Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
ཕྱིར་བཟློག་འཁོར་ལོ་འབར་བ་སོགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཕྱིར་བཟློག་འཁོར་ལོ་འབར་བ་སོགས།next

ཕྱིར་བཟློག་འཁོར་ལོ་འབར་བ་སོགས།


GLG025_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་བཟློག་འཁོར་ལོ་འབར་བ་སོགས་བཞུགས་སོ། །


GLG025_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་པདྨ་སིདྡྷི་ཧཱུཾ། སྲིད་གསུམ་འགྲོ་བའི་འདྲེན་མཆོག་ཤཱཀྱའི་ཏོག །འདུལ་བའི་འཁོར་ཚོགས་རིགས་འཛིན་བྱང་ཆུབ་སེམས། །རྡོ་རྗེའི་སྐུ་བརྙེས་པདྨ་ཀཱ་ར་ལ། །གསོལ་བ་འདེབས་སོ་འགལ་རྐྱེན་བར་གཅོད་བཟློག །ཆོས་ཀྱི་རྒྱལ་པོ་ལྷ་སྲས་མུ་ཁྲི་བཙན། །ཟབ་གཏེར་མངའ་བརྙེས་བཟང་པོ་གྲགས་པ་དང་། །མགོན་དེས་རྗེས་བཟུང་དངོས་གྲུབ་རྒྱལ་མཚན་ལ། །གསོལ་༴ ཀུན་སྤང་ཆེན་པོ་རི་པ་སངས་རྒྱས་དང་། །འདུལ་བ་འཛིན་པ་ནམ་མཁའ་མཆོག་བཟང་པོ། །གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་ལ། །གསོལ་༴ སྔགས་འཆང་ཆེན་པོ་འཇམ་དབྱངས་རྒྱལ་མཚན་དང་། །མཐུ་སྟོབས་མངའ་བདག་རིགས་འཛིན་བདུད་འཇོམས་རྗེ། །ཐུགས་སྲས་སྔགས་འཆང་དབང་པོའི་སྡེ་ཉིད་ལ། །གསོལ་༴ མ་ལུས་རྒྱལ་བའི་སྤྱི་གཟུགས་འཁོར་ལོའི་མགོན། །གང་འདུལ་སྤྲུལ་པའི་རོལ་པར་ཡོངས་ཤར་བ། །རིགས་འཛིན་ཆེན་པོ་ངག་གི་དབང་པོ་ལ། །གསོལ་༴ རིགས་འཛིན་མཆོག་དེས་རྗེས་བཟུང་ཐུགས་ཀྱི་སྲས། །ཟབ་ཆོས་གདམས་པ་ཀུན་གྱི་མཛོད་འཛིན་པའི། །མཁྱེན་བརྩེ་ནུས་ལྡན་ཟུར་ཆེན་བླ་མ་རྗེར། །གསོལ་༴ ཚེ་རབས་དུ་མར་པདྨཱ་ཀཱ་ར་ཡིས། །རྗེས་སུ་བཟུང་བའི་བཟང་པོའི་ལས་འཕྲོ་ཅན། །གང་ཤར་རང་སར་(༢ན)


