུམ་གྱི་དབང་དུ་བཏང་བ་ཡིན་ལ། བསྙེན་ཚད་ཧ་ཅང་མངས་པས་སྒྱིད་ལུག་ན་གཤོམ་ནི་གོང་དུ་བཤད་པའི་སྒྲུབ་པའི་དཀྱིལ་འཁོར་ཕུར་ཆ་སོགས་རྒྱས་འབྲིང་བསྡུས་གསུམ་གང་རུང་ལ་སྔགས་ཀྱང་འབྲུ་བཅུ་བདུན་པ་བཟླས། ཐུན་རེ་རེ་བཞིན་ལས་བྱང་གཏོང་བ། དགོངས་ཐུན་ལ་ཚོགས་གཏོང་བ་རྣམས་སྤངས་ཏེ་བསྙེན་པ་ལྟར་ཉམས་སུ་བླངས་པའི་གྲངས་བསྙེན་བྱེ་བ་གསུམ་བཏང་བས་བསྙེན་སྒྲུབ་ཟུང་འབྲེལ་དུ་འགྲུབ་པ་འཇུག་པ་བདེ་བའི་གནད་དམ་པ་སྤྲུལ་པའི་སྐུ་ཡོལ་མོ་བ་ཆེན་པོ་ཡང་ཐུགས་(༦བ)


GLG024_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

གཙིགས་སུ་མཛད་དོ། །དེ་ནས་སྒྲུབ་པ་པོ་བསྙེན་སྒྲུབ་ཟུང་འབྲེལ་དུ་སོང་བས་གོ་ཆོད་མོད། རྒྱུད་ཀྱི་དགོངས་པ་ལྟར་ས་བཅད་མ་སྟོང་ཙམ་བྱེད་ན་གསང་རྒྱུད་ལེའུ་རྩ་བདུན་པ་ནས་གསུངས་པའི་དྷ་ཏིའི་སྔགས་འབྲུ་ཉེར་བདུན་པ་ཞག་གསུམ་གྱི་བར་བཟླ་ཞིང་། རང་གི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱི་སྤྲོ་བསྡུས་དཀྱིལ་འཁོར་གྱི་ལྷ་ཚོགས་དང་ཕུར་སྲུང་རྣམས་ཀྱི་ཐུགས་རྒྱུད་བསྐུལ་བར་དམིགས་ཏེ་བཟླ། དེ་ཡང་རྒྱུད་ལས། དྷ་ཏི་འདུས་པའི་སྙིང་པོ་འདི༔ སྟོང་ཕྲག་གསུམ་དུ་བཟླས་པར་བྱ༔ དམ་ཅན་དངོས་སུ་འདུ་བར་འགྱུར༔ ཞེས་གསུངས་པས་ཐུན་རེ་ལ་སྟོང་ཕྲག་གསུམ་བཟླ་བའི་དབང་དུ་ཡིན་ཞིང་། དེ་ལས་མང་བ་བྱུང་ན་ལེགས་སོ། །ལས་སྦྱོར་མན་ནི་གོང་དུ་བཤད་པ་བཞིན་ནོ། །ཡང་ཆེ་མཆོག་གི་བསྙེན་སྒྲུབ་ལས་གསུམ་བྱ་བར་འདོད་ན། བསྙེན་པ་ནི་ལས་བྱང་བརྗེ་བ་ཙམ་ལས་ཁྱད་པར་མེད། སྒྲུབ་པའི་སྐབས་སྐུའི་རྒྱུད་ལས། སྐུ་གསུང་ཐུགས་ཀྱི་ཕུར་པ་གསུམ༔ སྐུ་ཤར་གསུང་ལྷོ་ཐུགས་ནི་བྱང་༔ ཟླ་གམ་གསུམ་ལ་དགོད་པར་བྱ༔ ཞེས་ལུགས་འདི་དང་ཆོས་དབང་གི་སྤུ་གྲི་སོགས་ལ་སྲས་མཆོག་རིགས་ལྔའི་ཐ་སྙད་མི་བྱེད་པར་སྐུ་གསུང་ཐུགས་ཀྱི་ཕུར་པ་གསུམ་ཟླ་གམ་གསུམ་ལ་བཀོད། ཕུར་ཆ་བྱིངས་འགོད་ལུགས་འདྲ། མར་ཁུ་ཁྲག་ཞག་འོ་མ་བཞིན༔ དཀྱིལ་འཁོར་བར་ཁྱམས་དག་ཏུ་བཞག༔ ཅེས་རྫས་བཞི་པོ་ཡང་དགོད། རང་ཆེ་མཆོག་རྡོ་རྗེ་གཞོན་ནུ་དབུ་དགུ་ཕྱག་བཅོ་བརྒྱད་པར་གསལ་བའི་གནས་གསུམ་དུ་སྐུ་གསུང་ཐུགས་ཀྱི་སྲས་ཕུར་གསུམ་པོ་གསལ་གདབ། རྒྱུད་དང་མན་ངག་ལྟར་སྒྲུབ་སྔགས་གསུམ་ག་བསྒྲིལ་ནས་བཟླ། དྲིལ་སྒྲུབ་ནི་བསྙེན་པ་དྲག་སྔགས་ལྷ་ནག་དང་འདྲ། སྒྲུབ་པའི་སྐབས་སྒྲུབ་སྔགས་ལ་ཁྲོ་བཅུའི་སྔགས་བཏགས་པའོ། །དེ་ལྟར་འཕྲིན་ལས་དཔལ་ཆེན་ཧེ་རུ་ཀ །ལུགས་(༧ན)


