Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བྱང་གཏེར་ཕུར་པ་ལུགས་གསུམ་གང་ལའང་སྦྱར་ཆོག་པའི་ཞི་བའི་སྦྱིན་སྲེག་མུན་སེལ་འོད་དཀར།
   
   
   
   
   
   
   


 
previousབྱང་གཏེར་ཕུར་པ་ལུགས་གསུམ་གང་ལའང་སྦྱར་ཆོག་པའི་ཞི་བའི་སྦྱིན་སྲེག་མུན་སེལ་འོད་དཀར།next

བྱང་གཏེར་ཕུར་པ་ལུགས་གསུམ་གང་ལའང་སྦྱར་ཆོག་པའི་ཞི་བའི་སྦྱིན་སྲེག་མུན་སེལ་འོད་དཀར།


GLG024_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་གཏེར་ཕུར་པ་ལུགས་གསུམ་གང་ལའང་སྦྱར་ཆོག་པའི་ཞི་བའི་སྦྱིན་སྲེག་མུན་སེལ་འོད་དཀར་བཞུགས་སོ། །


GLG024_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཆེན་ཕུར་བུའི་ལྷ་ཁྱོད་དྲན་པའི་མོད། །བདུད་དཔུང་མེ་ལྕེས་རྩྭ་བཞིན་ཕྱེར་འཐག་ན། །བསྐྱེད་རྫོགས་རྫོགས་ཆེན་རྣལ་འབྱོར་བསྙེན་སྒྲུབ་ལས། །བསྟར་ཚེ་མཆོག་མཐུན་དངོས་གྲུབ་ཅིས་མི་ཐོབ། །དེ་ཕྱིར་ལམ་འདིའི་སྨིན་གྲོལ་མན་ངག་རྣམས། །ལྷུག་པར་སྟོན་མཛད་ཟུར་ཆེན་ཐམས་ཅད་མཁྱེན། ཁྱབ་བདག་ཉང་སྟོན་བློ་མཆོག་རྡོ་རྗེའི་ཞབས། །རིགས་ཀུན་འཁོར་ལོའི་མགོན་དུ་རྟག་པར་བཞུགས། །སྤྱི་དང་བྱེ་བྲག་མི་མཐུན་ཉེས་བརྒྱའི་མུན། །སེལ་བྱེད་ཞི་བའི་སྦྱིན་སྲེག་འོད་དཀར་ཅན། །སྔོན་བྱོན་དམ་པའི་ཕྱག་བཞེས་འཁྲུལ་མེད་བཞིན། །ཉུང་ངུ་རྣམ་གསལ་ཀླགས་ཆོག་དེང་འདིར་སྤེལ། །དེ་ཡང་དཔལ་ཨྱོན་གྱི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཡང་ལེ་ཤོད་ཀྱི་ཕུག་པར་ཡང་དག་གི་སྒྲུབ་པ་མཛད་པའི་ཚེ་བར་ཆད་ཀྱིས་གླགས་བལྟས་པར་དེ་འདུལ་བའི་གཉེན་པོ་དགོས་ཚུལ་རྒྱ་གར་གྱི་སློབ་དཔོན་རྣམས་ལ་འཕྲིན་བཏང་བས། རྡོ་རྗེ་ཕུར་པའི་གླེགས་བམ་མི་ཁུར་གཉིས་ཡང་ལེ་ཤོད་དུ་འབྱོར་པ་ཙམ་གྱིས་བར་གཅོད་ཞི་བར་བརྟེན། ཡང་དག་ནི་ཚོང་པ་དང་འདྲ་ཕུར་པ་ནི་སྐྱེལ་མ་དང་འདྲ་ཞེས་ནག་པོའི་གཡུལ་ལས་རྣམ་པར་རྒྱལ་བར་མཆོག་ཏུ་བསྔགས་པའི་དཔལ་ཆེན་རྡོ་རྗེ་ཕུར་པའི་སྐོར་ལ་བཀའ་གཏེར་རྣམ་གྲངས་མང་དུ་ཡོད་པའི་ནང་ནས་སློབ་དཔོན་ཆེན་པོའི་ཐུགས་ཀྱི་བརྣོག་(༢ན)


GLG024_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས། ལྷ་བྲག་གཏེར་བྱོན་ཕུར་པ་ལུགས་གསུམ་གང་ལའང་སྦྱར་ཆོག་པའི་ཞི་བའི་སྦྱིན་སྲེག་གི་རིམ་པ་ཉམས་སུ་བསྟར་བར། ཐུགས་སྒྲུབ་ཀྱི་ཡེ་ཤེས་རང་འབར་ལས། ནད་གདོན་སྡིག་སྒྲིབ་ཞི་འདོད་ན༔ དབྱར་གྱི་ཐོ་རེངས་སྔ་དྲོ་བརྩམ༔ ཞེས་པ་ལྟར། ཞི་བའི་ལས་བསྒྲུབ་པ་ལ་ཤིས་པའི་དུས་ཚོད་གཟའ་སྐར་སོགས་དང་བསྟུན་སྔོན་ཆད་མ་དུལ་བའི་ས་གསར་པ་ལ་སྒྲུབ་ཆེན་ལས་འབྱུང་བའི་ས་ཆོག་དང་གནས་ཁང་རྙིང་པ་སོགས་ལ་བྱེད་པར་མི་སྤྲོ་ན། བཏང་སྙོམས་སུ་བཞག །བགེགས་གཏོར། གཞི་བདག་གཏོར་མ། སྡེ་བརྒྱད་སྤྱིར་གསེར་སྐྱེམས་བཏང་སྟེ་ཆ་བསྙམས། བསྙེན་མཚམས་ལྟ་བུ་དང་འབྲེལ་བའི་རྒྱལ་མཐོ་མ་བཀྲོལ་གོང་ཡིན་ན། དེ་དག་ཀྱང་ཆེད་དུ་གཉེར་མི་དགོས་སོ། །གང་དུ་བྱེད་ཀྱང་ཕྱག་བདར་དང་། སྐྱང་ནུལ་བྱ། དྲག་ཤུལ་སྤྱོད་པའི་ཆོ་གའི་རྫས་དང་མ་འདྲེས་པའི་གཙང་ཞིང་ས་བཀྲ་བཟང་པོ་ནས་བླངས་པའི་ས་ལ་སྟེགས་བུ་བརྩིག །ཡེ་ཤེས་རང་འབར་ལས། ཞི་བའི་དབྱིབས་ནི་ཟླུམ་པོ་དཀར༔ ཞེས་དང་། རང་རང་ལྷ་ཡི་ས་བོན་ནམ༔ མེ་ཏོག་བསྐོར་བས་འགྲུབ་འགྱུར་ཉིད༔ ཅེས་པ་ལྟར། དེའི་སྟེང་དུ་ཐིག་ཆེན་བརྒྱད་བཏབ་པའི་ལྟེ་བ་ནས་མཐོ་གང་བསྐོར་བའི་དབུས་སུ་འཁོར་ལོ་རྩིབས་བཅུ་པ། (༢བ)


