Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་ཆེན་ཕུར་བུའི་དམར་ཆེན་གཏོར་བཟློག་གནམ་ལྕགས་ཐོག་མདའ།
   
   
   
   
   


 
previousདཔལ་ཆེན་ཕུར་བུའི་དམར་ཆེན་གཏོར་བཟློག་གནམ་ལྕགས་ཐོག་མདའ།next

དཔལ་ཆེན་ཕུར་བུའི་དམར་ཆེན་གཏོར་བཟློག་གནམ་ལྕགས་ཐོག་མདའ།


GLG024_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཆེན་ཕུར་བུའི་དམར་ཆེན་གཏོར་བཟློག་གནམ་ལྕགས་ཐོག་མདའ་བཞུགས་སོ། །


GLG024_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་དང་ཁྲོ་བོའི་འཁོར་ལོ་ཀུན་གྱི་གཙོ། །དཔལ་ལྡན་རྡོ་རྗེ་ཕུར་པ་ལ་བརྟེན་པའི། །དམར་ཆེན་དྲག་པོའི་གཏོར་བཟློག་ལས་རིམ་དག །གོ་རིམ་ཇི་བཞིན་ཡི་གེའི་ཕྲེང་བར་སྤེལ། །དེ་ཡང་དཀྱིལ་འཁོར་འདྲི་བ་ནི། །ལྟེ་བ་གྲུ་གསུམ་མཐིང་ནག །ཟླ་གམ་དམར་པོ། འཁོར་ལོ་སེར་པོ་རྩིབས་བཅུ། རྡོ་ར་མེ་རི་དང་བཅས་པ་ལག་ལེན་ལྟར་འདྲི། ལྕགས་སླང་གི་ནང་དུ་འབྲུ་ནག་ངར་བཏགས་ཁྲག་ཆང་གིས་སྤྲུས་པའི་ཕྱེ་ལ། གཙོ་བོའི་དཔལ་གཏོར་ཆེ་བ་གཅིག་ལ་ཆུང་བ་བཅུས་བསྐོར་བ། མཐར་ཁྲག་གི་ཀོང་བུ་དང་རྩང་དམར་ཉེར་གཅིག་སྲིན་མོ་འགྲོས་སུ་བཙུགས་པ་ལ་རྒྱུ་མའི་ལྡ་ལྡི་བྱ། མཚེ་ཡུངས་ཀྱིས་བརྒྱན། དཔལ་གཏོར་གྱི་རྩེར་བྱ་ཁྱུང་དང་ཙཀླི་མདའ་དར་སོགས་འཛུགས། །མདའ་ཟོར་སོགས་ཟོར་གཞན་རྣམས་ཀྱང་ཚོགས་པར་བྱ། སྨན་རག་གཏོར་གསུམ་ཕྱི་ནང་གི་མཆོད་པ་སོགས་ལེགས་པར་བཤམས། རྩེ་ལུགས་ཀྱི་མངོན་རྟོགས་འཕྲིན་ལས་རྒྱ་མཚོ་ཞེས་བྱ་བའི་ལས་བྱང་གཞུང་བཞིན་གྱེར། ཚོགས་བར་པ་ཡན་གྲུབརྗེས། ཧཱུཾ། མི་མངོན་དབྱིངས་ན་བཞུགས་པའི་རྒྱལ་བ་ཞི་ཁྲོའི་ཚོགས། །ཨཱཿ བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་(༢ན)


