Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏེར་ཁ་འོག་མའི་གསང་འདུས་གཞུང་དང་ལེའུ་བརྒྱད་པ་བསྡེབས་པའི་ལས་བྱང་རྩ་གསུམ་དགྱེས་པའི་རོལ་གར།
   
   


 
previousགཏེར་ཁ་འོག་མའི་གསང་འདུས་གཞུང་དང་ལེའུ་བརྒྱད་པ་བསྡེབས་པའི་ལས་བྱང་རྩ་གསུམ་དགྱེས་པའི་རོལ་གར།next

གཏེར་ཁ་འོག་མའི་གསང་འདུས་གཞུང་དང་ལེའུ་བརྒྱད་པ་བསྡེབས་པའི་ལས་བྱང་རྩ་གསུམ་དགྱེས་པའི་རོལ་གར།


GLG024_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་ཁ་འོག་མའི་གསང་འདུས་གཞུང་དང་ལེའུ་བརྒྱད་པ་བསྡེབས་པའི་ལས་བྱང་རྩ་གསུམ་དགྱེས་པའི་རོལ་གར་བཞུགས་སོ། །


GLG024_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

ན་མ་སྶརྦྦ་བུདྡྷ་ས་མཱ་ཛེ་ན་པདྨཱ་ཀ་རཱ་ཡ་ཨཱ་སིདྡྷི་པྲ་ཡཙྪ། འཆི་མེད་ཚེ་དབང་རིགས་འཛིན་ས་བརྙེས་གཞོམ་གཞིག་བྲལ་བ་རྡོ་རྗེའི་སྐུ། །མཐའ་ཡས་གདུལ་བྱར་འཚམ་པའི་ཆོས་སྟོན་ཡན་ལག་དྲུག་ཅུ་ནཱ་དའི་གསུང་། །ཤེས་བྱར་སྲིད་ཚོན་ཤེལ་ལ་ཇི་བཞིན་རྣམ་པ་ཐམས་ཅད་མཁྱེན་པའི་ཐུགས། །ཡོན་ཏན་བྱེ་བའི་གཏེར་གྱུར་ཨྱོན་སངས་རྒྱས་གཉིས་པ་རྒྱལ། །མགོན་ཁྱོད་གཞན་ནས་མི་འཚོལ་རང་གི་སེམས། །ངེས་པ་དོན་གྱི་པདྨ་ཐོད་འཕྲེང་དུ། །གནས་ལུགས་རང་ངོ་སྤྲོད་པའི་བཀའ་དྲིན་ཅན། ཁྱབ་བདག་བླ་མ་རྣམ་གཉིས་གཙུག་ན་བསྟེན། །དེ་ཕྱིར་སྙིང་དབུས་ཟངས་མདོག་དཔལ་རིའི་རྩེར། །རྟག་ཏུ་འདུ་འབྲལ་མེད་པའི་རིགས་ཀྱི་བདག །མཚོ་སྐྱེས་རྡོ་རྗེ་སྣང་གསུམ་ཟད་པའི་མཐར། །འཁྱོལ་མིན་དེ་སྲིད་སླུ་མེད་གཏན་གྱི་སྐྱབས། །ར་གན་གསེར་ཆུས་བྱུགས་པའི་གཏེར་བརྫུས་མཁན། །མ་ཞིག་ཞིག་པོར་བརྫུ་བའི་རིགས་མིན་པ། །འཁྲུལ་མེད་གཏེར་སྟོན་རྒྱལ་པོ་ཆོས་ཀྱི་དབང་། །སྲས་སློབ་བརྒྱུད་པའི་(༢ན)


GLG024_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་རྣམས་ཕྱག་གི་ཡུལ། །གང་གི་ཐུགས་གཏེར་ཡང་ཟབ་བླ་མའི་སྐོར། །ཀུན་གྱི་ཁ་སྐོང་ལས་བྱང་ལེའུ་བརྒྱད། །གསང་འདུས་གཞུང་དག་མན་ངག་གསུང་རྒྱུན་བཞིན། །སྤེལ་ལེགས་ཕྲེང་མཛེས་བློ་གསལ་ཐོད་དུ་ཆིངས། །དེ་ཡང་བཀའ་རྩིས་ལས། བླ་མའི་ཐུགས་སྒྲུབ་ཐུགས་དམ་ཁྱད་འཕགས་སྐོར༔ གཙོར་བཏོན་དགོས་པ་ཀུན་འབྱུང་ཐུགས་གཏེར་གཅིག༔ ལྷོ་བྲག་གནམ་སྐས་ཅན་གྱི་བྲག་ལ་མཆིས༔ ཐུགས་གཏེར་ལྔ་ལས་ཁྱད་འཕགས་འདི་ཁོ་ན༔ ཅི་ཕྱིར་ང་ཡི་སྙིང་ནོར་མིག་འབྲས་ཡིན༔ མཐར་ཐུག་ཡིན་ནོ་སྙིང་གི་དཀྱིལ་དུ་ཆོངས༔ ཞེས་མངའ་བདག་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་གསུང་གི་སྤྲུལ་པ་གུ་རུ་ཆོས་ཀྱི་དབང་ཕྱུག་གིས་གནམ་སྐས་བྲག་ནས་སྤྱན་དྲངས་པའི་གཏེར་ཆོས་ཀྱི་གཙོ་བོ་ནི། དེ་ཉིད་ལས། བླ་མའི་གསོལ་འདེབས་སྒྲུབ་པའི་ཆོས་མང་གི༔ རང་དང་དབྱེར་མེད་སྒྲུབ་ཆོས་འདི་ན་མཆིས༔ དེ་གང་ཞེ་ན་བླ་མའི་ཐུགས་སྒྲུབ་སྐོར༔ མཐར་ཐུག་ཡིན་ནོ་སྙིང་གི་དཀྱིལ་དུ་ཆོངས༔ ཞེས་བླ་མའི་སྒྲུབ་སྐོར་མང་(༢བ)


GLG024_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བཞུགས་པ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ། ཇི་སྐད་དུ། འོན་ཀྱང་ཀུན་གྱི་མཐར་ཐུག་པ༔ ཐུགས་སྒྲུབ་གསང་བ་འདུས་པ་ཡིན༔ཞེས་གསུངས་པ་ལྟར་ཐུགས་སྒྲུབ་གསང་བ་འདུས་པའི་སྐོར་ནས་ལེའུ་བརྒྱད་པར་མི་གསལ་བ་རྣམས་ཁ་བཀང་སྟེ་ཚེས་བཅུའི་མཆོད་པའི་ཉམས་ལེན་ཆོག་ཁྲིགས་སུ་བཀོད་པ་ལ། ༈ དཔལ་༡ ལྡན་༢ སངས་རྒྱས་༣ པདྨ་སྐྱེས ༤༔ ཀུན་མཁྱེན་༥ ཡེ་ཤེས་༦ མཛོད་འཛིན་༧ པ ༨༔ སངས་རྒྱས་ཀུན་གྱི་རང་བཞིན་ཅན༔ རྡོ་རྗེ་ཐོད་ཕྲེང་རྩལ་ལ་འདུད༔ བསོད་ནམས་ཚོགས་རྫོགས་བྱང་ཆུབ་ཕྱིར། །སྒྲུབ་པའི་ལས་བྱང་ལེའུ་བརྒྱད་དེ། །སྔོན་༡ འགྲོ་སྒྲུབ་༢ རྫས་སྤྱན་༣ དྲང་མཆོད། །འཛབ་༥ བཟླས་༦ བཀང་བསྐུལ་༧ མཐའ་༨ རྒྱས་སོ། །ཞེས་བྱུང་བའི་ལས་བྱང་དང་གཞུང་དུ་མི་གསལ་ཡང་དཀྱིལ་འཁོར་འདྲི་བ་སོགས་གཤོམས་ཀྱི་སྔོན་དུ་མི་སྣང་བ་ལ་ས་བསླང་བ་ནི་བླ་མ་ཡོངས་རྫོགས་ལས་ཞི་བ་བྱང་ཆུབ་སེམས་ཀྱི་ངང་ནས་རང་ཡི་དམ་དུ་བསྒོམས་ཏེ་བྱ་བར་གསུངས་པས་དཀར་གཏོར་ཞིག་བཤམས་ལ། རཾ་ཡཾ་ཁཾ། ཨཱོཾ་ཨཱཿཧཱུཾ་གིས་སྦྱངས་སྤེལ་བསྒྱུར། བྷཱུ་མི་ལ་ཏི་ས་པ་རི་ཝཱ་ར་ས་མཱ་ཛཿས་མགྲོན་སྤྱན་དྲངས། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨ་དྱ་ནུཏྤ་ནྣ་ཏྭཱད། ཨཱོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་གཏོར་མ་ཕུལ་ནས། ཇི་ལྟར་སྔོན་གྱི་དབང་མཛད་ལྟར། །བདག་ནི་བྱང་ཆུབ་ངེས་བསྒྲུབ་ཕྱིར། །ས་བདག་ཁྱེད་ལ་གཏོར་མ་འབུལ། །ས་འདི་བདག་སློང་སྦྱིན་དུ་གསོལ། ཞེས་འདོད་དོན་གསོལ་ནས། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་གཙྪ་ས་རང་གནས་(༣ན)


GLG024_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གཤེགས་སུ་གསོལ་ལོ༔ དེ་ནས་དང་པོ་སྔོན་དུ་འགྲོ་བའི་ལེའུ་ལ་གསུམ་ལས། ལས་བྱང་དུ་མཚམས་གཅོད་ཀྱི་རྗེས་ལ་སྐྱབས་སེམས་མཛད་པ་ཁྲིད་དང་འབྲེལ་བའི་སྐབས་ལགས་ཀྱང་སྤྲུལ་སྐུ་ཆོས་ལྡན་པའི་ཆོག་ཁྲིགས་བཞིན་ཐོག་མར་སྐྱབས་སེམས་མཛད་པ་སྤྱི་དང་མཐུན་པ་སྤྲོས་བཅས་ཀྱི་སྐབས་འཇུག་པ་བདེ་བ་ཡིན་ནོ། །དང་པོ་སྐྱབས་སུ་འགྲོ་བ་ནི། ན་མོ་བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་ཅོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་བ་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ གཉིས་པ་སེམས་བསྐྱེད་པ་ནི། སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ བླ་མ་སངས་རྒྱས་བསྒྲུབས་ནས་ནི༔ གང་ལ་གང་འདུལ་འཕྲིན་ལས་ཀྱིས༔ འགྲོ་བ་བསྒྲལ་བར་དམ་བཅའོ༔ གསུམ་པ་མཚམས་བཅད་པ་ནི༔ གཏེར་ཁ་གོང་མ་ལས། ཧཱུཾ་ཧྲཱིཿབླ་མ་རྣམས་ཀྱི་བྱིན་རླབས་དང་༔ ཡི་དམ་ལྷ་ཡི་ཏིང་འཛིན་དང་༔ མཁའ་འགྲོ་རྣམས་ཀྱི་མཐུ་རྩལ་གྱིས༔ དངོས་གྲུབ་བར་གཅོད་བྱེད་པའི་བགེགས༔ ལོག་པར་འདྲེན་པ་བདུད་ཀྱི་ཚོགས༔ འདི་རུ་མ་འདུག་གཞན་དུ་དེངས༔ དེ་ནས་མཚམས་གཅོད་ཀྱི་སྟང་སྟབས་དང་བཅས༔ རང་གཏེར་ལས། ཧཱུཾ། ང་ནི་ཡེ་ནས་ངང་གི་ཁྲོཿ མཚམས་གཅོད་ཁྲོ་བོས་ནམ་མཁའ་གང་༔ བགེགས་འདུལ་ཁྲོ་བོའི་རོལ་མཚམས་ལས༔ སུ་ཡང་འདའ་བར་མ་བྱེད་ཅིག༔ ཨཱོཾ་ཨཱཿཧཱུཾ་ཧྲཱིཿགུ་རུ་དེ་ཝ་ཌཱ་ཀི་ནཱི་བཛྲ་ཀྲོ་དྷ་རཀྵ་རཀྵ་ཧཱུཾ་ཕཊ༔ ལེའུ་གཉིས་པ་སྒྲུབ་རྫས་ལ་གསུམ་གྱི་དང་པོ་སྒྲུབ་རྫས་དངོས་ནི། གོང་གིས་བསླང་བ་དང་འབྲེལ་བར་སྟེགས་བུ་(༣བ)


GLG024_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

བརྩིག་པ། ཆག་ཆག་གདབ་པ། ཐིག་ཚོན་ལྷག་གནས་ཐིག་གདབ། དཀྱིལ་འཁོར་འདྲི་བ་བུམ་པ། བྷནྡྷ། སྐུ་འབག །ཕྱི་ནང་གསང་མཆོད། སྨན་རཀ་གཏོར་གསུམ། ཚེ། གལ། དུང་ཆེན། རྔ། དྲིལ་བུ། དྷ་རི། གླིང་བུ། བླ་བྲེ། རིན་ཅེན་སྣ་བདུན། བཀྲ་ཤིས་རྫས་བརྒྱད། ཟླ་ཁྲོམ། ཟླ་རྒྱས། ཛ་གད། ཛ་ཏི། འཇམ་དེས། ཀུན་ཏུ་རྒྱུ། སྤང་ན་སྐྱེས། ཚ་བ་གསུམ། ཤེལ་སྒོང་། ཐང་པ། ཚམ་པོ། སི་ཐོག །བྱ་དཀར་མ། ཀར་ཤ་ནི། བི་ཤུདྡྷ་སོགས་ཡོ་བྱད་རྣམས་གཞུང་དང་ལས་བྱང་བརྒྱད་ལྡན་དམ་པའི་གསུང་འགྲོས་མཐོང་བ་བརྒྱུད་པའི་ཕྱག་ལེན་ལྟར་བྱ། བསྡུ་ན་རས་བྲིས། ཚོམ་བུ། གཏེར་མ་ལའང་བརྟེན་དུ་རུང་ཞིང་ས་བཅད་ཀྱི་དབང་གིས་འདིར་བྲིས་པ་ལས་ལག་ལེན་གྱི་སྐབས་ཐོག་མར་དགོས་པའི་གནད་ཀྱི་རིམ་པ་འཕྲུལ་ཤེས་དགོས་སོ། །མཆོད་རྫས་བྱིན་གྱིས་བརླབ་པ་སྔགས་རྐྱང་གིས་རུང་ཡང་། ལས་དང་པོ་པ་རྣམས་ལ་གསལ་འདེབས་ཀྱི་ཚིག་གལ་ཆེ་བས་གཏོར་དབང་གནད་ཀྱི་ཤོག་གཅིག་མ། སྨན་ལུང་ཆོས་ལྡན་པ་དང་། རིགས་འཛིན་ཆེན་པོ་རཏྣ་གླིང་པའི་ཐུགས་སྒྲུབ་འབྲུ་འགྲེལ་གྱི་དགོངས་པ་དང་བསྟུན་ནས་ངག་འདོན་ཚིགས་བཅད་དུ་བསྡེབས་པ་ལེགས་པར་མངོན་པས། ཨཱོཾ་སྭ་བྷཱ་ཝ་བི་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷཱ་ཝ་བ་ཤུདྡྷོ྅ཧཾ༔ རཾ་ཡཾ་ཁཾ་གིས་མཆོད་རྫས་སྐྱོན་རྣམས་སྦྱངས། །ཡཾ་རཾ་ཀེཾ་ལས་རླུང་མེ་མི་མགོ་ཡིས། །སྒྱེད་པོའི་སྟེང་དུ་ཨ་ལས་ཐོད་པའི་ནང་། །འབྲུ་གསུམ་རིགས་ལྔ་ཡབ་ཡུམ་ས་བོན་རྣམས། །འཕྲོས་ལས་ཤ་ལྔ་བདུད་རྩི་ལྔའི་རང་བཞིན། །སྨན་གཏོར་(༤ན)


GLG024_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

རཀྟའི་ངོ་བོ་རྒྱ་མཚོ་ཆེ། །སྨན་གྱི་ཐོད་པ་ཉི་ཟླའི་ཁ་གཅོད་ཅན། །ཟླ་བར་དབྱངས་དང་ཉི་མར་གསལ་བྱེད་མཚན། །དེ་དབུས་རྡོ་རྗེའི་རྩེར་ཨཱཿལྟེ་བར་ཧཱུཾ། །ཡར་མར་རྭ་ལ་ཨཱོཾ་ཧཱུཾ་སྭཱ་ཨཾ་ཧཱུཾ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་ལས་རིགས་ལྔར་གྱུར། ཨཱོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཋ༔ ཨཱོཾ་ཨཱཿཧཱུཾ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུཾ་ཧྲཱིཿཋ༔ ཨཱོཾ་ཨཱཿཧཱུཾ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡེ་ཧཱུཾ་ཧྲཱིཿཋ༔ བརྗོད་པས་རླུང་གིས་མེ་སྦར་རྫས་རྣམས་ཁོལ། །འཆི་མེད་ར་ས་ཡ་ན་ཉེར་ཞུ་བའི། །རླངས་པ་རྡོ་རྗེའི་ཁོང་གསང་ལ་ཐོན་པས། །རྒྱལ་བ་ཀུན་མཆོད་མདུན་བྱོན་སྦྱོར་མཚམས་ནས། །བྱང་ཆུབ་རྡོ་རྗེའི་རྩེར་བབས་ཨཱཿའོད་ཞུ། །དེ་འོད་རིགས་ལྔར་ཕོག་ཞུ་ཧཱུཾ་ལ་འདུས། །དེ་ཞུ་དབྱངས་གསལ་ཉི་ཟླ་ཀུན་འདྲེས་པས། །བདུད་རྩི་ཕྱི་ནང་གསང་བའི་རྩ་བ་བརྒྱད། །ལྔ་ཆེན་བརྒྱུད་དང་ཡན་ལག་སྟོང་འདུས་པའི། །ཡེ་ཤེས་ལྔ་ཡི་རང་བཞིན་འོ་མའི་མཚོར། །ཟླ་བའི་འོད་ཟེར་ཤར་བ་ལྟ་བུར་གྱུར། །གཏོར་སྣོད་ལྕགས་རི་མུ་ཁྱུད་གཏོར་མའི་རྗེས། །གླིང་བཞི་རི་རབ་རྣམ་རྒྱལ་ཁང་བཟང་མཛེས། །རྒྱན་རྣམས་འདོད་ལྷ་དམ་རྫས་བཅུད་ཀྱི་འགྲོ། །ཟག་མེད་བདུད་རྩིའི་རང་བཞིན་རོ་བརྒྱའི་ཟས། །བླ་བྲེ་རྒྱལ་མཚན་འཕན་དར་ལེགས་བཀོད་པ། །ཀུན་བཟང་མཆོད་སྤྲིན་དགོས་འདོད་རེ་བ་སྐོང་། །རཾ་ཡིག་ཡོངས་གྱུར་ལྷ་མོ་གཱི་ཏཱི་དམར། །བདེ་བའི་འབྱུང་གནས་མཁའ་གསང་ལས་བབས་པའི། །བྱང་སེམས་དམར་པོའི་རང་བཞིན་རཀྟའི་མཚོ། །ཉི་མ་སྟོང་གི་གཟི་འོད་ལྟ་བུར་འབར། །མེ་ཏོག་སྤོས་ཁང་(༤བ)