GLG024_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ལྟེ་བར་རྡོ་རྗེ་རྩེ་ལྔ་པ། རྩིབས་ལ་ཁྲོ་བཅུ་ཕྲ་ཕྱག་དང་ཁྱམས་ཀྱི་མཚམས་བཞིར་སྒོ་མ་བཞིའི་ཕྱག་མཚན་ནམ་ས་བོན་བསྡུ་ན་ཚོན་སྤུངས། དེའི་ཕྱི་རོལ་ཏུ་སོར་བཞི་པའི་ཚད་ཀྱི་མུ་ཁྱུད་ཟླུམ་པོ་ཉིས་རིམ་དུ་བསྐོར་པ་ལ་རྡོ་རྗེའི་འཕྲེང་བ་ཟུར་བཞིར་ཟླ་བ་ཕྱེད་པ་ལ་གནས་པའི་རྡོ་རྗེ་ཕྱེད་པས་མཚན་པ་བྲིས། ཡེ་ཤེས་རང་འབར་ལས། ཞི་བ་ཙན་དན་དཀར་པོའམ༔ ཤུག་པ་དཀར་པོའི་ཤིང་གིས་བཀང་༔ ཞེས་པ་ལྟར། དེའི་སྟེང་དུ་ཙན་དན་དཀར་པོ་དང་ཤུག་པ་འོ་མ་ཅན་སོགས་ཀྱི་ཤིང་ལ་ཡང་མི་རུང་བ་མིན་ནའང་འཇུག་པ་བདེ་བར་འདོད་ན་སྲོག་ཆགས་མེད་པའི་ནགས་ཀྱི་ལྕི་བ་སྐམ་པོའི་ཐབ་ཟླུམ་པོ་རྒྱར་ཁྲུ་གང་པ་དཔངས་སུ་དེའི་ཕྱེད་ཆ་བརྩིགས་པར་འབྲས་དཀར་རམ་ས་དཀར་ལྟ་བུས་ཁ་དོག་བསྒྱུར། མན་ངག་ལྟར་མེ་ཚང་བཅའ་ཞིང་ཤར་ལྷོའི་མཚམས་སུ་ཏིང་ལོ་ཆེ་བ་ཞིག་འཇོག །མེ་ཡོལ་གྱི་ངོས་ལ་གངས་རིའི་དབྱིབས་དང་ས་བོན་གྱི་ཡི་གེ་ཕྱོགས་མ་ལོག་པར་བྲིས། ཡེ་ཤེས་གསལ་སྒྲོན་ལས། སྤོས་མར་བྱུགས་པའི་ཡམ་ཤིང་ནི༔ རིགས་དང་མཐུན་པའི་རིང་ཐུང་ཚད༔ ཞི་བ་ལྕང་མ་སོར་བརྒྱད་ལ༔ ཞེས། འོ་མ་ཅན་དང་ལྕང་མ་ལ་སོགས་པའི་ཤིང་སྲིན་འབུས་མ་ཟོས་ཤིང་གས་ཆག་གི་སྐྱོན་དང་བྲལ་བ་སྲིད་དུ་སོར་བརྒྱད་པ་སྦོམས་སུ་མཐེའུ་ཆུང་གི་ཚད་ཙམ་པ་རྩ་རྩེ་གཉིས་ལ་མར་དང་འོ་མ་དང་སྦྲང་རྩི་བྱུགས་ཤིང་བདུད་རྩི་དང་དྲི་ཞིམ་པོའི་ཆུ་དཀར་པོས་སྦགས་པ་ཡེ་ཤེས་གསལ་སྒྲོན་ལས། སྡིག་སྒྲིབ་ཞི་བའི་སྲེག་རྫས་ནི༔ ཏིལ་དང་ནས་འབྲས་ཡུངས་ཀར་གྲོ༔ སོ་སྲན་ལ་སོགས་འབྲུ་སྣ་དང་༔ འོ་མ་ཞོ་དང་མར་དཀར་རྫས༔ སྦྲང་བུར་ཀ་ར་སྨན་སྣ་དང་༔ རྒུན་འབྲུམ་ལ་སོགས་ཤིང་ཏོག་དང་༔ ཤ་ཚིལ་དར་ཟབ་རིན་ཅེན་ཚོགས༔ ཆང་དང་ཤ་ཁྲག་བཏུང་བའི་ཚོགས༔ ཕྱེ་དང་ལན་ཚ་སྤོང་ལ་སོགས༔ དུར་བ་ཀུ་ཤ་རྨ་བྱའི་མདོངས༔ (༣ན)


GLG024_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་འབྱོར་ཚོགས་འཁོར་དཔག་མེད་དང་༔ དྲི་ཞིམ་མེ་ཏོག་སྣ་ཚོགས་བསག༔ ཅེས་པ་ལྟར། ཁ་དོག་དཀར་པོའི་མར་ཁུ་སོགས་རྫས་ཆེན་ཉེར་བདུན་རང་རྫས་ཀྱིས་སྦགས་པ། རྫས་སྣ་བརྒྱད་དང་ལྡན་ཞིང་རླངས་བཙོས་བྱས་པའི་འབྲས་དཀར་གྱི་ཟས་མཆོག །ཁྱད་པར་གྱི་རྫས་གུ་གུལ་དཀར་པོ། ཙན་དན་དཀར་པོ། དཱུརྦ། པྲི་ཡངྐུ། ཐང་ཆུ། འབྲས་ཡོས། ཙམྤ་ཀ །འདོད་གསོལ་གྱི་ཤིང་བྱང་སྤེལ་ཚིག་ཅན་རྣམས་ཐུན་མོང་མ་ཡིན་པའི་དམ་རྫས་ལྔས་སྦགས་ཤིང་བྱང་བུམ་གཏོགས་པ་རྣམས་གཅིག་ཏུ་བསྲེས་ནས་རིལ་བུ་བྱས་ཀྱང་རུང་། དེ་ཡང་རྫས་རྣམས་མེ་ལྷ་དང་དཀྱིལ་འཁོར་གྱི་ལྷ་གཉིས་ལ་མང་ཉུང་གི་དབྱེ་བས་ཤེལ་དཀར་པོ་སོགས་རིན་པོ་ཆེའམ་ཁམས་དཀར་པོའི་སྣོད་དུ་བཀོད་ནས་གཡས་ཕྱོགས་སུ་ལས་མཐུན་གྱི་སྟན་ལ་གོ་རིམ་མ་ནོར་བར་བཀོད། རང་རྫས་དམིགས་བསལ་བསྲེས་པའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མ། ཆུ་གཉིས་སྔོན་དུ་འགྲོ་བའི་ཕྱི་ནང་གི་ཉེར་མཆོད་སོ་སོར་གཡོན་ཕྱོགས་སུ་བསྒྲིག །མདུན་དུ་ལས་བུམ། མེ་ཏོག །ཐོད་པ་ལྟག་སྤྲོད་ཀྱི་རྔ་ཆུང་། རྡོ་རྗེ། དགང་བླུགས་ཁ་སྦྱར་དྲིལ་བུ། སྨན་རཀ །ཀུ་ཤ་བརྒྱད། དཔལ་འབར། རླུང་གཡབ་རི་མོ་ཅན། སོ་རྩི་སྦྱར་མ། གོས་ཟུངས་སོགས་ཡོ་བྱད་རྣམས་ཚང་བར་བཤམས། དེ་ནས་བསྒྲུབ་པ་པོ་ལུས་ལ་དྲི་ཞིམ་པོ་བྱུགས། ཞི་བའི་གར་ཆས་སམ། མ་འགྲུབ་ན་གོས་རྒྱན། ཐོད་དཀར་པོ་བྱ། སྟན་ནང་ཚངས་ཅན་གྱི་སྟེང་དུ་པདྨའི་འདུག་སྟངས་ཀྱིས་ཤར་ཕྱོགས་སུ་ཁ་བལྟས་ལ། སྔར་མ་ཟིན་ན་ལས་བྱང་ནས་ཚོགས་ཀྱི་བར་བྱ། དེ་ནས་ངག་བཅད། རྡོར་དྲིལ་བཅངས་ཏེ། དེ་ཉིད་དང་རྔ་བྱིན་རླབས་གསང་རྫོགས་ཀྱི་ལྷན་ཐབས་ལྟར་བྱ། གཟར་བུ་གཉིས་(༣བ)


GLG024_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

བརླབ་པ་ནི། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཡེ་ཤེས་ཀྱི་ལྷའི་ཐུགས་རྒྱུད་བསྐུལ། བྱིན་རླབས་རྣམས་འོད་ཟེར་གྱི་ཚུལ་དུ་བཀུག་སྟེ་གཟར་བུ་གཉིས་ལ་ཐིམ། དེ་ཞུ་བ་ལས། ཧཱུཾ་ལས་བླུགས་གཟར་རྡོ་རྗེ་དང་། ཨ་ལས་དགང་གཟར་དྲིལ་བུའི་རྣམ་པ་ཅན་ཡོངས་སུ་གྱུར་པ་ལས་ཀརྨ་ཧེ་རུ་ཀ་མཐིང་ནག་ཕྱག་གཉིས་ཕུར་བུ་བསྒྲིལ་བ་དང་འཁོར་ལོ་རྒྱས་འདེབས་མ་སྔོན་མོ་རྡོ་རྗེ་དུང་ཁྲག་འཛིན་པ་སྙོམས་པར་ཞུགས་པའི་རྐྱེན་གྱིས་འོད་དུ་ཞུ་ནས་བླུགས་གཟར་དང་དགང་གཟར་གྱི་རྣམ་པར་བསམ། ལས་བུམ་ནི་སྒྲུབ་ཁོག་དངོས་གྲུབ་རྒྱ་མཚོ་ནས་ལེན། གཏོར་མ་བརླབ་པ་ནི། བཀའ་བརྒྱད་གསང་བ་ཡོངས་རྫོགས་ལྟར་བྱ། མཆོད་པ་ནི་གཡས་བསྐོར་གྱིས་བསངས་ཆུ་དང་སྨན་ཕུད་ནས་ཀྱང་གཏོར་ཏེ་གསང་རྫོགས་ལྟར་བརླབ། སྲེག་རྫས་ནི་བདུད་རྩི་འཁྱིལ་བས་བསངས། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་སྲེག་རྫས་རྣམས་དངས་ཤིང་ཐོགས་པ་མེད་པ་སོ་སོའི་མཚན་ཉིད་ཡོངས་སུ་རྫོགས་ཤིང་རང་རང་གི་ཞི་བའི་ལས་རབ་འབྱམས་མ་ལུས་བསྒྲུབ་པའི་ནུས་པ་དང་ལྡན་པར་མོས་ལ། ཕྱག་རྒྱ་དང་བཅས་ཏེ། ཨཱོཾ་ཨཱོཾ་སྭཱ་ཧཱས་རྫས་རྣམས་བཀྲུ། ཨཱོཾ་ཨཱཿསྭཱ་ཧཱས་ཡམ་ཤིང་། ཨཱོཾ་ཤྲཱི་སྭཱ་ཧཱས་མར། ཨཱོཾ་ཛྲིཾ་སྭཱ་ཧཱས་འབྲུ། ཨཱོཾ་ཀུ་རུ་ཀུ་རུ་སྭཱ་ཧཱས་རྫས། གཞན་རྣམས་བརླབས། ཨཱོཾ་ཨཱཿཧཱུཾ་འཇིགས་པ་བརྒྱད་ལ་སོགས་པ་ཐམས་ཅད་ཤིནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་ནུས་ལྡན་གྱི་བདུད་རྩིར་མོས་སོ། །མེ་སྒྲུབ་པ་ནི། ལས་སྔགས་བརྗོད་ཅིང་གཞུང་བཞིན་ཁུངས་སུ་ལྡན་གྱི་མེ་ལས་སྦར་བའི་སྤོར་ལྡེ་ཐལ་མོ་སྦྱར་བའི་བར་དུ་བཟུང་ནས་ལན་གསུམ་བསྐོར་བ་དང་མཉམ་དུ་ཀཱི་ལ་ཡ་བཟླ་ཞིང་། ཏིང་ལོ་སྦར་བ་དང་བཅས། ཨཱོཾ་ཨགྣི་རཾ་ཛྭ་ལ་རཾ། ཞེས་བརྗོད་(༤ན)