GLG024_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

བཞེངས། །ཨཱོཾ་བསྐུལ་ལོ་བསྐུལ་ལོ་འགྲོ་བའི་དོན་དུ་བསྐུལ། །ཧྲཱིཿམཛོད་ཅིག་མཛོད་ཅིག་བཅོལ་བའི་འཕྲིན་ལས་མཛོད། །ཧཱུཾ་ཕུར་པ་རོལ་བའི་དུར་ཁྲོད་ཆེན་པོ་ནས། །ལྗང་ནག་གྲུ་གསུམ་ལྷ་ཆེན་བསྣོལ་བའི་སྟེང་། །སྣང་སྲིད་ཕུར་པས་འདེབས་པའི་ལྷ་ཚོགས་ནི། །བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་། །གཉིས་མེད་ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ། །སྐུ་གསུང་ཐུགས་སྲས་སྲས་མཆོག་ཉི་ཤུ་གཅིག །བདུད་འདུལ་མཐུ་ཆེན་ཁྲོ་རྒྱལ་ཡབ་ཡུམ་བཅུ། །ཟ་བྱེད་ཁྲ་ཐབས་ཕྱག་བརྙན་ཉི་ཤུ་དང་། །བསྟན་སྐྱོང་ཆེན་མོ་ཤྭ་ན་མཆེད་བཞི་དང་། །བདག་ཉིད་ཆེན་མོ་རེ་ཏཱི་མཆེད་བཞི་དང་། །ས་བདག་ཆེན་མོ་བསེ་ཡི་ལྷ་མོ་བཞི། །བསེ་ལྕགས་དུང་གསུམ་དགེ་བསྙེན་ཉི་ཤུ་གཅིག །མ་བདུན་སྲིང་བཞི་དབང་ཕྱུག་ཉི་ཤུ་བརྒྱད། །ཕུར་པ་འཕྲིན་ལས་ལྷ་ཚོགས་ཐུགས་དམ་ཅན། །མི་མངོན་དབྱིངས་ནས་གནས་འདིར་སྐུ་བསྐྱོད་ལས། །དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཅེས་གཏོར་མ་ལ་སྨན་རག་སྒྲོན་ཞིང་ཐུན་གཏོར་འབུལ། །བརྒྱུད་གསུམ་བླ་མ་རིགས་འཛིན་རྣམས། །ཞེས་སོགས་(༢བ)


GLG024_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲིན་ལས་རྒྱ་མཚོའི་ཁ་སྐོང་ནས་བྱུང་བ་ལྟར་བསྐུལ། །ཚོགས་ཐ་མ་གཞུང་བཞིན་བྱ། དེ་ནས་བཟློག་བསྒྱུར་བྱ་བ་ནི། ཧཱུཾ། དབུས་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས། །མ་ཧཱ་དེ་བ་བསྣོལ་བའི་སྟེང་། །བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང་། །ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ། །སྲས་མཆོག་ཉེར་གཅིག་འཁོར་གྱིས་བསྐོར། །ཡང་སྤྲུལ་གྲངས་མེད་ཕྱོགས་བཅུར་འཕྲོ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །དབུས་ཀྱི་ཕྱོགས་ནས་བདུད་གཡོས་པ། །བཟློག་གོ་དམར་ཆེན་གཏོར་མས་བཟློག །བསྒྱུར་རོ་ངན་སྡིག་དགྲ་ལ་སྒྱུར། །བཟློག་བསྒྱུར་བཅོལ་བའི་ཕྲིན་ལས་མཛོད། །ཧཱུཾ། སྟེང་ཕྱོགས་འཁོར་ལོའི་རྩིབས་སྟེང་ན། །ཚངས་པ་ཕོ་མོའི་གདན་སྟེང་ན། ཁྲོ་བོའི་རྒྱལ་པོ་ཧཱུཾ་ཀཱ་ར། །ཡུམ་ཆེན་རྡོ་རྗེ་སྒྲ་འབྱིན་མ། །སྤྲུལ་པ་ཕག་དང་རྨིགས་བུའི་མགོ །ཡང་སྤྲུལ་གྲངས་མེད་ཕྱོགས་བཅུར་འཕྲོ། །རྣལ་འབྱོར་བདག་ཅག་འཁོར་བཅས་དང་། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལ། །སྟེང་ཕྱོགས་ཚངས་པའི་གདོན་དང་བགེགས། །བཟློག་གོ་དམར་ཆེན་གཏོར་༴། །བསྒྱུར་རོ་ངན་སྡིག་དགྲ་༴། །བཟློག་བསྒྱུར་བཅོལ་བའི་འཕྲིན་ལས་མཛོད། །ཧཱུཾ། ཤར་ཕྱོགས་༴། །དྲི་ཟ་ཕོ་མོའི་༴། ཁོ་བོའི་རྒྱལ་པོ་རྣམ་པར་རྒྱལ། །ཡུམ་ཆེན་རྡོ་རྗེ་བསྙེམས་མར་བཅས། །སྤྲུལ་པ་སྟག་དང་བྱ་རྒོད་མགོ །ཡང་སྤྲུལ་༴། །རྣལ་འབྱོར་༴། །རྒྱུ་སྦྱོར་༴། །ཤར་ཕྱོགས་དྲི་ཟའི་གདོན་བགེགས་དང་།༴༴།ཧཱུཾ། ཤར་ལྷོ་༴། མེ་ལྷ་༴། ཁྲོ་བོའི་རྒྱལ་པོ་དབྱུག་པ་སྔོ། །ཡུམ་ཆེན་རྡོ་རྗེ་སྡེར་མོ་དང་། །སྤྲུལ་པ་གཡག་དང་བྱ་རོག་མགོ །ཡང་སྤྲུལ་༴། །རྣལ་འབྱོར་༴། །རྒྱུ་སྦྱོར་༴། །ཤར་ལྷོ་མེ་ལྷའི་༴།༴༴། ཧཱུཾ། ལྷོ་ཕྱོགས་༴། །གཤིན་རྗེ་༴། ཁྲོ་(༣ན)