GLG024_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

དུང་ཆོས་སྣང་གསལ་བཤོས། །སིལ་སྙན་འཛིན་པའི་མཆོད་ལྷ་སྒེག་ལྡེམ་ཅན། །རྟོག་མེད་རང་བྱུང་ལུས་ལས་ཡོངས་གྲུབ་པའི། །ནང་མཆོད་དུར་ཁྲོད་རྫས་ཀྱི་ཉེར་སྤྱོད་ཚོགས། །མཉམ་སྦྱོར་བཅུ་དྲུག་དགའ་བཞི་རབ་སྤེལ་བ། །གསང་མཆོད་བདེ་སྟོང་ཟུང་དུ་འཇུག་པར་གྱུར། ཨཱོཾ་ཨཱཿཧཱུཾ་པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནི་ཝི་དྱ། ཤཔྟ། སརྦ་པཱུ་ཛ་ཨཱོཾ་ཨཱཿཧཱུཾ༔ ཨཱོཾ་ཨཱཿཧཱུཾ་མ་ཧཱ་མཾ་ས། རཀྟ་ཀེཾ་ནྲྀ་ཏི། མ་ཧཱ་པཉྩ་ཨཱོཾ་ཨཱཿཧཱུཾ༔ ཨཱོཾ་ཨཱཿཧཱུཾ་བོདྷི་ཙིཏྟ་ག་ཎ་གུ་ཧྱ་པཱུ་ཛ་ཧོ༔ སྨན་རཀ་གཏོར་གསུམ་གྱི་རྒྱུ་སྣོད་བཀོལ་བ་སོགས་ཐུན་མོང་དུ་དགོས་པ་དང་སོ་སོའི་དམིགས་བསལ་རྣམས་མ་འདྲེས་པར་གནད་ཤེས་པའི་དམིགས་རིམ་སྤྲོ་བསྡུ་དགོས་སོ། །གཉིས་པ་བཤགས་པ་བྱ་བ་ནི། ཧཱུཾ། བླ་མ་ཡི་དམ་མཁའ་འགྲོ་དགོངས༔ ཁྱེད་ནི་རྣམ་དག་དྲི་མ་མེད༔ བདག་ནི་ཉོན་མོངས་སྒྲིབ་པས་བསྒྲིབས༔ ཉམས་ཆགས་སྡིག་སྒྲིབ་མཐོལ་ཞིང་བཤགས༔ བཛྲ་ས་མ་ཡ་བི་ཤུདྡྷ་ཡ༔ ཡེ་ཤེས་སྐུ་མཆོག་མའང་བྱ། གཞུང་དུ་མཆོད་པ། གསོལ་གདབ། དབང་བཞི་སོགས་གསུངས་པ་ཉམས་ལེན་ཁོ་ན་གཙོ་བོར་འདོན་ན་གལ་ཆེ་མོད། གར་འཆམས་སོགས་སྤྲོས་པ་ཆེ་བའི་དུས་ཆད་ལྷག་ཏུ་མི་འགྱུར་བས་བཏང་སྙོམས་སུ་བཞག་གོ །གསུམ་པ་བསྐྱེད་རིམ་སྒོམ་པ་ནི། གཏེར་གཞུང་སོར་བཞག་ལེགས་པར་མངོན་ཞིང་། སྤྲུལ་སྐུ་ཆོས་ལྡན་པས་ཨྱོན་ཟ་ཧོར་མ་བསྐྱེད་པར་གསུངས་པ་ནི་རཏྣ་གླིང་པ་དང་པདྨ་གླིང་པ་སོགས་ཀྱི་གཏེར་ཆོས་ཚད་ལྡན་ཚོར་ཡང་སྣང་ལ་(༥ན)


GLG024_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་པའི་གསོལ་འདེབས་སུ་ཡོད་པ་སྐབས་སུ་བབས་པས་དཀྱུས་སུ་བཅུག་ཅིང་སྐུ་ལྔ་མཚན་བརྒྱད་མདོར་བསྡུས་པ་སོ་སོའི་མངོན་རྟོགས་དང་བསྟུན་ནས་གསུང་རྒྱུན་ལྟར་ཁ་བཀང་བ་འདི་ལྟར། ཨཱོཾ། ཆོས་སྐུ་མི་འགྱུར་རྡོ་རྗེ་སེམས༔ པདྨ་རྒྱལ་པོ་འདི་སྐད་སྨྲ༔ དང་པོར་ཆོས་རྣམས་དམིགས་མེད་ཅིང་༔ སྨྲ་བརྗོད་བྲལ་བར་རྫོགས་པ་ཆེ༔ བློ་འདས་ཆོས་སྐུ་མི་འགྱུར་པའི༔ དེ་བཞིན་ཉིད་ཀྱི་ཏིང་འཛིན་བསྒོམ༔ བློ་བྲལ་དེ་ཡི་ངང་ཉིད་ལས༔ སེམས་ཅན་ཀུན་ལ་ཁྱབ་པ་ཡི༔ བརྩེ་བའི་སྙིང་རྗེ་ཆེན་པོ་བསྒོམ༔ སྟོང་ཉིད་སྙིང་རྗེའི་ངང་ཉིད་ལས༔ འགྲོ་དོན་དཔག་མེད་བྱེད་པའི་སླད༔ རང་རིག་གསེར་གྱི་རྡོ་རྗེར་བསྒོམ༔ རྡོ་རྗེའི་འོད་ལས་གཞལ་ཡས་ཁང་༔ པདྨ་རིན་ཅེན་འབར་བ་སྤེལ༔ འཇའ་ཚོན་བྲེས་པ་ལྟ་བུའི་ནང་༔ ལྟེ་དབུས་ཉི་ཟླ་པདྨའི་གདན༔ རྡོ་རྗེ་གནས་འགྱུར་དྲན་རྫོགས་སུ༔ རྟ་མགྲིན་དབང་ཆེན་སྐུ་མདོག་དམར༔ ཞལ་གཅིག་ཕྱག་གཉིས་དབུ་ཡི་གཙུག༔ རྟ་མགོ་རྟ་སྐད་ཕྱོགས་བཅུར་སྒྲོག༔ ཕྱག་གཡས་དབང་སྡུད་གྲི་གུག་འཕྱར༔ ཕྱག་གཡོན་ཐོད་པ་ཁྲག་བཀང་གསོལ༔ རུས་པའི་རྒྱན་དྲུག་ཁ་ཊྭཱཾ་བསྣམས༔ གཡས་བསྐུམ་གཡོན་བརྐྱང་བདུད་བཞི་བརྫིས༔ ཉི་ཟླ་པད་སྟེང་འགྱིང་ཞིང་བརྗིད༔ གཡོན་ནས་རྡོ་རྗེ་ཕག་མོས་འཁྱུད༔ ཆ་ལུགས་ཡབ་འདྲ་སྤྱི་བོའི་གཙུག༔ ཕག་ཞལ་མཐིང་ཁ་ངུར་སྒྲ་སྒྲོག༔ གཞོན་ཚུལ་ནུ་མ་བྷ་ག་རྒྱས༔ བསྐལ་པའི་མེ་དཔུང་ཀློང་ན་བཞུགས༔ འོད་ཟེར་རྡོ་རྗེའི་ཚ་ཚ་འཕྲོ༔ དེ་ཉིད་སྤྱི་གཙུག་ཉི་ཟླའི་སྟེང་༔ པདྨ་གེ་སར་སྡོང་པོ་ལ༔ བདག་(༥བ)


GLG024_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་པདྨ་ཐོད་ཕྲེང་རྩལ༔ ཨཱ་ཙརྱ་གཞོན་དཀར་སྨུག་ཞལ༔ རྡོ་རྗེ་བནྡྷ་ཁ་ཊྭཱཾ་བསྣམས༔ གསང་གོས་ཟབ་བེར་ཆོས་གོས་དམར༔ པད་ཞྭ་སྒྲོ་དར་མེ་ལོང་མཚན༔ སྙན་རྒྱན་མགུལ་རྒྱན་སྐྱིལ་ཀྲུང་བཞུགས༔ དེ་ཉིད་གནས་འགྱུར་དྲན་རྫོགས་སུ༔ རང་རིག་བླ་མ་རྡོ་རྗེ་འཛིན༔ རྡོ་རྗེ་སེམས་དཔའི་ཆ་ལུགས་སུ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ གཅེར་བུ་སྤྱན་གསུམ་རུས་རྒྱན་ཅན༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན༔ ཕྱག་གཡོན་དྲིལ་བུ་ཡུམ་ལ་འཁྱུད༔ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ དེ་ཡི་ཕང་གཡོན་རིག་མ་ནི༔ ཡེ་ཤེས་མཁའ་འགྲོ་འཚོ་རྒྱལ་མ༔ བཅུ་དྲུག་ལོན་པ་གཞོན་ཚུལ་ཅན༔ པད་མདོག་ནུ་མ་བྷ་ག་རྒྱས༔ རིན་ཅེན་རུས་རྒྱན་ཅོད་པན་ཅན༔ ཕྱག་གཡས་ཡབ་ཀྱི་མགུལ་ནས་འཁྱུད༔ ཕྱག་གཡོན་ཐོད་པའི་བདུད་རྩི་སྟོབ༔ ཞབས་གཉིས་ཡབ་ཀྱི་རྐེད་པ་འཁྲིལ༔ སྐུ་མདོག་དཀར་དམར་འཛུམ་མདངས་ཅན༔ སྐྲ་གྲོལ་གཅེར་བུ་འོད་ལྡན་བསམ༔ ཁོར་ཡུག་འཇའ་འདྲའི་དྲ་བར་བསྒོམ༔ བདག་ཉིད་ཆེན་པོའི་ཐུགས་ཀ་ནས༔ འོད་ཟེར་དཀར་པོ་ཧཱུཾ་འཕྲོས་པས། །ཞི་བའི་ལས་མཛད་ཐོད་འཕྲེང་རྩལ། །སྐུ་མདོག་དཀར་པོ་དར་དཀར་གསོལ། །རྡོ་རྗེ་ལྕགས་ཀྱུ་ཌཱ་དྲིལ་བསྣམས། །བདག་ཉིད་༴། འོད་ཟེར་སེར་པོ་སྭཱ་འཕྲོས་པས། །རྒྱས་པའི་༴། སྐུ་མདོག་སེར་པོ་དར་སེར་གསོལ། །རིན་ཅེན་ཞགས་པ་ཌཱ་དྲིལ་བསྣམས། །བདག་ཉིད་༴། འོད་ཟེར་དམར་པོ་ཨཾ་འཕྲོས་པས། །དབང་གི་༴། སྐུ་མདོག་དམར་པོ་དར་དམར་(༦ན)


GLG024_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །པདྨ་ལྕགས་སྒྲོག་ཌཱ་དྲིལ་བསྣམས། །བདག་ཉིད་༴། འོད་ཟེར་ལྗང་གུ་ཧཱ་འཕྲོས་པས། །མངོན་སྤྱོད་༴། སྐུ་མདོག་ལྗང་གུ་དར་ལྗང་གསོལ། །རྒྱ་གྲམ་དྲིལ་བུ་ཌཱ་དྲིལ་བསྣམས། །བདག་ཉིད་༴། འོད་ཟེར་སྣ་ལྔ་ཨཱོཾ་འཕྲོས་པས། །ཐམས་ཅད་ལྷུན་གྲུབ་༴། སྐུ་མདོག་སྨུག་པོ་ཟབ་བེར་གསོལ། །འཁོར་ལོ་དྲིལ་བུ་ཌཱ་དྲིལ་བསྣམས། །ཕྱོགས་མཚམས་རིན་ཅེན་ཟུར་བརྒྱད་ཀྱི། །འཛུམ་སྟེང་བར་སྣང་འཇའ་འོད་ཀློང་། །ཤར་དུ་པདྨ་འབྱུང་གནས་མཐིང་། །ཕྱག་གཡས་རྡོ་རྗེ་རྩེ་ལྔ་གདེངས། །གཡོན་པ་སྡིགས་མཛུབ་ཡུམ་ལ་འཁྱུད། །རྒྱན་དྲུག་གིས་སྤྲས་སྐྱིལ་ཀྲུང་བཞུགས། །ཤར་ལྷོར་པདྨ་སཾ་བྷ་ཝ། །དཀར་སྨུག་མདངས་ཅན་གཡས་ཐོད་པ། །རིན་ཅེན་དང་ལྡན་གཡོན་མཆོག་སྦྱིན། །དགེ་སློང་ཆས་མཛེས་གཞོན་ནུའི་ཚུལ། །ལྷོ་ཕྱོགས་བློ་ལྡན་མཆོག་སྲེད་དཀར། །ཐོད་རྔ་གཡས་ལ་པད་ཕོར་གཡོན། །བདུད་རྩི་ལྡན་པ་རིན་ཅེན་རྒྱན། །དར་དཀར་ལྷབ་ལྷུབ་ན་བཟའ་གསོལ། །ལྷོ་ནུབ་པདྨ་རྒྱལ་པོ་དམར། །ལྕགས་སྒྲོག་ཌཱ་རུ་གཡས་ན་བསྣམས། །མེ་ལོང་ཡིག་དྲུག་གཡོན་ན་འཛིན། །དར་དམར་ན་བཟའ་མཛེས་པར་ཀླུབས། །ནུབ་ཕྱོགས་ཉི་མ་འོད་ཟེར་སེར། །ཕྱག་གཡས་ཁ་ཊྭཱཾ་གཡོན་སྡིགས་མཛུབ། །ཉི་ཟེར་ཞགས་འཛིན་སྟག་ཤམ་ཅན། །རིན་ཅེན་རུས་པའི་རྒྱན་དྲུག་ལྡན། །ནུབ་བྱང་ཤཱཀྱ་སེང་གེ་སེར། །ཕྱག་གཡས་ས་གནོན་གཡོན་ལྷུང་བཟེད། །བདུད་རྩི་ལྡན་པ་ཆོས་གོས་དམར། །རབ་ཏུ་བྱུང་བའི་ཆ་ལུགས་ཅན། །བྱང་ཕྱོགས་སེང་གེ་སྒྲ་(༦བ)


GLG024_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོག་མཐིང་། །ཕྱག་གཡས་ལྕགས་རྡོར་གཡོན་སྡིགས་མཛུབ། །ཐོར་ཚུགས་དར་དམར་དོར་སྟབས་བགྲད། །སེང་གེའི་སྟོད་སློག་སྟག་ཤམ་གསོལ། །བྱང་ཤར་རྡོ་རྗེ་གྲོ་ལོད་སྨུག །སྟག་སྟེང་རབ་ཁྲོས་སྤྱན་གསུམ་བགྲད། །ཨམ་གཙིགས་ཨག་ཚོམ་གཡས་རྡོ་རྗེ། །གཡོན་པ་ཕུར་པས་དགྲ་སྙིང་གཟིར། །གཞན་ཡང་ཉི་དང་ཟེར་བཞིན་དུ། །བརྒྱུད་པའི་བླ་མ་ཐམས་ཅད་དང་། །དབང་བསྐུར་བྱིན་རླབས་ལུང་ཐོབ་ཅིང་། །མན་ངག་སྟོན་དང་ཤེས་རྒྱུད་གྲོལ། །འདྲེན་བྱེད་ལ་སོགས་བླ་མ་ཡིས། །སྟེང་ཕྱོགས་བར་སྣང་སྤྲིན་ལྟར་གཏིབས། །འོད་ཕུང་དཀྱིལ་དུ་བཞུགས་ནས་ཀྱང་། །བདག་ལ་བྱིན་གྱིས་བརླབ་པར་གྱུར། །ཕོ་བྲང་ཕྱོགས་བཞི་པད་འདབ་བཞི༔ དཀར་སེར་དམར་ལྗང་རིན་ཅེན་འབྲུའི༔ ནང་ཁོངས་ཞིང་གི་གདན་བཞི་ལ༔ རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་དང་༔ རིན་ཅེན་མཁའ་འགྲོ་ཡབ་ཡུམ་དང་༔ པདྨ་མཁའ་འགྲོ་ཡབ་ཡུམ་དང་༔ ལས་ཀྱི་མཁའ་འགྲོ་ཡབ་ཡུམ་རྣམས༔ སྐུ་མདོག་རིགས་ཀྱི་ཁ་དོག་ལ༔ འཁྲིལ་སྦྱོར་རྒྱན་དང་ཆ་ལུགས་རྣམས༔ གཙོ་བོ་ཡབ་ཡུམ་གཉིས་ལྟར་བསྐྱེད༔ སྣ་ཚོགས་པད་ཁོར་ཕྱི་མ་ལ༔ བདག་སྐྱོབ་ལྷ་དང་རིགས་འཛིན་དང་༔ རིགས་འདུས་མཁའ་འགྲོ་ཆོས་སྐྱོང་རྣམས༔ དངོས་གྲུབ་སྟེར་ཞིང་བར་ཆད་སེལ༔ གླུ་ལེན་གར་བྱེད་རོལ་མོ་སྒྲོག༔ འདོད་ཡོན་མཆོད་པ་སྣ་ཚོགས་སྟོབ༔ ཆར་སྤྲིན་གཏིབས་པ་ལྟ་བུར་གྱུར༔ ཨཱོཾ་ཨཱཿཧཱུཾ་གིས་གནས་གསུམ་མཚན༔ སྤྱི་དཔྲལ་རྣ་གོང་གཡས་ལྟག་གཡོན། །ཧཱུཾ་ཨཱོཾ་སྭཱ་ཨཾ་ཧཱ་ཡིག་རྣམས། རབ་(༧ན)