GLG024_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་རྩྭ་སྐམ་ཅུང་ཟད་བཅུག །རྩ་སྔགས་དང་བཅས་བླུགས་གཟར་གསུམ་གྱིས་མེ་གསོ་རླུང་གཡབ་ཀྱིས་ཅུང་ཟད་གཡབ། མེ་བཀྲ་བརྟག་ཅིང་ངན་ན་གཞིལ་བའི་ཐབས་བྱ། ཐབ་སྔར་བཞིན་བསངས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་བྱུང་བའི་ཞི་བའི་ཐབ་ཁུང་ཟླུམ་པོ་དཀར་པོ་རྒྱར་ཁྲུ་གང་པ། དཔངས་སུ་ཁྲུ་བྱེད་པ། ཁ་ཁྱེར་ངང་མུ་རན་གཉིས་ཀ་སོར་བཞི་པ་རྡོ་རྗེའི་འཕྲེང་བས་ཟླུམ་པོར་བསྐོར་བ། ཕྱི་རོལ་གྱི་གྲ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ་དངས་ཤིང་ཐོགས་པ་མེད་པ་མེ་འབར་བའི་དབུས་སུ་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རཾ་དཀར་པོ་ལས་བགྲང་འཕྲེང་རཾ་གྱིས་མཚན་པ། དེ་ལས་འོད་ཟེར་འཕྲོས་འདུས་གཅིག་ཏུ་གྱུར་པ་ལས། མེ་ལྷ་སྐུ་མདོག་དཀར་པོ་ར་སྐྱེས་ལ་ཞོན་པ་ཞལ་གཅིག་ཕྱག་གཉིས་པ་གཡས་གུནྡྷེ་དང་གཡོན་སྐྱབས་སྦྱིན་གྱི་ཕྱག་རྒྱས་བགྲང་འཕྲེང་འཛིན་པ་གསུས་ཁྱིམ་ཆེ་བ། རལ་པའི་ཐོར་ཚུགས་ཅན། སྨ་རའི་ཨག་ཚོམས་དང་ཚངས་པའི་སྐུད་པ་འཕྱང་བ། སྐུ་ལས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་འཕྲོ་ཞིང་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བ། དེའི་དཔྲལ་བར་ཨཱོཾ། མགྲིན་པར་ཨཱཿ། ཐུགས་ཀར་ཧཱུཾ། དེ་ལས་འོད་ཟེར་འཕྲོས་པས། རི་རབ་ཀྱི་མེ་མཚམས་ནས་མེ་ལྷ་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿ རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བྱ་ཞིང་དབྱུ་གུ་དེ་གསུམ་པའི་ཕྱག་རྒྱས་རྣ་བའི་དྲུང་ནས་གཡབས་ཏེ། ཧཱུཾ། དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་ཚུར་གཤེགས་འབྱུང་བ་ཆེ༔ མེ་ལྷའི་དྲང་སྲོང་བྲམ་ཟེ་མཆོག༔ སྲེག་བླུགས་ཞལ་ཟས་བཞེས་སླད་དུ༔ འབར་བའི་གདན་ལ་བཞུགས་སུ་གསོལ༔ ཨ་ལ་ལ་སྟེ་དགྱེས་པར་མཛོད༔ ཨེ་ཧྱེ་ཧི་བྷ་ག་ཝ་ན་མ་ཧཱ་ཀ་རུ་(༤བ)


GLG024_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ཎིཀ་ཏྲི་ཤྱ་ཧོཿ ས་མ་ཡ་སྟཾ༔ ཨགྣི་ཛཿ ཛཿཧཱུཾ་བཾ་ཧོཿ ཨགྣི་དྷེ་ཝ་ཤྲཱི་ཧཱུཾ་ཛ། ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ༔ ཞེས་སྤྱན་དྲངས་ཤིང་གདན་འབུལ། ཧཱུཾ། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག༔ ཞི་བའི་དོན་ལ་དམ་ཚིག་དགོངས༔ གཟི་བརྗིད་ཆེ་ཞིང་ཐུགས་རྗེར་ལྡན༔ བདག་ཅག་གུས་པས་ཁྱོད་ཕྱག་འཚལ༔ ཨཱོཾ་ཨགྣ་ཡེ་དེ་ཝ་ས་ཏི་པུ་པྲ་ཏཱིཙྪ་ཧོཿས་ཕྱག་བྱ། ཧཱུཾ། དྲང་སྲོང་མེ་ལྷ་འཁོར་བཅས་ལ། །མཆོད་ཡོན་ཞབས་བསིལ་མེ་ཏོག་སྤོས། །སྒྲོན་མེ་དྲི་ཆབ་ཞལ་ཟས་སྒྲ། །འབུལ་གྱིས་ཞི་བའི་འཕྲིན་ལས་མཛོད། །ཨཱོཾ་ཨགྣ་ཡེ་དེ་ཝ་རཱ་ཛ་ཨརྒྷཾ་པཱུ་ཛ་ཧཱུཾ་ཨོཾ་པཱ་དྱཾ་པཱུ་ཛ་ཧཱུཾ་སོགས་ནས་ཤཔྟ་པཱུ་ཛ་ཧཱུཾ་གི་བར་གྱིས་ཕྱི་མཆོད་འབུལ། ཧཱུཾ། དྲང་སྲོང་ཆེན་པོས་སྔོན་ཆད་མ་བསྟར་བའི༔ ཏིང་འཛིན་དབང་བསྒྱུར་ཞལ་ཟས་བདུད་རྩི་འདི༔ དག་ཅིང་གཙང་མར་སྦྱར་ཏེ་འབུལ་ལགས་ཀྱིས༔ ཡེ་ཤེས་ཐུགས་རྗེའི་སྒོ་ནས་བཞེས་སུ་གསོལ༔ ཨོཾ་ཨགྣི་དེ་ཝ་རཱ་ཛ་པཱུ་ཛ་ཁཱ་ཧི། སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། མཧཱ་རཀྟ་ཁཱ་ཧི། ཞེས་ནང་མཆོད་འབུལ། ཧཱུཾ། གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །འདོད་ཡོན་མི་ཟད་ནམ་མཁའ་མཛོད། །ལོངས་སྤྱོད་ཚོགས་ཀྱི་མཆོད་པ་འདི། །མེ་ལྷ་འཁོར་དང་བཅས་ལ་འབུལ། །ཨཱོཾ་ཨགྣི་དེ་ཝ་རཱ་ཛ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི་ཞེས་ཚོགས་ཕུད་འབུལ། །ཧཱུཾ། ཚངས་པ་འཇིག་རྟེན་མགོན་གྱི་སྲས༔ མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག༔ འབྱུང་པོ་ཡོངས་ལ་སྐྱབས་བྱའི་ཕྱིར༔ ཐུགས་རྗེའི་དབང་གིས་སྐུ་སྤྲུལ་པ༔ རིག་སྔགས་སྒྲུབ་པའི་དྲང་སྲོང་ཚུལ༔ ཉོན་མོངས་བསྲེག་པའི་ཤེས་རབ་འོད༔ གཟི་བརྗིད་བསྐལ་པའི་མེ་ལྟར་འབར༔ མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན༔ ཐབས་ཀྱི་ཐེག་པ་ར་ལ་བཅིབས༔ བགྲང་འཕྲེང་འཛིན་ཅིང་རིག་སྔགས་གསུང་༔ (༥ན)


