Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
བླ་མ་ཀརྨ་གུ་རུའི་བརྒྱུད་འདེབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབླ་མ་ཀརྨ་གུ་རུའི་བརྒྱུད་འདེབས།next

བླ་མ་ཀརྨ་གུ་རུའི་བརྒྱུད་འདེབས།


GLG025_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཀརྨ་གུ་རུའི་བརྒྱུད་འདེབས་བཞུགས་སོ། །


GLG025_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ་བྱུང་བདེ་ཆེན་ཀློང་དུ་གཡོ་མེད་ལས། །ནག་ཕྱོགས་བདུད་སྡེ་འཇོམས་ཕྱིར་ཁྲོས་པའི་གར། །སྟོན་མཛད་བཅོམ་ལྡན་ཀརྨ་ཧེ་རུ་ཀར། །གསོལ་བ་འདེབས་སོ་འགལ་རྐྱེན་བར་གཅོད་སོལ། །ལོག་པར་འཁུ་བའི་འབྱུང་པོའི་རྒྱལ་མཚན་ཀུན། །ཅིག་ཅར་སྙོལ་བའི་འཕྲིན་ལས་ལྷའི་འཁོར་ལོའི། །དྲག་སྔགས་གྲུབ་པའི་མཐུ་ལྡན་པྲ་ཧ་སྟི། །གསོལ་བ་འདེབས་སོ་འགལ་རྐྱེན་བར་གཅོད་སོལ། །དུས་གསུམ་རྒྱལ་བ་ཀུན་གྱི་གསང་བ་གསུམ། །བགྲང་ཡས་སྤྲུལ་པའི་གར་གྱིས་རྣམ་རོལ་པ། །ཚེ་དབང་རིགས་འཛིན་པདྨ་ཀ་ར་ལ། །གསོལ་བ་འདེབས་སོ་འགལ་རྐྱེན་བར་གཅོད་སོལ། །ལྗོངས་འདིར་ཐེག་མཆོག་བཀའ་མི་བསྡུ་བ་པོར། །བདེ་བའི་དཔལ་སྟེར་ཡེ་ཤེས་མཁའ་འགྲོ་མ། །མི་ཡི་སྲིད་པའི་ཟོལ་བརྟེན་འཚོ་རྒྱལ་ལ། །གསོལ་བ་འདེབས་སོ་འགལ་རྐྱེན་བར་གཅོད་སོལ། །འཇམ་དཔལ་རྡོ་རྗེའི་ཐུགས་རྗེའི་རྣམ་རོལ་ལས། །བོད་ཡུལ་རྒྱལ་པོའི་ཚུལ་གྱིས་རྒྱལ་བའི་བསྟན། །རྒྱས་མཛད་ཚངས་པ་ལྷ་ཡི་མེ་ཏོག་ལ། །གསོལ་བ་(༢ན)


GLG025_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་སོ་འགལ་རྐྱེན་བར་གཅོད་སོལ། །གང་གི་སྐྱེ་སྤྲུལ་ཟློས་གར་གྲངས་མེད་ལས། །མ་རུངས་ལོག་འདྲེན་ཀུན་འདུལ་ཟབ་མོའི་གཏེར། །ལུང་བསྟན་དུས་བཞིན་སྒོ་འབྱེད་དབང་པོའི་སྡེར། །གསོལ་བ་འདེབས་སོ་འགལ་རྐྱེན་བར་གཅོད་སོལ། །མཐའ་ཀླས་ངེས་གསང་རྒྱ་མཚོའི་ཚོགས་སྤྱི་དང་། །ཁྱད་པར་ཚུལ་འདིའི་བཀའ་བབས་དཔྲལ་བའི་ངོས། །སྐྱེ་བའི་རྟགས་ཀྱིས་ངོ་མཚར་རིགས་འཛིན་ཆེར། །གསོལ་བ་འདེབས་སོ་འགལ་རྐྱེན་བར་གཅོད་སོལ། །མི་བཟད་གསང་བ་དྲག་པོའི་གཞལ་མེད་དུ། །ཟབ་མོའི་ཆོས་ཀྱི་བཀའ་བབས་རིག་སྔགས་འཆང་། །མཐུ་སྟོབས་རྒྱ་མཚོའི་དཔལ་གྱུར་རྡོ་རྗེ་འཛིན། །གསོལ་བ་འདེབས་སོ་འགལ་རྐྱེན་བར་གཅོད་སོལ། །མཐའ་ཡས་ཐེག་པ་མཆོག་གི་ཆོས་ཚུལ་ཀུན། །རྗེན་པར་སྟོན་མཛད་དཔལ་ལྡན་ཀུན་ཏུ་བཟང་། །བཤེས་གཉེན་གཟུགས་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་འགལ་རྐྱེན་བར་གཅོད་སོལ། །གཡས་རུ་གཙང་རོང་ཁམ་བུ་ལུང་ཞེས་པར། །མི་ཕྱེད་སྲ་བའི་རྒྱས་(༢བ)