GLG024_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་རིགས་ལྔས་དབུ་བརྒྱན་གྱུར། །སྐུ་གསུང་ཐུགས་ཀྱིས་བྱིན་བརླབས་ནས། །ཡེ་ཤེས་ལྔ་ཡི་དབང་རྫོགས་ཤོག །ལེའུ་གསུམ་པ་སྤྱན་དྲང་བ་ལ་གསུམ་གྱི་དང་པོ་སྤྱན་འདྲེན་པ་དངོས་ནི། གཞུང་དུ་སོ་སོའི་ཡུལ་གྱི་མིང་སོགས་རྒྱས་པར་འདུག་པ་སྤྲུལ་སྐུ་སྨན་ལུང་པས་ཁྱེར་བདེར་མཛད་པ་དོན་ལ་ཚང་ཞིང་ལེགས་པར་སྣང་བ་འདི་ལྟར། ཧཱུཾ། སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨྱོན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱི༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ བསིལ་བ་ཚལ་གྱི་དུར་ཁྲོད་དུ༔ ཡོན་ཏན་སྣ་ཚོགས་དངོས་གྲུབ་བརྙེས༔ པདྨ་སཾ་བྷ་ཞེས་སུ་གྲགས༔ བྱིན་གྱིས་༴ རཱ་ག་རཀྟའི་གནས་མཆོག་ཏུ༔ ཐམས་ཅད་མཁྱེན་པའི་དངོས་གྲུབ་བརྙེས༔ བློ་ལྡན་མཆོག་སྲེད་ཅེས་སུ་གྲགས༔ བྱིན་གྱིས་༴ དགའ་བ་ཚལ་གྱི་དུར་ཁྲོད་དུ༔ ཁམས་གསུམ་དབང་སྡུད་དངོས་གྲུབ་བརྙེས༔ པདྨ་རྒྱལ་པོ་ཞེས་སུ་གྲགས༔ བྱིན་གྱིས་༴ སོ་ས་གླིང་གི་དུར་ཁྲོད་དུ༔ འགྲོ་བ་འདུལ་བའི་དངོས་གྲུབ་བརྙེས༔ ཉི་མ་འོད་ཟེར་ཞེས་སུ་གྲགས༔ བྱིན་གྱིས་༴ ཟ་ཧོར་རྒྱལ་པོའི་ཡུལ་དབུས་སུ༔ བདུད་འདུལ་དྲག་པོའི་དངོས་གྲུབ་བརྙེས༔ ཤཀྱ་སེང་གེ་ཞེས་སུ་གྲགས༔ བྱིན་གྱིས་༴ མ་ག་དྷ་ཡི་གྲོང་ཁྱེར་དུ༔ མུ་སྟེགས་འདུལ་བའི་དངོས་གྲུབ་བརྙེས༔ སེང་གེ་སྒྲ་སྒྲོག་ཅེས་སུ་གྲགས༔ བྱིན་གྱིས་༴ (༧བ)


GLG024_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

སྟག་ཚང་སེང་གེའི་བསམ་གྲུབ་ཏུ༔ དྲེགས་པ་ཚར་གཅོད་དངོས་གྲུབ་བརྙེས༔ རྡོ་རྗེ་གྲོ་ལོད་ཅེས་སུ་གྲགས༔ བྱིན་གྱིས་༴ ཧཱུཾ། ཡུལ་གྱི་མིང་ནི་རྔ་ཡབ་གླིང་༔ ཟངས་མདོག་དཔལ་གྱི་རི་བོའི་རྩེར༔ པདྨ་འོད་ཀྱི་གཞལ་ཡས་སུ༔ གྲུབ་པ་མཐར་ཕྱིན་དངོས་གྲུབ་བརྙེས༔ སློབ་དཔོན་པདྨ་འབྱུང་གནས་ལ༔ པདྨ་ཐོད་ཕྲེང་རྩལ་དུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱི༔ བྱིན་གྱིས་༴ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ བྱིན་འབེབས་ཀྱི་འགྲོས་དང་བསྟུན་པའི་འཛབ་དང་བཅས། ཧྲཱིཿ བདེ་ཆེན་འབར་བའི་གཞལ་ཡས་ནས༔ དབང་གི་རྒྱལ་པོ་རྟ་མཆོག་དཔལ༔ རྡོ་རྗེ་ཕག་མོ་ཡུམ་དང་བཅས༔ དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ ཕྱོགས་བཞི་མཚམས་བརྒྱད་གཞལ་ཡས་ནས༔ རིགས་བཞི་མཁའ་འགྲོ་གཤེགས་སུ་གསོལ༔ བདུད་འདུལ་གིང་བཞི་གཤེགས་སུ་གསོལ༔ དཔའ་བོ་དཔའ་མོ་གཤེགས་སུ་གསོལ༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ མཁའ་འགྲོ་དཔའ་བོ་མ་ལུས་དང་༔ རིགས་འཛིན་ཆོས་སྐྱོང་ཐམས་ཅད་སྤྱོན༔ དབུ་ལ་ཐོར་ཚུགས་ལྡེམས་སེ་ལྡེམ༔ དར་གྱི་ཅོད་པན་པུར་རུ་རུ༔ གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག༔ སིལ་སྙན་མང་པོ་སིལ་ལི་ལི༔ རྒྱན་ཆ་མང་པོ་ཁྲོལ་ལོ་ལོ༔ རོལ་མོ་མང་པོ་དིར་རི་རི༔ དཔའ་བོའི་བྲོ་བརྡུང་ཁྲིགས་སེ་ཁྲིག༔ དཔའ་(༨ན)


GLG024_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་གླུ་ལེན་ཀྱུར་རུ་རུ༔ ཡི་དམ་ལྷ་ཚོགས་ཡལ་ལ་ལ༔ མཁའ་འགྲོ་མ་ཚོགས་ཐིབས་སེ་ཐིབ༔ ཆོས་སྐྱོང་ལས་བྱེད་ཁྱུགས་སེ་ཁྱུག༔ ཞུབ་ཅན་སྟོང་སྒྲ་སིལ་ལི་ལི༔ ལྷ་སྲིན་སྡེ་བརྒྱད་ཤར་ར་ར༔ གཡས་ནས་ཕོ་རྒྱུད་ཐིབས་སེ་ཐིབ༔ གཡོན་ནས་མོ་རྒྱུད་ཐིབས་སེ་ཐིབ༔ དཔལ་གྱི་རུ་མཚོན་ལྷབས་སེ་ལྷབ༔ མཁའ་འགྲོའི་བརྡ་སྐད་དིར་རི་རི༔ དཔའ་བོའི་བཤུག་པ་ཀྱུར་རུ་རུ༔ དཔའ་མོའི་གར་བྱེད་ཤིགས་སེ་ཤིག༔ ཧཱུཾ་གི་སྣང་གླུ་དིར་རི་རི༔ ཕཊ་ཀྱི་བརྡ་སྐད་སངས་སེ་སང་༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ བསྙེན་སྒྲུབ་ལས་གསུམ་གྱི་འཛབ་སྤེལ་ཚིག་ཅན་བཟླས་པས་བྱིན་ཐིབས་ཀྱིས་བྱིན་པར་བསམ། གཉིས་པ་བཞུགས་སུ་གསོལ་བ་ནི། ཉང་གཏེར་ལས། ཧཱུཾ། རིན་ཅེན་ཕོ་བྲང་ཉམས་རེ་དགའ༔ དུར་ཁྲོད་གཞལ་ཡས་བྱིན་རེ་ཆེ༔ པདྨ་འདབ་བཞི་མདངས་རེ་གསལ༔ རྟོག་མེད་རོ་གདན་བག་རེ་དྲོ༔ ཉི་ཟླ་བརྩེགས་པ་འོད་རེ་གསལ༔ བཞུགས་པའི་གནས་སུ་དང་རེ་སྤྲོ༔ གུ་རུ་ཡི་དམ་མཁའ་འགྲོའི་ཚོགས༔ དགྱེས་ཤིང་བྱིན་གྱིས་བརླབ་ཕྱིར་བཞུགས༔ མོས་པའི་བུ་ལ་ཞལ་བསྟན་འཚལ༔ གསུང་གི་གདམས་པའི་གནད་བསྒྲག་འཚལ༔ ཐུགས་ཀྱི་དགོངས་པའི་སྒོ་དབྱེ་འཚལ༔ འགྲོ་བའི་དོན་དུ་སྐུ་བཞུགས་འཚལ༔ གུ་རུ་དེ་ཝ་ཌཱ་ཀི་ནཱི། ས་མ་ཡ་ཏིཥྛ་ལྷན༔ གསུམ་པ་ཕྱག་འཚལ་བ་ནི༔ རང་(༨བ)


GLG024_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་ལས། ཨེ་མ་ཧོ། སྐྱེ་འགག་འགྱུར་མེད་འཕྲིན་ལས་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་རྣམས་སྒྲོལ༔ ཡིད་བཞིན་དངོས་གྲུབ་ཆར་འབེབས་པའི༔ ཐོད་འཕྲེང་རྩལ་ལ་ཕྱག་འཚལ་ལོ༔ སྤྲོས་བྲལ་བདེ་ཆེན་ཀུན་བཟང་མོ༔ རྡོ་རྗེ་སྨན་གཅིག་འཚོ་རྒྱལ་ཡུམ༔ བདེ་སྟོང་གཉིས་མེད་ཐབས་ཤེས་སྦྱོར༔ ཡབ་ཡུམ་གཉིས་མེད་ཕྱག་འཚལ་ལོ༔ བྱ་བྱེད་འདི་ཆོས་རྣམ་པར་དག༔ རང་བྱུང་ཐུགས་རྗེས་འགྲོ་བ་འདུལ༔ དབང་ཆེན་རྟ་མཆོག་ཡབ་ཡུམ་ལ༔ གཉིས་མེད་གུས་པས་ཕྱག་འཚལ་ལོ༔ སྣང་བ་ཡབ་ལ་སྟོང་པ་ཡུམ༔ མཁའ་འགྲོ་གིང་ལ་ཕྱག་འཚལ་ལོ༔ ཐམས་ཅད་ཆོས་ཀྱི་དབྱིངས་སུ་རོལ༔ ཆོས་སྲུང་ཚོགས་ལ་ཕྱག་འཚལ་ལོ༔ ཨ་ཏི་པུ་ཧོ༔ པྲ་ཏི་ཛ་ཧོ༔ བཞི་པ་མཆོད་པའི་ལེའུ་ལ་གསུམ་ལས། དང་པོ་ཕྱི་ནང་གསང་མཆོད་འབུལ་བ་ནི། གཞུང་དུ་མཆོད་པ་སྔོན་འགྲོར་མཛད་ཅིང་ལས་བྱང་དུ་ཚོགས་ཀྱི་ཁོངས་སུ་བསྡུས་ཀྱང་སྤྲུལ་སྐུ་ཆོས་ལྡན་པའི་ཕྱག་ལེན་ལྟར་འདིར་སྐབས་སུ་བབས་པས། ཧྲཱིཿ བླ་མ་ཡི་དམ་མཁའ་འགྲོ་ལ༔ ལྷ་རྫས་ཕྱི་མཆོད་འབུལ་བ་ནི༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སིལ་སྙན་ཡིད་འོང་རྣམས༔ སྤྱན་ཤངས་ཐུགས་ཀ་སྐུ་ལུས་དང་༔ ཞལ་དང་སྙན་དུ་མཆོད་པར་འབུལ༔ གུ་རུ་དེ་ཝ་ཌཱ་ཀི་ནཱི༔ པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝི་དྱ། ཤཔྟ་པཱུ་ཛ་ཧོ༔ ཧྲཱིཿ བླ་མ་ཡི་དམ་མཁའ་འགྲོ་ལ༔ རང་བྱུང་ནང་མཆོད་འདུལ་བ་ནི༔ དབང་པོ་རྣམ་ལྔའི་མེ་ཏོག་མཆོད༔ གསུར་ཆེན་བདུག་སྤོས་དྲི་(༩ན)


GLG024_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས་མཆོད༔ ཞུན་ཆེན་སྣང་གསལ་མར་མེས་ཆོད༔ རྡོ་རྗེ་དྲི་ཆུའི་བྱུགས་པས་མཆོད༔ བདུད་རྩི་དྲི་ཆེན་ཞལ་ཟས་མཆོད༔ རྐང་གླིང་ཐོད་པའི་རྔ་སྒྲས་མཆོད༔ དུག་གསུམ་སྐུ་གསུང་ཐུགས་སུ་མཆོད༔ དུག་ལྔ་ཡེ་ཤེས་ལྔ་རུ་མཆོད༔ སྣང་སྲིད་ཕྱག་རྒྱ་བཞི་རུ་མཆོད༔ གུ་རུ་དེ་ཝ་ཌཱ་ཀི་ནཱི་མ་ཧཱ་སརྦ་པཱུ་ཛ་ཧོ༔ ཧྲཱིཿ བླ་མ་ཡི་དམ་མཁའ་འགྲོ་ལ༔ གཉིས་མེད་གསང་མཆོད་འབུལ་བ་ནི༔ ཡབ་ཡུམ་གཉིས་མེད་མཁའ་གསང་ལས༔ བྱང་སེམས་དཀར་དམར་བདེ་བའི་རྒྱུན༔ བདེ་བའི་རོ་མཉམ་མཆོད་པར་འབུལ༔ སྐུ་ལུས་རྒྱས་ཕྱིར་བཞེས་སུ་གསོལ༔ གུ་རུ་དེ་ཝ་ཌཱ་ཀི་ནཱི་བོ་དྷི་ཙིཏྟ་ག་ན་གུ་ཧྱ་པཱུ་ཛ་ཧོ༔ ཞར་བྱུང་སྨན་རཀ་འབུལ་བ་རྩེ་ལུགས་གསུང་རྒྱུན་བརྒྱུད་མཆོད་ཀྱི་མཇུག་རྣམས་མོས་གུས་གཙོར་བཏོན་གྱི་བླ་མ་གྲགས་ཆེ་ཆེ་སྣ་ཚོགས་བཀོད་པ་ལས་སྨིན་གྲོལ་གདམས་པའི་བརྒྱུད་པ་མཐར་ཆགས་མེད་པའི་ད་ལྟའི་སྡེ་གོག་དང་ཆེར་རློམ་ཚོའི་རྣམ་ཐར་དུ་འདུག་པས་བཏང་སྙོམས་སུ་བཞག་ནས་འདི་ལྟར། ཨཱོཾ། རིགས་འཛིན་གསང་བའི་དཀྱིལ་འཁོར་ཀུན་འདུས་པར། །རྩ་བརྒྱད་སྟོང་སྦྱར་ཡེ་ཤེས་ལྔ་རྫོགས་རྫས། །མྱོང་བས་འགྲོ་ཀུན་གྲོལ་བའི་བདུད་རྩི་ཆེ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། །ཆོས་སྐུ་སྣང་མཐའ་ལོངས་སྐུ་སྤྱན་རས་གཟིགས། །སྤྲུལ་སྐུ་པད་འབྱུང་ཇོ་མོ་མཁར་ཆེན་བཟའ། །ཁྲི་སྲོང་ལྡེ་བཙན་གཏེར་སྟོན་ཆོས་དབང་ལ། །སྨན་མཆོད་༴༔ གུ་རུ་དེ་ཝ་༴༔ ཡར་ཀླུངས་སྤྲུལ་སྐུ་དགས་(༩བ)


GLG024_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་དབང་ཕྱུག་མཚན། །གཉན་སྟོན་ཆེན་པོ་སེ་སྡིངས་ཡབ་སྲས་གཉིས། །ཆོས་སྐུ་འོད་ཟེར་དཔལ་འབྱོར་དབང་ཕྱུག་ལ། །སྨན་མཆོད་༴། གུ་རུ་དེ་ཝ་༴། ཆོས་ཀྱི་དབང་པོ་ཀརྨ་གུ་རུའི་ཞབས། །ཐུགས་སྲས་དབང་འབྱོར་ཁྱབ་བདག་ཁྲ་ཚང་པ། །རིགས་འཛིན་བློ་གྲོས་མཆོག་གི་རྡོ་རྗེ་ལ། །སྨན་མཆོད་༴། གུ་རུ་དེ་ཝ་༴། སླར་ཡང་ཆོས་དབང་བསམ་གྲུབ་ཀུན་བཟང་རྗེ། །རིགས་ཀུན་བདག་པོ་མགོན་པོ་བསོད་ནམས་ཞབས། །ཀུན་མཁྱེན་ཟུར་ཆེན་ཆོས་དབྱིངས་རང་གྲོལ་ལ། །སྨན་མཆོད་༴། གུ་རུ་དེ་ཝ་༴། འགྲོས་འཆམས་དབྱངས་རོལ་གསལ་བྱེད་ཀུན་བཟང་རྩེ། །བསོད་ནམས་རྒྱལ་མཚན་ཀུན་བཟང་རོལ་པ་དང་། །ཡེ་ཤེས་དབང་པོ་ཆོས་ཀྱི་དབང་ཕྱུག་ལ། །སྨན་མཆོད་༴། གུ་རུ་དེ་ཝ་༴། རྟ་ཕག་ཡབ་ཡུམ་མཁའ་འགྲོ་རིགས་བཞི་གིང་། །བདག་སྐྱོབ་ལྷ་དང་རིགས་འཛིན་ཌཱ་ཀིའི་ཚོགས། །དཔལ་མགོན་མ་ནིང་དམ་ཅན་གཏེར་སྲུང་ལ། །སྨན་མཆོད་༴། གུ་རུ་དེ་ཝ་༴། རང་གཏེར་བླ་མ་དངོས་གྲུབ་བསྟན་གཟིགས་ལས། ཨཱཿ འདོད་ཆགས་རྣམ་དག་པདྨ་རཀྟ་འདི༔ རྒྱུད་དྲུག་ཀུན་སྒྲོལ་ཁམས་གསུམ་དབང་དུ་སྡུད༔ བདེ་མཆོག་བདེ་སྤྱོད་རཀྟའི་མཆོད་པ་འདིས༔ བླ་མ་ཡི་དམ་མཁའ་འགྲོའི་ཐུགས་དམ་བསྐང་༔ གུ་རུ་དེ་ཝ་ཌཱ་ཀི་ནཱི་མཧཱ་རཀྟ་ཛྭ་ལ་ཁ་རཾ་ཁཱ་ཧི༔ གཉིས་པ་དམ་རྫས་གཏོར་མའི་མཆོད་པ་ནི། ལས་བྱང་དུ་བསྐུལ་གྱི་ཁོངས་སུ་བསྡུས་ཀྱང་ཆོས་ལྡན་པའི་ཕྱག་ལེན་ལྟར། ཧཱུཾ། རྗེ་བཙུན་བླ་མ་གཤེགས་སུ་གསོལ༔ གདུང་བ་དྲག་པོས་གསོལ་འདེབས་ཀྱིས༔ འདོད་ཡོན་ལྔ་(༡༠ན)