GLG024_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཕུར་བུར་གྲགས་པ་ལྷ་བྲག་གཏེར། ཨྱོན་སངས་རྒྱས་གཉིས་པའི་གོང་ཁུག་མ། །ཇོ་མོ་ལུགས་སྲོལ་ཀུན་གྱི་ཡང་རྩེར་སོན། །ཚུལ་འདིའི་སྨིན་གྲོལ་གདམས་པའི་གནད་འགག་རྣམས། །རིགས་འཛིན་ཞལ་ལུང་མཁའ་འགྲོའི་ཁ་རླངས་ཅན། །ཟུར་ཆེན་འཇམ་དབྱངས་བླ་མའི་བཀའ་དྲིན་ལས། །ལེགས་ཐོབ་སྙིང་གི་ཟེའུ་འབྲུར་རྟག་ཏུ་བསྟེན། །ལ་ལ་བདག་མདུན་བཅའ་གཞིའི་སྤྲོས་པ་སོགས། །མི་ཤེས་རྫོགས་ཆེན་སྤྲོས་བྲལ་ལྟ་བ་ཡི། །མིང་ཙམ་རྫུ་ལ་བརྟེན་པའི་ཟོལ་སྦྱོར་གྱི། །ཟོག་གིས་རང་གཞན་གཉིས་ཀ་ཕུང་བའང་མཐོང་། ཁ་ཅིག་སྔ་འགྱུར་རྣམ་དབྱེ་མ་དོད་པར། །ཀྱེ་རྡོར་ལ་སོགས་ཕྱི་འགྱུར་ཆོ་ག་ཡིས། །རྒྱས་བཀབ་སྨིག་རྒྱུས་སྐོམ་ནད་སེལ་འདོད་པའི། །མཁས་རློམ་ནམ་མཁའི་འཇའ་ལ་སྦར་འཛིན་འདྲ། །རིགས་འཛིན་པདྨའི་ཐུགས་ཏིག་སྣ་ནམ་པར། །ལེགས་གདམས་རྒོད་ཀྱི་ལྡེམ་ཕྲུར་བཀའ་བབས་པའི། །ཟབ་དོན་རིགས་འཛིན་བརྒྱུད་པའི་ལུགས་སྲོལ་བཞིན། །འདི་བའི་ངོ་མཚར་སྐལ་བཟང་འདི་ན་རྙེད། །དེ་འདྲ་སྔ་འགྱུར་བསྟན་འཛིན་ཀུན་གྱི་རྗེ། །བྱང་བདག་རིགས་འཛིན་མཆོག་གི་སྤྲུལ་པའི་གར། །ལེགས་བསྒྱུར་དམ་ལྡན་རྡོ་རྗེའི་སློབ་མ་ཡི། །བཞེད་སྐོང་ཐེག་མཆོག་བསྟན་ལ་བསམས་ནས་བཀོད། །དགེ་དེས་ལོག་པར་འཁུ་བའི་དགྲ་སྡེའི་དཔུང་། །སྲས་མཆོག་བཛྲ་ཀཱི་ལས་བསྒྲལ་བ་དང་། །ལྷན་ཅིག་བདག་ཏུ་འཛིན་པའི་དགྲ་ཚོགས་ཀུན། །རང་རིག་དོན་གྱི་ཕུར་བུས་སྒྲོལ་གྱུར་ཅིག །ཅེས་ལྷ་བྲག་གཏེར་བྱོན་གྱི་ཕུར་པ་ལུགས་གསུམ་གའི་བསྙེན་སྒྲུབ་ལས་སྦྱོར་བྱ་ཚུལ་བདུད་སྡེའི་གཡུལ་ལས་རྣམ་པར་རྒྱལ་བ་ཞེས་པ་འདི་ཡང་རིག་སྔགས་འཆང་བའི་འཁོར་ལོས་སྒྱུར་བ་བྱང་པ་རིགས་འཛིན་ངག་གི་དབང་པོའི་སྤྲུལ་པའི་(༧བ)