GLG025_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

བསྡམས་གསང་བའི་གཏེར། །གནས་ཆོས་བཀའ་ཡི་སྲུང་མར་བཅས་པ་ལ། །གསོལ་བ་འདེབས་སོ་འགལ་རྐྱེན་བར་གཅོད་སོལ། །རྫས་སྔགས་ཏིང་འཛིན་བཅས་པའི་རྟེན་འབྱུང་གིས། །འཕྲིན་ལས་དྲག་པོའི་སྲོག་གཏད་ཡོངས་ཐོབ་པས། །སྲུང་བཟློག་བསད་པའི་ལས་ཀུན་སྒྲུབ་པ་ལ། །ནམ་ཡང་ཐོགས་པ་མེད་པའི་མཐུ་ལྡན་ཤོག །འཇའ་ཚོན་ལྟར་བཀྲ་སྣང་སྟོང་ལྷ་ཡི་སྐུ། །མ་འདྲེས་གསལ་བར་འཆར་བའི་ང་རྒྱལ་གྱིས། །ཐ་མལ་ཞེན་བཟློག་འཕུང་བྱེད་འདྲེ་སྲིན་ཀུན། །ལྟ་བར་བཟོད་དཀའི་ནུས་མཐུ་ཐོབ་པར་ཤོག །མི་འཇིགས་རྡོ་རྗེའི་ལྟེ་བར་སྔགས་འཕྲེང་གི །འཁོར་ལོ་དུས་ཀྱི་མེ་ལྕེ་ལྟ་བུའི་འོད། །བརྗོད་བྲལ་ང་རོ་དྲག་པོས་བདུད་དཔུང་ཚོགས། །ཐལ་བར་བརླག་པའི་རིག་སྔགས་འགྲུབ་པར་ཤོག །སྣང་ཞིང་སྲིད་པའི་ཆོས་ཀུན་སེམས་ཀྱི་ཀློང་། །རང་སར་གྲོལ་བའི་ལྷུན་གྲུབ་ཀུན་ཏུ་བཟང་། །གདོད་ནས་འཁྲུལ་མ་མྱོང་བའི་གནས་ལུགས་ཀྱིས། །རང་སེམས་སངས་རྒྱས་རྗེན་པར་མཐོང་བར་ཤོག །མདོར་ན་རྩ་གསུམ་ལྷ་ཡི་འཁོར་ལོ་ཡི། །དུས་ལས་གཡེལ་བ་མེད་པའི་ཐུགས་རྗེའི་མཐུས། །དགྲ་བགེགས་ལོག་འདྲེན་སྡེ་ལས་རྣམ་རྒྱལ་ཞིང་། །ཀ་དག་ཡེ་གྲོལ་ཀུན་བཟང་འགྲུབ་གྱུར་ཅིག །ཅེས་མི་ཉག་བྱང་པ་གཏེར་སྟོན་ཆོས་རྒྱལ་དབང་པོའི་སྡེས་རོང་ཁམ་བུ་ལུང་ནས་བཞེས་པའི་ཟབ་གཏེར་བླ་མ་ཀརྨ་གུ་རུའི་བརྒྱུད་འདེབས་འདིའང་བྲག་སྣ་ཆོས་རྗེ་ཨོ་རྒྱན་བློ་བཟང་བསྟན་འཛིན་གྱིས་བསྐུལ་བའི་ངོར། ཟ་ཧོར་གྱི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོ། མིང་གཞན་(༣ན)