GLG024_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་མཆོད་པ་འབུལ༔ བ་ལིཾ་རྒྱན་གྱི་༴ སྨན་རཀ་བདུད་རྩི་༴ ཞལ་ཟས་ཚོགས་ཀྱི་༴ ཏིང་འཛིན་རྩེ་གཅིག་༴ བླ་མ་རིགས་འཛིན་མཆོད་པ་བཞེས༔ ཡི་དམ་ལྷ་ཚོགས་༴ མཁའ་འགྲོའི་ཚོགས་རྣམས་༴ གང་གི་ཚོགས་༴ དཔའ་བོའི་ཚོགས་༴ དཔའ་མོའི་ཚོགས་༴ ཧཱུཾ། རྣལ་འབྱོར་ཕོ་མོ་དམ་རེ་གཙང་༔ མཁའ་འགྲོའི་ཚོགས་རྣམས་དང་རེ་སྤྲོ༔ དུར་ཁྲོད་གནས་མཆོག་ཉམས་རེ་དགའ༔ ཞིང་ཆེན་བླ་བྲེ་རྒྱན་དང་ལྡན༔ ཤ་སྣ་སྙིང་སྣ་བསམ་མི་ཁྱབ༔ སྤྲོ་དགའ་གནས་ཀྱི་མཆོད་པ་འབུལ༔ ཧཱུཾ། སྣང་བ་སྣོད་ཀྱི་འཇིག་རྟེན་གཏོར་གཞོང་དུ༔ སྲིད་པ་བཅུད་ཀྱི་སེམས་ཅན་གཏོར་མར་སྦྱར༔ དཔལ་གྱི་གཏོར་མ་བརྗིད་ལྡན་འགྱིང་བ་འདི༔ རི་རབ་ལྷུན་པོ་བས་ཀྱང་དཔངས་རེ་མཐོ༔ མ་མོའི་གཏོར་མ་པདྨས་བསྐོར་བ་འདི༔ གླིང་བཞི་གླིང་ཕྲན་པས་ཀྱང་བཀོད་རེ་ལེགས༔ དཀར་གྱི་ཐིག་བཏབ་དམར་གྱི་གུར་ཕུབ་པས༔ གསེར་གྱི་རི་བདུན་བས་ཀྱང་བརྗིད་རེ་ཆེ༔ རཀྟ་དམར་གྱི་ཨརྒྷཾ་སྦྲེང་བ་འདི༔ རྒྱ་མཚོའི་མཆིང་ནམ་བས་ཀྱང་རྒྱ་རེ་ཆེ༔ བདུད་རྩི་སྨན་གྱིས་གཏོར་མ་བྲན་པ་འདི༔ ལྷ་ཡི་ཞལ་ཟས་བས་ཀྱང་རོ་རོ་བདའ༔ དཀར་རྩི་དམར་རྩི་ཤ་ཆེན་དྲི་ཆེན་དང་༔ དྲི་ཆུ་བྱུག་པའི་རྫས་ཏེ་རྣམ་པ་ལྔ༔ སེང་གེ་རྟ་དང་གླང་ཆེན་བ་ལང་དང་༔ མཆོག་ཆེན་མི་ལ་སོགས་ཏེ་རྣམ་པ་ལྔ༔ མ་ཧཱ་མཾ་ས་ལ་སོགས་ཤ་སྣ་སྟོང་༔ མ་ཧཱ་ཙི་ཏ་ལ་སོགས་སྙིང་སྣ་སྟོང་༔ དབང་པོ་ལྔ་དང་གོ་རོ་ཙ་ན་དང་༔ བ་སུ་ཏ་དང་ནང་ཁྲོལ་རྣམ་པ་ལྔ༔ ཤིང་ཏོག་མེ་ཏོག་འབྲུ་སྣ་སྨན་སྣ་དང་༔ ཟན་དང་འཁུར་བ་(༡༠བ)


GLG024_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

ཐུག་པའི་བྱེ་བྲག་དང་༔ མར་ཐུད་ཕྲུམ་དང་ཞོ་དང་འོ་མར་བཅས༔ ཙི་དང་ཙ་རུ་ཙི་ཆེན་གོ་སྙོད་དང་༔ སྒ་དང་ལན་ཚྭ་སྤོད་ཀྱི་བྱེ་བྲག་དང་༔ རི་སྒོག་ཀླུངས་སྒོག་ཤ་མོ་སྣ་ཚོགས་དང་༔ བཟའ་དང་བཅའ་བ་བཏུང་བའི་བྱེ་བྲག་དང་༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ འདོད་ཡོན་ལྔ་ཡི་མཆོད་པ་སྣ་ཚོགས་ཀུན༔ ཐོགས་མེད་བློ་ཡིས་ཐམས་ཅད་ཀུན་བསྡུས་ནས༔ ཏིང་འཛིན་དགོངས་བརྒྱུད་དག་པས་བྱིན་བརླབས་ཏེ༔ བདུད་རྩིར་གྱུར་པའི་གཏོར་མ་ཆེན་པོ་འདིས༔ རྡོ་རྗེ་སློབ་དཔོན་ཐུགས་དམ་སྐོངས་གྱུར་ཅིག༔ ཡི་དམ་ལྷ་ཚོགས་༴ མཁའ་འགྲོ་སྡེ་བཞིའི་༴ དཔའ་བོ་གིང་བཞིའི་༴ དམ་ཅན་སྲུང་མའི་༴ མཆོད་པར་འོས་པའི་༴ གུ་རུ་དེ་ཝ་ཌཱ་ཀི་ནཱི་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ གསུམ་པ་ཚོགས་མཆོད་ནི། ཨཱོཾ་སརྦ་དྲི་བྱཾ་སཾ་ཤོ་དྷ་ནི་ཧཱུཾ་ཕཊ༔ བདུད་རྩི་ཚོགས་ལ་གཏོར་ཞིང་མ་དག་པ་རྣམས་བསངས་ནས་སྦྱང་བར། ཧཱུཾ། རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ ཚོགས་འཁོར་སྦྱང་ཕྱིར་ཡི་གེ་སྤྲོ༔ རཾ་རཾ་ལས་མེ་བྱུང་དངོས་འཛིན་བསྲེགས༔ ཡཾ་ཡཾ་ལས་རླུང་བྱུང་བག་ཆགས་གཏོར༔ ཁཾ་ཁཾ་ལས་ཆུ་བྱུང་གཉིས་འཛིན་བཀྲུ༔ སྤེལ་བ་ནི༔ ཧཱུཾ། རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ བྱིན་གྱིས་བརླབ་པའི་ཡི་གེ་སྤྲོ༔ ཧཱུཾ་ཧཱུཾ་གིས་རྣམ་པར་རྟོག་པ་སྦྱངས༔ ཨཱ་ཨཱཿཡིས་ཡེ་ཤེས་བདུད་རྩི་བསྒྱུར༔ ཨཱོཾ་ཨཱོཾ་གྱིས་འདོད་ཡོན་སྣང་སྲིད་གང་༔ ཧྲཱི༔ཧྲཱི༔ཡིས་མཐོང་སྣང་ལྷ་ཚོགས་དགྱེས༔ དེ་ནས་ཚོགས་ཀྱི་ཡོ་བྱད་རྣམས༔ ཀྱེ་གཟིགས་ཤིག་མཛེས་ལྡན་དམ་པའི་ཆོས༔ འདི་ལ་ཐེ་ཚོམ་བྱར་མི་རུང་༔ བྲམ་ཟེ་གདོལ་པ་ཁྱི་དང་ཕག༔ རང་(༡༡ན)


GLG024_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཅིག་ཏུ་དགོངས་ཏེ་རོལ༔ ཞེས་དྲངས། ཨ་ལ་ལ་ཧོ༔ རིན་ཐང་མེད་ལས་ལེགས་འོང་ཆོས༔ འདོད་ཆགས་དྲི་མ་རྣམ་པར་དག༔ གཟུང་དང་འཛིན་པ་ཀུན་སྤངས་པའི༔ དེ་བཞིན་ཉིད་ནི་བདག་ཀྱང་འཚལ༔ ཨ་ཧོ་མ་ཧཱ་སཱུ་ཁ་ཧོ༔ ཞེས་བླང་། གཏེར་གཞུང་དུ་རྟོག་པ་བསལ་བ་འདིའི་གོང་དུ་མཆོད་པ་དང་། སྤྲུལ་སྐུ་ཆོས་ལྡན་པའི་ལས་བྱང་སྒོམ་རིམ་དུ་བསྐང་བ་བྱ་བར་གསུངས་ཤིང་། རྩེ་ལུགས་ཆོས་ལྡན་པའི་ཆོག་སྒྲིགས་ལ་མཚམས་འདིར་འཛབ་དང་བསྐང་བ་བྱ་ཟེར་བ་འདུག་རུང་མཆོད་པ་གོང་དུ་སོང་ཟིན་ཅིང་། འཛབ་བསྐང་འོག་ཏུ་འབྱུང་བས་བཏང་སྙོམས་སུ་བཞག་ལ། དེ་ནས་ཚོགས་ཕུད་སྤྲོས་ཏེ། དང་པོ་ནི། ཧཱུཾ། བདེ་བར་གཤེགས་སོ་བཅོམ་ལྡན་འདས༔ སངས་རྒྱས་ཀུན་གྱི་བདག་ཉིད་ཆེ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ ཞལ་ཟས་ཚོགས་ཀྱི་མཆོད་པ་བཞེས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ གུ་རུ་དེ་ཝ་ཌཱ་ཀི་ནཱི་ག་ཎ་ཙཀྲ་སརྦ་པཱུ་ཛ་ལ་ཁཱ་ཧི༔ བར་པ་ནི། ཧཱུཾ། སྔོན་བྱུང་དུས་ནས་ད་ལྟའི་བར༔ མ་རིག་བདག་ཅག་ལུས་ངག་སེམས༔ རྩ་བ་ཡན་ལག་དམ་ཉམས་པ༔ འདོད་ཡོན་ཚོགས་ཀྱི་མཆོད་པས་བཤགས༔ བཛྲ་ས་མ་ཡ་ཐ་མ་ནི། ཨེ་ལས་ལྕགས་ཁང་གྲུ་གསུམ་འབར་བའི་ནང་། །རྣྀར་ཏྲི་ཡོངས་གྱུར་དགྲ་དང་བགེགས་ཀྱི་གཟུངས། །ཉམ་ཐག་བུ་ག་དགུ་ནས་རྣག་ཁྲག་འཛག །ཡན་ལག་ལྕགས་སྒྲོག་གིས་བཅིངས་གསལ་བར་གྱུར། །རྩ་བརྒྱུད་བླ་མ་དཀོན་ཅོག་རྩ་གསུམ་ལྷ། །སྙིང་པོ་ཕྱག་རྒྱ་གསང་སྔགས་རིག་སྔགས་དང་། ཁྱད་པར་དབང་(༡༡བ)


GLG024_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པདྨ་ཐོད་འཕྲེང་རྩལ། །ལྷ་ཚོགས་བདེན་པ་ཆེན་པོའི་བྱིན་རླབས་མཐུས། །བསྟན་འགྲོ་ཡོངས་ལ་འཚེ་བ་སྤྱི་ཡི་དགྲ །རིགས་འཛིན་བདག་ལ་བསྡོ་བ་སྒོས་ཀྱི་དགྲ །བོད་ཁམས་འཕུང་བྱེད་དམ་སྲི་འབྱུང་པོའི་ཚོགས། །དམིགས་རྟེན་གཟུགས་ཀྱི་ཉ་ཕོ་འདི་ལ་ཁུག །ཨཱོཾ་བཛྲ་ཨཾ་ཀུ་ཤ་ཛ༔ ཨཱོཾ་བཛྲ་པཱ་ཤ་ཧཱུཾ། ཨཱོཾ་བཛྲ་སྥོ་ཊ་བཾ། ཨཱོཾ་བཛྲ་གྷནྡྷེ་ཧོ༔ ཞེས་དགུག་གཞུག་བྱས་ལ། ཟིལ་གནོན་འདོན་དང་བཅས། ཧཱུཾ། ཆེ་མཆོག་པདྨ་ཐོད་འཕྲེང་རྩལ༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་གདེངས༔ གཡོན་པ་ཕུར་བུས་དགྲ་སྙིང་གཟིར༔ གནོད་བྱེད་ཕོ་མོ་རྡུལ་དུ་རློག༔ ཨཱོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་ཏི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལཱི་ཡ་མ་ཧཱ་ཡཀྵ་ཀཱ་ལ་རཱ་ཡ་ཀརྨ་ར་ར་ཛ་ཡ་རཾ་དགྲ་བགེགས་གནོད་བྱེད་མཱ་ར་ཡ་ཧཱུཾ་ཕཊ༔ ཨཱོཾ་ཨཱཿཧཱུཾ། བཛྲ་གུ་རུ་པདྨ་ཐོད་འཕྲེང་རྩལ༔ བཛྲ་ས་མཱ་ཛ༔ རྣྀར་ཏྲི་ཤ། དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ༔ ཨ་ཡཾ་རྦད༔ ཅེས་ཆ་ལུང་ཁྲུས་ལུང་གི་སྒོ་ནས་ཕུར་པ་གཏབ་ལ་བསྒྲལ་ཏེ་རྣམ་ཤེས་སྤར། དེ་ཡང་ཉང་སྟོན་ཆེན་པོའི་བསྟན་པ་དར་དུས་གཏུན་རྔམ་གྱི་རྗེས་སུ་བཀའ་བརྒྱད་བསྒྲལ་འཆམས་མཛད་སྲོལ་ཡོད་འདུག་ཀྱང་། རིན་པོ་ཆེ་ཀུན་བཟང་རྩེ་ནས་ཀྱིས་བསྒྲལ་འཆམས་ཡོངས་རྫོགས་བཞག་སྟེ་དྲག་སྔགས་སོ་ལྔ་པར་བརྟེན་ནས་མདོར་བསྡུས་ཙམ་མཛད་ཅིང་། བཀའ་བརྒྱད་རང་གི་སྐབས་དྲག་སྔགས་ལ་ཕྱག་རྒྱ་ལས་ཞབས་ཀྱི་སྟང་སྟབས་མི་འདུག་རུང་། སྟང་སྟབས་འདི་ཀུན་བཟང་རྩེ་བའི་དགོངས་གཏེར་ལྟ་བུ་འཆམས་དབྱངས་གཉིས་ཀ་ཤུགས་ཆེ་ཞིང་ལེགས་པར་སྣང་ལ། ཞལ་གདམས་གསང་ཐེམས་ལས། (༡༢ན)


GLG024_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

ང་བསྒྲུབས་སངས་རྒྱས་ཐམས་ཅད་འགྲུབ༔ ང་མཐོང་སངས་རྒྱས་ཐམས་ཅད་མཐོང་༔ ང་ནི་བདེ་གཤེགས་འདུས་པ་ཡིན༔ ཞེས་བདེ་གཤེགས་ཞི་ཁྲོ་རབ་འབྱམས་ཐམས་ཅད་འདུས་པའི་ངོ་བོ་ཡིན་པའི་ཕྱིར་བཀའ་བརྒྱད་ཀྱི་བསྒྲལ་ལས་སྦྱར་བ་ཁུངས་དང་འབྲེལ་གྱི། འབྲུག་པ་པདྨ་དཀར་པོས་འཇམ་དཔལ་གཤིན་རྗེ་ཚེ་བདག་གི་སྒོས་བཀའ་ལ་བཀའ་བརྒྱད་ཀའི་ཐུན་བརྡེག་པ་སོགས་སྦྱར་བའི་མུ་ཅོར་གྱི་གཏམ་དང་འདྲ་བ་ནི་མིན་ནོ། །སླར་ནན་གྱིས་བསྒྲལ་བ་ཐུགས་སྒྲུབ་ཡང་སྙིང་འདུས་པའི་ཚོགས་ཐ་མའི་དབྱངས་ཚིག་ཡིན་ཅིང་། འདིའི་སྔོན་དུ་མ་མོ་སྤྱན་དྲངས་ནས། དེར་མོས་པ་ནི། རིགས་འཛིན་ཆེན་པོ་རཏྣ་གླིང་པའི་འབྲུ་འགྲེལ་དུ། བདག་ཉིད་དཔལ་ཆེན་པོའི་སྐུ་དང་། ཕུར་པ་ཡཀྴ་ཀྲོ་ཏ་ར་གསལ་བར་གསུང་བ་གཞན་དག་གིས་གསན་གཟིགས་མ་བྱུང་བའི་སྐྱོན་དུ་སེམས་སོ། །དེས་ན་ཚོགས་ལེན་གྱི་སྟང་སྟབས་དང་བཅས་སྐྱེ་བའི་སྒོ་ལྔ་རྩད་བཅད་ཕྱིར་གནས་ལྔར་ཕུར་བུ་གདབ། དེ་རྗེས་མ་མོ་སྤྱན་འདྲེན་དང་བཅས་པའི་འགྲོས་ཀྱིས་ཚོགས་བརྒྱད་བསྒྲལ་ཏེ་ཕྱིར་མི་ལྡོག་པའི་ཆེད་དུ་གནས་དགུར་ཕུར་བུ་གདབ་ཅིང་མཚོན་ཆས་གཏུབས་ནས། རྩ་བརྒྱུད་རིགས་འཛིན་ཀུན་འདུས་ཐོད་འཕྲེང་རྩལ། །བདེ་གཤེགས་ཞི་ཁྲོ་ཡོངས་རྫོགས་འཁོར་ལོའི་ལྷ། །མཁའ་འགྲོ་དམ་ཅན་སྲུང་མར་བཅས་རྣམས་ལ། །དུག་གསུམ་དབྱིངས་སུ་བསྒྲལ་བའི་མཆོད་པ་འབུལ། །གུ་རུ་དེ་ཝ་ཌཱ་ཀི་ནཱི་དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་ལ་ཁ་རཾ་ཁཱ་ཧི་བྷིནྡྷ་ཡ་ཧཱུཾ་ཕཊ༔ ཅེས་ཞལ་སྟོབ་བྱ། རྒྱུ་གཉིས་རྐྱན་སྦྱར་འབྲུ་བཅུད་(༡༢བ)


