Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
བླ་མ་ཀརྨ་གུ་རུའི་གཏོར་ནག་གི་ལས་མཐའ་གནམ་ལྕགས་སྤུ་གྲི།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབླ་མ་ཀརྨ་གུ་རུའི་གཏོར་ནག་གི་ལས་མཐའ་གནམ་ལྕགས་སྤུ་གྲི།next

བླ་མ་ཀརྨ་གུ་རུའི་གཏོར་ནག་གི་ལས་མཐའ་གནམ་ལྕགས་སྤུ་གྲི།


GLG025_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཀརྨ་གུ་རུའི་གཏོར་ནག་གི་ལས་མཐའ་གནམ་ལྕགས་སྤུ་གྲི་བཞུགས་སོ། །


GLG025_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲིན་ལས་རིགས་འཛིན་ཀརྨ་དྲག་པོ་རྩལ། །ཆེས་ཆེར་ཁྲོས་པ་སྐུ་སྨད་ཕུར་བུའི་རྩེ། །བཏབ་པའི་མོད་ལ་དགྲ་བགེགས་ཕྱེ་མ་ལེབ། །བྱིན་ཟའི་ཕུང་པོར་མཆོད་པར་བྱེད་དེ་རྒྱལ། །མིག་སྨན་ཁུ་བས་བྱུགས་པ་ཟོར་གྱི་མདའ། །མི་བསྲུན་དགྲ་བགེགས་དོན་སྙིང་ཐལ་ཕྱུང་དུ། །འབིགས་བྱེད་གནམ་ལྕགས་སྤུ་གྲི་བར་མའི་དབལ། །གདེངས་ཚེ་དགའ་རབ་དབང་ཕྱུག་བྱིན་ཤ་འདར། །ཚུལ་དེའི་ཟབ་མོའི་གནད་གསང་འཁྲུལ་མེད་པར། །མངོན་སུམ་གཟིགས་པ་ཟུར་ཆེན་ཐམས་ཅད་མཁྱེན། །འཇམ་དབྱངས་བླ་མའི་ཕྱག་བཞེས་གསུང་རྒྱུན་བཞིན། །ཡི་གེར་འདྲི་ལ་གཏེར་སྲུང་གནང་བ་སྩོལ། །དེ་ཡང་སྦས་ཡུལ་ཁམ་བུ་ལུང་ནས་མི་ཉག་བྱང་པ་རིགས་འཛིན་ཆེན་པོས་གདན་དྲངས་པའི་བླ་མ་ཀརྨ་གུ་རུའི་གཏོར་ནག་གི་རིམ་པ་ཉམས་སུ་ལེན་པ་ལ། གཏོར་ནག་ལས་མཐའ་ལས། །ཕྱི་ནང་བར་གཅོད་སེལ་བའི་ཕྱིར། །གཏོར་ནག་ལས་ཀྱི་མདེ་ཐུང་བསྟན། །ལྕགས་སམ་ཐོད་པའི་ཚལ་བུ་རུ། །འབྲུ་ནག་ཕྱེ་ལ་དུག་ཁྲག་གིས། །སྦྲུས་པའི་ཆོས་འབྱུང་(༢ན)


GLG025_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

གྲུ་གསུམ་སྟེང་། །ཞེས་པ་ལྟར་གཅན་གཟན་ནམ་གླང་ལྤགས་ལྟ་བུའི་སྟེང་དུ་ལྕགས་སོགས་དྲག་པོར་འོས་པའི་སྣོད་དུ་འབྲུ་ནག་ངར་བཏགས་ཀྱི་ཕྱེ་ལ་ཁྲག་ཆང་དང་བཙན་དུག་སོགས་ཀྱིས་སྦྲུས་པའི་ཆོས་འབྱུང་གྲུ་གསུམ་ནག་པོའི་ཁར། གཏོར་ནག་ལྗགས་སྒྲིགས་ལས། དེ་ནི་རྒྱ་དང་དཔངས་མཉམ་པའི། །སྟེང་དུ་བདུད་བཞི་བྱི་ཆིངས་སུ། །ལྷ་བུ་གན་རྐྱལ་དཀར་པོ་ལ། ཁ་སྦུབ་སེར་པོ་ཕུང་པོའི་བདུད། །དེ་སྟེང་ཉོན་མོངས་བདུད་གན་རྒྱལ། །འཆི་བདག་ནག་པོ་ཁ་སྦུབ་སྟེང་། །རྐང་བཞི་ས་ལ་འབེབས་པའི་ཚུལ། །ལག་གཉིས་བགྲད་ནས་བརྐྱང་བའོ། །ཞེས་པའི་དོན་བཞིན་བདུད་བཞིའི་ལིངྒའི་སྙིང་གར་དགྲ་བགེགས་དམིགས་བསལ་ཡོད་ན་སོ་སོའི་མིང་བྱང་སྤེལ་ཚིག་ཅན་འཇུག་པ་དངོས་བསྟན་བདུད་བཞིའི་གཟུགས་བཟོས་ཀྱང་དོན་གང་དགོས་ལ་སྦྱར་ཆོག་པ་མ་ཏྲཾ་ལ་རུ་ཏྲའི་དབྱིབས་བཟོ་ཡང་དགྲ་བགེགས་གང་དགོས་འགུགས་པ་དང་དབྱིབས་མཚུངས་ཤིང་སེང་ལྡེང་ཕུར་པ་རི་རབ་མ་སོར་བརྒྱད་པ་རྐེད་པར་དར་གྱི་སྦྲུལ་མགོའི་ཅོད་པན་ཅན་བཙུགས་པ། དེའི་(༢བ)


GLG025_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་མཉྫིའི་ཁར་ལྕགས་སྣོད་དུ་གོང་གི་རྒྱུ་ལས་གྲུབ་པའི་གཏོར་ནག་ཟུར་གསུམ་པ་མེ་རིས་དམར་སེར་ངེ་བ་སོགས་དྲག་པོའི་རྒྱན་དང་མཐར་ཟེར་ཀོང་མཐེབ་སྐྱུ་རྩང་དམར་ཉེར་གཅིག །སྲིན་མོ་འགྲོས་སུ་བཙུགས་པར་རྒྱུ་མའི་ལྡ་ལྡི་དང་ཤ་དུམ་གྱི་སྤྲས་ཤིང་གཞན་ཡང་མཚེ་དང་ཡུངས་ཀར་གངས་བཟང་སོགས་ཀྱིས་བརྒྱན་པར་སྐུ་རྟེན་ཙཀ་ལི་དར་ནག་གི་གཏོར་གདུགས་མདའ་བཅས་བཙུགས། མདུན་དུ་སྒྲུབ་གཏོར། གཡས་སུ་སྨན་མཆོད་དང་། གཡོན་དུ་རཀྟ། རྒྱབ་ཏུ་གཏེར་སྲུང་། ཆད་མཐོ་གཞན་ཡང་ཆོས་སྐྱོང་གང་དགོས་ཀྱི་གཏོར་མ་ཕྱི་ནང་གི་ཉེར་སྤྱོད་ཐད་སྒྲིགས། མདུན་ནམ་གཡས་གཡོན་གང་འོས་སུ་གསང་བ་མུ་སྟེགས་གཏོར་ནག་ལས། ཁྱད་པར་ཕ་རོལ་བྱད་ལྟས་དང་། །བཀྲ་ངན་རྨིས་ལྟས་ངན་པ་ན། །ཧུར་ཐུམ་དྲག་པོའི་བཟློག་པ་བྱ། །དུར་ཁྲོད་ས་དང་ས་ནག་བསྲེས། །དུག་ཁྲག་ཆུས་སྤྲུས་དབང་ཕྱུག་གི །མཚན་མ་ཁོང་སྟོང་མཐོ་གང་དང་། །སོར་བཞི་ལ་སོགས་ཅི་འགྲུབ་བྱ། །རེ་བའི་གདན་ལ་འབྲུ་ནག་སྟེང་། །བཀོད་ལ་རང་འདྲར་བསྐྱེད་ཅིང་བསྟིམ། །ཡུངས་ཀར་ཐུན་ལ་སྔགས་ཤིང་བསྒྲུབ། །དུག་ཤོག་སྔགས་བྲིས་ཐུན་ཡུངས་བཅས། །ནང་བཅུག་ལ་ཆས་ཞབས་བསྡམས་ལ། །གནོད་བྱེད་སོགས་ལ་ཟོར་དུ་འཕང་། །ཞེས་པ་ལྟར་ཆེ་བ་གཅིག་ལ་ཆུང་བ་བརྒྱད་ཀྱིས་བསྐོར་བའི་ཟོར་བཅས། ཚོགས་འཁོར། བགེགས་གཏོར། ཌཱ་དྲིལ། ཕུར་པ། སྒྲོལ་གྲི། རྔ་རོལ། ཞྭ་ཕོད་སོགས་མཁོ་བའི་ཡོ་བྱད་རྣམས་ལེགས་པར་བཤམ། བདག་བསྐྱེད་ཀྱི་ལས་བྱང་གཞུང་བསྲངས། །(༣ན)