GLG024_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

བོའི་རྒྱལ་པོ་གཤིན་རྗེ་གཤེད། །ཡུམ་ཆེན་རྡོ་རྗེ་དུར་ཁྲོད་མ། །སྤྲུལ་པ་ཤ་བ་འུག་པའི་མགོ །ཡང་སྤྲུལ་༴། །རྣལ་འབྱོར་༴། །རྒྱུ་སྦྱོར་༴། །ལྷོ་ཕྱོགས་གཤིན་རྗེ་༴།༴༴། ཧཱུཾ། ལྷོ་ནུབ་༴། །སྲིན་པོ་༴། ཁྲོ་བོའི་རྒྱལ་པོ་མི་གཡོ་མགོན། །ཡུམ་ཆེན་རྡོ་རྗེ་གཏུན་ཁུང་མ། །སྤྲུལ་པ་གཟིག་དང་ཁྭ་དའི་མགོ །ཡང་སྤྲུལ་༴། །རྣལ་འབྱོར་༴། །རྒྱུ་སྦྱོར་༴། །ལྷོ་ནུབ་སྲིན་པོའི་།༴༴།ཧཱུཾ། ནུབ་ཕྱོགས་༴། །ཀླུ་བདུད་ཕོ་མོའི་༴། ཁྲོ་བོའི་རྒྱལ་པོ་རྟ་མཆོག་དཔལ། །ཡུམ་ཆེན་རྡོ་རྗེ་གཏུམ་མོ་དང་། །སྤྲུལ་པ་བྱི་ལ་པུ་ཤུད་མགོ །ཡང་སྤྲུལ་༴། །རྣལ་འབྱོར་༴། །རྒྱུ་སྦྱོར༴།༴༴།ཧཱུཾ། ནུབ་བྱང་འཁོར་ལོའི་༴། །རླུང་ལྷ་༴། ཁྲོ་བོའི་རྒྱལ་པོ་འདོད་པའི་རྒྱལ། །ཡུམ་ཆེན་རྡོ་རྗེ་མདའ་བསྙེམས་ན། །སྤྲུལ་པ་སྤྱང་མོ་ཁྲ་ཡི་མགོ །ཡང་སྤྲུལ་༴། །རྣལ་འབྱོར་༴། །རྒྱུ་སྦྱོར་༴།༴༴།ཧཱུཾ། བྱང་ཕྱོགས་༴། །གནོད་སྦྱིན་༴། ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ། །ཡུམ་ཆེན་རྡོ་རྗེ་རླུང་འབྱིན་མ། །སྤྲུལ་པ་སེང་གེ་ཕ་ཝང་༴། །ཡང་སྤྲུལ་༴། །རྣལ་འབྱོར་༴། །རྒྱུ་སྦྱོར༴།༴༴།ཧཱུཾ། བྱང་ཤར་༴། །དབང་ལྡན་༴། ཁྲོ་བོའི་རྒྱལ་པོ་ཁམས་གསུམ་རྒྱལ། །ཡུམ་ཆེན་རྡོ་རྗེ་གསོད་བྱེད་མ། །སྤྲུལ་པ་དྲེད་དང་སྲེ་མོའི་མགོ །ཡང་སྤྲུལ་༴། །རྣལ་འབྱོར་༴། །རྒྱུ་སྦྱོར་༴། བྱང་ཤར་དབང་ལྡན་༴།༴༴།ཧཱུཾ། འོག་ཕྱོགས་འཁོར་ལོའི་༴། །ས་བདག་ཕོ་མོའི་གདན་སྟེང་ན། །ཁྲོ་བོའི་རྒྱལ་པོ་སྟོབས་པོ་ཆེ། །ཡུམ་ཆེན་རྡོ་རྗེ་སྐུལ་བྱེད་མ། །སྤྲུལ་པ་དོམ་དང་བྱི་བའི་མགོ །ཡང་སྤྲུལ་གྲངས་མེད་ཕྱོགས་བཅུར་འཕྲོ། །(༣བ)


