Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
བླ་མ་ཀརྨ་གུ་རུའི་འཕྲིན་ལས་དྲག་པོའི་སྲོག་གཏད་བྱིན་རླབས་སྤྲིན་ཕུང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབླ་མ་ཀརྨ་གུ་རུའི་འཕྲིན་ལས་དྲག་པོའི་སྲོག་གཏད་བྱིན་རླབས་སྤྲིན་ཕུང་།next

བླ་མ་ཀརྨ་གུ་རུའི་འཕྲིན་ལས་དྲག་པོའི་སྲོག་གཏད་བྱིན་རླབས་སྤྲིན་ཕུང་།


GLG025_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཀརྨ་གུ་རུའི་འཕྲིན་ལས་དྲག་པོའི་སྲོག་གཏད་བྱིན་རླབས་སྤྲིན་ཕུང་བཞུགས་སོ། །


GLG025_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་དྷརྨ་དྷཱ་ཏྭཱཏྨཱ་ཏྨུཀྟཱ་ཡ། །འཕྲིན་ལས་དྲག་པོར་བསྒྲུབ་པ་སྲོག་གི་དབང་། །སྦྱིན་མཛད་རྩ་བའི་བླ་མ་རྡོ་རྗེ་འཆང་། །ཆོས་དབྱིངས་རང་གྲོལ་ཞབས་པད་ལ་བཏུད་ནས། །ཀརྨ་གུ་རུའི་བྱིན་རླབས་ལག་ལེན་འདྲི། །འདིར་ཀརྨ་མཧཱ་གུ་རུའི་སྲོག་གཏད་པའི་སྒོ་ནས་སྣོད་ལྡན་གྱི་སློབ་བུ་རྗེས་སུ་འཛིན་པ་ལ་སྟེགས་བུའམ་ཅོག་ཙེའི་ཁར་ལྕགས་སོགས་ཀྱི་སྣོད་དུ་ཟན་གྱི་ཆོས་འབྱུང་ནག་པོའི་སྟེང་བདུད་བཞིའི་གཟུགས་ཕྱག་ལེན་ལྟར་བཀོད་པའི་དབུས་སུ་སེང་ལྡེང་གི་ཕུར་པ་དར་གྱི་ཅོད་པན་ཅན་བཏབ། དེའི་སྟེང་མཉྫིའི་ཁར་དབང་གཏོར་ནག་པོ་ཟུར་གསུམ་པ་ཞི་དྲག་གི་རྒྱན་སྤྲོས་ཕུན་སུམ་ཚོགས་པ་སྐུ་རྟེན་ཙཀླི་དར་ནག་གི་གཏོར་གདུགས་ཅན་གཡས་གཡོན་དུ་སྣ་ཚོགས་རྡོ་རྗེ། སེང་ཕུར། དབང་ཕྱུག་གི་ཟོར་གཏོར། སྨན་རཀ །མདུན་དུ་ཉེར་སྤྱོད་ལྔ་ཚར། རྒྱབ་ཏུ་གཏེར་སྲུང་གི་གཏོར་མ། མདུན་དུ་ཚོགས་མཆོད་རྣམས་བཀོད་པས་མཛེས་པར་བཤམ། རྡོ་རྗེ་སློབ་དཔོན་གྱི་མདུན་དུ་རྡོར་དྲིལ། ཐོད་རྔ། འཐོར་ནས། གཞན་ཡང་རོལ་ཆེན་བགེགས་གཏོར་གུ་གུལ་ཡུངས་ཀར་སོགས་ཡོ་བྱད་ཐམས་ཅད་ཚགས་སུ་ཆུད་པར་(༢ན)