GLG025_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་དྲོའི་བར་རྩ་བའི་འཛབ་གང་འགྲོ་བཟླ། གཏོར་ནག་ལས་མཐའ་ལས། རང་ཉིད་ལྷ་ཡི་ཏིང་ངེ་འཛིན་གྱིས། །གཏོར་མ་ཤ་ཁྲག་ཕུང་པོར་བསམ། །མ་ལ་ཡ་ཡི་རི་བོ་དང་། །སྲིན་ཡུལ་གནས་ནས་གུ་རུའི་ཚོགས། །སྤྱན་དྲངས་ཞལ་དུ་གསོལ་བར་བསམ། །ཞེས་པ་ལྟར་ཟོར་གཏོར་ལ་གནོད་བྱེད་དགྲ་བགེགས་རྣམས་ཚོགས་ཐ་མ་ཇི་ལྟ་བའི་སྒོ་ནས་དགུག་གཞུག་ཉེར་གཅིག་གམ་བདུན་གྱི་མཐར་ཕུར་པ་སྒྲིལ་ཞིང་གདེངས་ཀའི་སྟེང་ཀ་དང་བཅས་བསྒྲལ་བའི་ཚིག་དམིགས་བྱ། །གཏོར་མ་ངོ་བོ་བདུད་རྩི་ལ་རྣམ་པ་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་གི་རྒྱ་མཚོ་ཆེན་པོར་བསམ། ཧཱུཾ། ལང་ཀ་པུ་ར་སྲིན་པོའི་ཡུལ་ཞེས་སོགས་ལས་བྱང་ལྟར་སྤྱན་དྲངས། རྩ་སྔགས་མཐར་གནོད་བྱེད་ཀྱི་ཤ་ཁྲག་རུས་པ་ལ་ཁ་རཾ་ཁཱ་ཧི། ཞེས་བདུན་ནམ་གསུམ་གྱིས་ཕུལ་བས་ལྷག་མ་མ་ལུས་པར་གསོལ་བར་བསམ། །མདུན་དུ་སྤྱན་དྲངས་པའི་ལྷ་ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་བསྟིམ། བདག་དང་དྲག་པོའི་གཏོར་མ་ནི། །བདུད་འདུལ་པདྨ་དྲག་པོའི་སྐུ། །ལྗང་ནག་དུ་བའི་མདོག་ལྟ་བུ། །ཞལ་གཅིག་ཕྱག་གཉིས་རྒྱན་རྣམས་རྫོགས། །ཕྱག་གཡས་སྣ་ཚོགས་རྡོ་རྗེ་འཕྱར། །འཕྲིན་ལས་སྣ་ཚོགས་མཛད་པའི་རྟགས། །ཉོན་མོངས་བདུད་བཞི་ཟིལ་གྱིས་གནོན། །གཡོན་པ་སེང་ལྡེང་ཕུར་པ་གདེངས། །ཤེས་རབ་སྙིང་རྗེས་སྒྲོལ་བའི་ཕྱིར། །ཞིང་བཅུ་རུ་དྲ་སྒྲོལ་བའི་རྟགས། །སྐུ་སྨད་ཕུར་པ་དཔལ་དང་ལྡན། །གནམ་ལྕགས་འབར་བའི་ཐོག་ལྟར་བསམ། །ཞེས་བདག་མདུན་གཉིས་ཀ་གསལ་བཏབ། །སྤྱན་འདྲེན་ནས་བསྟོད་པའི་(༣བ)