GLG025_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ཟིལ་གནོན་དྲག་རྩལ་རྡོ་རྗེས་ཤིང་སྤྲེལ་ཟླ་བའི་ཚེས་བཅུ་ལ་འོལ་དགའ་རྩེར་སྦྱར་བའོ། །བདུད་སྡེ་དཔུང་འཇོམས་ཀརྨ་ཧེ་རུ་ཀ །འཕྲིན་ལས་གྲུབ་པ་པྲ་ཆེན་ཧསྟིའི་ཞབས། །དུས་གསུམ་རྒྱལ་བའི་སྤྱི་གཟུགས་ཐོད་འཕྲེང་རྩལ། །གསོལ་བ་འདེབས་སོ་བདུད་བཞི་མཐར་བྱེད་ཤོག །ཟབ་གཏེར་བཀའ་ཡི་བསྡུ་པོ་མཁར་ཆེན་བཟའ། །འཇམ་དཔལ་རྡོ་རྗེ་ཁྲི་སྲོང་ལྡེའུ་བཙན་དང་། །སྐྱེ་བའི་ཡང་སྲིད་བཀྲ་ཤིས་སྟོབས་རྒྱལ་ལ། །གསོལ་བ་འདེབས་སོ་༴ ལུང་ཟིན་རིགས་འཛིན་ཆེན་པོ་ངག་གི་དབང་། །བཀའ་བབས་ཁྱབ་བདག་ཆོས་དབྱིངས་རང་གྲོལ་རྗེ། །ཟླ་མེད་དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་༴ གཙང་རོང་ཁམ་བུ་ལུང་ཞེས་གཡས་རུའི་ཆར། །རྒྱས་བཏབ་འཕྲིན་ལས་དྲག་པོ་གསང་བའི་གཏེར། །གནས་ཆོས་བཀའ་སྐྱོང་སྲུང་མའི་ཚོགས་བཅས་ལ། །གསོལ་བ་འདེབས་སོ་བདུད་བཞི་མཐར་བྱེད་ཤོག །སྲོག་གཏད་དབང་གིས་རང་རྒྱུད་ཡོངས་སུ་སྨིན། །གང་སྣང་ལྷ་སྐུར་ཤར་བས་བསྐྱེད་རིམ་གསལ། །ཆོས་ཀུན་རིག་ངོར་འཕྲོད་པས་རང་སར་གྲོལ། །འཕྱུགས་མེད་ཚུལ་བཞིན་ཉམས་སུ་ལོངས་པར་ཤར། ནང་དུ་རང་རྒྱུད་དུག་ལྔ་བདུད་བཞིའི་དཔུང་། །ཀ་དག་དབྱིངས་སུ་ཡེ་ཤེས་ལྔར་དག་པས། །ཕྱི་རོལ་འཁྲུལ་ངོར་ཤར་བའི་དགྲ་བགེགས་རྣམས། །ཚར་གཅོད་རྟེན་འབྲེལ་ལྷུན་གྱིས་གྲུབ་པར་ཤོག །སྣོད་བཅུད་ཐམས་ཅད་རྟེན་དང་བརྟེན་པར་ཤོག །གྲགས་པ་ཐམས་ཅད་གྲག་སྟོང་སྔགས་ཀྱི་སྒྲ། །(༣བ)


GLG025_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་སེམས་བརྗོད་བྲལ་ཆོས་སྐུའི་རང་རྩལ་དུ། །ལེགས་ཤར་དོན་གཉིས་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་པ་འདིའང་སྔར་བརྒྱུད་འདེབས་ཤིག་བརྩམས་དེ་མང་སྐྱོན་ནས་ཕན་བདེ་ལེགས་བཤད་གླིང་པའི་ཆོག་གྲྭ་བ་རྣམས་ཀྱིས་འཁྱེར་བདེ་བའི་སླད་དུ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ།། །།སརྦ་མངྒ་ལཾ།


previousབླ་མ་ཀརྨ་གུ་རུའི་བརྒྱུད་འདེབས།next