GLG024_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཅག་རྣལ་འབྱོར་འཁོར་བཅས་དང་། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལ། །འོག་ཕྱོགས་ས་བདག་གདོན་དང་བགེགས། །བཟློག་གོ་དམར་ཆེན་༴། །བསྒྱུར་རོ་༴། །བཟློག་བསྒྱུར་༴། གཞན་ཡང་བཟློག་ཅིང་བསྒྱུར་བ་ནི། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལ། །ཡས་ཀྱི་བདུད་དུ་གཡོས་པ་བཟློག །མས་ཀྱི་སྲི་རུ་ལངས་པ་བཟློག །ལྟག་པའི་བདུད་དུ་༴། །དཔྲལ་བའི་གཤེད་དུ་འཁོར་བ་༴། །ཕོ་སྲི་མོ་སྲི་ཆེ་སྲི་ཆུང་སྲི་༴། །དམ་སྲི་དབུལ་སྲི་གོང་སྲི་༴། །ཕ་མེས་དུར་སྲི་བཙན་སྲི་༴། །བདུད་ཀྱི་ཐན་ནག་ཕྱག་བརྙན་༴། །ལོ་སྐེག་ཀི་ཀང་གཤེད་པ་ཞིག །ས་ལ་ཞག་རྩིས་འདེབས་པ་༴། །གནམ་ལ་ཟླ་གྲངས་འདེབས་པ་༴། །གཟའ་དང་སྐར་མ་ངན་པ་༴། །ལོ་སྐེག་ཟླ་སྐེག་ཞག་སྐེག་༴། །ཟ་སྐེག་བདུན་ཟུར་ཐམས་ཅད་༴། །དུས་ཚོད་རྩིས་ནས་འདེབས་པ་༴། །གནམ་གྱི་དལ་ཁ་བབས་པ་༴། །ས་ལ་དུག་ནད་ལངས་པ་༴། །ཐོག་བབས་དལ་བབས་ཐམས་ཅད་༴། །བྱས་ཉེས་ཉམས་གྲིབ་ཐམས་ཅད་༴། །ཡུལ་མི་ཁྱིམ་མཚེས་སྨོད་མོ་༴། །གཡས་ན་ཕོ་བརྒྱ་མདའ་བརྡར་༴། །གཡོན་ན་མོ་བརྒྱ་དུག་སྦྱོར་༴། །མདུན་ན་ལངས་ཤིང་སྡོང་བ་༴། །རྒྱབ་ན་ཁྱི་བཞིན་འབྲབ་བ་༴། །མོ་ངན་ལོག་པར་བསྡིགས་པ་༴། །རྨི་ལྟས་མཚན་མ་ངན་པ་༴། །སྲོད་ལ་བྱ་ཕོ་འཚེར་བ་༴། །ཐོ་རངས་སྒོ་ཁྱི་ངུ་བ་༴། །འུག་པ་ཧ་ཧ་རྒོད་པ་༴། །སྲིན་བྱ་ཐོག་ཁར་འཚེར་བ་༴། །ལོགས་ལ་ཝ་སྤྱང་བརྒྱལ་བ་༴། །ལྟས་ངན་བརྒྱད་ཅུ་རྩ་བཞི་༴། །ཕ་ཚན་ནང་གི་རྒྱ་འདྲེ་༴། །མའུ་དེ་ནི་བྱུར་འདྲེ་༴། །དར་ཚན་ནང་གི་སྟོང་འདྲེ་༴། །ཕོ་བདུད་དལ་ཁ་གཡས་སུ་༴། །མོ་བདུད་དལ་ཁ་གཡོན་དུ་༴། །སྤྱི་(༤ན)