GLG024_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་བཅུད་ལྡན་གུནྡྷེ་བསྣམས༔ ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ༔ ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད༔ འཇིག་རྟེན་ཚུལ་འཛིན་མྱ་ངན་འདས༔ ཞི་བ་མཉེས་ཤིང་ཐུགས་རྗེ་ཆེ༔ དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ༔ ཞེས་བསྟོད། ཀུ་ཤ་བརྒྱད་པོ་ལག་གཡོན་ཏུ་བཟུང་སྔར་བཞིན་བསངས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་ཀུ་ཤ་སྔོ་ལྗང་རྩ་རྩེ་མ་ཉམས་པ་དངས་ཤིང་ཐོགས་པ་མེད་པ་ཞི་བའི་ལས་རབ་འབྱམས་སྒྲུབ་པའི་ནུས་པ་དང་ལྡན་པར་བསམས་ལ། ཀུ་ཤ་འདི་ནི་གཙང་ཞིང་དགེ །


GLG024_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ས་ལས་སྐྱེས་པའི་སྙིང་པོ་མཆོག །དཀོན་མཆོག་གསུམ་གྱི་དག་བྱེད་དེ། །ཚངས་པ་ཡི་ཡང་དག་བྱེད་ཡིན། །འདི་ཡིས་བདག་ལ་བགེགས་མེད་ཅིང་། ལས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བཛྲ་སཏྭ་ཨ། ཞེས་ཀུ་ཤ་རྣམས་རྩེ་མོ་གཡས་བསྐོར་དུ་རིམ་པ་བཞིན་རྩ་བས་རྩེ་མོ་མནན་ལ་དགྲམ། བྱོན་ཟན་འབུལ་བ་ནི། མེ་ལྷའི་ཞལ་འཛུམ་ཞིང་ཅུང་ཟད་གདངས་པའི་ལྕེ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་ཧཱུཾ་དང་དགང་བླུགས་ཀྱི་རྩེ་ལ་རཾ་ཡིག་གིས་མཚན་པར་མོས་ནས། ཨཱོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་བརྗོད་ཅིང་། བླུགས་གཟར་བདུན་གྱིས་དགང་གཟར་བཀང་ལ་པུས་མོའི་ཁོངས་ལས་ལག་པ་གཉིས་མི་འདའ་བའི་རྡོ་རྗེ་ཁུ་ཚུར་རམ་བྱང་ཆུབ་མཆོག་གི་ཕྱག་རྒྱས་གཟར་བུ་གཉིས་ཁ་སྦྱར་ཞིང་གཡས་སུ་བསྐོར་ཏེ། ཨཱོཾ་ཨགྣ་ཡེ་དི་བྱ་དི་བྱ་བི་ཤུདྡྷེ་ཤྲཱི་ཧ་བྱ་ཀ་བྱ་བ་ཧ་ན་ཡེ་བདག་ཅག་གི་ཏིང་ངེ་འཛིན་མི་གསལ་ཞིང་སྔགས་ཆད་ལྷག་གི་ཉེས་པ་དང་ནད་གདོན་སྡིག་སྒྲིབ་མི་མཐུན་པའི་ཕྱོགས་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་འབུལ་ཞིང་མེ་བཀྲ་གསལ་བའི་སྒྲོན་མེ་ལྟར་བརྟག་ཅིང་ངན་ན་བསྲུང་། མེ་ལྷའི་ཐུགས་ནས་འོད་འཕྲོས་པས། །བསྒྲུབ་བྱའི་ནད་གདོན་སྡིག་སྒྲིབ་སོགས། མི་མཐུན་ཕྱོགས་(༥བ)


GLG024_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་དུད་ཁུ་དང་། །རྣག་ཁྲག་སྲོག་ཆགས་གཟུགས་བརྙན་ཚུལ། །བ་སྤུའི་བུ་ག་ཐམས་ཅད་ནས། །ཕྱིར་ཐོན་སྲེག་རྫས་རྣམས་ལ་ཐིམ། །ཞེས་བརྗོད་ནས། ཧཱུཾ། དྲང་སྲོང་མེ་ལྷ་འཁོར་བཅས་ལ། །རྫས་ཆེན་ཉེར་བདུན་སྲེག་རྫས་འབུལ། །ཚེ་དཔལ་བསོད་ནམས་སྟོབས་འབྱོར་དང་། །ལུང་རྟོགས་ཆོས་སྲིད་ལེགས་ཚོགས་ལ། །བར་དུ་གཅོད་པའི་གདོན་བགེགས་དགྲ། །གཏད་སེལ་མནན་དབྱེ་རྦོད་གཏོང་བྱད། །དབུལ་ཕོངས་ནད་རིམས་དུས་མིན་འཆི། །སྡིག་སྒྲིབ་ཉེས་ལྟུང་ཇི་སྙེད་པ། །མ་ལུས་བྱང་ཞིང་དག་འགྱུར་པའི། །ཞི་བའི་འཕྲིན་ལས་དུས་ལ་བབ། །ཅེས་བརྗོད་དེ་གཡོན་པས་སྲེག་རྫས་ཀྱི་སྣོད་བཟུང་། གཡས་པའི་མཐེབ་སྲིན་གྱིས་བསླངས་ཏེ། འོག་ནས་བསྐོར་ཞིང་མཆོག་སྦྱིན་གྱི་ཕྱག་རྒྱས་ཡམ་ཤིང་ནི། ཨཱོཾ་ཨགྣ་ཡེ་བཛྲ་ཡཛྙཱ་ཡ། བདག་ཅག་གི་ཏིང་ངེ་འཛིན་མི་གསལ་ཞིང་སྔགས་ཆད་ལྷག་གི་ཉེས་པ་དང་གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་སོགས་ནད་གདོན་སྡིག་སྒྲིབ་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པ་ཐོག་མཐའ་གཉིས་ཅི་རིགས་དང་རྫས་སྔགས་རྐྱང་པས་བདུན་ནམ་བཅུ་བཞི་ཉེར་གཅིག་སོགས་སྐབས་སྦྱར་འབུལ། འདིར་བསྙེན་པ་ཁ་སྐོང་གི་སྤེལ་ཚིག་བཀོད་པ་ཡིན་ལ། ལས་གཞན་སྒྲུབ་ན་ཁ་བསྒྱུར་ལུགས་མཐོང་བརྒྱུད་ཀྱི་ཕྱག་ལེན་ལྟར་བྱེད། ལྷ་རྫས་ཀྱི་སྔགས་གཉིས་གོང་ལྟར་ལ། མེ་ཏོག་སྣ་ཚོགས་ནི་གཟི་བརྗིད་ཕུན་སུམ་ཚོགས་པའི་ཚབ་ཏུ་མདངས་ཕུན་སུམ་ཚོགས་པ་ལ། ཞེས་པས་མཚོན་ཏེ་ལས་སྔགས་བསྒྱུར་མི་དགོས་པའི་དམིགས་བསལ་བྱུང་བ་རྣམས་མ་གཏོགས་འདོན་པ་བསྒྱུར་ལུགས་རིགས་འགྲེ། །དར་སྣ་ནི་ཁ་དོག་ཕུན་སུམ་ཚོགས་པ། མར་ནི། ཨཱོཾ་ཨགྣ་ཡེས། ལྷ་རྫས་གཉིས་ཀའི་སྔགས་ཀྱིས་གོ་བཅད་དེ་འབྱོར་པ་ཕུན་སུམ་(༦ན)