GLG025_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

བྱས། ལས་བྱང་གཞུང་བཞིན་གྱེར་བའི་བདག་བསྐྱེད་གསལ་འདེབས་པ་དང་ལྷན་དུ་མེ་ལོང་ལ་གཟུགས་བརྙན་ལྟར་དབང་གཏོར་ཀྱང་གསལ་བཏབ་སྟེ། བསྟོད་པ་དང་བསྙེན་པ་དཀྱུས་བཞིན་བྱས་རྗེས་དབང་ཕྱུག་གི་ཟོར་སྒྲུབ་བྱ། ཚོགས་ཐོག་མཐའ་བར་གསུམ་གཏེར་སྲུང་མཆོད་པ་རྣམས་སོང་རྗེས། །དེ་ནས་སློབ་མ་རྣམས་ཡི་གེ་བརྒྱ་པའི་བུམ་ཆུས་ཁྲུས་ནས་ཕྱུང་སྟེ་གྲལ་ལ་འཁོད། །བགེགས་གཏོར་བཏང་། མཎྜལ་ཕུལ། སྤྱི་དང་བྱེ་བྲག་གི་ཆོས་བཤད་དང་། ཁྱད་པར་ཆོས་འདིའི་ལོ་རྒྱུས་ཀྱི་ཆེ་བ་བཤད་ནས་སྤྲོ་བ་བསྐྱེད། ཐོག་མར་གསོལ་བ་གདབ་པ་ནི། སྙིགས་དུས་ཉོན་མོངས་དུག་ལྔ་དྲག །ཅེས་ཚིག་རྐང་བཞི། ལས་བྱང་ཇི་ལྟ་བའི་གཤམ་དུ། བདུད་འདུལ་པདྨའི་སྲོག་གཏད་ཞུ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། མདུན་གྱི་ནམ་མཁར་རྩ་བ་གསུམ་གྱི་ལྷ་ཚོགས་མངོན་སུམ་དུ་བཞུགས་པའི་སྤྱན་སྔར་ལམ་ལོག་པ་ལས་ལྡོག་པ་སྐྱབས་འགྲོ་དང་། དམན་པ་ལས་ལྡོག་པ་སེམས་བསྐྱེད་པའི་ཕྱིར་དུ་ལས་བྱང་ལྟར་སྐྱབས་སེམས་སོ་སོར་ཚར་གསུམ་རེའི་རྗེས་ཟློས་བྱེད། རྩ་སྒྲུབ་(༢བ)


GLG025_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ལས། བུ་ཉིད་ལྷར་བསྐྱེད་སྒོམ་ལུང་ཕོབ། །རྫས་ཀུན་ལག་ཏུ་གཏད་པར་བྱ། །རང་དང་འདྲ་བའི་བུ་ལ་སྦྱིན། །མང་དུ་མི་སྤེལ་ས་མ་ཡ། །ཞེས་དང་། དྲག་པོའི་སྲོག་གཏད་ལས། འཕྲིན་ལས་དྲག་པོའི་སྲོག་གཏད་པ། གཞུང་བཞིན་ལྷ་རུ་བསྐྱེད་ནས་ཀྱང་། །ཚིལ་ཆེན་གུ་གུལ་དུད་པ་བཏང་། །མོས་གུས་གདུང་ཤུགས་དྲག་པོ་ཡིས། །སྲིན་ཡུལ་ལཾ་ཀ་པུ་ར་ནས། །སྤྱན་དྲངས་བསྟིམ་པ་ཉེར་གཅིག་བྱ། །ཞེས་པ་ལྟར། དབང་གི་ཆེ་བ་བྱིན་དབབ་པ་ལ་རག་ལས་པ་ཇོ་མོའི་ཞུ་ལན་ལས་བྱུང་བ་ལྟར་གལ་ཆེ་བས། ཨ་མྲྀ་ཏའི་སྔགས་ཀྱིས་བགེགས་བསངས། སྭ་བྷཱ་ཝས་སྦྱངས། སྐད་ཅིག་སྟོང་པའི་ངང་ཉིད་ལས། །གདན་དུ་སྣ་ཚོགས་རྡོ་རྗེ་དང་། །ཆུ་སྐྱེས་སྟེང་དུ་ཉོན་མོངས་བདུད། །དཀར་སེར་དམར་ནག་བཞི་བསྣོལ་སྟེང་། །སྟངས་སྟབ་ཁྲོས་པའི་ཚུལ་དུ་ནི། །ཧཱུཾ་ལས་རྡོ་རྗེའི་སློབ་བུ་རྣམས། སྐད་གཅིག་ཀརྨ་དྲག་པོའི་སྐུ། །ཞེས་པ་ནས། ཞེས་པའི་བར་བརྗོད་ཅིང་གསལ་བཏབ། སྤོས་སྦྱོར་བསྲེག་ཅིང་རོལ་མོ་དབྱངས་དང་བཅས་པས། ཧཱུཾ་ཧཱུཾ་ཧཱུཾ། ལཾ་ཀ་པུ་ར་སྲིན་པོའི་ཡུལ། །ཞེས་སོགས་ལན་གསུམ་དང་། རྩ་སྔགས་ཉེར་གཅིག་བརྗོད་པས་ནུབ་ཕྱོགས་བདེ་བ་ཅན། །ཨྱོན་མཁའ་འགྲོའི་གླིང་། རྔ་ཡབ་གླིང་ཕྲན། ཟངས་མདོག་དཔལ་གྱི་རི་བོ་སོགས་ནས་བདུད་འདུལ་ཀརྨ་གུ་རུ་ལ་རྩ་བ་གསུམ་གྱི་ལྷ་ཚོགས་ཀྱིས་བསྐོར་བ་ཁ་བ་བུ་ཡུག་འཚུབ་པ་བཞིན་བྱོན་པ་བསྟིམ། བྱང་ཆུབ་མ་ཐོབ་ཀྱི་བར་དུ་མི་འབྲལ་(༣ན)