GLG024_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་དལ་ཁ་མཁའ་ལ་༴། །ཕས་ཀྱི་ཕུང་འདྲེ་རྦད་འདྲེ་༴། །ཚུར་གྱི་སྣ་འདྲེན་བྱེད་པ་༴། །ལུས་ལ་ན་ཚ་གཏོང་བ་༴། །ཚེ་ལ་བར་ཆད་བྱེད་པ་༴། །ལྐོག་ན་འབུ་བཞིན་གཡེང་བ་༴། །ངོས་ལ་ཏིལ་བརྡུང་བྱེད་པ་༴། ཁ་ན་དར་བཞིན་འཇམ་པ་༴། །གཏིང་ན་ཚེར་ལས་རྩུབ་པ་༴། །ལུས་ལ་སྦྲུལ་ལྟར་འཁྲིལ་བ་༴། །ངོ་ལ་སྤྲེལ་ལྟར་འཛེག་པ་༴། །མི་ཁ་བྲམ་མཆུ་ཐམས་ཅད་༴། །སྤྱི་རུ་ཆགས་ཆེ་ཐམས་ཅད་༴། །སྒོས་སུ་ཉེས་པ་ཡོད་པ་༴། །རྦད་སྟོང་རྦད་འདྲེ་ཐམས་ཅད་༴། །རྨི་ལམ་ངན་པ་ཐམས་ཅད་༴། །ཕོ་བྱོལ་དེ་ནི་གཡས་སུ་བྱོལ། །མོ་བྱོལ་དེ་ནི་གཡོན་དུ་བྱོལ། ཁྱིམ་མཚེས་གཞན་གྱི་ས་རུ་བྱོལ། །སྡང་དགྲ་གནོད་བགེགས་དེ་ལ་བྷྱོ། །ཟ་བར་བྱེད་པའི་འདྲེ་ལ་བྷྱོ། །ཕུང་བར་བྱེད་པའི་སྲི་ལ་༴། །སྦྱོར་ངན་གཏོང་བའི་ལྟག་ཏུ་བྷྱོ། །ཆོ་འཕྲུལ་ངན་པ་ཐམས་ཅད་དགྲ་ལ་སྒྱུར། །བཟློག་ཅིང་བསྒྱུར་བའི་ལས་མཛོད་ཅིག །དེ་ནས་སྒོ་དབྱེ་ནི། འཇམ་དཔལ་སྐུ་ཡི་ལྷ་ཚོགས་ཀྱིས། །ཞེས་སོགས་བརྗོད། ཟོར་རྣམས་ཕྱི་རོལ་ཏུ་ཁྱེར། གསེར་སྐྱེམས་བཏང་། གཟུ་དབང་རྒྱས་པར་སྤྲོ་ན། དངོས་བརྒྱུད་བླ་མ་ཡི་དམ་ཞི་ཁྲོའི་ཚོགས། ཁྱད་པར་དཔལ་ཆེན་རྡོ་རྗེ་ཕུར་པའི་ལྷ། །བསྟན་སྲུང་རྒྱ་མཚོར་བཅས་པའི་ཚོགས་རྣམས་ཀྱིས། །སྒྲིབ་མེད་ཡེ་ཤེས་སྤྱན་གྱིས་ཉེ་བར་དགོངས། །རྒྱལ་བའི་བསྟན་ལ་རབ་ཞུགས་རིགས་འཛིན་བདག ཁས་བླངས་སྡོམ་གསུམ་མིག་གི་འབྲས་ལྟར་བསྲུངས། །བསྐྱེད་རྫོགས་ཟབ་མོ་གཞུང་བཞིན་ཉམས་ལེན་པར། །དགྲ་དང་བགེགས་ཀྱིས་ཉེ་བར་འཚེ་བྱེད་ན། །ཡི་དམ་ཞི་ཁྲོས་གཟུ་དང་དཔང་པོ་མཛོད། །ཆོས་སྐྱོང་སྲུང་མས་དཀར་ནག་བདེན་ཤན་ཕྱེ། །དམ་ཅན་རྒྱ་མཚོས་བརྣག་པའི་དགྲ་བོ་སྒྲོལ། །(༤བ)