GLG024_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པ་ལ། ཏིལ་ནི། ཨཱོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ། དགེ་བ་ཕུན་སུམ་ཚོགས་པ་ལ། སྔགས་གཉིས་གོང་ལྟར་གྱི། ཆང་ནི་ཉམས་རྟོགས་ཕུན་སུམ་ཚོགས་པ་ལ། སྤོས་ནི་དམ་ཚིག་དང་སྡོམ་པ་ཕུན་སུམ་ཚོགས་པ་ལ། དཱུརྦ་ནི། ཨཱོཾ་བཛྲ་ཨཱ་ཡུ་ཥེ། ཚེ་ཕུན་སུམ་ཚོགས་པ་ལ། འབྲས་ནི། ཨཱོཾ་བཛྲ་པུཥྚ་ཡེ། བསོད་ནམས་ཕུན་སུམ་ཚོགས་པ་ལ། སོ་བ་ནི། ཨཱོཾ་བཛྲ་བི་ཛཱ་ཡ། ནོར་དང་འབྲུ་ཕུན་སུམ་ཚོགས་པ་ལ། ཟས་མཆོག་ནི། ཨཱོཾ་སརྦ་སཾ་བྷ་དེ། བདེ་བ་ཕུན་སུམ་ཚོགས་པ་ལ། ཀུ་ཤ་ནི། ཨཱོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ། སྲུང་བ་ཕུན་སུམ་ཚོགས་པ་ལ། ཡུངས་ཀར་དང་ཤ་ཁྲག་ཚིལ་གསུམ་རྣམས་ལྷན་ཅིག་ཏུ། ཨོཾ་སརྦ་ཨཪྠ་སདྷཱ་ཡ། གེགས་མེད་ཕུན་སུམ་ཚོགས་པ་ལ། སྔགས་གོང་བཞིན་གྱི། རྨ་བྱའི་སྒྲོ་ནི། འོག་གདོན་གྱི་འཚེ་བ་མེད་པ་ཕུན་སུམ་ཚོགས་པ་ལ། ལན་ཚ་ནི་སྦྱོར་བ་ངན་པ་མེད་པ་ཕུན་སུམ་ཚོགས་པ་ལ། ནས་ནི། ཨཱོཾ་མ་ཧཱ་བེ་གྷཱ་ཡ། ཤུགས་ཕུན་སུམ་ཚོགས་པ་ལ། སྔགས་གཉིས་གོང་ལྟར་གྱི། འོ་མ་ནི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ལ། སྲན་མ་དང་རིན་པོ་ཆེ་སྣ་ཚོགས་རྣམས་ལྷན་ཅིག་ཏུ། ཨཱོཾ་མ་ཧཱ་བ་ལཱ་ཡ། སྟོབས་ཕུན་སུམ་ཚོགས་པ་ལ། གྲོ་ནི། ཨཱོཾ་བཛྲ་གྷསྨ་རེ། རིམས་མེད་པ་ཕུན་སུམ་ཚོགས་པ་ལ། དངར་གསུམ་ནི། ཨཱོཾ་བཛྲ་མ་ལེ་པུསྟཱ་ཡ། མོས་པ་ཕུན་སུམ་ཚོགས་པ་ལ། སྨན་སྣ་ཚོགས་ནི། ཨཱོཾ་བཛྲ་མ་ཧཱ་ཤྲཱི་ཡཾ་པ་ཏ་ཡེ། ནད་མེད་པ་ཕུན་སུམ་ཚོགས་པ་ལ། ཤིང་ཏོག་སྣ་ཚོགས་ནི། ཨཱོཾ་བཛྲ་ཤ་བ་ལེ། རིགས་བརྒྱུད་ཕུན་སུམ་ཚོགས་པ་ལ། འབྲུ་མར་ནི། ཨཱོཾ་བཛྲ་ཚེ་ཏཱ་ཡ། ས་ལམ་གྱི་ཡོན་ཏན་ཕུན་སུམ་ཚོགས་པ་ལ། ཁྱད་པར་གྱི་རྫས་སྤྱི་རྣམས་(༦བ)


GLG024_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱོཾ་ཨགྣ་ཡེ་བདག་ཅག་གི་ཏིང་ངེ་འཛིན་མི་གསལ་ཞིང་སྔགས་ཆད་ལྷག་གི་ཉེས་པ་དང་ནད་གདོན་སྡིག་སྒྲིབ་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཤིང་བྱང་ནི། སྔགས་བཤད་མ་ཐག་པ་ལྟར་དང་། བདག་ཅག་ལ་བར་དུ་གཅོད་པའི་མེའི་འཇིགས་པ་དེ་དང་། ཆུའི་འཇིགས་པ་དང་། ནད་ཀྱི་འཇིགས་པ་དང་། མུ་གེའི་འཇིགས་པ་དང་། ཕ་རོལ་དམག་ཚོགས་ཀྱི་འཇིགས་པ་དང་། གདོན་གྱི་འཇིགས་པ་དང་། མཚོན་གྱི་འཇིགས་པ་དང་། དུས་མ་ཡིན་པར་འཆི་བའི་འཇིགས་པ་བརྒྱད་པོ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པའི་གྲངས་སྔར་ལྟར་གྱིས་འབུལ། ཧཱུཾ། སྲེག་རྫས་མཆོད་པས་མེ་ཡི་ལྷ། །མཉེས་ཏེ་སྐུ་ལས་འོད་ཟེར་འཕྲོས། །བསྒྲུབ་བྱའི་སྙིང་གར་ཕོག་པ་ཡིས། །སླར་ཡང་སྒོ་གསུམ་སྡིག་སྒྲིབ་བསྲེགས། །འོད་ཟེར་བདུད་རྩིའི་ཆུ་རྒྱུན་ལྟར། །བབས་པས་ནད་གདོན་སྡིག་སྒྲིབ་སོགས། །མི་མཐུན་ཕྱོགས་རྣམས་རབ་བཀྲུས་ཏེ། །བཤང་གཅིའི་ལམ་ནས་ཐོན་པར་གྱུར། ཞེས་བརྗོད། ཨཱོཾ་ཨགྣ་ཡེ་དེ་ཝ་རཱ་ཛ་ཨརྒྷཾ་པཱུ་ཛ་ནས་ཤཔྟའི་བར་གྱིས་སྔར་བཞིན་མཆོད་ཅིང་བསྟོད་པ་བྱ། ཧོ། དྲང་སྲོང་མེ་ལྷ་འཁོར་བཅས་ལ་འཕྲིན་ལས་སུ་གསོལ་བ་ནི། མེ་འབར་བའི་གདན་ལ་གཉིས་སུ་མེད་པར་བཞུགས་ནས་སྦྱིན་སྲེག་གི་མཆོད་པ་རྣམས་ཡེ་ཤེས་ཀྱི་ལྷ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་འཁོར་དང་བཅས་པའི་ཞལ་དུ་བསྟབ་པར་མཛད་ཅིང་འཕྲིན་ལས་རྣམ་བཞི་གང་བྱེད་པ་རྣམས་གྲུབ་པར་མཛད་དུ་གསོལ། ཞེས་འཕྲིན་ལས་གསོལ། འཇིག་རྟེན་ལས་འདས་པའི་མེ་ལྷ་མཆོད་པ་ནི། ཧཱུཾ། དྲང་སྲོང་མེ་ལྷའི་ལྟོ་བ་ཡངས་པའི་ནང་། །བྷྲ྄ུཾ་ལས་བྱུང་བའི་དྲག་པོའི་ཕོ་བྲང་ལ། །ཟླ་གམ་དམར་པོ་མཐིང་ནག་གྲུ་གསུམ་བརྒྱད། །ཅེས་པ་ནས་བཟུང་བསྒྲལ་བར་ནུས་པའི་དབང་འཐོབ་གྱུར། ཞེས་པའི་བར་དཀྱུས་བཞིན་བྱ། དེ་ཡང་ཐུགས་ཀྱི་དངོས་གྲུབ་ཀུན་བསྡུས་བདག་ལ་ཐིམ་ཞེས་པ་རྡོ་རྗེར་(༧ན)