GLG024_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

འདི། །དུག་ལྔ་སྨན་གྱུར་དམ་པའི་རྫས། །ཛ་གད་དཔའ་བོའི་བདུད་རྩི་འདིས། །རྩ་བ་གསུམ་གྱི་ཐུགས་དམ་བསྐང་། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཛ་གཱད་ཁཱ་ཧི། འདི་སྨན་གཏོར་རཀྟའི་རྗེས་སུ་བདུད་རྩི་གསང་བ་ནན་ཏན་གྱི་ཚུལ་དུ་ཚར་ལྔ་འབུལ་བར་བཤད་པའི་བཀའ་བརྒྱད་ཀྱི་ཚིག་ཡིན་ལ། བླ་མའི་ལས་གཞུང་རྣམས་དང་རིགས་འཛིན་རཏྣའི་འབྲུ་འགྲེལ་དུ་མི་གསལ་ཡང་ལིང་རོ་ལ་བདུད་རྩི་སྦྲན་པ་འབུལ་ཆད་དུ་སྨན་ལུང་ཆོས་ལྡན་པས་སྦྱར་བ་ནི། བཀའ་མའི་གསུང་རྒྱུན་དུ། འཆི་མེད་པཉྩ་ཨ་མྲྀ་ཏ། །རོ་ཡི་ཁམས་རྣམས་སློང་བར་བྱེད། །དུག་གི་ཁམས་རྣམས་འཇོམས་པར་བྱེད། །རྩི་མཆོག་སྨན་གྱི་མཆོད་པ་བཞེས། །ཞེས་དང་། ཁྲོ་རོལ་གྱི་སྟོབ་པའི་སྐབས་བདུད་རྩི་སྨན་འདི་ཞལ་དུ་སྟོབ་ཅེས་པ་ཡོད་པས་ཁུངས་བཙུན་པའོ། །དེ་ནས་ཚོགས་ཁམ་གཅིག་བཅད་ལ། ཧོ། ཞལ་ཟས་ཚོགས་ཀྱི་མཆོད་པ་འདི། །འདོད་ཡོན་མ་སྤངས་ལོངས་སྤྱོད་རྒྱན། །དངོས་གྲུབ་སྣ་ཚོགས་འདི་ལས་དབྱུང་། །ཚོགས་ཀྱི་མཆོད་པ་རྒྱན་དུ་རོལ། ཨ་ལ་ལ་ཧོ༔ གཏེར་གཞུང་དང་ཆོས་ལྡན་པའི་དེར་ཚིག་རྐང་ཕྱི་མ་མ་གཏོགས་མི་འདུག་ཀྱང་། རྒྱལ་སྲས་པདྨ་དབང་ཆེན་གྱི་ཆོ་ག་ཁྲིགས་སུ་བཀའ་བརྒྱད་ནས་ཁ་བཀང་བ་ལྟར་བྱས་པ་ཡིན་ནོ། །ལྔ་པ་འཛབ་ཀྱི་ལེའུ་ལ་གསུམ་ལས། དང་པོ་བསྙེན་པ་ནི༔ ཨཱོཾ་ཨཱཿཧཱུཾ། བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ། གཉིས་པ་སྒྲུབ་པ་ནི། ཨཱོཾ་ཨཱཿཧཱུཾ། བཛྲ་གུ་རུ་པདྨ་ཐོད་འཕྲེང་རྩལ། བཛྲ་ས་མ་ཡ་ཛཿ སིདྡྷི་ཕ་ལ་ཧཱུཾ་ཨཱ༔ གསུམ་པ་ལས་ལ་སྦྱོར་བ་ནི། ཧྲཱིཿམ་ཧཱ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲིཾ་ཧྲིཾ་ཛཿ བསྙེན་སྒྲུབ་ལས་གསུམ་གྱི་དམིགས་(༡༣ན)


GLG024_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཏེར་གཞུང་དང་བརྒྱུད་ལྡན་དམ་པའི་ཞལ་ལུང་ལས་བླངས་ཏེ་ཉམས་སུ་ལེན་དགོས་ལ། སྡོར་དཀར་དུ་ཚུལ་འཆོས་པའི་སྒྲིབ་ཤིང་དུ་ཤ་ཆང་ཕུང་པོར་སྤུངས་པའི་ཆས་བཅུ་མཁན་པོ་ཆེར་རློམ་སྟོང་འུར་ཅན་རྣམས་ཀྱི་སྤྱོད་ཡུལ་ནི་མ་ཡིན་ནོ། །འཕྲིན་སྒྲུབ། དགོངས་བསྐྱང་། རྟགས་རྣམས་ཀྱང་གཞུང་དང་ཞལ་གདམས་ལས་ལེན་དགོས་པའི་དབང་དུ་བྱས་ཤིང་། ཁྱད་པར་དགོངས་པ་བསྐྱང་བ་ནི་མན་ངག་གི་སྙིང་པོ་ཡིན་པས་ཁྱབ་གདལ་དུ་འདྲི་བ་སོགས་ཀུན་གྱི་སྤྱོད་ཡུལ་མ་ཡིན་ནོ། །དྲུག་པ་ཐུགས་དམ་བསྐང་བའི་ལེའུ་ལ་གསུམ་ལས། དང་པོ་རྫས་ཀྱིས་སྐུ་ལ་བསྐང་བ་ནི། མཆོད་པའི་རྫས་སུ་གྱུར་ཚད་དང་། ཁྱད་པར་མར་མེ་དང་བདུད་རྩི་ཐོགས་ལ། མདུན་གྱི་རྟེན་ལ་སྐོར་བ་འཆམས་སྟབས་བྱའོ། །གཉིས་པ་བཤགས་ཚིག་གིས་གསུང་ལ་བསྐང་བ་ནི། ཧཱུཾ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་འདིར༔ གསང་བའི་དཀྱིལ་འཁོར་གཞུང་བཞིན་བཤམས་ནས་ཀྱང་༔ སྒྲུབ་རྫས་གཉན་པོ་གཞུང་བཞིན་བཤམས་ལགས་ན༔ བླ་མ་ཡི་དམ་མཁའ་འགྲོའི་ཐུགས་དམ་གཉན་སྐོངས་ཏེ༔ རྣལ་འབྱོར་བདག་གི་གཡར་དམ་སོར་སྩོལ་ཞིག༔ ཨཱོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ༔ ལེའུ་བརྒྱད་རྩ་བར། ཞེས་པ་ལན་བདུན་བསྐྱར་ཞིང་བསྐང་༔ བསྐང་གསོའི་ཆོ་ག་གཞན་ཡང་བྱ༔ རྗེས་སུ་ན་རག་ལ་སོགས་ཏེ༔ རུས་གཟུངས་བཞི་ཡི་བཤགས་པ་བྱ༔ ཞེས་བྱུང་བས་རུ་ལུ་ལན་བདུན་བསྐྱར༔ བསྐང་གསོ་གཞན་སྒྱུ་འཕྲུལ་སྐོང་བཤགས་ལྟར་རམ༔ ཉང་ལུགས་གུ་རུ་ཞི་བ་དང་༔ (༡༣བ)


GLG024_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཡོངས་རྫོགས་ཀྱི་བསྐང་བ། ན་རག་དོང་སྤྲུག་ཆེན་མོ་དང་། བརྗོད་མེད་ཀྱི་བཤགས་པ། རྡོ་རྗེ་དཔལ་ཆེན། ཡེ་ཤེས་མཁའ་འགྲོ་སྟེ་རུས་གཟུངས་བཞི་པོ་སྤྲོ་ན་བྱ། གསུམ་པ་ལྟ་བས་ཐུགས་ལ་བསྐང་བ་ནི། ཀུན་གཞི་མ་བཅོས་ཀློང་ཡངས་ནས༔ རང་རིག་རང་གསལ་ཀུན་ཏུ་བཟང་༔ གདོད་ནས་མ་སྐྱེས་ཀུན་བཟང་མོ༔ གཉིས་མེད་བདེ་བ་ཆེན་པོ་ལ༔ བསྐང་དང་བཤགས་བྱ་བཤགས་པའི་ཡུལ༔ རྣམ་དག་སྤྲོས་བྲལ་ཆོས་ཀྱི་སྐུ༔ ཆོས་ཀྱི་སྐུ་ལ་གཉིས་སུ་མེད༔ གཉིས་མེད་རྟོགས་པས་ཐུགས་དམ་བསྐང་༔ དེ་ལྟར་རྟོགས་ན་བསྐང་བཤགས་མཆོག༔ བདུན་པ་ཐུགས་དམ་བསྐུལ་བའི་ལེའུ་ལ་གསུམ་ལས། དང་པོ་གཏོར་མ་སྨན་རཀ་གི་མཆོད་པ་ནི། དམ་རྫས་གཏོར་ཆེན་བཤགས་པ་ཡང་༔ རྩ་གསུམ་ལྷ་ཚོགས་བསྟེན་ཕྱིར་འབུལ༔ བདུད་རྩི་སྨན་མཆོད་སྦྲེང་བ་ཡང་༔ རྩ་གསུམ་༴ བནྡྷ་རཀྟས་བཀང་བ་ཡང་༔ རྩ་གསུམ་༴ དུར་ཁྲོད་རྫས་ཆེན་བཀྲམ་པ་ཡང་༔ རྩ་གསུམ་༴ རྐང་གླིང་ཐོད་རྔ་སྒྲོག་པ་ཡང་༔ རྩ་གསུམ་༴ ཞུན་ཆེན་སྣང་གསལ་གཏམས་པ་ཡང་༔ རྩ་གསུམ་༴ མཾ་སའི་གསུར་དུད་བཏང་བ་ཡང་༔ རྩ་གསུམ་༴ འདོད་ཡོན་རོ་མཆོག་སྤུངས་པ་ཡང་༔ རྩ་གསུམ་༴ ཐུགས་དམ་གཉན་པོ་སྐོངས་གྱུར་ལ༔ གཡར་དམ་ཉམས་ཆགས་སོར་སྩོལ་ཞིག༔ གུ་རུ་དེ་ཝ་ཌཱ་ཀི་ནཱི་མ་ཧཱ་བ་ལིཾ་ཏ་ལ་ཁཱ་ཧི༔ མ་ཧཱ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧོ། དམ་རྫས་མཆོད་པ་འདི་དག་ཀུན༔ གཉིས་མེད་མཉམ་པའི་(༡༤ན)


GLG024_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

ངང་དུ་འབུལ་ལགས་ན༔ བླང་དོར་མེད་པའི་ཚུལ་གྱིས་བཞེས་ནས་ཀྱང་༔ ཐིམ་པའི་ཚུལ་གྱིས་དགྱེས་པ་ཆེན་པོར་རོལ༔ ཨྱོན་རྡོ་རྗེ་འཆང་གཙོ་འཁོར་རྣམས་ཕྱག་ལེན་ལྟར་སྤྱན་དྲངས་པར་བཀའ་དྲིན་ཅན་མའི་གསོལ་འདེབས་བྱ། གཉིས་པ་བླ་མ་ཡི་དམ་ཌཱ་ཀི་ལ་བསྟོད་པ་ནི། ཧྲཱིཿ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔ པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད༔ སྐུ་ནི་མི་འགྱུར་ཀུན་ཏུ་བཟང་པོའི་སྐུ༔ གསུང་ནི་མི་འགག་མཉམ་ཉིད་རིག་པའི་གསུང་༔ ཐུགས་ནི་མི་གཡོ་སྨྲ་བསམ་བརྗོད་ལས་འདས༔ སྐུ་གསུང་ཐུགས་ལྡན་པདྨ་རྒྱལ་ལ་བསྟོད༔ འགྲོ་བའི་དོན་དུ་རང་བྱུང་འོད་དཔག་མེད༔ བཀྲ་ཤིས་ཡོན་ཏན་དུ་མས་བརྒྱན་པའི་སྐུ༔ འཇིག་རྟེན་དབང་སྒྱུར་པདྨ་རྒྱལ་པོའི་སྲས༔ རྡོ་རྗེ་ཐོད་འཕྲེང་རྩལ་ལ་ཕྱག་འཚལ་བསྟོད༔ ཞི་བའི་ལས་མཛད་རྡོ་རྗེ་ཐོད་འཕྲེང་རྩལ༔ རྒྱས་པའི་ལས་མཛད་རཏྣ་ཐོད་འཕྲེང་རྩལ༔ དབང་གི་ལས་མཛད་པདྨ་ཐོད་འཕྲེང་རྩལ༔ མངོན་སྤྱོད་ལས་མཛད་ཀརྨ་ཐོད་འཕྲེང་རྩལ༔ ཐམས་ཅད་ལྷུན་གྲུབ་བུདྡྷ་ཐོད་འཕྲེང་རྩལ༔ འཕྲིན་ལས་རྫོགས་པའི་རྗེ་ལ་ཕྱག་འཚལ་བསྟོད༔ དཔའ་མོའི་འགྲོས། མཚན་བརྒྱད་ཀྱི་བསྟོད་གར་རྣམས་ཚིག་དང་བསྟུན་དགོས་པ། ཧྲཱིཿམ་ཆགས་སྐྱོན་གྱིས་མ་གོས་པའི༔ པདྨ་འབྱུང་གནས་སྐུ་ལ་བསྟོད༔ ཡོན་ཏན་ཐམས་ཅད་རབ་རྫོགས་པའི༔ པདྨ་སཾ་བྷའི་༴ ཤེས་བྱ་ཀུན་ལ་མ་རྨོངས་པའི༔ བློ་ལྡན་མཆོག་སྲེད་༴ ཁམས་གསུམ་སྲིད་གསུམ་དབང་དུ་སྡུད༔ པདྨ་(༡༤ན)


GLG024_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོའི་༴ རྨོངས་པའི་མུན་སེལ་འགྲོ་བ་འདུལ༔ ཉི་མ་འོད་ཟེར་༴ ལོག་འདྲེན་བདུད་བཞི་འདུལ་མཛད་པའི༔ ཤཱཀྱ་སེང་གེའི་༴ མུ་སྟེགས་དམ་སྲི་འདུལ་མཛད་པའི༔ སེང་གེ་སྒྲ་སྒྲོག་༴ དྲེགས་པའི་དགྲ་བགེགས་ཚར་གཅོད་པའི༔ རྡོ་རྗེ་གྲོ་ལོད་༴ ལས་བྱང་གི་བརྗོད་དོན་དང་བསྟུན་ན་གང་རྣམས་སྐབས་འདིར་བྱ་བ་འཐད་ཅིང་། དེང་སང་འཆམས་དབྱངས་བདེ་ཆེན་གླིང་པའི་ལུགས་ཡིན་ཟེར་བའི་བསྐལ་མེ་མར་སྦྱར་བ་ནི་གཏེར་གཞུང་འདི་ཀའི་སྣང་བ་མ་འགགས་སོགས་ཡོད་བཞིན་དུ་གཞན་ནས་ཡིན་པ་མཚལ་དང་བཙག་གི་དཔེ་དང་། གིང་ཞེས་པ་ཟུར་ཆག་སྟེ་ལེགས་སྦྱར་དུ་ཀིངྐ་རའི་སྒྲས་ལས་ཅི་བགྱི་ཞེས་ཕོ་ཉ་བཀའ་སྡོད་ཀྱི་སྤྱི་མིང་ཡིན་ལ། བསྐལ་མེ་མ་རྟ་མགྲིན་གཅིག་པུར་སྦྱར་བས་ཤེས་བྱ་མཐའ་བཀག་པའི་གུ་དོག་ཆེས་ཤིང་། རང་གཏེར་དུ་དཔའ་བོ་མཁའ་འགྲོ་དང་དམ་ཅན་སྲུང་མ་ཚང་མ་ཡོད་པས་ཚིག་དོན་འབྲེལ་ཆགས་པའི་ཕྱིར་ཤེས་ལྡན་ཡོད་ཚེ་རིག་པའི་དངས་སྙིགས་འབྱེད་པར་རིགས་སོ། །ཧྲཱིཿ སྣང་བ་མ་འགགས་ཐུགས་རྗེ་ཆེན་པོའི་སྐུ༔ རྟ་མགྲིན་དབང་གི་ལྷ་ལ་ཕྱག་འཚལ་བསྟོད༔ སྐྱེ་མེད་རྣམ་དག་ཆོས་དབྱིངས་དག་པའི་ཀློང་༔ རྡོ་རྗེ་ཕག་མོ་ཡུམ་ལ་ཕྱག་འཚལ་བསྟོད༔ སྐྱེ་འགག་གཉིས་སུ་མེད་པའི་མཁའ་དབྱིངས་ལས༔ ཐུགས་རྗེ་མ་འགགས་ཅིར་ཡང་སྟོན་ཅིང་སྤྲུལ༔ དཔའ་བོ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔ དམ་ཅན་སྲུང་མའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཕུན་སུམ་ཚོགས་པའི་ཡན་ལག་ཏུ་གར་བ་ལ་སྣོན་མ་དང་བཅས་ཁྱེད་འདིར་ཚོགས་སོགས་ཀྱི་གླུ་གར་བྱ་བས་མཚོན་ཏེ་(༡༥ན)


GLG024_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

གོང་འོག་གི་གར་འཆམས་ལ་དགོས་པའི་གདངས་དབྱངས་ཀྱི་འདོན་ཆ་ཟུར་པ་རྣམས་འཆམས་ཡིག་ཏུ་གསལ་བས་དཀྱུས་སུ་མ་བཀོད་དེ། མཇུག་གི་ཆོས་དྲུག་གི་བསྟོད་པ་ཙམ་མ་གཏོགས་མ་བཀོད་ཅིང་། སྤྲོ་ན་དཀྱུས་དང་ཞིབ་ཆ་ཞལ་ལས་ཤེས་སོ། །གསུམ་པ་ཐུགས་དམ་བསྐུལ་བ་དངོས་ནི་རྒྱས་པར་བྱེད་ན་གཏེར་གཞུང་བཞིན་གྲགས་མཚན་གྲུབ་པ་ཐོབ་ཚུལ་སོགས་བྱེད་ཀྱང་ཧ་ཅང་མངས་པས་རྒྱས་བསྡུས་འཚམ་པ་སྤྲུལ་སྐུ་ཆོས་ལྡན་པའི་ཆོག་སྒྲིགས་ལྟར། ཧཱུཾ། མ་གཡེལ་མ་གཡེལ་རིགས་འཛིན་ཚོགས༔ མ་གཡེལ་མ་གཡེལ་མཁའ་འགྲོའི་ཚོགས༔ མ་གཡེལ་མ་གཡེལ་གིང་གི་ཚོགས༔ མ་གཡེལ་མ་གཡེལ་དམ་ཅན་ཚོགས༔ ཧཱུཾ། རྗེ་བཙུན་པདྨ་ཐོད་འཕྲེང་རྩལ༔ རང་བཞིན་གནས་ནས་སྐུ་སྐྱོད་ལ༔ མཁའ་འགྲོའི་ཚོགས་རྣམས་གཤེགས་སུ་གསོལ༔ གིང་གི་ཚོགས་༴ དཔའ་བོའི་ཚོགས་༴ དཔའ་མོའི་༴ དམ་ཅན་༴ ཆོས་ཀྱི་དབྱིངས་ནས་སྐུ་སྐྱོད་ལ༔ རྡོ་རྗེ་ཕག་མོས་བྱིན་གྱིས་རློབས༔ དུར་ཁྲོད་གནས་ནས་སྐུ་སྐྱོད་ལ༔ མཁའ་འགྲོ་རིགས་བཞིས་བྱིན་༴ ནམ་མཁའི་དབྱིངས་ནས་སྐུ་སྐྱོད་ལ༔ རྡོ་རྗེ་ཕྲ་མེན་༴ རྒྱ་མཚོའི་ཀློང་ནས་སྐུ་སྐྱོད་ལ༔ མཚོ་གླིང་མཁའ་འགྲོས་༴ ཕྱོགས་བཞིའི་གནས་ནས་སྐུ་སྐྱོད་ལ༔ ལས་བྱེད་མཁའ་འགྲོས་༴ གངས་དཀར་རྩེ་ལ་སྐུ་སྐྱོད་ལ༔ རྡོ་རྗེ་གིང་ཆེན་༴ ཧཱུཾ་ཧཱུཾ། ལྷོ་ནུབ་རྔ་ཡབ་གླིང་ཕྲན་ན༔ པདྨ་འོད་ཀྱི་གཞལ་ཡས་ཁང་༔ གནས་མཆོག་དམ་པ་ཉམས་རེ་དགའ༔ གནས་མཆོག་ཉམས་སུ་(༡༥ན)