GLG025_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

མཇུག་ཏུ་དགྲ་དགེགས་རུ་དྲ་སྒྲོལ་པའི་ལས་མཛོད་ཅིག །ཅེས་པ་འདོགས། ཐུགས་ཀར་མཐིང་ནག་རྡོ་རྗེའི་དབུས། །ཧཱུཾ་ཡིག་མཐའ་རུ་ལས་སྔགས་ནི། །རྟགས་དང་སྦྱར་ཏེ་ཅི་འགྲུབ་བཟླས། །མགར་གྱི་ཞུན་མེ་ལྟ་བུ་འཕྲོ། །འབར་བ་དྲག་པོའི་སྐུ་རུ་གསལ། །ཞེས་ཏིང་ངེ་འཛིན་གསལ་བས་སྔགས་དང་ལས་སྔགས་སྦྲེལ་པས་ཅི་ནུས་སུ་བཟླ། ཟོར་བསྒྲུབ་པ་ནི། གསང་བ་མུ་སྟེགས་གཏོར་ནག་ལས། རང་ཉིད་དབང་ཕྱུག་ཆེན་པོའི་སྐུ། །ཤིན་ཏུ་ཆེ་བ་གྱེན་དུ་བསྒྲེངས། །འབྲས་བུ་ཀླུ་ཡི་ཡུལ་དུ་ཟུག །སྐྱེད་པ་མི་ཡི་ཡུལ་དུ་ལྡེམ། །མགོ་བོ་ལྷ་ཡི་ཡུལ་དུ་འཁྱོག །ཆུ་སྦུགས་བསྐལ་བའི་མེ་ལྟར་འབར། །སྐུ་ཡི་བ་སྤུའི་བུ་ག་ནས། །ཞུན་གྱི་མེ་སྟག་ཁྲོ་བོ་འཕྲོ། །སྔགས་བཟླས་མེ་ཡི་འོད་ཟེར་གྱིས། །གནོད་བྱེད་ཐམས་ཅད་ཚིག་པར་བསམ། །ཞེས་མན་ངག་ལྟར་གསལ་བཏབ་སྟེ་ཟོར་སྔགས་ཅི་འགྲུབ་ཏུ་བཟླ། ཚོགས་ཐ་མ་དང་བར་མ་སོང་ནས། །ཚོགས་ཐ་མ་ལ་བརྟེན་ནས་བཟློག་པའི་འཕྲིན་ལས་འཆོལ་བ། གཏོར་ནག་ལས་མཐའ་ལས། ལྟས་དང་མཚན་མ་རྩུབ་པ་ན། །གཏོར་མ་དྲག་པོའི་ཕུར་བུར་བསྒོམ། །ལིངྒ་བསྒྲལ་ལ་གཏོར་མར་བཏབ། །ཞེས་པ་ལྟར་བདུད་བཞི་ལིངྒ་ཟུར་པ་ཞིག་བཤམས་ལ། བསྐུལ་བ་ནི། ཧཱུཾ། གནམ་ལྕགས་གཞལ་ཡས་མེ་དཔུང་འབར་བའི་དབུས། །བདུད་བཞི་འདུལ་མཛད་ཀརྨ་དྲག་པོ་རྩལ། །བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས། །བགེགས་ཚོགས་བདུད་དཔུང་མ་ལུས་དགྲ་ལ་སྒྱུར། །མཧཱ་དེ་བ་སྲིད་པའི་མེས་པོ་ཆེ། །བསྐལ་པའི་མེ་རླུང་བར་སྣང་ཁམས་འཁྲུག་པས། །ནད་གདོན་བར་གཅོད་རྐྱེན་ངན་མ་(༤ན)