GLG024_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ་དང་། སྐུ་ཡི་དབྱིག་ཏུ་བསྐྱེད་པར་བགྱི་ཞེས་པ་ཁྲག་འཐུང་སྐྱེད་པར་བགྱི་དང་། བདག་ཉིད་དཔལ་ཆེན་ཞེས་པ་བཅོམ་ལྡན་དཔལ་ཆེན་ལ་འདོན་པ་བསྒྱུར། གཙོ་འཁོར་ཀུན་ཀྱང་སྐུ་མདོག་རྩ་བའི་ཞལ། །རབ་དཀར་ཞི་མ་ཁྲོ་ཡི་འཛུམ་མདངས་ཅན། །དཀར་ལ་འཚེར་བའི་འོད་ཟེར་འཕྲོ་བ་ཡི། །ཞི་བའི་ལས་ཀུན་མཛད་པའི་རྣམ་པར་གྱུར། །འགྱུར་མེད་བདེ་བ་ཆེན་པོའི་ངང་ཉིད་ལས་ཞེས་པ་ནས་བཟུང་སྟེ། ཕུར་སྲུང་བཀའ་བསྟོད་བཅས་ལ་ཕྱག་འཚལ་བསྟོད། །ཅེས་པའི་བར་དཀྱུས་ལྟར་ལས་རཀྟའི་མཆོད་པའི་རྗེས་སུ། གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས། །འདོད་ཡོན་ལྔ་ལྡན་ཚོགས་ཀྱི་མཆོད་པ་འདི། །དཔལ་ཆེན་རྡོ་རྗེ་ཕུར་པའི་ལྷ་ཚོགས་ལ། །གུས་པས་འབུལ་ལོ་ཞི་བའི་འཕྲིན་ལས་མཛོད། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཞེས་ཚོགས་ནས་ཀྱང་འབུལ། བྱོན་ཟན་ནི། ཡེ་ཤེས་པའི་ལྷ་ཚོགས་རྣམས་ཀྱི་ཞལ་འཛུམ་ཞིང་ཅུང་ཟད་གདངས་པའི་ལྗགས་ཧཱུཾ་ལས། རྡོ་རྗེ་རྩེ་ལྔ་པ་ཧཱུཾ་དང་། དགང་བླུགས་ཀྱི་རྩེ་ལ་རཾ་ཡིག་གིས་མཚན་པར་མོས་ནས། ཕྱག་རྒྱ་སོགས་སྔར་ཇི་ལྟ་བས་ཀཱི་ལཱ་མཚར་བདུན་བརྗོད་ཅིང་བླུགས་གཟར་བདུན་གྱིས་དགང་གཟང་འགེང་བ་སོགས་མེ་ལྷའི་སྐབས་ལྟར་བྱས་ཏེ། ཨཱོཾ་ཨགྣ་ཡེ་དི་བྱ་དི་བྱ་ནས་ནད་གདོན་སྡིག་སྒྲིབ་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱ་ཧཱའི་བར་གྱིས་སྔར་ལྟར་ལན་གསུམ་འབུལ། མེ་ལྷའི་ཐུགས་ནས་འོད་འཕྲོས་པས། ཞེས་སོགས་འདས་ལྷའི་ཐུགས་རྗེས་འདོན་པ་བསྒྱུར་ནས་བརྗོད། ཐོག་མར་གཙོ་བོ་ལ། ཧཱུཾ། ཁམས་གསུམ་ཟ་བར་བྱེད་པའི་རྐན་སྒྲ་ཅན༔ གདུག་པ་འདུལ་མཛད་ཕུར་པའི་ལྷ་ཚོགས་ལ༔ ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོཾ་ཁུང་དུ༔ བརྒྱུད་ལྔའི་བག་ཆགས་མ་(༧བ)


GLG024_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་སྲེགས་སྦྱངས་ནས༔ བདུད་རྩི་སྨན་དང་གསང་བའི་མཆོད་པ་སོགས༔ དམ་རྫས་གཏོར་མ་སྦྱིན་སྲེག་མཆོད་པ་འབུལ༔ ཡེ་ཤེས་ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ༔ དམ་ཉམས་དམ་སྐོང་མཐུ་དང་དངོས་གྲུབ་སྩོལ༔ ཞེས་བརྗོད་ནས་མེ་ལྷའི་སྐབས་བཞིན་རྫས་ཆེན་ཉེར་བདུན་ཁྱད་པར་གྱི་རྫས་དང་བཅས་པ་རྣམས་སྔགས་གསུམ་ལས་འདས་མ་འདས་ཀྱི་ལྷ་སྔགས་བརྗེ་བ་མ་གཏོགས་ཁྱད་པར་མེད་ཅིང་། ཉེར་གཅིག་བརྒྱ་སོགས་གྲངས་མང་ཉུང་སྐབས་དང་སྦྱོར། བསྙེན་པ་ཁ་སྐོང་གི་སྒོས་ཆོས་སྔགས་གཅིག་རྫས་གཅིག་ལ་ཆིག་དྲིལ་དུ་བྱ་བའི་ཚུལ་གྱིས་མཚོན་ཏེ་ལས་གང་སྒྲུབ་ཀྱང་དེ་ག་གཙོར་འདོན་གྱི་གནད་འགག་ཞལ་ནས་ཤེས་དགོས་སོ། །ཁྲོ་བཅུ་སོགས་འཁོར་རྣམས་ལས། ཧཱུཾ། རྣམ་པར་རྒྱལ་དང་ཧཱུཾ་ཆེན་ཀཱ་ར་སོགས། ཁྲོ་བཅུ་འབར་བའི་ལྷ་ཚོགས་མ་ལུས་དང་། །སྙེམས་སྡེར་དུར་ཁྲོད་གཏུན་ཁུང་རྡོ་རྗེ་སྡུད། མདའ་བསྙེམས་ལ་སོགས་ཁྲོ་མོ་བཅུ་ཡི་ཚོགས། །ཕག་དང་དམིགས་བུའི་མགོ་ཅན་ལ་སོགས་པ། །ཕྲ་ཕྱག་ཉི་ཤུ་སྒོ་བ་བཞི་རྣམས་ལ། །ཡེ་ཤེས་ཀློང་ཡངས་སོགས་བརྗོད། །ཨཱོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ། གརྫ་གརྫ་ཧཱུཾ་ཕཊ༔ ཨཱོཾ་བཛྲ་ཀྲོ་དྷ་བི་ཛ་ལ་ཧཱུཾ༔ ཧ་ན་ཧ་ན་ཧཱུཾ་ཕཊ༔ ཨཱོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུཾ༔ ད་ཧ་ད་ཧ་ཧཱུཾ་ཕཊ༔ ཨཱོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུཾ༔ པ་ཙ་པ་ཙ་ཧཱུཾ་ཕཊ༔ ཨཱོཾ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུཾ༔ བྷནྡྷ་བྷནྡྷ་ཧཱུཾ་ཕཊ༔ ཨཱོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུཾ༔ ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ༔ ཨཱོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུཾ༔ ཏིཥྛ་ཏིཥྛ་ཧཱུཾ་ཕཊ༔ ཨཱོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ། ཚིནྡྷ་ཚིནྡྷ་ཧཱུཾ་ཕཊ༔ ཨཱོཾ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུཾ༔ བྷིནྡྷ་བྷིནྡྷ་ཧཱུཾ་ཕཊ༔ ཨཱོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུཾ༔ སྥོ་ཊ་ཡ་སྥོ་ཊ་ཡ་ཧཱུཾ་ཕཊ༔ ཨཱོཾ་བཛྲ་ཨཾ་ཀུ་ཤ་ཛ༔ བཛྲ་པཱ་ཤྱ་ཧཱུཾ༔ བཛྲ་(༨ན)


GLG024_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

སྥོ་ཊ་བཾ༔ བཛྲ་གྷཎྜེ་ཧོ༔ ཞེས་པའི་སྔགས་དང་བཅས་ཏེ་སྲེག་རྫས་རྣམས་བདུན་ནས་ཉེར་གཅིག་དང་གཙོ་བོའི་བཅུ་ཆ་དང་མཉམ་པའི་དམིགས་བསལ་གྱི་རྫས་འབུལ། དེ་ནས་སྲུང་མ་རྣམས། ཧཱུཾ། ཤྭ་ན་མཆེད་བཞི་རེ་མ་མཆེད་བཞི་དང་། །སྲིང་མོ་བཞི་དང་མིང་པོ་གིང་ཆེན་བཞི། །མ་ཚོགས་དབང་ཕྱུག་ཉི་ཤུ་རྩ་བརྒྱད་སོགས། །དཔལ་ཆེན་ཕུར་པའི་བཀའ་སྲུང་ཚོགས་རྣམས་ལ། །ཡེ་ཤེས་ཀློང་ཡངས་སོགས་བརྗོད་པའི་རྗེས་སུ། མ་ཐ་མ་ཐ་བཛྲ༔ ཛྭ་ལ་ཛྭ་ལ་བཛྲ༔ སུ་རུ་སུ་རུ་བཛྲ༔ མུ་རུ་མུ་རུ་བཛྲ༔ མ་མ་པ་ཤཾ་ཀུ་རུ༔ མ་ཧཾ་ཉག་ཀ་ར༔ ཨི་ནན་དྷ་དྷི་མ་མ་ཀརྨ༔ ཤྲཱི་ཏྲཾ་ཀ་ར་ཡེ༔ ཀ་ཊཾ་ཀ་ཊ་ཡེ༔ ཛ་ཡེ་བི་ཛ་ཡེ༔ ཨ་ཛི་ཏེ་ཨ་པ་ར་ཛི་ཏེ༔ མ་ར་སེ་ནྱ་པྲ་མརྡྷ་ནི་ཧཱུཾ་ཕཊ༔ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་ཤྲཱི་ཏྲཾ་ཀ་ར་ཡ༔ མ་ར་ས་ན༔ པྲ་མ་དྷ་ན༔ ཡ་ཧཱུཾ་ཕཊ༔ མ་ནུ་རཀྴ་སི་བྷྱོ༔ པྲ་མ་ཎི་བྷྱོཿ རོའུ་ཏྲི་བྷྱོ༔ བེ་ན་བེ་བྷྱོ༔ ཀོའུ་རི་མ་བྷྱོ༔ ཨིནྡྲ་ནི་བྷྱོ༔ བཛྲ་སིང་ག་ལཾ་བྷྱོ༔ ཨ་མྲྀ་ཏ་བྷྱོ༔ སོའུ་མ་བྷྱོ༔ དན་ད་ཧཾ་བྷྱོ༔ རཀྴ་སི་བྷྱོ༔ བཀྴ་སི་བྷྱོ༔ རཏི་བཛྲ་མ་བྷྱོ༔ རུ་ཏི་ར་མཏྟ་བྷྱོ༔ ཨེ་ཀ་ཙཪྻཾ་བྷྱོཿ མ་ནོ་ཧ་རཾ་བྷྱོ༔ སི་ཏི་ཀ་བྷྱོ༔ བ་ཡ་བྱ་བྷྱོ༔ མ་ཧཱ་མཱ་ར་ན་བྷྱོ༔ ཨགྣེ་བྷྱོ༔ བྷ་ར་ཧི་བྷྱོ༔ ཙ་མུནྟྲི་བྷྱོ༔ སུ་ཏ་ནཾ་བྷྱོ༔ ཝ་རུ་ན་བྷྱོ༔ བཛྲ་མ་ཧཱ་ཀཱ་ལ་བྷྱོ༔ བཛྲ་ཙ་ཀ་ལི་བྷྱོ༔ བཛྲ་ཀུཾ་པ་ཀརྞ་བྷྱོ༔ བཛྲ་ལཾ་བོ་ད་ར་བྷྱོ༔ ཞེས་པའི་སྔགས་དང་བཅས་གོང་གི་སྲེག་རྫས་རྣམས་བདུན་ཙམ་དང་དམིགས་བསལ་གྱི་རྫས་འཁོར་གྱི་བཅུ་ཆ་འབུལ། སྲེག་རྫས་མཆོད་པས་མེ་ཡི་ལྷ་ཞེས་པའི་ཚིག་རྐང་དང་པོ། སྲེག་རྫས་མཆོད་པས་ཡེ་ཤེས་ལྷ་ཞེས་པར་འདོན་(༨བ)