GLG024_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

མི་དགའ་རུ༔ རྗེ་བཙུན་པདྨ་ཐོད་འཕྲེང་དང་༔ ཡེ་ཤེས་མཁའ་འགྲོ་འཚོ་རྒྱལ་གཉིས༔ སྐྱེ་འཆི་མེད་པའི་སྐུར་བཞེངས་ནས༔ སྲིན་པོ་རྣམས་ལ་དམ་ཆོས་སྟོན༔ མཁའ་འགྲོ་སྡེ་བཞིའི་འཁོར་གྱིས་བསྐོར༔ གིང་ཆེན་སྡེ་བཞི་བྲན་དུ་འཁོལ༔ ལྷ་སྲིན་སྡེ་བརྒྱད་ཕོ་ཉར་འགྱེད༔ གདོང་དམར་སྲིན་པོ་ཐབས་ཀྱིས་འདུལ༔ དབུ་ལ་རིན་ཅེན་རྒྱན་གྱིས་སྤྲས༔ རུས་པའི་རྒྱན་ཆ་ཁྲོལ་ལོ་ལོ༔ སིལ་སྙན་མང་པོ་སིལ་ལི་ལི༔ རྒྱན་ཆ་མང་པོ་པུར་རུ་རུ༔ རོལ་མོ་མང་པོ་དིར་རི་རི༔ གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱི༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ མོས་པའི་བུ་ལ་བྱིན་གྱིས་རློབས༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཞི་རྒྱས་དབང་དྲག་སོ་སོ་ཡི༔ འཕྲིན་ལས་མྱུར་དུ་ཁྱེད་ཀྱིས་སྒྲུབས༔ བསྒྲལ་བའི་ཞིང་བཅུ་ཁྱེད་ཀྱིས་སྒྲོལ༔ སངས་རྒྱས་བསྟན་པ་ཁྱེད་ཀྱིས་སྲུངས༔ དཀོན་ཅོག་དབུ་འཕང་ཁྱེད་ཀྱིས་བསྟོད༔ རྣལ་འབྱོར་སྒོས་དགྲ་ཁྱེད་ཀྱིས་ཐུལ༔ ལྷ་འདྲེ་མི་གསུམ་ཁྱེད་ཀྱིས་སྡུས༔ འབྱུང་བཞིའི་བར་ཆད་ཁྱེད་ཀྱིས་སོལ༔ དུག་ལྔའི་རྣམ་རྟོག་ཞི་བར་མཛོད༔ བརྒྱད་པ་མཐར་རྒྱས་ཀྱི་ལེའུ་ལ་གསུམ་ལས། དང་པོ་དངོས་གྲུབ་བླང་བ་ནི། རྩེ་ལུས་མཆོག་སྒྲིགས་སུ་མཇུག་ན་འདུག་རུང་། གཏེར་གཞུང་དུ་གྲལ་མཆོད་ལས་དངོས་གྲུབ་ལན་པ་མ་བྱུང་། སྤྲུལ་སྐུ་ཆོས་ལྡན་པའི་སྒོམ་ཁོག་དང་རྒྱལ་སྲས་ཀྱི་ལེའུ་གསུམ་(༡༦ན)


GLG024_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

མར་ཡང་ཆད་མཐོའི་གོང་དུ་བྱུང་ལ། ཐུགས་སྒྲུབ་ཡང་སྙིང་འདུས་པ་དང་། ནོར་བུ་རྒྱ་མཚོ་སོགས་གཏེར་ཁ་གཞན་གྱི་ལེའུ་བརྒྱད་མ་ཚོར་ཡང་དེ་དང་མཐུན་པས་གོ་རིམ་དཀྱུས་བཞིན་འཐད་པར་མངོན། དེ་ཡང་གཏོར་མ་ཤེས་པ་རྣམ་པ་གསུམ་གྱི་སྐབས་འདིར་ལྷར་ཤེས་ནས་རང་གིས་དབང་ལེན་པ་དང་གཞན་ལ་བསྐུར་བ་རྒྱལ་སྲས་དབང་ཆེན་གྱི་ལེའུ་གསུམ་མ་ལྟར་གཏོར་དབང་གནད་ཀྱི་ཤོག་གཅིག་མ་བསྐུར་བར་གསུངས་པ་ཤིན་ཏུ་ལེགས་ཤིང་། སྤྲོ་ན་བླ་མའམ། དེ་མིན་མདུན་བསྐྱེད་ལ་སློབ་དཔོན་གསོལ་བཏབ། གསོལ་བ་གདབ་པ་ནི། རྡོ་རྗེ་སློབ་དཔོན་འདྲེན་པའི་གཙོ༔ བདག་ཅག་ལས་འཕྲོ་སྐལ་བ་ཅན༔ རང་གཞན་དོན་ཀུན་བསྒྲུབ་བྱའི་ཕྱིར༔ དབང་ཆེན་ཡོངས་རྫོགས་བསྐུར་དུ་གསོལ༔ ཞེས་གསོལ་བ་བཏབ་སྟེ་དབང་བསྐུར་བ་དངོས་ནི༔ ཨེ་མ་ངོ་མཚར་རྨད་དུ་བྱུང་༔ བླ་མ་རྣམས་དང་གཅིག་པ་དང་༔ ཡི་དམ་ལྷ་དང་དབྱེར་མེད་ཅིང་༔ མཁའ་འགྲོ་དབང་དུ་བསྡུ་བའི་ཕྱིར༔ དམ་རྫས་གཏོར་མའི་དབང་བསྐུར་བས༔ རྩ་བ་གསུམ་གྱི་བྱིན་རླབས་ཀྱི༔ སྐུ་གསུང་ཐུགས་དབང་ཡོངས་རྫོགས་པ༔ སྐལ་ལྡན་འདི་ལ་བསྐུར་ཐོབ་ཤོག༔ ཨཱོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་ཐོད་འཕྲེང་རྩལ༔ བཛྲ་ས་མཱ་ཛཿསིདྡྷི་ཕ་ལ་ཧཱུཾ་ཨཱ༔ གུ་རུ་དེ་ཝཱ་ཌཱ་ཀི་ནཱི༔ ཛོ་ཀི་ནི་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོཾ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུཾ༔ ཀཱ་ཡ་ཝཱ་ཀ་ཙིཏ་ཨ་བྷི་ཥིཉྩ་ཨཱོཾ་ཨཱཿཧཱུཾ་ཧྲཱི༔ ཀཱ་ཡ་ཝཱ་ཀ་ཙིཏྟ་རཀྵ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་པ་དང་། (༡༦བ)


GLG024_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཙམ་མ་གྲུབ་ཀྱང་ཉང་ཆོས་ལྡན་པའི་སྒོམ་རིམ་དང་ཐུགས་སྒྲུབ་ཡང་སྙིང་འདུས་པའི་འབྲུ་འགྲེལ་ལྟར་ཐོག་ནས་འབྱུང་བའི་གུ་རུ་དེ་ཝ་སོགས་སྔགས་ཚིག་གིས་བསྐུར་ཏེ་དབང་བཞི་དམིགས་པས་བླངས་ནས་མཐར་གཏོར་མ་དངོས་གྲུབ་ཏུ་ཤེས་དགོས་ཀྱི་ཆེར་རློམ་བླ་དཔོན་ཡི་འདུན་ས་མང་པོར་ཤེས་པ་རྣམ་པ་གསུམ་གྱི་བརྡ་ཆད་མ་ཆགས་པའི་ཟན་གོང་མགོ་ལ་བཞག་ནས་བཛྲ་གུ་རུ་བརྗོད་པ་ནི་བཞད་གད་ཀྱི་གནས་སོ། །གུ་རུ་དེ་ཝ་ཌཱ་ཀི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཨ། ཟབ་མོ་ཐུགས་སྒྲུབ་ལས། བདེ་མཆོག་བདེ་སྤྱོད་ནམ་མཁའི་ཀློང་ཡངས་ནས༔ རྒྱལ་བའི་འཁོར་ལོ་སྲས་བཅས་ཐུགས་དམ་ཅན༔ བཛྲ་གུ་རུ་པདྨ་ཐོད་འཕྲེང་གི༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་དངོས་གྲུབ་མཆོག༔ འཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པའི་དཔལ༔ བུམ་པ་བཟང་པོ་དཔག་བསམ་ནོར་བུའི་ཚུལ༔ ད་ལྟ་ཉིད་དུ་བདག་ལ་སྩལ་དུ་གསོལ༔ འདི་མན་སྤྲུལ་སྐུ་ཆོས་ལྡན་པའི་ཁ་སྐོང་སྟེ། འགྱུར་མེད་སྐུ་ཡི་དངོས་གྲུབ་སྩལ་དུ་གསོལ། །འགག་མེད་གསུང་གི་༴ འཁྲུལ་མེད་ཐུགས་ཀྱི་༴ ཡོན་ཏན་རེ་སྐོང་༴ འཕྲིན་ལས་འགྲོ་འདུལ་༴ འཆི་མེད་ཚེ་ཡི་༴ འཛད་མེད་ལོངས་སྤྱོད་༴ ཐུན་མོང་ཡིད་བཞིན་༴ བླ་མེད་མཆོག་གི་༴ ཨཱོཾ་ཨཱུཿཧཱུཾ་བཛྲ་གུ་རུ་པདྨ་ཐོད་འཕྲེང་རྩལ༔ བཛྲ་ས་མཱ་ཛཿ སིདྡྷི་ཕ་ལ་ཧཱུཾ། ཞེས་ཕྱག་ལེན་རྣམས་མཐོང་བརྒྱུད་ལྟར་བྱ། གཏོར་ཕུད། སྲེག་རྫས་སུ་དབུལ་བ་དང་། གྲལ་མཆོད་ནི་མ་བྱས་ཀྱང་སྐྱོན་དུ་མི་འགྱུར་ལ་བྱེད་པར་སྤྲོ་ན་གཞན་དུ་ཤེས་པར་བྱའོ། །མ་ནིང་དང་གཏེར་སྲུང་གི་བསྐང་བ་(༡༧ན)


GLG024_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་མཆོད། སྒོས་ཀྱི་ཆོས་སྐྱོང་རྣམས་ལ་གཏོར་བསྔོ་བྱེད་དགོས་ཀྱི་རིགས་ཀྱང་འདིར་བྱ་བའམ་ཡང་ན་བསྟོད་པའི་མཇུག་ལྟ་བུར་བྱས་ཀྱང་འགལ་བ་མེད་དོ། །གསང་འདུས་གཏེར་གཞུང་དུ་ཚོགས་ལྷག་གི་གསོལ་ཁ་མ་བྱུང་ཞིང་། གཏེར་ཁ་འདི་གའི་ཐམས་ཅད་ཀྱི་བླ་སྒྲུབ་རང་རྐྱ་ཕེར་བ་བདུན་ཡོད་པའི་བླ་མ་གསང་བ་ཡོངས་རྫོགས་སུ་འདུག་པ་འབྲེལ་ཆགས་ཀྱང་ཧ་ཅང་མངས་སྐྱོན་ནས་ཉང་ཆོས་ལྡན་པའི་ལས་བྱང་ལྟར། ཧཱུཾ། དང་པོ་ཕུད་ཀྱིས་མི་མཆོད་དུ༔ པདྨ་ཧེ་རུ་ཀ་ཉིད་གཉན༔ བར་དུ་ལྷག་མས་མི་མཆོད་དུ༔ མ་དང་མཁའ་འགྲོ་ལྷག་ལ་དགྱེས༔ ཐ་མར་གཅིག་ཏུ་མི་བསྲེ་རུ༔ གཉིས་མེད་ཆོས་སྐུ་གཅིག་ལས་བྱུང་༔ ཧཱུཾ། བཅོམ་ལྡན་པདྨ་ཧེ་རུ་ཀ༔ ཡུམ་ཆེན་རྡོ་རྗེ་ཕག་མོ་ལ༔ བཀའ་ཡི་ལྷག་སྡུད་ཚོགས་ཀྱིས་བསྐོར༔ ལྷག་མའི་ཚོགས་ལ་རོལ་པ་རྣམས༔ འདིར་སྤྱོན་བཀའ་ཡི་ལྷག་གཏོར་བཞེས༔ བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད༔ ཅེས་གཏོར་མ་གཙང་སར་འབུལ། གཉིས་པ་གཏོར་མ་གཞན་ལ་བཏང་བ་ནི། ཆོས་སྐྱོང་གི་གཏོར་མ་སོགས་ཕྱིར་བསྣུད་ལ། ཆད་མཐོ་བྱ་བ་བླ་མ་ཡོངས་རྫོགས་དཀར་ཆག་ཏུ་སྟོད་སྨད་ལས་ཀྱི་མདེ་ཁ་ཉི་ཤུ་རྩ་གཅིག་ཅེས་བྱུང་བའི་ཆད་མཐོའི་མདེ་ཁ་ཡུམ་གྱིས་མཛད་པ་ལས། ཧཱུཾ་བྷྱོཿ སྔོན་ཚེ་འདས་དུས་བསྐལ་པ་དང་པོ་ལ༔ འོག་མིན་གནས་མཆོག་བདེ་ཆེན་ཕོ་བྲང་དུ༔ བཅོམ་ལྡན་དཔལ་ཆེན་པདྨ་ཧེ་རུ་ཀས༔ རྟ་སྐད་ཐེངས་གསུམ་བསྒྲགས་ནས་སྣང་སྲིད་མ་མོ་བཏུལ༔ ཐ་ཚིག་གསུམ་གྱིས་དམ་ལ་བཏགས་པའི་ཚེ༔ རྡོ་རྗེ་ཕག་མོ་ལ་སོགས་མཁའ་འགྲོ་བྱེ་བ་བརྒྱས༔ སོ་(༡༧བ)


GLG024_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང་༔ ཡལ་གམ་ཅན་ལ་དངོས་གྲུབ་སྩོལ་བ་དང་༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ བཅོལ་བའི་འཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་འཕྲིན་ལས་མཛོད༔ དེ་འོག་བར་གྱི་བསྐལ་པ་དབུས་མ་ལ༔ བྲག་དམར་བསམ་ཡས་ཨཱཪྻ་པཱ་གླིང་དུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་༔ ཤེས་རབ་ཡུམ་ཆེན་མཁར་ཆེན་འཚོ་རྒྱལ་གྱིས༔ དབང་ཆེན་ཡོངས་རྫོགས་དཀྱིལ་འཁོར་ཞལ་ཕྱེ་ཚེ༔ དུར་ཁྲོད་གནས་པའི་མཁའ་འགྲོ་སྡེ་ལྔ་དང་༔ དྲེགས་པ་སྡེ་བརྒྱད་བསྟན་མ་བཅུ་གཉིས་ཀྱིས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང་༔ ཡལ་གམ་༴ བཀའ་ཡི་གཏོར་༴ བཅོལ་བའི་༴ སྔོན་ཚེ་༴ ཤ་ཁྲག་༴ ཐུགས་དམ་༴ དེ་འོག་བསྐལ་པ་ཐ་མའི་དུས་ཀྱི་ཚེ༔ རྔ་ཡབ་གླིང་ཕྲན་ཟངས་མདོག་དཔལ་རིའི་རྩེར༔ སློབ་དཔོན་ཆེན་པོ་པདྨ་ཐོད་འཕྲེང་དང་༔ རིགས་འཛིན་ཆོས་དབང་ལངྒའི་ཚོགས་བཅས་ཀྱིས༔ གསང་བ་སྒྲུབ་ཆེན་དཀྱིལ་འཁོར་ཞལ་ཕྱེ་ཚེ༔ བསེ་ལམ་མཁའ་འགྲོ་བཀའ་སྡོད་སྒྲོལ་གིང་བཞེས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང་༔ ཡལ་གམ་༴ བཀའ་ཡི་༴ བཅོལ་བའི་༴ སྔོན་ཚེ་༴ ཤ་ཁྲག་༴ ཐུགས་དམ་༴ དེ་ཡང་མགོན་པོ་དུས་མཚན། ཤེལ་གིང་དཀར་པོ། བསེ་གིང་དམར་པོ། ནག་པོ་སྐྲ་ཐན་ཏེ་སྒྲོལ་གིང་བཞི་དང་རེ་མ་ཏཱི་མཆེད་བཞི་འཁྲིལ་སྦྱོར་དུ་ཡོད་ཅིང་གཏེར་གཞུང་སོར་(༡༨ན)


GLG024_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སུ་དཀྱུས་ལྟར་ཡིན་རུང་དེང་སང་འདུས་ཆེ་བའི་དབང་དུ་བྱས་ནས་དམ་ཅན་རྒྱ་མཚོ་ཆོས་སྐྱོང་སྲུང་མ་ཡིས་ཞེས་པ་སོ་སོའི་གཟུགས་མཆོག་གི་གོང་དུ་འཇུག་སྲོལ་འདུག་པ་བྱས་ཀྱང་མི་འགལ་ལོ། །ཧཱུཾ། མི་མངོན་དབྱིངས་ན་བཞུགས་པ་རྒྱལ་བ་ཞི་ཁྲོའི་ཚོགས༔ ཨཱཿབཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ ཨཱོཾ། བསྐུལ་ལོ་བསྐུལ་ལོ་འགྲོ་བའི་དོན་དུ་བསྐུལ༔ ཧྲཱིཿ མཛོད་ཅིག་མཛོད་ཅིག་བཅོལ་བའི་འཕྲིན་ལས་མཛོད༔ ཅེས་པ་འདི་བཀའ་བརྒྱད་གཏོར་མར་མ་ཟད་བཀའ་མའི་སྤྱི་བསྐུལ་གཉགས་ཀྱིས་མཛད་པ་ལའང་ཡོད་ཅིང་རིན་པོ་ཆེ་ཀུན་བཟང་རྩེ་བའི་ཕྱག་རྒྱུན་དུ་འདུག་པས་བྱས་ཀྱང་མི་འགལ་ལོ། །བཤལ་ཆུས་བསྟན་མ་བསྐྱང་བ་འཇུག་པ་བདེ་བའི་ཕྱིར་བཀའ་བརྒྱད་ལྟར་བཀོད་པ་ནི། བསྟན་པ་སྐྱོང་མཛད་མ་དང་སྲིང་༔ དཔལ་གནས་མ་དང་ཡང་དག་ཤེས༔ ཁྱུང་བཙུན་ཀོང་ལྷ་གཡུ་བུན་མ༔ མེ་སྟག་ཟླ་འོད་བྱང་རྒྱལ་མ༔ གསེར་ཐང་ཀུན་བཟང་ཤནྟིཾ་དཔལ༔ ཀླུ་མོ་གཟི་འབར་ལ་སོགས་པའི༔ བསྟན་མ་བཅུ་གཉིས་གཏོར་མ་ལོང་༔ མི་མཐུན་གནོད་པའི་ཕྱོགས་རྣམས་བཟློག༔ ཨཱོཾ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཁཱ་ཧི༔ མ་མ་ཧྲི་མ་མ་ཧྲིཾ་ཁཱ་ཧི་ཁཱ་ཧི༔ ཞེས་བཤལ་ཆུ་དོར་ནས་གཏོར་གཞོང་ཁ་སྦུབ་ལ༔ ཨཱོཾ་ལཾ་ཧཱུཾ་ལཾ་དགྲ་བགེགས་ཤ་ཏྲུཾ་སྟམྦྷ་ཡ་ནན༔ ཞེས་རྟ་བྲོ་བྱ་སྟེ། ཧཱུཾ་ཧྲཱི༔ རྟ་ཡི་བརྟུལ་ཞུགས་ཆེན་པོ་ནི༔ བདག་ཉིད་ཆེན་པོའི་སྐུར་བསྒོམས་ཏེ༔ ཞིང་བཅུ་བསྒྲལ་བའི་ཕུང་པོ་ལ༔ གཏུམ་ཆེན་རྔམས་པའི་སྒྲ་སྒྲོག་ཅིང་༔ དབང་ཆེན་རྟ་སྐད་ཙེར་རེ་རེ༔ ཁྲོ་བོའི་བྲོ་བརྡུང་འུར་རུ་རུ༔ དཔལ་གྱི་རྟ་(༡༨བ)