GLG025_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཆེད་དུ་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་ནས་ཏིཥྛ་བཛྲ་གྱིས་བརྟན་པར་བྱ། དེ་ནས་སློབ་མ་ལྷར་གསལ་བ་ལ་མདུན་བསྐྱེད་ཀྱི་ཕྱག་མཚན་གཉིས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་གཏད་པར་བརྡ་སྤྲད། །ཉོན་མོངས་བདུད་བཞི་འདུལ་བའི་རྡོ་རྗེ་འདི། །སྐལ་ལྡན་བུ་ལ་ཐབས་ཀྱི་ཕྱག་རྒྱར་སྦྱིན། །ཨོཾ་བཛྲ་སྟཾ་བྷ་ཡ་ནན་ཞེས་སྣ་ཚོགས་རྡོ་རྗེ་ལག་གཡས་སུ་གཏད། འཕྲིན་ལས་ཡོངས་སྒྲོལ་སེང་ལྡེང་ཕུར་བ་འདི། །ཤེས་རབ་སྙིང་རྗེས་བསྒྲལ་བའི་རྗེས་སུ་གཏད། །ཧཱུཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་མཱ་ར་ཡ་རྦད་ཅེས་ལག་གཡོན་དུ་གཏད། གཞུང་ལས། བ་ལིཾ་ལྷར་གསལ་སྤྱི་བོར་བཞག །ཅེས་པའི་དོན་བཞིན། མདུན་གྱི་གཏོར་མ་ཀརྨ་གུ་རུར་གསལ་བ་སློབ་མའི་སྤྱི་བོར་གདན་དྲངས་ལ། གདུང་ཤུགས་དྲག་པོས་མོས་གུས་བྱེད་དུ་བཅུག་སྟེ། ཧཱུཾ། དཔལ་ཆེན་ཐུགས་ཀྱི་སྤྲུལ་པ་འཕྲིན་ལས་བདག །ལོག་འདྲེན་གདུག་པ་ཀུན་འདུལ་མཧཱ་གུ་རུ། །ཀརྨ་དྲག་པོ་རྩལ་གྱི་སྐུ་གསུང་ཐུགས། །ཡོན་ཏན་འཕྲིན་ལས་བྱིན་རླབས་ནུས་པའི་རྩལ། །རིགས་ཀྱི་བུ་ལ་ད་ལྟ་ཉིད་དུ་བྱིན། །ཨཱོཾ་ཨཱཿཧཱུཾ་ཀརྨ་མཧཱ་ཀུ་རུ་ཀརྨ་སིདྡྷི་ཧཱུཾ་ཞེས་བརྗོད་ཅིང་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་སློབ་མའི་སྤྱི་བོ་ནས་ཐིམ་པར་བརྡ་སྤྲད། གཞུང་ལས། དེ་ནས་སྲོག་གི་སྙིང་པོ་བྱིན་ཞེས་པའི་དོན་ཐུགས་ཀར་མཐིང་ནག་རྡོ་རྗེའི་དབུས། ཧཱུཾ་ཡིག་མཐའ་རུ་སྔགས་ཀྱིས་བསྐོར་ཞེས་པའི་དོན་དྲན་བཞིན་པའི་ངང་ནས། སློབ་མ་ལྷར་གསལ་བའི་ཐུགས་ཀར་རྡོ་རྗེ་མཐིང་ནག་ལྟེ་བར་ཧཱུཾ་བཅས་གསལ་བཏབ། །(༣བ)