GLG024_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

གར་མཁན་བྱ་ནག་གི་རིགས་སུ་འཁྲུངས་པ་བློ་བཟང་པདྨ་འཕྲིན་ལས་ཐེག་མཆོག་དབང་གི་རྒྱལ་པོ་ཡོངས་འདུའི་སྡེའི་གསུང་གིས་བསྐུལ་བ་དང་དུ་བླངས་ཏེ། གཏེར་ཁ་འདི་ཉིད་ལ་མེས་སྟོན་ཆེན་པོའི་གདམས་པ་རིགས་འཛིན་མངའ་རིས་པ་ལེགས་ལྡན་རྡོ་རྗེ་ལས་ཉེ་བར་བརྒྱུད་པ་དང་། སེ་སྟོན་ཆེན་པོའི་མན་ངག་མཉམ་མེད་ནུབ་དགོན་པ་ལས་བརྒྱུད་པ་གཉིས་ཚོགས་ཆུ་བོ་གཅིག་འདུས་དཔལ་ཆོས་ཀྱི་རྒྱལ་པོ་བཀྲ་ཤིས་སྟོབས་རྒྱལ་ནས་གཏེར་སྟོན་ཡོལ་མོ་བ་ཆེན་པོའི་བར་དུ་བྱོན་པའི་སྨིན་བྱེད་ལུང་ཕྱག་བཞེས་ཀྱི་བཀའ་བབས་ཟུར་ཆེན་རིགས་ཀུན་ཁྱབ་བདག་ཆོས་དབྱིངས་རང་གྲོལ་ལ་མནོས་ཤིང་། རིགས་འཛིན་མངའ་རིས་པ་ཆེན་པོ་ནས་བཀྲ་བཟང་པ་སེ་སྟོན་ཐུགས་མཚོ་འོད་འབར་གྱི་བར་དུ་བྱོན་པའི་དབང་དང་མན་ངག །སྤྱི་སྟོན་ཚེ་རིང་དབང་པོའི་ཞལ་ཤེས། ཕུར་པ་ལྔ་ཁྲའི་ཆོས་སྡེ་ལས་བྱུང་བའི་ཚེ་དབང་། ལྷ་ཁྲིད་གསུམ་ཟུར་ངག་དབང་ཕུན་ཚོགས་ལས་བརྒྱུད་པ་རྣམས་མཁས་གྲུབ་ཁྲ་ཚང་པ་ཆེན་པོ་ལས་ཐོས་ཏེ་ཚད་ཐུབ་ཀྱི་རྡོ་རྗེ་སློབ་དཔོན་རྣམས་ཡུན་དུ་བསྟེན་པའི་བཀའ་དྲིན་ལས་ཆོས་ཚུལ་འདི་ལ་མི་འཇིགས་པའི་སྤོབས་པ་དགེ་བའི་ཟ་ཧོར་གྱི་སྔགས་སྨྱོན་དྲག་པོ་རྩལ་གྱིས་ལྕགས་ཕོ་བྱི་ལོ་ཁྲུམས་ཀྱི་ཟླ་བའི་ཡར་ཚེས་དགུ་ལ་སྦྱར་བའི་ཡི་གེ་པ་ནི་འཇམ་དཔལ་ལོ།། །།སརྦ་མངྒ་ལཾ།། །།


previousབྱང་གཏེར་ཕུར་པ་ལུགས་གསུམ་གྱི་བསྙེན་སྒྲུབ་ལས་སྦྱོར་བྱ་ཚུལ་བདུད་སྡེའི་གཡུལ་ལས་རྣམ་པར་རྒྱལ་བ།next