GLG025_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་པ། །གནམ་ལྕགས་ཟོར་གྱིས་དགྲ་བོའི་སྟེང་དུ་སྒྱུར། །བདུད་འདུལ་ཀརྨ་དྲག་པོའི་ལྷ་ཚོགས་ཀྱིས། །སངས་རྒྱས་བསྟན་བཤིག་དཀོན་མཆོག་དབུ་འཕང་སྨོད། །བླ་མའི་སྐུ་དགྲ་སེམས་ཅན་ཡོངས་ལ་འཚེ། ཁྱད་པར་བདག་སོགས་རྒྱུ་སྦྱོར་ཡོན་བདག་ལ། །གནོད་བྱེད་གཟུགས་ཅན་དགྲ་དང་གཟུགས་མེད་བགེགས། །ཡང་སྒོས་དམ་སྲི་གདོན་བགེགས་འབྱུང་པོའི་དཔུང་། །རྦད་འདྲེ་རྦོད་གཏོང་བྱད་མ་མཁན་པོ་སོགས། །རྣམ་པར་ཤེས་པ་བླ་སྲོག་ཚེ་གསུམ་སོགས། །མཐར་མེད་འབྲུབ་ཁུང་ནག་པོའི་ནང་ཁྲིད་དེ། །བདུད་བཞིའི་གཟུགས་བརྙན་དམིགས་བྱའི་ཁོག་པ་རུ། །མིང་བྱང་ཡི་གེར་བཏབ་པ་འདི་ཉིད་ལ། །ད་ལྟ་ཉིད་ལ་འགུགས་བསྟིམ་འཕྲིན་ལས་མཛོད། །གསེར་སྐྱེམས་བཏང་། གདབ་ལས་དངོས་གཞི་ཚོགས་ཐ་མ་ལྟར་ལ། སྟོབ་པ་ནི། ཧཱུཾ། སྲིན་པོའི་རྒྱལ་པོ་ཡལ་གམ་ཅན། །གུ་རུ་ཀརྨ་དྲག་པོ་རྩལ། །གནམ་ས་ཙམ་དུ་ཞལ་ཕྱེ་ཞིག །གངས་རི་ཙམ་གྱི་མཆེ་གཙིགས་ལ། །གློག་དམར་ཙམ་གྱི་ལྗགས་ཁྱོངས་ཤིག །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས། །དུག་གསུམ་ཤ་ཁྲག་མཆོད་པར་བཞེས། །ཨཱོཾ་ཨཱཿཧཱུཾ་ཀརྨ་མཧཱ་གུ་རུ་ཀརྨ་སིདྡྷི་ཧཱུཾ། གནོད་བྱེད་ཀྱི་ཤ་ཁྲག་རུས་པ་ལ་ཁ་རཾ་ཁཱ་ཧི་ཞེས་འབུལ། །ལྷག་མ་བཙོན་དུ་བཟུང་། བཟློག་སྒྱུར་ནི། ཧཱུཾ། བདུད་འདུལ་ཀརྨ་གུ་རུ་ཁྲོ་ཞིང་གཏུམ། །གཡས་པ་སྣ་ཚོགས་རྡོ་རྗེས་ལས་བཞི་བསྒྲུབ། །གཡོན་པ་ཕུར་བུ་དགྲ་བགེགས་སྙིང་ལ་གཟིར། །སྤྲུལ་པ་ཡང་སྤྲུལ་ཕོ་ཉའི་ཚོགས་བཅས་རྣམས། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་མཆོད་པ་བཞེས། །མི་མཐུན་(༤བ)


GLG025_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

བར་གཅོད་བཟློག་པའི་འཕྲིན་ལས་མཛོད། །ལྷ་ཆེན་དབང་ཕྱུག་སྲིད་གསུམ་དབང་སྒྱུར་བ། །ལྷ་ཀླུ་མི་ཡི་གནས་ཁྱབ་སྲིད་མེས་ཅན། །ཆུ་སྦུབས་བསྐལ་མེ་བ་སྤུའི་བུ་ག་ནས། །མགར་གྱི་ཚ་ཚ་ལྟར་འཕྲོའི་དྲག་ཤུལ་ཅན། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་མཆོད་པར་བཞེས། །མི་མཐུན་བར་གཅོད་བཟློག་པའི་འཕྲིན་ལས་མཛོད། །ཅེས་ལིང་རོའི་ལྷག་མ་རྣམས་དང་སྨན་རཀ་བཅས་སྟོབ་པའི་ཚུལ་དུ་བྱེད། ཕུར་པ་ལྕགས་ཁང་མའི་བཟློག་གཞུང་ཆུང་བ་ལས། ཧཱུཾ། གཞན་ཡང་བཟློག་ཅིང་བསྒྱུར་བ་ནི། བཟློག་སྒྱུར་ལས་ལ་ཁྱེད་རང་མཁས། །ལྕི་ཡང་རི་བོ་པང་དུ་ལོང་། །དཀའ་ཡང་བདུད་ལ་རྒྱུ་ཞགས་ཐོབ། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལ། །ཡས་ཀྱི་བདུད་དུ་གཡོས་པ་བཟློག །མས་ཀྱི་སྲི་རུ་ལངས་པ་བཟློག །ཉེ་བའི་བྱོལ་ཟོར་གཏོང་བ་བཟློག །ལྟག་པའི་བདུད་དུ་བབས་པ་བཟློག །དཔྲལ་བའི་གཤེད་དུ་འཁོར་བ་བཟློག །ཕོ་སྲི་མོ་སྲི་ལངས་པ་བཟློག །ཆེ་སྲི་ཆུང་སྲི་ལངས་པ་བཟློག །དམ་སྲི་དབུལ་སྲི་གོད་སྲི་བཟློག །ཕ་མེས་དུར་སྲི་འཕུང་སྲི་བཟློག །བདུད་ཀྱི་ཐན་ནག་ཕྱག་བརྙན་བཟློག །བཙན་གྱི་གཟེར་བབ་གཏོང་བ་བཟློག །ས་བདག་བྱད་དུ་བཅིངས་པ་བཟློག །རྒྱལ་པོའི་སྨྱོ་འདྲེ་འབོག་པ་བཟློག །གཟའ་ཡི་ཀིང་ཀཾ་དུག་རླངས་བཟློག །མུ་སྟེགས་ངན་སྔགས་ཐམས་ཅད་བཟློག །ཐེའུ་རང་སྲིས་ལ་རྐུ་བ་བཟློག །སྔགས་པའི་ཕུར་པ་འདེབས་པ་བཟློག །བོན་གྱི་བཙོ་ཟོར་འཕེན་པ་བཟློག །སུམ་པའི་གླང་ཆེན་སྣ་བསྒྱུར་བཟློག །མི་ཉག་བོན་གྱི་འབོ་ལེ་བཟློག །ལོ་ཀེག་ཀི་ཀང་གཤེད་བཞི་བཟློག །ས་ལ་ཞག་རྩིས་འདེབས་པ་བཟློག །གནམ་ལ་ཟླ་གྲངས་(༥ན)