GLG024_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

དམ་བཅའ་དུས་ལས་གཡེལ་ལམ་ར་མདའ་བཟློག །ཚེ་འདིའི་རྣམ་གཡེང་ཆེ་ཐབས་རྒྱང་དུ་བསྲིངས། །སྙིང་ནས་བྱང་ཆུབ་བསྒྲུབ་ལ་ལྷག་པར་གཞོལ། །ཐོས་བསམ་སྒོམ་པས་ཉིན་མཚན་འདའ་བྱེད་པའི། །ཟོལ་མེད་ཆོས་བཞིན་བྱེད་པའི་རྣལ་འབྱོར་ལ།༴༴༴། ངལ་བ་ཁྱད་བསད་བླ་མ་ཡུན་དུ་བསྟེན། །དཀའ་བར་མ་རྩེགས་བསྙེན་སྒྲུབ་མཐའ་རུ་ཕྱིན། །ཆོས་སྲུང་ལུས་དང་གྲིབ་མ་ལྟར་བསྟེན་པའི།༴༴།གཟུགས་བྱང་མིང་རུས་བཏབ་པའི་དགྲ་བོ་འདིས། །རྒྱལ་བའི་བསྟན་བཤིག་བླ་མའི་སྐུ་དགྲ་བྱས། །དགེ་འདུན་སྡེ་བཅོམས་སྐྱེ་འགྲོ་ཡོངས་ལ་འཚེ། །རིགས་འཛིན་སྲུང་མར་བཅས་ལ་བརྙས་བྱས་ན། །རྟགས་མཚན་མི་སྟོན་སྔོན་གྱི་དམ་བཅའ་འགལ། །ཆོས་དབྱིངས་བདེ་བ་ཆེན་པོའི་ངང་ཉིད་ལས། ཁྲག་འཐུང་ཁྲོ་བོའི་འཁོར་ལོར་སྟོན་མཛད་ནས། །ལོག་འདྲེན་གདུག་པའི་དགྲ་སྡེ་མི་སྒྲོལ་ན། །ཞི་བའི་ཚུལ་ལས་འགོངས་ལ་དགོས་པ་ཅི། །དཔལ་ཆེན་སྤྱན་སྔར་རྒྱལ་བའི་བསྟན་པ་མཆོག །སྐྱོང་བར་ཁས་བླངས་ཆོས་སྲུང་རྒྱ་མཚོ་རྣམས། །ལོག་འདྲེན་གདུག་པའི་དགྲ་སྡེ་མི་སྒྲོལ་ན། །འཇིགས་རུང་ཁྲོ་བོར་བསྟན་ལ་ངོ་རེ་གནོང་། །བདེན་པའི་ཚིག་གིས་སྨྲེང་དུ་གསོལ་བ་ལས། །ཡེ་ཤེས་ལྡན་ལ་བརྫུན་གཏམ་སུ་ཡིས་ནུས། །དེ་ཕྱིར་མཐུ་སྟོབས་ནུས་པའི་དཔུང་བསྐྱེད་ལ། །མངོན་སྤྱོད་དྲག་པོའི་འཕྲིན་ལས་མྱུར་དུ་མཛོད། །དེ་ནས་ཟོར་གཞན་རྣམས་རྩི་ལུགས་ཀྱི་ཕྱག་ལེན་ལྟར་ཕྱོགས་སུ་འཕེན། གཏོར་ཟོར་གོམ་པ་ཞེ་དགུའི་སར་ཁྱེར་ཏེ། གནམ་ལྕགས་འབར་བའི་སྣོད་ནང་དུ། །འབྲུ་ནག་ངར་བཏགས་དཔལ་གཏོར་ལ། །དྲག་པོའི་རྫས་ཀྱིས་ཉེར་བརྒྱན་པ། །དུག་དག་མཚོན་ཆར་བྱིན་བརླབས་པ། །ལོག་འདྲེན་(༥ན)