GLG024_Page_0800
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་དིར་རི་རི༔ རོལ་བའི་རྟ་གྲོ་ཆེམས་སེ་ཆེམ༔ གསང་བའི་བཤུག་པ་ཀྱུར་རུ་རུ༔ བསྐལ་པའི་གློག་དམར་ལྗིབས་སེ་ལྗིབ༔ རྡོ་རྗེའི་ཐོག་འབེབས་ལམས་སེ་ལམ༔ ཧཱུཾ་གིས་དབང་སྒྱུར་ཁམས་གསུམ་གཡོ༔ ཕཊ་ཀྱི་སྤྲུལ་པས་འཇིག་རྟེན་ཁྱབ༔ རཾ་གིས་མེ་འབར་ཐམས་ཅད་བསྲེགས༔ གཅན་གཟན་མུ་ཁ་སྤྲིན་ལྟར་གཏིབས༔ ཀངྐ་འདབ་ཆགས་སྐར་ལྟར་འཁྲུག༔ སྔོན་གྱི་ཐུགས་དམ་བསྐང་བའི་ཕྱིར༔ ཀུན་ཏུ་བཟང་པོའི་མཁའ་དབྱིངས་སུ༔ ཁམས་གསུམ་ཡོངས་སྒྲོལ་མཛད་པའི་ཚེ༔ ཟ་བྱེད་ཆེན་པོའི་དཀྱིལ་འཁོར་དུ༔ དུག་ལྔ་འདུས་པའི་ཕུང་པོ་ལ༔ གཅན་གཟན་ཆེན་པོའི་བྲོ་བརྡུངས་པས༔ བདག་ཏུ་ལྟ་བའི་ཞེ་སྡང་བཅོམས༔ ཁྲག་འཐུང་ཆེན་པོའི་དཀྱིལ་འཁོར་དུ༔ རཀྟའི་རྒྱ་མཚོ་འཁྱིལ་བ་ལ༔ མ་ཚོགས་ཌ་ཀིའི་༴ ཀུན་ཏུ་ཞེན་པའི་འདོད་ཆགས་བཅོམས༔ རྔམ་ཆེན་འཁྲུག་པའི་དཀྱིལ་འཁོར་དུ༔ གཏི་མུག་ཤ་ཆེན་སྤུངས་པ་ལ༔ སྡེར་ཆགས་འདུས་པའི་༴ རྨོངས་པའི་གཏི་མུག་ངོ་བོ་བཅོམས༔ གཏུམ་ཆེན་ཁྲོས་པའི་དཀྱིལ་འཁོར་དུ༔ དབང་བ་ཡན་ལག་རྫོགས་པ་ལ༔ གཤོག་པ་རྡོ་རྗེའི་༴ ཀུན་ཏུ་རྨོངས་པའི་ཕྲག་དོག་བཅོམས༔ འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་དུ༔ དབུས་ཀྱི་ཁྲི་རྐང་ཟླུམ་པོ་ལ༔ རྡོ་རྗེ་མཆུ་ཡི་༴ བདག་ཏུ་འཛིན་པའི་ང་རྒྱལ་བཅོམས༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ༔ དུག་གསུམ་འཇོམས་པའི་ལས་བྱས་པས༔ སྔོན་གྱི་དམ་ཚིག་ཆེན་པོ་སྐོངས༔ མ་ཚོགས་ཌཱ་ཀིའི་དཀྱིལ་འཁོར་དུ༔ ཏན་གན་སྤྲུལ་པའི་ལས་བྱས་པས༔ རྣལ་འབྱོར་བསྐང་བའི་ཆོ་ག་རྫོགས༔ དབང་(༡༩ན)


GLG024_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་གར་གྱི་དཀྱིལ་འཁོར་དུ༔ བདུད་བཞི་འཇོམས་པའི་ལས་བྱས་པས༔ ཁམས་གསུམ་བསྒྲལ་བའི་ཆོ་ག་རྫོགས༔ ཕྱག་བརྙན་ཆེན་པོའི་དཀྱིལ་འཁོར་དུ༔ བཀའ་འདས་བསྒྲལ་བའི་ལས་བྱས་པས༔ རུ་དྲ་མནན་པའི་ཆོ་ག་རྫོགས༔ ཨཱོཾ་བཛ་ཀྲོ་དྷ་སིདྡྷི་ཧཱུཾ། ཨཱོཾ་བཛྲ་ཀྲོ་དྷ་ཧ་ཡ་གྷྲི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ༔ གཏོར་གཞོང་ཁ་སྒྱེན་ནས། རྣལ་འབྱོར་པ་བདག་ཅག་འཁོར་བཅས་ཀྱི་ཚེ་དཔལ་འབྱོར་པ་ཐམས་ཅད་ཟླ་བ་ཡར་གྱི་དེ་བཞིན་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག །པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། ཟོར་འཕེན་གཏོར་མནན་སོགས་ཀྱི་རྗེས་ཚེ་འགུགས་པ་སྔ་འགྱུར་གྱི་སྤྱི་ལུགས་ཡིན་པས་ཆོས་དབང་རིན་པོ་ཆེའི་མ་ཎི་བཀའ་འབུམ་གྱི་ལེའུ་བདུན་པ་ལས། ཧྲཱི༔ མཁའ་མཉམ་ཚེ་བདག་འོད་དཔག་མེད། །ཆོས་ཀྱི་དབྱིངས་ནས་ཚེ་ཁུག་ལ། །ཚེ་ཡི་དངོས་གྲུབ་འདིར་སྩོལ་ཞིག །བདུད་རྩིའི་ཆར་འབེབས་བདུད་རྩི་ཆེ། །ལོངས་སྐུའི་ཞིང་ནས་༴། ཚེ་ཡི་དངོས་གྲུབ་༴། སྣང་སྲིད་དབང་སྡུད་པདྨ་རྒྱལ། །འབྱུང་ལྔའི་ཀློང་ནས་༴། ཚེ་ཡི་དངོས་གྲུབ་༴། ཡེ་ཤེས་འཚོ་རྒྱལ་ཚེ་ཡི་ལྷ། །སྲིད་པ་གསུམ་གྱི་༴ །ཚེ་ཡི་དངོས་གྲུབ་༴ །རྩ་བརྒྱུད་བླ་མ་ཚེ་དབང་རྒྱལ། །ཡེ་ཤེས་ལྔ་ཡི་༴ ཚེ་ཡི་དངོས་གྲུབ་༴། རང་བྱུང་ཡེ་ཤེས་སྐྱེ་འཆི་མེད། །འཁོར་འདས་གཉིས་ཀྱི་༴། ཚེ་ཡི་དངོས་གྲུབ་༴། ཡེ་ཤེས་མཁའ་འགྲོ་ཚེ་ཡི་ལྷ། །མཁའ་ལ་སྤྲིན་ཚོགས་གཏིབས་པ་བཞིན། །ཚེ་དང་བསོད་ནམས་གཏིབ་ཏུ་གསོལ། །བདུད་འདུལ་གིང་བཞི་ཚེ་ཡི་ལྷ། །ནགས་ལ་མེ་ཆེན་སྦར་བ་བཞིན། །ཚེ་དང་བསོད་ནམས་སྦར་དུ་གསོལ། །དཔའ་བོ་ཡབ་(༡༩བ)


GLG024_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་ཕོ་ཉ་མོ། །སྡེ་བརྒྱད་ལག་ན་ཚེ་ཁུག་ལ། །ཚེ་དང་བསོད་ནམས་གཏིབ་ཏུ་གསོལ། །ཨཱོཾ་ཚེ་བྷྲཱུཾ་གཡུ་བྷྲཱུཾ་གཡུ་ཚེ་བྷྲཱུཾ་ཨཱ་ཡུརྫྙཱ་ན་གཡུ་ཚེ་བྷྲཱུཾ། ཞེས་བརྗོད། དབང་བསྐུར་བ་བསྐུལ་གྱི་རྗེས་སུ་བྱེད་པ་གཙོ་ཆེ་ཞིང་ཟབ་ཀྱང་དངོས་གྲུབ་ཙམ་ལེན་ན་སྐབས་འདིར་མཛད་པ་མང་ལ་དབང་ཡང་ལེན་མི་རུང་བ་མིན་པས་ཁྲོ་རོལ་གྱི་གཅེས་པའི་ལྡེ་མིག་ཏུ། ནང་དུ་ལོག་ལ་ཚེ་འགུགས་བྱ༔ གུ་རུའི་དངོས་གྲུབ་གཏོར་མ་ཡིས༔ བདག་གཞན་ཀུན་ལ་དབང་བསྐུར་བྱ༔ འཛབ་བཟླས་དངོས་གྲུབ་རྫས་ལ་རོལ༔ ཞེས་པ་དང་འབྲེལ་ལོ༔ ལེའུ་བརྒྱད་གཏེར་གཞུང་དང་ཆོས་ལྡན་པའི་སྒོམ་རིམ་ཆོག་ཁྲིགས་རྣམས་སུ་དཀྱིལ་འཁོར་བསྡུ་བའི་གསལ་ཁ་མ་བྱུང་བ། སྲས་པད་དབང་གི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྡུ་མི་དགོས་པའི་ཤེས་བྱེད་མཛད་པ་དང་དགོངས་པ་གཅིག་པ་ཐོག་མཐའ་བར་དུ་རང་སེམས་དང་བླ་མ་དབྱེར་མེད་ཁོ་ནའི་ངང་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་བསྡུ་བ་ལས་སྤྲོས་པ་གཞན་ལ་རག་མ་ལུས་པར་རང་སེམས་ཀ་དག་དོན་གྱི་བླ་མར་གནས་པ་ནི་དཀྱིལ་འཁོར་བསྡུ་ཆོག་ཡིན་པས། དེའི་དོན་གསང་འདུས་གཞུང་གི་རྗེས་ཆག་ཉམས་ཆགས་བསྐང་བ་ནི། སྤྱི་གཙུག་པད་ཟླའི་གདན་སྟེང་དུ༔ བླ་མ་རྡོ་རྗེ་སེམས་དཔའི་སྐུ༔ སྐུ་མདོག་ཤེལ་འདྲའི་ཐུགས་ཀ་ནས༔ ཟླ་སྟེང་ཧཱུཾ་ལས་ཡིག་བརྒྱས་བསྐོར༔ དེ་ལས་བདུད་རྩིའི་ཆུ་རྒྱུན་བབས༔ བདག་གི་ཉམས་ཆགས་སྒྲིབ་དག་གྱུར༔ ཅེས་བརྗོད་ཅིང་གཏོར་མགྲོན་སོགས་མདུན་བསྐྱེད་རྣམས་ཀྱང་ཐུགས་ཀའི་ཧཱུཾ་ལ་བསྡུས། ཡི་གེ་བརྒྱ་པ་བརྗོད། བླ་མ་རྡོ་རྗེ་སེམས་དཔའ་ཉིད། །དགྱེས་པ་ཆེན་པོས་རང་ལ་ཐིམ། །(༢༠ན)


GLG024_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཡང་ཀུན་གཞི་མ་བཅོས་པའི། །ངང་ལ་ཡིད་ནི་འཛིན་པ་བྲལ༔ རྣམ་དག་སྤྲོས་བྲལ་ཆོས་ཀྱི་སྐུ༔ ཞེས་པའི་དོན་ལ་མཉམ་པར་བཞག་གོ །གསུམ་པ་སྨོན་ལམ་གདབ་ཅིང་ཤིས་པ་བརྗོད་པ་ནི༔ ཨེ་མ་ཧོ༔ བདག་གིས་འགྲོ་བ་ཀུན་དོན་དུ༔ བསྐལ་པ་དཔག་མེད་ཚུན་ཆད་ནས༔ ཐ་མ་ད་ལྟ་ཐུག་གི་བར༔ བདག་གི་ལུས་ངག་ཡིད་གསུམ་གྱིས༔ བླ་མ་སྐྱེས་མཆོག་ཡི་དམ་ལྷ༔ སངས་རྒྱས་བྱང་སེམས་ཌཱ་ཀིའི་ཚོགས༔ སྒོམ་སྒྲུབ་མཆོད་ཅིང་བསྟོད་པ་དང་༔ བྲིས་བཀླག་བཅངས་ཤིང་ཀུན་ཆུབ་བགྱིས༔ ལྷ་སྒོམ་ལ་སོགས་དགེ་སྤྱད་པའི༔ འབྲས་བུ་དུས་འདིར་སྨིན་གྱུར་ནས༔ ཀུན་མཁྱེན་ཡེ་ཤེས་མཆོག་ཐོབ་ཤོག༔ གཞན་ཡང་ཕྱོགས་བཅུ་དུས་གསུམ་གྱི༔ བླ་མའི་ཐུགས་དགོངས་རབ་རྫོགས་ཤིང་༔ དུས་གསུམ་ཕ་མས་སྣ་དྲངས་པའི༔ འགྲོ་དྲུག་སེམས་ཅན་མ་ལུས་ཀུན༔ བླ་མ་མཆོག་གི་རྗེས་བཟུང་ནས༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ ཤེས་བྱའི་དོན་ལ་མ་རྨོངས་པའི༔ བླ་མ་དམ་པའི་བཀྲ་ཤིས་ཤོག༔ གང་ལ་བསམས་པ་དེ་འགྲུབ་པའི༔ དོན་གྲུབ་མཆོག་གི་བཀྲ་ཤིས་ཤོག༔ སྐུ་གསུང་ཐུགས་ཀྱི་བྷ་ག་ནས༔ ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག༔ ཅེས་ཤིས་པ་བརྗོད་ཅིང་མེ་ཏོག་སིལ་མ་ཕྱོགས་ཀུན་ཏུ་གཏོར་ཏེ་ཕུན་སུམ་ཚོགས་པའི་དགའ་སྟོན་གྱི་དཔལ་ལ་རོལ་བར་བྱའོ། །བླ་མ་སྒྲུབ་པའི་ལས་བྱང་ལེའུ་བརྒྱད་པ་ཞེས་བྱ་བ། རང་གཞུང་ཚུགས་ཤིང་སྒྲུབ་ཐབས་ཀུན་གྱིས་ཁ་སྐོངས་རྫོགས་སོ། །བརྡ་ཡིག་ཡོད། ༈ དེའང་གཏེར་ཁ་གོང་འོག་གི་བླ་མ་ཞི་དྲག་གི་སྐོར་ལ་སྔ་འགྱུར་(༢༠བ)


GLG024_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིའི་ལས་བྱང་དང་མི་འདྲ་བའི་རང་སྐད་ཟུར་པ་ཡོད་པར་རྒྱལ་སྲས་པདྨ་དབང་ཆེན་གྱིས་ལས་བྱང་ལེའུ་གསུམ་པའི་ཆོག་བསྒྲིགས་མཛད་པ་ཁྲིགས་ཀྱི་རིམ་པ་གཏེར་གཞུང་འདི་གའི་ལུགས་དང་མི་འདྲ་བའི་རྙིང་མ་སྤྱི་གཞུང་དང་མཐུན་ཤས་ཆེ་བ་སོགས་ཀྱི་སྣོན་ཕྲི་འགའ་ཞིག་བྱུང་བ། གཏེར་སྟོན་གྱི་ཐུགས་སྲས་དང་ལང་འགྲོ་ལོ་ཙཱ་བའི་སྐྱེ་བརྒྱུད་སོགས་ནས་ཁུངས་མི་བཙུན་པ་མ་ཡིན་རུང་། ཀ་ཐོག་རྡོར་བཟང་གིས། གཏེར་གཞུང་ལེའུ་བརྒྱད་ལ་བརྟེན་ནས། །དབང་ཆེན་ལེའུ་གསུམ་པ་མཛད། །དེས་ཀྱང་དགོངས་པ་ཅུང་མ་ལོན། །གསང་འདུས་གཞུང་དང་འགལ་བ་མང་། །ཞེས་དཔྱད་པ་མཛད་ཅིང་ལེའུ་གསུམ་མའི་རྗེས་སུ་འབྲངས་ནས་བྱང་པ་རིགས་འཛིན་ཆེན་པོ་འཕྲིན་ལས་རྣམ་རྒྱལ་མཚོ་སྐྱེས་བཞད་པའི་དབང་པོས་ཆོག་བསྒྲིགས་མཛད་འདུག་པ་སོགས་གསང་ཆེན་རྙིང་མའི་རིང་ལུགས་ལ་མཁས་ཤིང་གྲུབ་པ་བརྙེས་པའི་གསུང་ཡིན་པས་བཞེད་པ་མི་འདྲའང་ལོག་རྟོག་གི་ཡུལ་མིན་ལ། ཆོས་རྗེ་དཀོན་གཉེར་དཔོན་པ་ཀུན་བཟང་རྩེ་པ་བསོད་ནམས་རྒྱལ་མཚན་ནས་བཟུང་། ཟི་ན་ཆོས་ཀྱི་དབང་ཕྱུག་གི་བར་དུ་བྱོན་པའི་སྔགས་འཆང་གྲུབ་བརྙེས་མཁྱེན་དཔྱོད་ཅན་རྣམས་ཀྱི་གསུང་རྒྱུན་ཕྱག་བཞེས་ཡིད་རྟོན་པའི་གནས་ཡིན་ནའང་། རྩེ་ལུགས་སུ་གྲགས་པའི་ཆོག་སྒྲིགས་ལའང་རྗེས་འཇུག་འདྲས་ལྷད་ཅུང་ཟད་བཅུག་པར་མངོན་ཞིང་། ཀར་ལུགས་པ་དག་ལས་འབྲེལ་རྩལ་གྱི་མཁའ་འགྲོ་འབུམ་བསྐུལ་སྣོན་པ། འབྲུག་ལུགས་པ་འདྲེས་གཏེར་ཁ་གོང་འོག་བསྲེ་བ་སོགས་གང་དྲན་ལག་ཏུ་ལེན་པ་ནི་སྟོབས་འབྱོར་སྒྱུ་ཐབས་ཀྱི་ཕུ་འཁྱེར་དང་བཅས་ཕྱོགས་འདིར་མ་འདྲིས་པའི་མུན་པའི་མདའ་འཕེན་དུ་ཟད་(༢༡ན)