GLG025_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དང་གཏོར་མ་ལྷར་གསལ་བའི་ཐུགས་ཀ་ནས་སྔགས་ཀྱི་འཕྲེང་བ་གྲངས་མེད་པ་ཆད་སྐུའི་དབྱིབས་བརྒྱུད་ཞལ་ནས་ཐོན་སློབ་མའི་ཁར་ཞུགས་སྔགས་འཕྲེང་ལ་སིབ་སིབ་ཐིམ་པས་སྔགས་ཀྱི་མེ་ལྕེས་ནད་གདོན་སྡིག་སྒྲིབ་བར་གཅོད་སོགས་གཞོབ་ཐུལ་གྱི་བསྲེགས་པར་བསམས་ལ། སློབ་དཔོན་གྱི་རུ་རགྴའི་འཕྲེང་བ་ལ་སློབ་མ་རྣམས་བཟུང་དུ་བཅུག་ལ། རྩ་སྔགས་བརྒྱ་རྩ་དང་ལས་སྔགས་ཚར་གསུམ་གྱི་རྗེས་ཟློས་བྱས་ནས་འཕྲེང་བ་མགོ་བོར་འཇོག །རྩ་སྒྲུབ་ལས། བག་ཟན་དུང་དང་ཁྲག་གིས་སྤྲུས། །བཀུག་བསྟིམ་མདུན་དུ་བཞག་ནས་ཀྱང་། །ཞེས་པའི་དོན་ལྟར་གཏོར་མའི་འོག་གི་བདུད་བཞི་སློབ་མའི་མདུན་དུ་བཀོད།ཚོགས་མཆོད་ལྟར་བསྐྱེད་དགུག་གི་རྗེས་སློབ་དཔོན་གྱིས་སྒྲོལ་སྔགས་བརྗོད་ཅིང་སེང་ལྡེང་ཕུར་པ་གདེང་བའི་སྟང་ག་བྱས་ནས་སློབ་མར་གཏད་དེ་ཕར་འདེབས་དང་མཚོན་ཆས་གཏུབ་ཏུ་བཅུག །སློབ་མ་ལྷར་གསལ་བ་ལ་ལིང་རོ་སྦྱིན་ཏེ། ཧཱུཾ། སྲིན་པོའི་རྒྱལ་པོ་ཡལ་གམ་ཅན། །ཞེས་སོགས་ཀྱི་སྟོབ་པ་བྱ་བ་ནི་སྒྲལ་དབང་དེ་ནས་སློབ་མ་ཀརྨ་གུ་རུ་ཆེ་བཙན་འགྲན་ཟླ་དང་བྲལ་བ་དེ་ཉིད་གནས་འགྱུར་ཏེ། རང་ཉིད་དབང་ཕྱུག་ཆེན་པོའི་སྐུ། །ཞེས་པ་ནས་གནོད་བྱེད་ཐམས་ཅད་ཚིག་པར་བསམ། ཞེས་པའི་བར་བརྗོད་དེ་དོན་དྲན་བཞིན་དང་འོད་ཟེར་མེ་ལྕེ་ལས་སྔགས་ཀྱི་རང་སྒྲ་སྒྲོག་པར་བསམས་ཏེ། ཟོར་སྔགས་ཀྱི་རྗེས་ཟློས་ལན་གསུམ་བྱ། ཟོར་ལག་ཏུ་གཏད་དེ་ཟོར་བསྐུལ་དང་བཅས་འཕེན་དུ་འཇུག །སྔགས་པ་སོགས་ཉམས་ལེན་མཁན་པོ་རྣམས་ལ་དབང་ཡོངས་རྫོགས་དང་། རྐྱེན་སེལ་(༤ན)