GLG025_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་བའི་རིགས་འཛིན་ལ། །གསོལ་༴ ཞེས་པ་འདི་ཡང་ཆོས་རྒྱལ་དབང་པོའི་སྡེས་རྭ་ལུང་གང་བ་བཟང་པོའི་འདབས་སུ་མཛད་པའོ། །སྭ་བྷཱ་ཝས་སྦྱངས། ཆོས་ཀུན་ཀ་དག་སྤྲོས་དང་བྲལ་བའི་ངང་། །ཧཱུཾ་ལས་སྣ་ཚོགས་རྡོ་རྗེའི་ས་གཞི་དང་། །རྡོ་རྗེའི་ར་བ་དྲ་བ་གུར་བླ་བྲེ། །རྩེ་མོར་རྡོ་རྗེའི་ཏོག་གིས་ལེགས་མཚན་པར། ཕྲ་རབ་རྡུལ་གྱི་རྡོ་རྗེས་ཡོངས་སུ་གཏམས། །ཕྱི་རོལ་ཁ་དོག་ལྔ་ལྡན་མེ་དཔུང་འབར། །གུར་ཁང་ནང་དུ་གསེར་འཁོར་བཅུ་གསུམ་རྩིབས། །རྩིབས་ལོག་རྩ་རྩེ་རྒྱ་གྲམ་ལྟེ་བར་ཟུག །དེ་ནང་བཅུ་གསུམ་རྩིབས་རྩེ་ཕྱིར་བསྟན་པ། །གཡས་འཁོར་རྩིབས་ལ་སྔགས་རྣམས་གྱེན་བསྒྲེང་བ། །སྔགས་ཀྱི་སྒྲ་རྣམས་འབྲུག་སྟོང་ལྟ་བུར་ལྡིར། །འོད་ཟེར་འཕྲོ་ཞིང་ལྟེ་བར་བྷྲུཾ་ཡིག་ལས། །གསེར་སྦྱངས་ལས་གྲུབ་བྱང་ཆུབ་མཆོད་རྟེན་ཆེ། །ལྟེ་བར་སེང་ཁྲི་པད་ཟླའི་གདན་སྟེང་དུ། །ཧཱུཾ་ལས་སྤྲུལ་སྐུ་ཤཱཀྱ་སེང་གེའི་སྐུ། །ས་གནོན་མཉམ་གཞག་བདུད་འདུལ་ཕྱག་རྒྱ་ཅན། །རིགས་འཛིན་བྱང་སེམས་ཉན་རང་འཁོར་གྱིས་བསྐོར། །གནས་གསུམ་ཡི་གེ་གསུམ་གྱིས་མཚན་པ་ཡི། །ཧཱུཾ་ལས་འོད་འཕྲོས་རྟེན་དང་བརྟེན་པར་བཅས། །ཐོགས་པ་མེད་པར་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོ༔དམ་ཡེ་དབྱེར་མེད་པ། །རིག་པའི་རང་རྩལ་ངང་དུ་རོ་གཅིག་གྱུར། །མེ་ཏོག་དམ་པ་འཕྲེང་པ་དམ་པ་དང་། །ཞེས་སོགས་ཤློ་ཀ་གཉིས་ཀྱིས་མཆོད། མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ། །ཞེས་སོགས་ཤློ་ཀ་གཅིག་གིས་བསྟོད། རང་ཉིད་ཐུབ་པར་གསལ་བའི་ཐུགས་ཀ་ནས། །ལག་ན་རྡོ་རྗེ་སྟོབས་པོ་ཆེ་ལ་སོགས། །ཕོ་ཉ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དང་། །དྲིལ་བུ་ཐོགས་པ་སྟོང་གསུམ་ཁྱབ་སྤྲོས་ནས། །ལོ་ཟླ་ཞག་དུས་ཟ་མའི་སྐེག་རིགས་དང་། །ཆེ་སྲི་ཆུང་སྲི་དར་སྲི་ཕོ་(༢བ)


GLG025_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་སྲི། །མོ་སྲི་ན་སྲི་དུར་སྲི་སྒོས་སྲི་དགྲ །ཕུང་སྲི་རྒྱལ་སྲི་གདོན་སྲི་རྒན་གཞོན་སྲི། །ལོ་ཟླ་ཞག་དང་དུས་ཀྱི་སྲི་ངན་ཀུན། སོ་སོའི་གཟུགས་དང་བྱད་དབྱིབས་ཇི་བཞིན་པ། །ཕྱི་ནང་རྩིབས་བར་བསྒོམས་པའི་གཟུགས་བྱང་ལ། ཁུ་གཅིག་བཛྲ་ཨངྒུ་ཤ་ཡ་ཛཿ། རྐེད་ནས་ཆིངས་ཤིག་བཛྲ་པཱ་ཤ་ཧཱུཾ། །ཡན་ལག་སྡོམས་ཤིག་བཛྲ་སྥོ་ཊ་བཾ། །མྱོས་པར་གྱིས་ཤིག་བཛྲ་གྷཎྜེ་ཧོཿ །དབྱེར་མེད་སྟིམས་ཤིག་ཨ་བེ་ཤ་ཡ་ཨ། །ཕྱི་ནང་རྩིབས་གཉིས་དྲག་ཏུ་འཁོར་བའི་བར། །གནོད་བྱེད་གདོན་བགེགས་ཕྱི་མ་དུམ་བུར་གཏུབས། །སྔགས་འཕྲེང་ལས་འཕྲོས་མེ་ཡིས་གཞོབ་ཐུལ་བསྲེགས། །ཐལ་བའི་རྡུལ་ཕྲན་ལྟ་བུར་བརླག་པར་གྱུར། །ཞེས་འཁོར་ལོ་འབར་བའི་དམིགས་པའི་ཟབ་གནད་རིགས་འཛིན་ཡོལ་མོ་བ་ཆེན་པོའི་ཞལ་གདམས་ཀྱི་སྟོན་གུ་རུ་ཚེ་བརྟན་གྱི་གསུང་རྒྱུན་བཞིན། །ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ལྷ་ས་བ་ངག་དབང་དཀོན་ཅོག་གོ །རྒྱ་གར་སྐད་དུཿ ཙཀྲ་ནོ་བི་ཀ་ནཱ་མཿ བོད་སྐད་དུཿ འཁོར་ལོ་འབར་བ་ཞེས་བྱ་བའི་སྒྲུབ་ཐབས༔ སངས་རྒྱས་དང་བྱང་ཆུ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ༔ འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན༔ བཅོམ་ལྡན་འདས་རྡོ་རྗེའི་གདན་ལ་བཞུགས་ཏེ་བདུད་འདུལ་བའི་ཚེ༔ རིགས་འཛིན་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདི་སྐད་ཅེས་ཞུས་སོ༔ བཅོམ་ལྡན་འདས་བདག་ཅག་རིགས་འཛིན་བསྒྲུབ་པར་བྱེད་པ་ལ་བར་དུ་གཅོད་པའི་དགྲ་བགེགས་མང་ན་འདི་ལ་ཐབས་ཇི་ལྟར་བགྱི་ཞེས་ཞུས་སོ༔ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ༔ འཁོར་ལོ་འབར་བ་ཞེས་བྱ་བའི་སྔགས་དང་སྒྲུབ་ཐབས་ཡོད་ཀྱི་འདི་ལོང་ཞིག༔ ཆོངས་ཤིག༔ ལྷོགས་ཤིག༔ ཡིད་ལ་གྱིས་ཤིག༔ སྔགས་འདི་བཟླས་པ་ཙམ་གྱིས་བགེགས་ཐམས་(༣ན)