GLG025_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་པ་བཟློག །གཟའ་དང་སྐར་མ་ངན་པ་བཟློག །ལོ་ཀེག་ཟླ་ཀེག་ཞག་ཀེག་བཟློག །ཟ་ཀེག་བདུན་ཟུར་ཐམས་ཅད་བཟློག །དུས་ཚོད་བརྩིས་ནས་འདེབས་པ་བཟློག །གནམ་གྱི་དལ་ཁ་བབས་པ་བཟློག །ས་ལ་དུག་ནད་ལངས་པ་བཟློག །ཐོག་བབ་དལ་བབས་ཐམས་ཅད་བཟློག །བྱས་ཉེས་ཉམས་གྲིབ་ཐམས་ཅད་བཟློག །ཡུལ་མི་ཁྱིམ་མཚེས་དམོད་མོ་བཟློག །གཡས་ནས་ཕོ་བརྒྱས་མདའ་བརྡར་བཟློག །གཡོན་ནས་མོ་བརྒྱས་དུག་སྦྱོར་བཟློག །མི་ནག་སྐྱེ་བོའི་ཡ་ག་བཟློག །བྲན་ཁོལ་ངན་པའི་དམོད་ཆུ་བཟློག །མདུན་ནས་ལངས་ཤིང་སྡོད་པ་བཟློག །རྒྱབ་ནས་ཁྱི་བཞིན་འབྲང་བ་བཟློག །མོ་ངན་ལོག་པར་སྡིགས་པ་བཟློག །རྨིས་ལྟས་མཚན་མ་ངན་པ་བཟློག །སྲོད་ལ་བྱ་ཕོ་འཚེར་བ་བཟློག །ཐོ་རེངས་སྒོ་ཁྱི་ངུ་བ་བཟློག །འུག་པ་ཧ་ཧ་རྒོད་པ་བཟློག །སྲིན་བྱ་ཐོག་ཁར་འཚེར་བ་བཟློག །ལོགས་ལ་ཝ་སྤྱང་བརྒྱལ་བ་བཟློག །ལྟས་ངན་བརྒྱད་བཅུ་རྩ་བཞི་བཟློག །ཕ་ཚན་ནང་གི་བརྒྱ་འདྲེ་བཟློག །མ་བུ་དེ་ནི་བྱུར་འདྲེ་བཟློག །དར་ཚན་ནང་གི་སྟོང་འདྲེ་བཟློག །ཕོ་བདུད་དལ་ཁ་གཡས་སུ་བཟློག །མོ་བདུད་དལ་ཁ་གཡོན་དུ་བཟློག །སྤྱི་བདུད་དལ་ཁ་མཁའ་ལ་བཟློག །ཕས་ཀྱི་འཕུང་འདྲེ་རྦད་འདྲེ་བཟློག །ཚུར་གྱི་སྣ་འདྲེན་བྱེད་པ་བཟློག །ལུས་ལ་ན་ཚ་གཏོང་བ་བཟློག །ཚེ་ལ་བར་ཆད་བྱེད་པ་བཟློག །རྐུབ་ནས་འབུ་བཞིན་གཡེང་བ་བཟློག །མགོ་ལ་ཏིལ་བརྡུང་བྱེད་པ་བཟློག །ཁ་ནས་དར་བཞིན་འཇམ་པ་བཟློག །གཏིང་ནས་ཚེར་བཞིན་རྩུབ་པ་བཟློག །ལུས་ལ་སྦྲུལ་ལྟར་འཁྲིལ་བ་ཟློག །ངོས་ལ་སྤྲེལ་ལྟར་འཛེག་པ་བཟློག །མི་ཁ་བྲམ་མཆུ་ཐམས་ཅད་བཟློག །(༥བ)