GLG025_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ལ་སྒྲོལ་དབང་དང་ཟོར་དབང་དོར་བས་ཆོག་ཅིང་། ལུགས་གཉིས་གང་ལྟར་ཡང་མཐར་གཏོར་མ་མགོར་བཞག་ནས་བཀའ་བསྒོ་བས། ཟོར་དབང་བསྐུར་ཚེ་བ་ལིཾ་ལྷར་གསལ་སྤྱི་བོར་བཞག་ཅེས་པའི་དོན་བཞིན། དབང་ཕྱུག་གནས་འགྱུར་ནས་ལྷར་གསལ་བའི་སྤྱི་བོར་བཞག་སྟེ། དཔལ་ཆེན་ཀརྨ་ཧེ་རུ་ཀཿ། འཕྲིན་ལས་གྲུབ་པའི་རིགས་འཛིན་པྲ་ཝ་ཧསྟི། སངས་རྒྱས་གཉིས་པ་པདྨ་ཐོད་འཕྲེང་རྩལ། རྒྱལ་ཡུམ་ཡེ་ཤེས་འཚོ་རྒྱལ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། མི་ཉག་བྱང་པ་ཆོས་རྒྱལ་དབང་པོའི་སྡེ། ཐུགས་སྲས་ངག་དབང་རིགས་འཛིན་རྡོ་རྗེ། རིགས་ཀུན་ཁྱབ་བདག་ཟུར་ཆོས་དབྱིངས་རང་གྲོལ་སོགས་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། །བདུད་འདུལ་ཀརྨ་དྲག་པོའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་སྒོ་ནས་རྡོ་རྗེའི་སློབ་མ་འདི་ལ་བྱིན་གྱིས་རློབས་ཤིག །ལུས་ཀྱི་ན་ཚ། སེམས་ཀྱི་སྡུག་བསྔལ། བསམ་པའི་བར་ཆད། ཆགས་ཆེ་ཉམ་ང་། སྟེང་འོག་བར་གསུམ་གྱི་གདོན་བགེགས་འབྱུང་པོ། མཐའི་དམག་དཔུང་སོགས་གཟུགས་ཅན་དགྲའི་གནོད་པས་མཚོན་ཏེ་བར་གཅོད་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་བསྲུང་སྐྱོབ་སྦ་བའི་འཕྲིན་ལས་མཛོད། མཐུན་རྐྱེན་ཚེ་དང་བསོད་ནམས། དཔལ་འབྱོར་མངའ་ཐང་། ལུང་རྟོགས་ཀྱི་ཡོན་ཏན་སོགས་འཕེལ་ཞིང་རྒྱས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སོགས་སྐབས་སུ་གང་བབ་ཀྱི་བཀའ་བསྒོ། སྐུ་རྟེན་ཙཀླིར་ལྷ་ནམ་མཁར་བཏེག །གཏོར་མའི་ལྷ་དམ་ཚིག་པ་འོད་དུ་ཞུ་ནས་བསྟིམ། །(༤བ)


GLG025_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

བལྟས་པ་ཙམ་གྱིས་སྲིད་གསུམ་དབང་དུ་སྡུད། །བསྡིགས་པ་ཙམ་གྱིས་སྡེ་བརྒྱད་བྲན་དུ་འཁོལ། །བསམས་པ་ཙམ་གྱིས་དངོས་གྲུབ་ཆར་དུ་འབེབས། །ཨྱོན་བརྒྱུད་པར་བཅས་པའི་བཀྲ་ཤིས་ཤོག །ཅེས་པས་མཚོན་ཏེ་བཀྲ་ཤིས་པའི་ཚིགས་བཅད་བརྗོད་དེ་མེ་ཏོག་སིལ་མའི་ཆར་འབེབས། གཏང་རག་གི་མཎྜལ། ཚོགས་ལ་རོལ་བ་ནས་རྟ་བྲོའི་བར་དཀྱུས་བཞིན་དང་། གཏང་རག་གི་མཆོད་བསྟོད། བཟོད་གསོལ། སྐུ་རྟེན་གྱི་ལྷ་ལ་བརྟན་བཞུགས། རྟེན་མང་རྣམས་གཤེགས་སུ་གསོལ། བསྔོ་བ་སྨོན་ལམ་ཤིས་བརྗོད། ལས་ཀྱི་རྗེས་མི་མངོན་པར་བྱའོ། །ཆེར་སྙིགས་གདུལ་དཀར་དགྲ་གདོན་མཐར་བྱེད་པའི། །འཕྲིན་ལས་དྲག་པོའི་སྒྲུབ་པ་ཉམས་བསྟར་བར། །མང་དུ་མི་རུང་སྲོག་གཏད་བྱིན་རླབས་ཀྱི། །སྤྲིན་གྱི་ཕུང་པོས་ཕན་བདེའི་ལོ་ཏོག་བསྐྱེད། །ལ་ལ་ཡིག་ནག་ཐུག་ཕྲད་རང་སོར་འཇོག །འགའ་ཞིག་སྤྲད་ཙམ་བཞིན་དུ་གང་རྙེད་བསྲེ། །ཟོལ་ཟོག་འཕྲུལ་གྱིས་གཞན་སྣང་བྲིད་མཐོང་ནས། །བརྒྱུད་པའི་ཕྱག་བཞེས་མཐོང་བས་དོན་གསལ་བཀོད། །རྣམ་ཤེས་ཚོགས་བརྒྱད་རྔ་ཡབ་གླིང་དབུས་སྙིང་། །དཔལ་རིའི་རྩེ་མོར་རང་རིག་པདྨ་འབྱུང་། །མངོན་སུམ་རང་ངོ་འཕྲོད་རྒྱུར་འདིར་འབད་བའི། །སྟོན་ཟླ་ལྟ་བུར་དཀར་བའི་དགེ་ཚོགས་བསྔོ། །ཞེས་བླ་མ་ཀརྨ་གུ་རུའི་འཕྲིན་ལས་དྲག་པོའི་སྲོག་གཏད་བྱིན་རླབས་སྤྲིན་ཕུང་འདི་ནི་རྟ་ནག་སྒྲོལ་ཕུག་ཆོས་རྗེས་རིང་མོ་ནས་བསྐུལ་མ་མཛད་པར་མཐར་རྒྱལ་དབང་པདྨའི་གདུང་འཚོབ་ཆོས་རྒྱལ་གཏེར་བདག་གླིང་པས་ཁྲིགས་ཆགས་ཤིག་བྱུང་ན་གསུང་པ་དང་ལས་དང་(༥ན)