GLG025_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ལས་རྒྱལ་བར་འགྱུར་རོ༔ བགེགས་ཐམས་ཅད་ལས་རྒྱལ་ཞིང་ཉམ་ང་བ་མེད་པར་འགྱུར་རོ༔ སྔགས་ནི་འདིའོ་ཨོཾ་དྷུ་རུ་དྷུ་རུ་ཙཀྲཿ ཧ་ན་ཧ་ན་ཙཀྲ༔ བྷུ་རུ་བྷུ་རུ་ཙཀྲ༔ བྷྲ་མར་བྷྲ་མར་ཙཀྲ༔ བྷ་དུ་མ་ནི་ཙཀྲ༔ ཛ་ལ་ཛ་ལ་ཙཀྲ༔ སམྦྷ་ཝེ་ག་ན་ན་ཡ་ས་ར་ཙཀྲཿ སཱ་ལ་ཡ་སཱ་ལ་ཡ་ཙཀྲ༔ ནཱ་ག་ཤ་ཡ་ནཱ་ག་ཤ་ཡ་ཙཀྲ༔ བཾ་བཾ་ཙཀྲ་ཧཱུཾ་ཧཱུཾ་ཕཊ་ཕཊ༔ ས་མཱནྟ་ག་ར་ཙཀྲ༔ ཏིཔྟ་ཙཀྲ་ཧཱུཾ་ཕཊ༔ རང་ཤློ་ཀ་ལ་གཅིག་པོ་འདི་གསར་བསྒྲིགས། ཉིད་ཤཱཀྱ་ཐུབ་སྐུར་གྱུར་ཕྱག་མཐིལ་ན། །ཉི་ཟླ་གསལ་བའི་བར་དུ་སྐེག་ངན་དང་། །སྲི་སོགས་གནོད་བྱེད་གདོན་བགེགས་མ་ལུས་པ། །ཕྱེ་མར་བཏགས་ནས་རྗེས་ཤུལ་མེད་པར་གྱུར། །ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་༔ སངས་རྒྱས་ཀྱི་༴ ཆོས་ཀྱི་༴ དགེ་འདུན་༴ བླ་མ་རྡོ་རྗེ་འཛིན་པའི་༴ མཉམ་མེད་ཤཱཀྱའི་རྒྱལ་པོའི་ལྷ་ཚོགས་རྣམས་ཀྱི་༴ གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་རྣམ་པར་དག་པའི་༴ རིགས་འཛིན་སྔགས་འཆང་བདག་༴ ཆོས་ཉིད་ངོ་བོ་ཀ་ནས་དག་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་དང་ནུས་པ་ལ་བརྟེན་ནས་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ་གནོད་པར་བྱེད་པའི་ནད་གདོན་བར་གཅོད་མི་མཐུན་པའི་ཕྱོགས་ཐམས་ཅད་དང་༔ ཁྱད་པར་ལོ་སྐེག་ཟླ་སྐེག་ཞག་སྐེག་ཟ་མའི་སྐེག༔ ཆེ་སྲི་ཆུང་སྲི་དར་སྲི་དུར་སྲི་ནད་སྲི་གོད་སྲི་ཕུང་སྲི་སོགས་ཐམས་ཅད་དགྲ་བགེགས་ཀྱི་སྟེང་དུ་མཱ་ར་ཡ་བཟློག་བཟློག་བྷྱོ་བྷྱོཿ སྔགས་འདི་བཟླས་པ་ཙམ་གྱིས་སྲི་ཅན་དྲག་པོ་སྔངས་ཞིང་ཤི་ཁ་བྱེ་བ་སྲི་ལས་ཐར་བར་འགྱུར་རོ༔ དེ་སྐད་ཅེས་བཀའ་སྩལ་པ་དང་རིགས་འཛིན་དང་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ཡིད་རང་སྟེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ཞེས་པ་འདི་ནི་སྤྲུལ་སྐུ་བཟང་པོ་གྲགས་པས་རྒྱང་ཡོན་ལུང་ནས་གཏེར་ནས་བཏོན་ཏེ། རིགས་འཛིན་རྒོད་ལྡེམ་ལ་གནང་བའོ།། །།མངྒ་ལཾ།།


previousཕྱིར་བཟློག་འཁོར་ལོ་འབར་བ་སོགས།next