GLG025_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་རུ་ཆགས་ཆེ་ཐམས་ཅད་བཟློག །སྒོས་སུ་ཉམ་ང་ཡོད་པ་བཟློག །རྦོད་གཏོང་རྦད་འདྲེ་ཐམས་ཅད་བཟློག །རྨི་ལམ་ངན་པ་ཐམས་ཅད་བཟློག །ཕོ་བྱོལ་དེ་ནི་གཡས་སུ་བྱོལ། །མོ་བྱོལ་དེ་ནི་གཡོན་དུ་བྱོལ། ཁྱིམ་མཚེས་གཞན་གྱི་ས་རུ་བྱོལ། །སྡང་དགྲ་གནོད་བགེགས་དེ་ལ་བྷྱོ། །ཟ་བར་བྱེད་པའི་འདྲེ་ལ་བྷྱོ། །འཕུང་བར་བྱེད་པའི་སྲི་ལ་བྷྱོ། །སྦྱོར་ངན་གཏོང་བའི་ལྟག་ཏུ་བྷྱོ། །ཆོ་འཕྲུལ་ངན་པ་དགྲ་ལ་སྒྱུར། །བཟློག་ཅིང་བསྒྱུར་བའི་འཕྲིན་ལས་མཛོད། །ཆད་མཐོ་དང་། མ་ཉེས་དཔང་དུ་སོགས་ཀྱིས་ཐུན་གཏོར་འཕང་། །བསྟན་སྐྱོང་བྲོ་བརྡུང་ཆད་ལྷག་བཀང་ནས་བསྔོ་བ་སྨོན་ལམ་ཤིས་བརྗོད་བྱ། ཉིན་རྗེས་མ་རྣམས་ལ་དངོས་གཞི་གོང་ལྟར་ལ་བདག་བསྐྱེད་ཀྱི་བཟླས་པ་གྲུབ་རྗེས། བདག་དང་དྲག་པོའི་གཏོར་མ་ནི་ཞེས་སོགས་མན་མ་གཏོགས་གཏོར་མར་དགུག་གཞུག་དང་། ལྷ་སྤྱན་དྲངས་ནས་འབུལ་བ་དོར། ཉིན་ཐ་མ་ལིང་ག་ཟུར་པ་མི་དགོས་ཤིང་ཐུན་གཏོར་འཕང་རྗེས། གསེར་སྐྱེམས། སྒོ་དབྱེ་ཚེ་བདག་ལྟར་དང་གཏོར་མ་སྤགས། ཚོགས་ལྷག་དང་ཆད་མཐོ་དམག་ལྟོའི་ཚུལ་དུ་གཏོང་། གཏོར་མ་འཕེན་པར་གསེར་སྐྱེམས་ཀྱི་རྗེས་སུ། ཧཱུཾ། དབང་ཕྱུག་མཧཱ་དེ་བའི་སྐུ། །ཆུ་སྦུབས་བསྐལ་བའི་མེ་རླུང་འཁྲུག །གནམ་ལྕགས་འབར་བའི་ཟོར་གཏོར་འདི། །དགྲ་དང་བགེགས་ཀྱི་སྟེང་དུ་འཕེན། །བྱད་ཁ་བཟློག་ལ་ཕུར་ཁ་སྒྱུར། །བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །ཟོར་སྔགས་བཟླ་ཞིང་འཕེན། རྩ་བའི་སྔགས་དང་ལས་ཀྱི་སྔགས། །མང་དུ་བཟླས་ཤིང་གནོད་ཕྱོགས་འཕང་ཞེས་པ་ལྟར། །ཧཱུཾ། མ་ཉེས་དཔང་དུ་དཀོན་མཆོག་བཞུགས། །དགྲ་བགེགས་མ་གཏོགས་སྐུ་གཟུར་ཅིག །ཁྲག་འཐུང་དྲག་པོའི་དམག་དཔུང་(༦ན)


GLG025_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེད། །དགྲ་བགེགས་སྟེང་དུ་གཏོར་ཟོར་རྒྱོབ། །མཐའ་ཡི་དམག་དཔུང་ཐམས་ཅད་མཱ་ར་ཡ་སོད། །རྩ་སྔགས་གཤམ་དུ་བཟློག་སྔགས་དང་ཟོར་སྔགས་བཏགས་ཏེ་གཏོར་མ་བརྒྱག །མེ་ཆུའི་རྒྱས་འདེབས། ནང་དུ་ལོག་ནས་བསྟན་སྐྱོང་། བྲོ་བརྡུང་། ཚེ་འགུགས་གཏང་རག །རྟེན་ལ་བརྟན་བཞུགས། མགྲོན་ལ་གཤེགས་པ། བཟོད་གསོལ། སྨོན་ལམ་ཤིས་བརྗོད་རྣམས་དཀྱུས་ལྟར་ཕྱེད་དོ། །རྟ་ལྗང་དབང་པོའི་དཀྱིལ་འཁོར་བཅུ་གཉིས་ཆར། །བརྡར་ལ་བི་ཤྭ་ཀརྨའི་ཁེངས་དྲེགས་ཁུར། །འདོར་བྱེད་རིམ་པ་བདུན་ཡང་ཐལ་བྱུང་དུ། །འབིགས་ནུས་གནམ་ལྕགས་ཟོར་གྱི་ལས་འདི་མཚར། །གདོན་བགེགས་མཐའ་དམག་གླང་གདོང་བསྙེམས་པའི་མཆེ། །ཕྱུངས་ཏེ་མཐུ་སྟོབས་རྨ་བྱ་ལ་ཞོན་ནས། །བདེ་སྐྱིད་ཁང་བཟང་མདུན་སར་གར་རྩེ་བ། །རིགས་འཛིན་གདོང་དྲུག་དེ་ཀོ་ཅིས་མི་རྒྱལ། །འདིར་འབད་འབྲས་བུ་རང་རྒྱུད་དུག་ལྔའི་དཔུང་། །རྣམ་པར་བཅོམ་པས་ཕྱི་རོལ་དགྲ་གདོན་བགེགས། །ཉིན་ཕྱེད་འཆར་ཀའི་མུན་པ་ལྟར་བསངས་ནས། །གངས་ལྗོངས་རྫོགས་ལྡན་དཔལ་ལ་སྤྱོད་པར་ཤོག །ཅེས་བླ་མ་ཀརྨ་གུ་རུའི་གཏོར་ནག་གི་ལས་མཐའ་གནམ་ལྕགས་སྤུ་གྲི་འདི་ནི་ལང་འགྲོའི་སྔགས་འཆང་རྟ་ནག་སྒྲོལ་མ་ཕུག་ནས་དང་སླད་མར་རིགས་འཛིན་ཆེན་པོ་གཏེར་བདག་གླིང་པའི་གསུང་གིས་བསྐུལ་བ་རིང་ཞིག་འགྱངས་པ་ཉེ་ཆར་ཕོ་བྲང་གནང་བྱུང་པ་སྔགས་བཙུན་ངག་དབང་མཁྱེན་བརྩེས་མཚམས་སྦྱར་བས་རྐྱེན་བྱས་གཏེར་གཞུང་གི་དགོངས་དོན་བཀའ་དྲིན་མཉམ་མེད་ཆོས་དབྱིངས་རང་གྲོལ་གྱི་གསུང་ལས་ཇི་ལྟར་ཐོས་པ་བཞིན་ལྗགས་སྒྲིགས་དང་ཟིན་བྲིས་ལ་ཞིབ་ཏུ་


GLG025_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱད་ནས་ཟ་ཧོར་གྱི་སྔགས་སྨྱོན་ཟིལ་གནོན་བཞད་པ་རྩལ་གྱིས་མེ་སྦྲུལ་ཧོར་ཟླ་དགུ་པའི་ཡར་ངོའི་ཚེས་བཅུར་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ།། །།སརྦ་མངྒ་ལཾ།


previousབླ་མ་ཀརྨ་གུ་རུའི་གཏོར་ནག་གི་ལས་མཐའ་གནམ་ལྕགས་སྤུ་གྲི།next