GLG024_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

མོད། འོན་ཀྱང་བདེ་མཆོག་དང་བཀའ་བརྒྱད་ཀྱི་རྟེན་བརྟེན་པར་དཔེ་བླངས་ཏེ་རྣ་བར་ཐོས་ཚད་ཀྱི་སྲུང་མ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པའི་མགོན་མང་དང་། ལུས་ཕྱེད་གདོང་ལ་གདོང་ཕྱེད་ཁའི་ཚད་དུ་བྱེད་པའི་སྲུང་མ་དང་། ཡུམ་ལ་ཡབ་ཀྱིས་ཕར་འཁྲིལ་བའི་ཞལ་གཟིགས་མ་སོགས་མགལ་དུམ་འཕྲེང་བར་བསྒྲིགས་པའི་སྤུན་ཟླར་མཐོང་བས་ཚེས་བཅུའི་ལས་བྱང་དུ་མིང་བཏགས་པ་ཙམ་ལ་ཡིད་བརྟན་དུ་མ་བཟུང་བར་གཏེར་བྱོན་གྱི་གསང་འདུས་གཞུང་དང་ལས་བྱང་། སྤྲུལ་སྐུ་ཆོས་ལྡན་པའི་སྒོམ་རིམ་དང་ཆོག་བསྒྲིགས་རིགས་འཛིན་བརྒྱུད་པའི་གསུང་རྒྱུན་རྣམས་ཚད་ཐུབ་ཀྱི་དབང་པོར་བྱས་པ་ཡིན་ནོ། །དུས་གསུམ་རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་གཟུགས། །སྤྲུལ་སྐུའི་སྒྱུ་འཕྲུལ་གར་བསྒྱུར་པདྨ་འབྱུང་། །ཡང་ཟབ་ཐུགས་སྒྲུབ་ཀུན་གྱི་རྩེར་སོན་པ། །གནམ་སྐས་ཀླུ་བདུད་སྐུ་སྟོད་བླ་མའི་སྐོར། །ཟབ་ཟབ་དབྱངས་སུ་ལེན་པའི་ཆོས་མང་ཡང་། །མངོན་སུམ་ཞལ་མཇལ་བྱིན་རླབས་ལུང་སྟོན་པར། །བྱེད་ནུས་མཁའ་འགྲོའི་ཁ་རླངས་དངར་པོའི་རོ། །འཐུལ་འདི་སྐལ་བཟང་ཀུན་ད་བཞད་པའི་གཉེན། །ཟོག་རྫུན་འུག་པ་ལྟར་སྦོས་ཆེར་རློམ་འགའི། །བློས་བྱས་ལག་ལེན་མུ་ཏོའི་ཕྱེ་འགམ་པར། །གཏན་བདེའི་བཅུད་དུ་རེ་རྣམས་ཐོ་བ་ཡིས། །ཕ་མགོ་བཅོམས་པས་སངས་རྒྱས་ཐོབ་སེམས་བཞིན། །རང་གཞུང་དངོས་བསྟན་དོར་ནས་གཏེར་གཞན་ལེན། །ལ་ལ་ཕྱེས་འགྱུར་ཆོ་གའི་རྒྱས་འགེབས་བྱེད། །གནའ་བོའི་སྒྲོས་དང་དཔེ་ཧྲུལ་རྗེས་འཇུག་པ། །ཚད་ལྡན་བསྟན་པའི་གྲངས་(༢༡བ)


GLG024_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འདྲེན་རྣམས་རྨོངས། ཁོ་བོ་མདོ་རྒྱུད་གཙུག་ལག་མང་དུ་ཐོས། །ཡང་དག་ལྟར་སྣང་འབྱེད་པའི་བློ་མིག་གསལ། །དེ་ཕྱིར་གྲགས་སྐམ་ཅལ་སྒྲོག་རྗེས་རྒྱུག་དང་། །གཞན་ཟེར་ཚིག་གི་འཁར་བར་ག་ལ་བརྟེན། །ཚད་ལྡན་རྡོ་རྗེའི་སློབ་དཔོན་ཡུན་དུ་བསྟེན། །སྨིན་གྲོལ་གདམས་པའི་གནད་ཀྱི་འཕྲེང་ལ་བཅུར། །རང་རིག་བླ་མར་ཤེས་པའི་ཉམས་ལེན་བསྐྱངས། །རིགས་འཛིན་སྒྲུབ་པོར་རློམ་ཡང་མི་གནོད་ཙམ། །སྔ་འགྱུར་བཀའ་གཏེར་གཞུང་ལུགས་མང་མང་ཐོས། །ཐོས་ཙམ་མ་ཡིན་འབད་པས་ངལ་ངལ་བསམས། །བསམས་པ་ཇི་བཞིན་འཁྲུལ་མེད་ཡང་ཡང་བསྒོམས། །བསྒོམས་དོན་སྨྲ་བའི་བརྟུལ་ཞུགས་བརྟན་བརྟན་རྙེད། །དེ་འདྲ་ཁྱབ་བདག་ཀུན་ཏུ་བཟང་པོ་དང་། །དབྱེར་མེད་ཆོས་བཞིན་སྤྱོད་མཛད་ཡོངས་འཛིན་འགའི། །ཟླ་མེད་བཀའ་དྲིན་དྲན་པའི་མོད་ཉིད་ལ། །སྙིང་དབུས་དད་པའི་འདབ་བརྒྱ་ཅི་ཡང་བཞད། །དགེ་འདིས་ཨྱོན་སངས་རྒྱས་གཉིས་པ་ཡི། །ཐུགས་རྗེ་ཉི་མའི་དངོས་བརྒྱ་འབར་བའི་གཟིས། །གངས་ཅན་རྒུད་པའི་མུན་པ་མཐར་སངས་ནས། །ཕན་བདེའི་སྣང་བ་རྒྱས་པའི་བཀྲ་ཤིས་ཤོག །ཅེས་གཏེར་ཁ་འོག་མའི་གསང་འདུས་གཞུང་དང་ལས་བྱང་ལེའུ་བརྒྱད་པ་འཁྲུགས་པ་སྡེབས་སུ་ཚེས་བཅུའི་མཆོད་པའི་དུས་བཀླགས་པས་དོན་ཀུན་ལྷུན་གྱིས་གྲུབ་པའི་འཕྲིན་ལས་རྩ་གསུམ་དགྱེས་པའི་རོལ་གར་ཞེས་པ་འདི་ནི་ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ་གྱི་དྲུང་དུ་ཁྲོ་ཆུའི་ཀླུ་བདུད་ཀྱི་སྐུ་སྟོད་དང་རྐེད་པ་ནས་བླ་མའི་སྒྲུབ་སྐོར་ཐེམས་ཅན་བདུན་བྱོན་པའི་ལྔ་ཙམ་གྱི་ལུང་རགས་རིམ། པདྨ་(༢༢ན)


GLG024_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་འཕྲེང་གསང་མཚན་གྱི་སྒྲུབ་པའི་སྨིན་བྱེད་ཀྱི་བཀའ་དྲིན་མནོས་ཤིང་། རིགས་ཀུན་ཁྱབ་བདག་ཁྲ་ཚང་བ་བློ་མཆོག་རྡོ་རྗེའི་དྲུང་དུ་གཏེར་ཁ་འདིའི་བླ་སྒྲུབ་ཐེམས་ཅན་ཐེམས་མེད་ཡོད་དོ་ཅོག་གི་དབང་ཁྲིད་ལུང་མན་ངག་ཡོངས་སུ་རྫོགས་པར་ཐོབ་པ་ལ་བརྟེན་ནས་སྨྲ་བའི་སྤོབས་པ་གཟེངས་སུ་མཐོ་བ་ཟ་ཧོར་གྱི་རིགས་ལས་སྔགས་སྨྱོན་གང་ཤར་རང་གྲོལ་གྱིས་ཞི་བ་ཞེས་པ་ས་མོ་བྱའི་ལོ་ཆུ་ཤེལ་གྱི་དབང་པོ་མགོས་ཉ་བའི་རྒྱལ་བའི་ཚེས་ལ་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པ་རྣམས་ལ་དཔལ་ལྡན་ཀུན་བཟང་རྩེ་བའི་ཕྱག་བཞེས་ཀྱི་གར་འཆམས་དབྱངས་རོལ་དང་འབྲེལ་བའི་ཚེས་བཅུའི་མཆོད་པ་འཛུགས་པའི་སྟ་གོན་གྱི་ཚེ་མཆོད་གཏོར་བརླབ་པ། གནས་གསུམ་བྱིན་རླབས། དབང་བསྐུར། སྨན་ཕུད། རྒྱུན་མཆོད། ཚོགས་ཐ་མའི་བསྒྲལ་ལས་སྟོབ་པ་རྣམས་ཚིག་སྦྱོར་གསར་དུ་བསྡེབས། མཚན་བརྒྱད་མངོན་རྟོགས་གསུང་རྒྱུན་མའི་ཚིག་ཟུར་བསྒྱུར། དེ་ཕྱིན་གཏེར་གཞུང་དང་གོང་མའི་གསུང་འཕྲོས་རྣམས་བྱིན་རླབས་ཀྱི་ཚན་ཁ་ཆེ་བའི་ཕྱིར་རང་སོར་བཞག་སྟེ་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་བསྟན་འཛིན་དང་འཇམ་དབྱངས་དཔལ་བཟང་གཉིས་ཀྱིས་ཅི་རིགས་པར་བགྱིས་པ་སིདྡྷི་རསྟུ། ༈ གངྒཱའི་རྡུལ་སྙེད་གྲངས་ཀྱི་ཆ་ཙམ་དུ། །བསྐྲུན་པར་མི་ནུས་ཞི་ཁྲོའི་རྟེན་བརྟེན་པ། །ཀུན་ཀྱང་རང་རིག་ཁྱབ་བདག་རྡོ་རྗེ་སེམས། །གཅིག་ལས་དུ་མར་འཆར་བ་འཕྲུལ་པོ་ཆེ། །ལྷ་སྔགས་ཡེ་ཤེས་རོལ་པའི་རྣལ་འབྱོར་གྱིས། །ཡིད་སྲུབས་སྡེ་ལས་རྣམ་པར་རབ་རྒྱས་པའི། །གཞན་ཕན་ལྷུན་གྲུབ་ཟུང་འཇུག་བདེ་ཆེན་གར། །ལེགས་བསྒྱུར་རིག་སྔགས་འཆང་བའི་བཤད་སྒྲུབ་གླིང་། །གང་བདེའི་རྒྱུན་གྱི་ཉམས་བཞེས་ཞལ་འདོན་རྣམས། །ཕྱོགས་གཅིག་ཡི་གེར་ཉེར་བཀོད་པུསྟི་ཀཿ།


GLG024_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་སྦྱིན་འཛད་མེད་པར་གྱི་སྒོ་འབྱེད་པ། །དཔྱད་གསུམ་དག་པའི་ལྡེ་མིག་དེང་འདིར་བསྐྲུན། །གངས་རི་བརྒྱ་ཕྲག་ཟླ་ཞུན་གྱིས་བྱུགས་ལས། །ཆེས་དཀར་རྣམ་དག་བསམ་པས་ཕྱོགས་འདི་ལ། །སྒོ་གསུམ་འབད་དང་མཐུན་རྐྱེན་ཉེར་སྦྱོར་བའི། །བྱེད་པོར་གཏོགས་སོ་ཅོག་གི་ལུས་ཅན་རྣམས། །རྫོགས་ལྡན་དུས་ཀྱི་ཚེ་འབྱོར་བདེ་སྐྱིད་ཀུན། །མངོན་སུམ་ཉམས་མྱོང་སྐྱེ་བར་དལ་འབྱོར་རྙེད། །ངེས་གསང་ཐེག་མཆོག་ཆོས་ལ་ལོངས་སྤྱད་ནས། །བཅུ་གསུམ་རྡོ་རྗེའི་ས་དེར་མྱུར་བགྲོད་ཤོག །སྤྱི་དང་ཁྱད་པར་འཇམ་མགོན་བཙོང་ཁ་པའི། །རིང་ལུགས་དེ་འཛིན་སྡེ་རྣམས་ཕྱོགས་བཅུར་འཕེལ། །རྡོ་རྗེའི་སློབ་དཔོན་གཡུང་དྲུང་ལྟར་བརྟན་ནས། །སྨིན་གྲོལ་འཁོར་ལོ་ཆད་མེད་བསྐོར་བར་ཤོག །དགའ་བ་བརྒྱ་བའི་དཔལ་ལྡན་ཕོ་བྲང་ཆེའི། །ཆོས་སྲིད་གྱེན་འདེགས་ནོར་འཛིན་སྐྱོང་བའི་ལྷ། །ཞབས་བརྟན་མངའ་ཐང་རབ་རྒྱས་ལུགས་གཉིས་ཁྲིམས། །མཆོག་དམན་ཕྲག་པར་ཁུར་དུ་ལྕི་བར་ཤོག །རང་གཞན་ཕན་བདེའི་རྩ་ལག་ཐེག་ཆེན་ལམ། །ལེགས་པར་བཤད་དོན་ཉམས་སུ་བསྟར་བའི་གླིང་། །སྲིད་མཐའི་བར་དུ་རྣམ་གསུམ་འཁོར་ལོ་རྣམས། །དཀར་ཆའི་ཟླ་བ་ལྟ་བུར་འཕེལ་བར་ཤོག །འཇིག་རྟེན་སྤྱི་དང་བྱེ་བྲག་རྒྱ་ཧོར་བོད། །དུས་ཀྱི་ཆད་པ་བརྣག་དཀའི་ཟུག་རྔུ་རྣམས། །མིང་མཐར་བྱས་ནས་ལུས་ངག་ཡིད་གསུམ་ལ། །སིམ་པའི་ཚོར་བ་རྟག་ཏུ་མྱོང་བར་ཤོག །རྩ་གསུམ་བྱིན་རླབས་དམ་ཅན་མཐུ་སྟོབས་རྩལ། །ཆོས་དབྱིངས་འགྱུར་བ་མེད་པ་རྣམ་པར་དག །ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་མཐུས། །ཇི་ལྟར་ཡོངས་སྨོན་འདོད་དོན་ལྷུན་གྲུབ་ཤོག །རྒྱལ་སྲས་སློབ་མར་བཅས་པས་མགྲིན་གཅིག་ཏུ། །བདེན་ཚིག་དབྱངས་སྙན་ལེན་དང་ཕྱོགས་མཐུན་དུ། །མཁའ་ལ་འཆི་(༢༣ན)


GLG024_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཚོགས་ཀྱིས་གོམ་བཀོད་དེ། །བཀྲ་ཤིས་མནྡྷ་ར་ཡི་ཆར་འབེབས་ཤོག །རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པའི་རྒྱུན་གྱི་རྣལ་འབྱོར་དུ་བྱ་བའི་རིམ་པ་རྣམས་མི་འཆལ་ཞིང་ཁུངས་དག་པའི་ཆེད་པར་དུ་འཁོད་པ་ཞིག་བྱུང་ན་ཞེས་གྲ་དམངས་རྣམས་གླེང་བརྗོད་མཛད་པ་སྔགས་རམས་པ་བསོད་ནམས་རྒྱལ་མཚན་གྱིས་བསྐྱར་བར་བརྟེན་ས་ལུག་མཆོད་དཔོན་ངག་དབང་ཤེས་རབ་ཀྱིས་བསྐུལ་མ་ཡང་ཡང་བྱུང་བས་རྐྱེན་བྱས། སྒྲ་མདོ་ཆེན་པོ་བཞི་ལ་ཕུལ་དུ་ཕྱིན་པའི་འདར་བ་ལོ་ཆེན། མོན་ཁར་རྣམ་གླིང་པཎ་ཆེན། དགེ་སློང་འཇམ་དབྱངས་གྲགས་པ་གསུམ་གྱིས་དཔེ་ཁུངས་སྟུབ་མང་པོ་དང་བསྟུན་ཞིང་ངེད་རང་ལ་དོགས་དཔྱད་ནས་ཞུས་དག་པར་བྱས་པའི་ཤོག་གྲངས་ལྔ་བརྒྱར་ཉེ་བ་ལྕགས་བྱ་ལོ་ས་སྐྱོང་སངས་རྒྱས་རྒྱ་མཚོས་དགོས་བྱེད་མཐུན་རྐྱེན་གྱི་བཀོད་པ་དང་བཅས་སྔགས་རམས་པ་མཁས་བཙུན་རྒྱ་མཚོ་དོ་དམ་དུ་བཏང་ནས་དགའ་ལྡན་ཕུན་ཚོགས་གླིང་དུ་པར་ཡིག་གི་མ་དཔེ་དང་མཐུན་མི་མཐུན་གྱི་ཞུས་ཆེན་ཡར་འབྲོག་པ་དགེ་སློང་བློ་གྲོས་བརྟན་པ། དགེ་སློང་སྨྲ་བའི་དབང་ཕྱུག །རྩེ་སྐོར་བ་དགེ་སློང་བློ་གསལ་མཁས་པ་གསུམ་དང་། ཡིག་མཁན་བློ་བཟང་དམ་ཆོས་ཅན་དགུ །པར་བརྐོས་པ་དབུ་མཛད་དགོས་སླེབས་ཅན་སུམ་ཅུ་སོ་བརྒྱད། ཤིང་བཟོ་བ་བསོད་ནམས། གཉེར་པ་ཁང་སེར་མ་ཤེས་རབ་དཔལ་བཟང་། ཀ་བཞི་སྨད་པ་བསོད་ནམས་ནོར་བུ་གཉིས་དང་བཅས་པས་གང་དགོས་ཀྱི་རྐྱེན་སྦྱར་ནས་པར་དུ་བརྐོས་པའི་སྨོན་ལམ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་ཀྱིས་བགྱིས་པ་ཛ་ཡནྟུ། །སརྦ་མངྒ་ལཾ།། །།


previousགཏེར་ཁ་འོག་མའི་གསང་འདུས་གཞུང་དང་ལེའུ་བརྒྱད་པ་བསྡེབས་པའི་ལས་བྱང་རྩ་གསུམ་དགྱེས་པའི་རོལ་གར།next