GLG024_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

པ་བསྒྱུར། དགང་བླུགས་བདུན་ཚན་གསུམ་གཤེགས་སྐྱེམས་སུ་བྱོན་ཟན་གྱི་སྐབས་ལྟར་འབུལ། རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ལྷ་ཚོགས་ལ་ཞེས་སོགས་གཏང་རག་གི་ཤློ་ཀ་གཅིག་པོའི་མཇུག་ཏུ་ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་ཨརྒྷཾ་པྲ་ཏཱིཙྪ་ནས་ཤཔྟའི་བར་གྱི་ཕྱི་མཆོད་དང་། སརྦ་པཉྩ་དང་མཧཱ་རཀྟ་སྦྱར་བས་སྨན་རག་འབུལ། གཏོར་མ་བཀའ་བརྒྱད་ལས་བྱང་ལྟར་བྱིན་གྱིས་བརླབས། གསད་པའི་དམ་རྫས་རྨད་བྱུང་བ་ལིཾ་ཆེ། །ཞེས་སོགས་སྔགས་དང་བཅས་པས་འབུལ། ཨཱོཾ་བཛྲ་ཏཾ་བུ་ལ་ཡེ་སྭཱ་ཧཱས་སོ་རྩི་དང་། ཨཱོཾ་བཛྲ་ཝཥྚ་ཡེ་སྭཱ་ཧཱས་གོས་ཟུངས་འབུལ། བསྐལ་པའི་མེ་དཔུང་འབར་བའི་ཀློང་དཀྱིལ་ན༔ གདུག་པ་འདུལ་ཕྱིར་དུས་ལས་མི་ཡོལ་བའི༔ ཁྲོ་རྒྱལ་འདོད་པའི་སྲས་མཆོག་ཀཱི་ལཱ་ཡ༔ འཕྲིན་ལས་ཕུར་པའི་ལྷ་ལ་ཕྱག་འཚལ་བསྟོད༔ ཅེས་པས་མཆོད་བསྟོད་བྱ། །མཁྱེན་བརྩེ་ནུས་མངའ་རྡོ་རྗེ་ཕུར་པའི་ལྷས། །བསྟན་པ་རྒྱས་དང་དེ་འཛིན་ཚོགས་རྣམས་ཀྱི། །ཞེས་སོགས་ཀྱི་འདོད་གསལ་བཀའ་བརྒྱད་སྦྱིན་སྲེག་ན་ཡོད་པ་ལྟར་ལེན། ཧེ་རུ་ཀའི་ཡི་གེ་བརྒྱ་པ་ལན་གསུམ་གྱིས་ལྷག་ཆད་ཁ་བཀང་། མ་འབྱོར་པ་དང་ཉམས་པ་དང་༔ ཞེས་སོགས་ཀྱིས་བཟོད་པར་གསོལ༔ ཨཱོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་དང་། བཛྲ་མུཿས་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་བདག་ལ་ཐིམ་པར་བསམ། སླར་ཡང་འཇིག་རྟེན་པའི་མེ་ལྷ་མཆོད་པ་ནི། ཨཱོཾ་དྲང་སྲོང་མེ་ལྷ་འཁོར་བཅས་ལ། །ཞེས་པ་ནས། དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་པའི་བར་གྱིས་མཆོད་བསྟོད་བྱ། དྲང་སྲོང་མེ་ལྷ་འཁོར་བཅས་ལ། །རྫས་ཆེན་ཉེར་བདུན་སྲེག་རྫས་འབུལ། །ཞེས་པ་ནས། ཁྱད་པར་བའི་རྫས་(༩ན)


GLG024_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་སྔར་ལྟར་དང་གཤེགས་སྐྱེམས་དགང་བླུགས་བདུན་ཚན་གསུམ་པོ་བྱོན་ཟན་ལྟར་ཕུལ་རྗེས། སོ་རྩི་དང་གོས་ཟུངས་དཀྱུས་ལྟར་འབུལ། གཏོར་མ་ལས་བྱང་ལྟར་བརླབ། ཨཱོཾ་ཨགྣེ་དེ་ཝ་རཱ་ཛ་ས་པ་རི་ཝཱ་ར་མ་ཧཱ་བ་ལིཾ་ཏ་པཱུ་ཛ་ཁྭ་ཧི་ལན་གསུམ་དང་། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། ཞེས་པ་ནས། ཡིད་ལ་འདོད་པ་ཀུན་གྲུབ་ཤོག་གི་བར་བརྗོད། མེ་ལྷ་འཁོར་བཅས་ཁྱེད་རྣམས་ཀྱིས། །བདག་ཅག་དཔོན་སློབ་རྒྱུ་སྦྱོར་ལ། །གནོད་བྱེད་ནད་གདོན་དགྲ་བགེགས་དང་། །མཐུ་བྱད་དབུལ་ཕོངས་དུས་མིན་འཆི། །སྡིག་སྒྲིབ་ཉེས་ལྟུང་མ་ལུས་པ། །ཞི་ཞིང་དག་པར་མཛད་དུ་གསོལ། །ཞེས་འདོད་དོན་གསོལ། ཨཱོཾ་ཨགྣེ་དེ་ཝ་ར་ཛ་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཡིག་བརྒྱ་དང་། མ་འབྱོར་བ་སོགས་ཀྱིས་བཟོད་པ་གསོལ། བདག་གི་དོན་དང་གཞན་གྱི་དོན༔ བྱིན་ན་ཁྱོད་ཀྱིས་མཛད་ལགས་ཀྱིས༔ ཚིམ་ཞིང་དགྱེས་པར་མཛད་ནས་ཀྱང་༔ རང་གཞན་བཟང་པོར་གཤེགས་སུ་གསོལ༔ ཨཱོཾ་ཨགྣེ་དེ་ཝ་རཱུ་ཛ་ཡ་ཧི་གཙྪ། ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་ཛཿཧཱུཾ་བཾ་ཧོཿས་རང་དང་གཉིས་སུ་མེད་པར་མོས། མཆེད་རྣམས་སྲིན་ལག་སྦྲེལ། གྲལ་ཟླུམ་པོར་བྱས་ཏེ། ཡ་བྷྲུཾ་རཾ། ཨཱོཾ་བུདྡྷ། ཧེ་རུ་ཀ །བུདྡྷ་ཀྲོ་དྷི་ཤྭ་རི་སྟྭཾ། ཧཱུཾ་ཧ་ཧེ་ཕཊ་རཾ། ཨཱོཾ་གཏི་མུག་རྡོ་རྗེ་འཁོར་བཅས་ཀྱིས༔ འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན༔ སྐད་ཅིག་ཡུད་ལ་ཞི་མཛད་དེ༔ ཞི་བར་མ་གྱུར་དབྱིངས་སུ་རོལ༔ ཨཱོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ། གྷྲྀ་ཧྞ་གྷྲྀ་ཧྞ་ཧཱུཾ། གྲྀ་ཧྞཱ་པ་ཡ་གྲྀ་ཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ། བྷ་ག་ཝཱ་ན། བིདྱཱ་རཱ་ཛཱ་ཡ་ཧཱུཾ་ཕཊ༔ སྟཾ་བྷ་ཡ་ནན། ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་བྲོ་བརྡུང་། (༩བ)