GLG024_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བགེགས་སྟེང་དུ་བྷྱོ། །སྲོག་རྩ་ཆོད་ལ་རྡུལ་དུ་རློག །བྱད་ཁ་བཟློག་ལ་ཕུར་ཁ་སྒྱུར། །དྲག་པོའི་འཕྲིན་ལས་བསྒྲུབ་པར་མཛོད། །ཅེས་གཏོར་ཟོར་འཕང་། མེ་ཆུའི་རྒྱས་འདེབས། འཕྲིན་ལས་རྒྱ་མཚོའི་སྲུང་འཁོར་རྣམས་བརྗོད། ལས་བཞིའི་བྲོ་བརྡུང་། ཆད་མཐོ་བསྟན་སྐྱོང་སོགས་མཇུག་ཆོག་གཞུང་ལྟར་བྱའོ། །ཞེས་དཔལ་ཆེན་ཕུར་བུའི་དམར་ཆེན་གཏོར་བཟློག་གི་རིམ་པ་གནམ་ལྕགས་ཐོག་མདའ་ཞེས་པ་འདི་ཡང་ཕོ་བྲང་གོང་རི་དཀར་པོའི་དཀོན་གཉེར་དཔོན་འཕྲིན་ལས་ཕུར་བུའི་རིག་པ་འཛིན་པ་དགེ་སྟེང་བླ་མ་བྱམས་པ་ཀུན་དགའ་འབྱུང་གནས་ཀྱིས་བསྐུལ་བ་ལྟར་བཀའ་མ་ནས་གཏོར་བཟློག་གི་ཡིག་ཆ་ཁུངས་མ་ཞིག་སྔོན་ཆད་མ་མཐོང་པས། ལྷ་བྲག་གཏེར་བྱོན་གྱི་བཟློག་གཞུང་དང་། ཕྱག་ལེན་གྱིས་ཁ་བཀང་། རྒྱལ་བ་སྤྱི་སྒེར་བསྐུལ་བ་ཁྲོ་རོལ་ནས་བགྱིས་ཤིང་། གཞན་ས་སྐྱོང་ཆོས་ཀྱི་རྒྱལ་པོ་གྲགས་པ་འབྱུང་གནས་ཀྱི་འཕྲིན་ལས་རྒྱ་མཚོར་ཁ་འཕངས་པས། རྩེ་ལུགས་ཕྱག་ལེན་གྱི་མཛེས་རྒྱན་དུ་འགྲོ་བར་བགྱིས་ཏེ་ཟ་ཧོར་གྱི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་ངག་དབང་དགེ་ལེགས་སོ།། །།


previousདཔལ་ཆེན་ཕུར་བུའི་དམར་ཆེན་གཏོར་བཟློག་གནམ་ལྕགས་ཐོག་མདའ།next