Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
ཀརྨ་གུ་རུ་ཡང་གསང་དྲག་པོ་དང་འབྲེལ་བའི་ཟངས་མདོག་དཔལ་རིར་སྐྱེ་བའི་གསོལ་འདེབས་སྨོན་ལམ་གྱི་རིམ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཀརྨ་གུ་རུ་ཡང་གསང་དྲག་པོ་དང་འབྲེལ་བའི་ཟངས་མདོག་དཔལ་རིར་སྐྱེ་བའི་གསོལ་འདེབས་སྨོན་ལམ་གྱི་རིམ་པ།next

ཀརྨ་གུ་རུ་ཡང་གསང་དྲག་པོ་དང་འབྲེལ་བའི་ཟངས་མདོག་དཔལ་རིར་སྐྱེ་བའི་གསོལ་འདེབས་སྨོན་ལམ་གྱི་རིམ་པ།


GLG025_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ཀརྨ་གུ་རུ་ཡང་གསང་དྲག་པོ་དང་འབྲེལ་བའི་ཟངས་མདོག་དཔལ་རིར་སྐྱེ་བའི་གསོལ་འདེབས་སྨོན་ལམ་གྱི་རིམ་པ་བཞུགས་སོ། །


GLG025_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་ཁམས་སྐྱེ་མཆེད་ལངྐའི་གྲོང་ཁྱེར་དབུས། །རང་སྙིང་ཟངས་མདོག་དཔལ་རིའི་ཕོ་བྲང་ཆེར། །མ་འགགས་རིག་གདངས་རྩ་བའི་བླ་མ་དང་། །དབྱེར་མེད་མཚོ་སྐྱེས་རྡོ་རྗེར་གསོལ་བ་འདེབས། །རྔ་ཡབ་གླིང་ཕྲན་སྲིན་པོས་ཡོངས་བཀུར་བ། །ཆོས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆེ། །ཀརྨ་གུ་རུ་ཁྲོ་ཆགས་རོལ་བའི་གར། །ལེགས་མཛད་བརྟུལ་ཞུགས་གྲུབ་པར་གསོལ་བ་འདེབས། །རང་རྒྱུད་ཉོན་མོངས་དུག་ལྔ་འཁྲུག་པའི་གཟུགས། །ཕྱི་རོལ་བདུད་བཞིར་ཤར་བའི་གཉེན་པོ་རུ། །ལྗང་ནག་རིགས་འཛིན་འཕྲིན་ལས་དྲག་པོའི་ལྷ། །ཡིད་སྲུབས་གཡུལ་ལས་རྒྱལ་དེར་གསོལ་བ་འདེབས། །བན་སྔགས་ལམ་ལོག་དམ་སྲི་རུ་ཏྲ་སོགས། །མི་བསྲུན་གདོན་བགེགས་འབྱུང་པོ་བརྩེགས་པའི་བྲག །མཐུ་སྟོབས་གནམ་ལྕགས་འབར་བའི་ཐོག་གི་མདས། །ཕྱེར་འཐག་ཡང་གསང་དྲག་པོར་གསོལ་བ་འདེབས། །སྣང་སྟོང་འགོག་མེད་ཆུ་ནང་ཟླ་ལྟར་གསལ། །བརྟུལ་ཞུགས་བརྟན་པོས་གང་ལའང་ཉམ་མི་ང་། །ལྷ་སྔགས་ཡེ་ཤེས་རོལ་པའི་བདག་ཉིད་ཅན། །བསྐྱོད་པའི་རིམ་པ་(༢ན)


GLG025_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་དུ་ལོངས་པར་ཤོག །འཛབ་བསྙེན་གྲངས་ཐེངས་རྟགས་དང་དྲོད་ཚད་རྙེད། །མན་ངག་ཕྲ་རགས་ཀུན་ལ་ནང་བྱན་ཆུད། །ཞི་རྒྱས་དབང་དྲག་འཕྲིན་ལས་སྦྱོར་བ་ཀུན། །ཐོགས་པ་མེད་པར་ལྷུན་གྱིས་གྲུབ་པར་ཤོག །སྣོད་བཅུད་ཐམས་ཅད་དཀྱིལ་འཁོར་འཁོར་ལོར་གསལ། །གང་སྣང་མ་ལུས་རང་བྱུང་རང་ལས་ཤར། །སེམས་ཉིད་བློ་འདས་ཀ་དག་རིག་པའི་དབྱིངས། །ལྷུན་གྲུབ་འོད་ལྔ་འཆར་བར་བྱིན་གྱིས་རློབས། །རྣམ་བཀྲ་འཇའ་གུར་འཁྲིགས་པ་པདྨ་འོད། །རིན་ཅེན་གཞལ་ཡས་མཛེས་པ་མཁའ་འགྲོའི་གླིང་། །སྐམ་རློན་ཐོད་པ་བརྩེགས་པའི་སྲིན་པོའི་མཁར། །གཅིག་ལས་དུ་མར་འཆར་བ་དག་པའི་ཞིང་། །དྲན་པས་ངན་སོང་གསུམ་གྱི་སྡུག་བསྔལ་སྐྱོབ། །ཐོས་པས་མངོན་མཐོའི་བདེ་སྐྱིད་དཔལ་ལ་སྦྱོར། །མཐོང་བས་སྲིད་པའི་མཚོ་ལས་རྣམ་སྒྲོལ་བ། །འདི་བས་ལྷག་པ་མཁའ་སྤྱོད་དམིགས་སུ་མེད། །དེ་ཕྱིར་ཚེ་འདིའི་སྣང་བ་འགགས་མ་ཐག །འཆི་བ་འོད་གསལ་དོན་གྱི་ཐོད་ཕྲེང་རྩལ། །རང་ངོ་འཕྲོད་ནས་དཔའ་བོ་མཁའ་འགྲོའི་གནས། །རིགས་འཛིན་འདུས་པའི་གྲལ་དེར་སྐྱེ་བར་(༢བ)


GLG025_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །རྩ་གསུམ་བྱིན་རླབས་ལུས་ཕྲའི་འགྲམ་པའི་ཆང་། །མངར་པོར་འཐུལ་བ་བདག་རྒྱུད་བ་ཀླུ་ལའི། །འདབ་མ་ཡོངས་ཕྱེ་འདི་ཕྱིའི་མདུན་མ་ཡི། །ཟེའུ་འབྲུ་བཞད་པའི་ཕུན་ཚོགས་དགའ་སྟོན་ཤོག །ཅེས་བླ་མ་ཀརྨ་གུ་རུ་དང་འབྲེལ་བའི་གསོལ་འདེབས་ཟངས་མདོག་དཔལ་རིར་སྐྱེ་བའི་སྨོན་ལམ་དང་བཅས་པ་ཞིག་དགོས་ཞེས་དངུལ་མཎྜལ་དང་བཅས་གནང་བྱུང་བ་ངག་དབང་མཁྱེན་བརྩེས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ཕུན་ཚོགས་དབང་པོའོ། །སརྦ་མངྒ་ལཾ།། །།


previousཀརྨ་གུ་རུ་ཡང་གསང་དྲག་པོ་དང་འབྲེལ་བའི་ཟངས་མདོག་དཔལ་རིར་སྐྱེ་བའི་གསོལ་འདེབས་སྨོན་ལམ་གྱི་རིམ་པ།next