GLG025_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བ་མང་པོར་ཕན་པའི་ལྷག་བསམ་གྱིས་ཀུན་ནས་བླངས་ཏེ་རྩ་བའི་བླ་མ་ཟུར་ཀུན་མཁྱེན་ཆེན་པོའི་ཕྱག་བཞེས་དང་ཟིན་བྲིས་གནང་བ་གཞིར་བཞག་སྟེ་ཟ་ཧོར་གྱི་སྔགས་བཙུན་ཟིལ་གནོན་བཞད་པ་རྩལ་གྱིས་དམར་སེར་ཅན་གྱི་ལོ་དབྱུ་གུ་ཟླ་བའི་གྲལ་ཚེས་ལ་རང་བྱུང་འཕགས་པའི་གཞལ་མེད་ཁང་དུ་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ། །ཀརྨ་གུ་རུའི་སྨན་མཆོད་ཀྱི་ལྷན་ཐབས་ནི། འཕྲིན་ལས་ཁྲག་འཐུང་ཀརྨ་ཧེ་རུ་ཀཿ། །པྲ་ཆེན་ཧ་སྟི་པདྨ་ཐོད་འཕྲེང་རྩལ། །ཡེ་ཤེས་འཚོ་རྒྱལ་ཁྲི་སྲོང་ལྡེ་བཙན་ལ། །བདུད་རྩི་སྨན་མཆོད་འབུལ་ལོ་དངོས་གྲུབ་སྩོལ། །སྔགས་སྦྱོར། འཕྲིན་ལས་ཡོངས་གྲུབ་རྩལ་དང་ངག་གི་དབང་། །རྒྱལ་ཀུན་ངོ་བོ་ཆོས་དབྱིངས་རང་གྲོལ་ཞབས། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །བདུད་རྩི་སྨན་མཆོད་འབུལ་ལོ་དངོས་གྲུབ་སྩོལ།༴།ཀརྨ་གུ་རུ་ཡང་གསང་དྲག་པོའི་སྐུར། །རྣམ་རོལ་ལུས་དང་སྲུང་བ་གོ་ཆའི་ལྷ། །མ་ཧཱ་དེ་ཝ་གནས་ཆོས་སྲུང་མ་ལ། །བདུད་རྩི་སྨན་མཆོད་འབུལ་ལོ་དངོས་གྲུབ་སྩོལ། །ཅེས་པའང་ཟ་ཧོར་གྱི་བནྡེས་སྦྱར།། །།སརྦ་མངྒ་ལཾ།།


previousབླ་མ་ཀརྨ་གུ་རུའི་འཕྲིན་ལས་དྲག་པོའི་སྲོག་གཏད་བྱིན་རླབས་སྤྲིན་ཕུང་།next