GLG024_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

བསྔོ་བ་སྨོན་ལམ་བཀྲ་ཤིས་བྱ་ཞིང་མེ་ཏོག་གི་ཆར་པ་ཕྱོགས་ཀུན་ཏུ་དབབ། རྒྱུན་གྱི་སྤྱོད་ལམ་ལ་འཇུག །སྦྲེལ་ནས་བྱེད་ན་ཐལ་བ་རྙིང་པ་ནེམ་ཙམ་བྱས་པའི་ཁར་ཨོང་ཀོང་བརྩིགས་ཆོག་གོང་ལྟར་བྱེད། མེ་མ་ཤི་བར་དུ་མི་བསྒྲལ་ཞིང་གནས་ཁང་འཕོ་བ་སོགས་མྱུར་བའི་དགོས་པ་ཡོད་ན་འོ་མས་གཞིལ་ལ་འབབ་ཆུ་ཆེན་པོར་ཐལ་བ་རྣམས་དོར།དགོས་དོན་གཞན་ལའང་མཁོ་བས་ཚགས་བྱ་བར་ཡང་རུང་ངོ་། །ཐབ་ཀྱི་ཉེ་འཁོར་ཀུན་ཏུ་དྲི་བཟང་གིས་ཆག་ཆག་གདབ་ཅིང་། ལས་ཀྱི་རྗེས་མི་མངོན་པར་བྱ་བ་སོགས་ཕྱག་ལེན་སྤྱི་ལྟར་རོ། །བཅོམ་ལྡན་དོན་གྲུབ་བྱ་བ་ཡེ་ཤེས་དབྱིངས། །བདུད་སྡེའི་གཤེད་དུ་རབ་ཁྲོས་ཁྲག་འཐུང་དབང་། །དཔལ་ཆེན་ཕུར་པའི་ལྷ་ཚོགས་སྦྱིན་སྲེག་གིས། །མཉེས་ཆེད་ངལ་བ་བསྟེན་པ་དོན་དང་ལྡན། །ལྗོངས་འདིར་རྒྱལ་དབང་པདྨས་ཉེར་བསྟན་པའི། །ཕུར་པའི་ལུགས་སྲོལ་བཀའ་གཏེར་རྒྱུ་སྐར་དབུས། །ཉི་ཟླ་ལྟར་གསལ་ལྷ་བྲག་གཏེར་བྱོན་གྱི། །ལམ་ཟབ་མཁར་ཆེན་འཚོ་རྒྱལ་གོང་ཁུག་མ། །གང་དེའི་དབང་ལུང་གདམས་པ་སེ་སྟོན་དང་། །ལེགས་ལྡན་རྡོ་རྗེའི་མ་དྲོས་ཀླུང་ཆེན་ལས། །ལེགས་འོངས་འཁྲུལ་པའི་རྙོག་བྲལ་གངྒཱའི་རྒྱུན། །དམ་པའི་དྲིན་ལས་ཁོ་བོའི་བློ་མཚོར་བབས། །དགྱེས་མཛད་རྡོ་རྗེའི་དཀྱིལ་འཁོར་ཁ་བསྒྱུར་བའི། །སྨིན་བྱེད་སྟང་སྟབས་རོལ་དབྱངས་འུར་ཙམ་ལ། །ཕུར་པ་མཁན་པོར་རེ་བའི་སྔགས་རློམ་རྣམས། །སྐོམ་འདོད་སྨིག་རྒྱུར་བསྙེག་པའི་ངལ་བ་བཞིན། །ཤོག་སེར་དྲི་ངད་ལྡང་བའི་ཡི་གེའི་སྟེང་། །སྨིན་གྲོལ་གདམས་པར་ཞུན་ཐར་ཡོངས་བཅད་པར། །བསྐྱེད་རྫོགས་རྫོགས་ཆེན་བསྙེན་སྒྲུབ་ལ་བཅུར་བས། །ཚད་ལྡན་ཕུར་པའི་རིག་པ་འཛིན་ནམ་སྙམ། །དེ་སྐད་སྨྲ་བའི་སྤོབས་མཐོར་ཉེར་སོན་པ། །ཟུར་ཆེན་ཉང་སྟོན་ཁྱབ་(༡༠ན)


GLG024_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

བདག་བླ་མ་ཟུང་། །ཡུན་དུ་བསྟེན་པའི་བླ་མེད་བཀའ་དྲིན་གྱིས། །ཉེར་འཚོ་ཟ་ཧོར་བནྡེས་ཡི་གེར་བཀོད། །སྒྲིབ་གཉིས་བག་ཆགས་བཅས་པའི་རྫས་ཀྱི་ཚོགས། །ཡེ་ཤེས་མེ་དཔུང་ཀློང་དུ་རབ་སྦྱངས་པའི། །སྔོན་མེད་སྲེག་བླུགས་མཆོད་པས་ཡིད་ཅན་རྣམས། །ཀུན་བཟང་གདོད་མའི་རང་ཞལ་མངོན་འགྱུར་ཤོག །ཅེས་ལྷ་བྲག་གཏེར་བྱོན་གྱི་ཕུར་པ་ལུགས་གསུམ་གང་རུང་ལ་སྦྱར་ཆོག་པའི་ཞི་བའི་སྦྱིན་སྲེག་མུན་སེལ་འོད་དཀར་ཞེས་བྱ་བ་འདི་ནི། དགེ་སློང་བློ་བཟང་དོན་གྲུབ། །དགེ་སློང་ཚུལ་ཁྲིམས་རྒྱ་མཚོ། བདེ་སྟོང་ཆོས་རྗེ་བློ་བཟང་པདྨ་གསུམ་གྱིས་ཕུར་པའི་བསྙེན་ཆེན་དང་། སྔགས་རམས་པ་དོན་གྲུབ་རྒྱ་མཚོས་བསྙེན་ཆེན་ཡང་བསྐྱར། སྔགས་བན་བློ་བཟང་མཁྱེན་བརྩེས་ཀརྨ་གུ་རུའི་བསྙེན་པ་བཏང་སྐབས་ཁ་སྐོང་གི་སྦྱིན་སྲེག་ངག་འདོན་ཞིག་དགོས་ཞེས་བསྐུལ་བས་མཚམས་སྦྱར། སླད་མར་ཡང་འཕྲིན་ལས་ཕུར་པའི་རིག་པ་འཛིན་པར་འདོད་པ་རྣམས་ལ་ཕན་པའི་ཆེད་དུ། ཐུགས་སྒྲུབ་དྲག་པོ་རྩལ་གྱི་སྲེག་ཆོག་ལ་གཞི་བྱས། གཏེར་ཁ་གོང་གི་བཀའ་བརྒྱད་དང་དཔལ་འབྲི་གུང་པ་ཆོས་ཀྱི་གྲགས་པས་མཛད་པའི་ཚེ་བདག་སྦྱིན་སྲེག་སོགས། རྙིང་མ་རང་ལུགས་རྣམས་ནས་ཁ་འགངས་དགོས་པ་རྣམས་བཀང་། ཚིག་ཕྲད་སོགས་མི་གསལ་བའི་མེད་དུ་མི་རུང་བ་རྣམས། མཐུ་ཆེན་འཇིགས་མེད་དཔའ་བོ་དང་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་གི་གསུང་རབ་ཀྱིས་བརྒྱན་ཏེ། ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས་དཔའི་ངོ་བོར་བཞུགས་པའི་དཔལ་ལྡན་བླ་མ་རྣམ་གཉིས་ཀྱི་དྲིན་ལས་ལམ་སྲོལ་འདི་ལ་བློ་མིག་རྣམ་པར་ཡངས་པའི་ཟ་ཧོར་སྔགས་བན་གྱིས་ཕོ་བྲང་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་ཆང་ཁྱིམ་པ་ངག་དབང་མཁྱེན་བརྩེའོ།། །།སརྦ་མངྒ་ལཾ།།


previousབྱང་གཏེར་ཕུར་པ་ལུགས་གསུམ་གང་ལའང་སྦྱར་ཆོག་པའི་ཞི་བའི་སྦྱིན་སྲེག་མུན་སེལ་འོད་དཀར།next