Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
རྡོ་རྗེ་དྲག་པོ་རྩལ་གྱི་རྩ་ཚིག་རྡོ་རྗེའི་མདུད་འགྲོལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྡོ་རྗེ་དྲག་པོ་རྩལ་གྱི་རྩ་ཚིག་རྡོ་རྗེའི་མདུད་འགྲོལ།next

རྡོ་རྗེ་དྲག་པོ་རྩལ་གྱི་རྩ་ཚིག་རྡོ་རྗེའི་མདུད་འགྲོལ།


GLG025_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་དྲག་པོ་རྩལ་གྱི་རྩ་ཚིག་རྡོ་རྗེའི་མདུད་འགྲོལ་ཞེས་བྱ་བ་བཞུགས་སོ། །


GLG025_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་པདྨ་སིདྡྷི་ཧཱུཾ། ཐོག་མར་སྔོན་འགྲོ་གཟེར་ལྔ་ཟངས་ཐལ་དང་མི་འདྲ་བའི་ཁྱད་པར་སྐྱང་གནས་ཀྱི་བླ་མ་དྲག་པོ་རྩལ་དུ་བསྒོམ། སྐྱབས་སེམས་གྲུབ་ནས་བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་སྐྱབས་ཡུལ་གཞན་རྣམས་འོད་དུ་ཞུ་ཐུགས་ཀར་ཐིམ་འགྲོ་བ་རྣམས་ཀྱང་དེ་ལྟ་བུར་འོད་དུ་ཞུ་ནས་ཐུགས་ཀར་ཐིམ་རང་ཡང་དེ་ལྟ་བུར་ཐུགས་ཀར་ཐིམ། མཎྜལ་ཀྱང་འབུལ་མཁན་དང་འབུལ་ཡུལ་ཐམས་ཅད་སྐྱབས་འགྲོ་དང་འདྲ་ཕྱི་ནང་གསང་གསུམ་ཆོས་ལོངས་སྤྲུལ་གསུམ་སོ་སོར་འབུལ་ཡང་གནས་མི་འགྱུར་རྡོ་རྗེ་སེམས་དཔའི་གནས་གསུམ་དུ་རྡོར་སེམས་དཀར་དམར་མཐིང་ག་བསྐྱེད་ཐུགས་ཀར་ཟླ་གདན་ལ་ཨོཾ་ཨཱཿཧཱུཾ་གི་མཐར་ཡིག་བརྒྱ་དཀར་དམར་མཐིང་གིས་བསྐོར་བ། སྤྱི་བོའི་རྡོར་སེམས་ལས་བདུད་རྩི་བྱུང་སྨིན་མཚམས་ཡན་གང་དེ་བཞིན་དུ་མགྲིན་པས་མགྲིན་པ་ཐུགས་ཀས་ཐུགས་ཀ་ཡན་གང་གསུམ་གནས་བྱུང་བས་སྐུ་ཐམས་ཅད་གང་དེ་ནས་མཐེབ་མོ་ནས་བདུད་རྩི་བྱུང་རང་གི་སྤྱི་བོར་ཐུགས་ནས་སྡིག་སྒྲིབ་དག་པ་མཐར་འགྲོ་དྲུག་གི་སྒྲིབ་པ་སྦྱངས་མཐར་ཐམས་ཅད་རྡོར་སེམས་སུ་གྱུར་ནས་དབང་བཞི་ལེན་བླ་མ་མཐོ་བརྩེགས་གསོལ་བ་གདབ་དབང་བཞི་བྱའོ། །དམིགས་རིམ་བཅད། བླ་མ་རང་ཐིམ་ལུས་འདི་ལྷ་རུ་གྱུར། སྣང་སྟོང་འཛིན་མེད་ལྷ་ལ་སེམས་འཛིན་པ། བླ་མའི་རྣལ་འབྱོར་གྱི་མཐར་བླ་མ་འོད་དུ་ཞུ་རང་ལ་ཐིམ་པས་རང་དྲག་པོ་རྩལ་དུ་བསྒོམ་པའི་སེམས་འཛིན་བྱས་མཐར་ཐུགས་ཀ་ནས་བླ་མ་མཐེབ་སོར་ཙམ་པ་མདུན་དུ་ཆད་དེ་ལ་སེམས་འཛིན། དེ་ལས་བླ་མ་གྲངས་མེད་འཇིག་རྟེན་གང་བར་སྤྲོ་ལ་མ་ཡོ་བར་བསྒོམ་སླར་འདུས་མདུན་གྱི་དེར་ཐིམ་དེའང་རང་ལ་ཐིམ་པར་བསམ་མོ། །རགས་དང་ཕྲ་བ་ཆ་ཤས་ཀུན་ལ་འཛིན། །དེ་ནས་ངག་ཉིད་(༢ན)


GLG025_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ལ་སེམས་འཛིན་ཧཱུཾ་ངག་ནས་བརྗོད་པའི་སྒྲ་དང་བཅས་སྙིང་གར་ཉི་གདན་ལ་ཧཱུཾ་བསྒོམ་དེ་ལས་ཧཱུཾ་གཉིས་རོ་རྐྱང་རྒྱུད་སྣ་བུག་གི་སྒོར་ཐོན་དེ་ལས་ཧཱུཾ་འཇིག་རྟེན་གང་བར་སྤྲོ་ཞིང་ལན་བརྫུས་ཏེ་ཧཱུཾ་གཉིས་ལ་ཐིམ་དེའང་ཐུགས་ཀར་བསྡུ། ཐུགས་ཀར་རྡོ་རྗེ་རྩེ་དགུ་པ་སྔོན་པོ་ལ། པ། །ཡི་གེ་ཧཱུཾ་སྔོན་སྣོད་བཅུད་ཁྱབ་པ་ནི། ཁ་དོག་སྒྲ་དབྱིབས་ཀུན་ལ་ཅི་གནས་བྱ། །སེམས་ཉིད་ཕྱག་མཚན་གནམ་ལྕགས་དེ་ལས་རྡོ་རྗེ་གཉིས་རོ་རྐྱང་ནས་སྣ་སྒོ་འཐོན་འཇིག་རྟེན་ཐམས་ཅད་རྡོ་རྗེས་གང་ཡང་ཚུར་བསྡུས་རྡོ་རྗེ་གཉིས་ལ་བསྡུ་དེ་གཉིས་ཀྱང་ཐུགས་ཀར་ཐིམ་མོ། །རྡོ་རྗེ་ལ། །འཛིན་ཚུལ་སྙིང་དབུས་གནམ་ལྕགས་རྩེ་དགུར་གྱུར། །དེ་ལས་སྤྲོ་བསྡུ་གོང་བཞིན་འཛིན་པར་བྱ། དེ་ནས་རང་གི་ཐུགས་ཀ་ནས་རྡོ་རྗེ་དཀར་པོ་ལུས་ཚན་མདུན་གྱི་ཁྲུ་བདུན་ཙམ་བར་སྤྲོས་ཏེ་གཡས་བསྐོར་བར་ཚུར་སྙིང་གར་བསྡུ། ཀ་དག་སྔོན་འགྲོ་རྡོ་རྗེ་དཀར་པོ་དང་། ཧཱུཾ་ཡང་རྡོ་རྗེ་དཀར་པོ་ལྟར་མདུན་དུ་སྤྲོས་དེ་ལས་སེམས་འཛིན་ཡང་དེ་ལས་ཧཱུཾ་གྲངས་མེད་སྤྲོས་སྣོད་བཅུད་ཕར་ཐལ་ཚུར་ཐལ་ཚུར་བསྡུ་བ་གོང་ལྟར་རོ། །ཧཱུཾ་སྔོན་ཐིག་ལེ་དཀར་དམར་དམིགས་རིམ་སྐྱོང་། །ལུས་གནད་ཆོས་བདུན་སྲིན་ལག་གི་རྩ་མཐེ་བོས་མནན་ནས་སྟ་ཟུར་དུ་བཞག །རྩ་རོ་རྐྱང་དབུ་གསུམ་སྤྱི་བོར་བཾ་ལས་བྱུང་བའི་ཐིག་ལེ་དཀར་པོ་སྲན་མ་ཙམ་གསུམ་མདོར་ཨ་ལས་བྱུང་བའི་ཐིག་ལེ་དམར་པོ་སྙིང་ག་ལྟ་བུར་རླུང་ཅུང་ཟད་བཟུང་བས་ཐིག་ལེ་དམར་པོ་སྙིང་གར་ཡོང་དཀར་པོར་ཞུ་ནས་འདྲེས་པར་དམིགས་པ་གཏོད་ཡང་དཀར་དམར་སོ་སོའི་གནས་སུ་འཇོག་གོ། །(༢བ)


GLG025_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་གནད་རླུང་གནད་རྩ་གནད་ཐིག་ལེའི་གནད། །བཞི་ལ་བརྟེན་ནས་སེམས་ཀྱི་གནད་ཆ་བཙལ། བརྟེན་ཅན་རྡེའུ་ཤིང་བུ་ལྷ་སྐུ་སོགས་ལྷ་སྐུར་བསྒོམས་པ་ཡིན། །བར་བར་ངོ་བོར་བལྟས་ཏེ་རང་གྲོལ་བཏང་། བརྟེན་མེད་མ་བཅོས་པའི་ངང་དུ་བཞག །དེ་རྗེས་ཁྲིད་དེ་ནས་ལུས་རྩ་རླུང་ཐིག་ལེའི་གནད་སྔར་བཞིན་ལ་སྟེང་རླུང་ཅུང་ཟད་མནན་པས་རོ་རྐྱང་ནས་མར་སོང་བ་དབུ་མ་ནས་ཡར་ཞུགས་པས་ཨ་ཤད་ལ་ཐིག་ལེ་དམར་པོ་ནས་ཙམ་གཅིག་སྙིང་གར་སོང་སྤྱི་བོའི་དཀར་པོ་མར་བབས་སྙིང་གར་སྟེང་དཀར་འོག་དམར་ལ་དམིགས་པ་གཏད་དོ། །དེ་ནས་སྤྱི་བོར་བླ་མ་དྲག་པོ་རྩལ་བསྒོམས་དེ་ལ་ཧཱུཾ་ལྔ་བརྩེགས་ཀྱི་གནས་ཀྱི་གསོལ་བ་བཏབ་པས་བླ་མ་འོད་ཞུ་ཐིག་ལེ་སྔོན་པོར་སོང་ནས་སྙིང་གའི་ཐིག་ལེ་ལ་ཐིམ་པས་བླ་མ་ཕྱིན་མེད་རང་སེམས་ནང་དུ་མེད་པར་གཉིས་ཀ་དབྱེར་མེད་དུ་ཅིག་ནས་འཇོག་གོ །གཞུང་དངོས་གཞི་ལ་ཞུགས་ཏེ། །མཉམ་གཞག་གསལ་སྟོང་འཛིན་མེད་ཀྱི་ངོ་བོ་སྐྱོང་། །དེ་ལ་བྱིང་བ་གཏི་མུག་གེགས་བྱུང་ན། །གུ་རུ་དམར་སྨུག་ནམ་མཁའི་མཐོངས་སུ་བསྒོམས། །འོད་ཞུ་རང་ལ་ཐིམ་སོགས་གཞུང་བཞིན་བསྐྱངས། །རྒོད་པ་ཞེ་སྡང་གཏི་མུག་གེགས་སེལ་གུ་རུ་དམར་སྨུག་ལ་དམིགས་པ་གཏད་དེ་ནས་འོད་དུ་ཞུ་ཐིག་ལེ་དམར་སྨུག་ཏུ་གྱུར་ནས་སྙིང་གའི་ཐིག་ལེ་ལ་ཐིམ་པས་རང་སོགས་ཐམས་ཅད་མི་དམིགས་པར་འཇོག་གོ །གེགས་སེལ་གུ་རུ་དཀར། ཉམས་ལེན་དངོས་གཞི་སྔར་ལྟར་ལ་ཞེ་སྡང་གི་བགེགས་སེལ་གུ་རུ་དཀར་པོ་ཡིན་དེ་ལས་གུ་རུ་དཀར་པོས་འཇིག་རྟེན་ཁྱབ་པར་སྤྲོས་སེམས་ཅན་གྱི་དོན་བྱས་ལས་སེམས་ཅན་ཐམས་ཅད་གུ་རུར་གྱུར་པས་ཞེ་སྡང་ཡུལ་དག་ནས་མེད་པར་སོང་སྙིང་གར་ཐིམ་པ་སྔར་ལྟར་རོ། །སྨིན་མཚམས་ཐད་ཀྱི་ནམ་མཁར་བསྒོམ་པ་དང་། དངོས་གཞི་སྔར་ལྟར་ལ་བགེགས་སེལ་གུ་རུ་མཐིང་ག་སྙིང་གར་ཐིམ་པའི་བར་དམར་སྨུག་དང་འདྲ་དེ་ནས་ཐིག་ལེ་དཀར་དམར་གྱི་སྤྱི་བོ་དང་སྟེང་འོག་སོ་སོར་སོང་། རླུང་རོ་རྐྱང་ནས་མར་བྱུང་དབུ་མ་རྒྱུད་ཨ་ཤད་བསྐུལ་བས་མེ་འབར་རྩ་འཁོར་རྣམས་རིམ་པར་བསྲེགས་ལུས་ཐམས་ཅད་མེས་གང་། །ཕྲོ་དང་ཤེས་པ་དེ་ནས་ཕྱིར་འཕྲོས་འཇིག་རྟེན་མེས་གང་བསྲེགས་རང་ལུས་ཀྱང་ལྕགས་གོང་མེ་འབར་བ་ལྟར་བསྒོམས་པས་ཆགས་(༣ན)


GLG025_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ཞི་བར་འགྱུར་རོ། །རྫིང་འཁོར་གེགས་བྱུང་ན། །ལྟེ་བའི་གནས་ནས་མེ་འབར་སྣོད་བཅུད་དང་། །ཕུང་ཁམས་བསྲེགས་ནས་སྟོང་ཉིད་ངང་ལ་འཇོག །ཡང་དངོས་གཞི་སྔར་ལྟར་ལ་དུག་ལྔ་ཆ་མཉམ་གྱི་བགེགས་ཅེས་ལ་གུ་རུ་མཐིང་མ་དག་སྙིང་གར་སྒོམ་ཡང་ཐིག་ལེར་བཞུ་ལྟེ་བར་ཐིམ། ཕྲོ་ན་གུ་རུ་མཐིང་ག་སྙིང་ཐད་བསྒོམས། །དེ་ཡང་འོད་ཞུ་རང་ལ་ཐིམ་པར་བསམ། །སྐབས་འགར་བདེ་སྡུག་རེ་དོགས་སྣ་ཚོགས་པའི། །སྣང་བ་གང་གུ་རུ་མཐིང་གར་བསྒོམས་པ་དེས་དུག་ལྔའི་བགེགས་མ་སེལ་ན་འདི་ལྟར་སྒོམས། ཤར་ཆུ་ཡི་རི་མོ་བར། །སྦྲུལ་མདུད་བཞིན་དུ་རང་གྲོལ་ངང་ལ་བཏང་། །དེ་ལ་མ་གནས་ཡང་དུག་ལྔའི་གེགས་ཆུའི་རིམ་སོགས་ཀྱི་མ་སེལ་ན་གུ་རུ་ལ་མཚོན་ལྟ་བུར་བསྒོམ་པ་དང་ལྟེ་བར་ཐིམ། གུ་རུ་འོད་ལྔ་ཡི། །རྣམ་པར་སེམས་གཏད་འོད་ཞུ་རང་ལ་ཐིམ། །འཛིན་མེད་ངང་ལ་ཞག་གཅིག་མཉམ་པར་བཞག །དེ་ནས་ལུས་སེམས་སྣང་སེམས་བརྟག་པར་བྱ། ལུས་སེམས་སོ་སོ་ཡིན་ན་སྤྱི་དང་བྱེ་བྲག་གི་ཁྱད་མང་བས་ལུས་སེམས་ཀྱང་མིན་སེམས་ལུས་ཀྱང་མིན་ཏེ་ལུས་སེམས་ལྟར་མི་མཐོང་དགོས་པ་ལ་མཐོང་སེམས་ལུས་ལྟར་མཐོང་རེག་དགོས་པ་ལ་མེད་དེས་མཚོན་སེམས་ཕྱི་སྣང་བ་སྣོད་བཅུད་མིན་ལ་ཚུར་ཡང་མིན་པས་ལུས་སེམས་དང་སྣང་སེམས་ཐམས་ཅད་དབྱེར་མེད་ཏུ་བྱའོ། །བྱུང་གནས་འགྲོ་གསུམ་བརྟགས་ལ་ཕུ་ཐག་བཅད། དང་པོ་གང་ནས་བྱུང་བར་དུ་གང་དུ་གནས་མཐར་གང་དུ་འགྲོ་ལྟས་ཚེ་ངོས་བཟུང་རྒྱུ་མེད་དེ། །དེ་ནས་སེམས་ཉིད་སྟོང་གསལ་འཛིན་མེད་དེ། །ཡེ་ནས་སྐུ་གསུམ་ཡིན་པར་ངོ་སྤྲད་དེ། །ངོ་བོ་སྟོང་པ་ཆོས་སྐུ་དེ་ཡི་མདངས། གནས་དག་པ། །རང་བཞིན་གསལ་བ་ལོངས་སྤྱོད་འཇའ་ཚོན་ལྟར་ལྷུན་གྲུབ། རྫོགས་སྐུ་དང་། །ཐུགས་རྗེས་ཅིར་ཉི་མ་ནམ་མཁའ་ལ་ཤར་ཀྱང་འོད་ས་ལ་འགྱུར་བ་ལྟར། ཡང་མ་འགགས་སྤྲུལ་སྐུ་དེ། །དོན་ལ་རང་རིག་མ་བཅོས་རྗེན་པ་འདི། གསལ་ཙམ་ན་སྟོང་སྟོང་ཙམ་ན་གསལ། གསལ་སྟོང་དབྱེར་མེད་སྣང་སྟོང་དབྱེར་མེད་ངང་། སྣང་ཙམ་ན་སྟོང་སྟོང་ཙམ་ན་སྣང་བ་ལ། །རིག་སྟོང་རིག་རིག་ཝལ་ཝལ་ཁྱུག་ཁྱུག་དེ་ལ་བལྟས་པས་ཀྱང་རིག་ཙམ་ན་སྟོང་སྟོང་ཙམ་ན་(༣བ)


GLG025_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

རིག །དབྱེར་མེད་གསལ་ལེ་སིང་ངེ་བ། གསལ་ལེ་སིང་ང་ཡི་རེ་བ་གསལ་སྟོང་འཛིན་མེད་རང་བབས་སུ་ཤིག་གོ་རང་གྲོལ་དུ་ལྷོད་ངེ་འཇོག །ཡེ་རེ་སྤྲོས་པའི་མཐའ་དང་བྲལ་བ་འདི། །ཡེ་ནས་སྐུ་གསུམ་བླ་མ་རང་སེམས་ཐིག་ལེ་དང་དེ་ལ་བྲམ་བསྟིམ་པས། རང་བཅས་ཡིན། །དེ་ལས་ལོགས་སུ་ཞི་དང་ཁྲོ་བོ་སོགས། །སངས་རྒྱས་ཡར་ལ་འཚོལ་བའི་རེ་བ་དང་། །མར་ལ་ངན་སོང་འཁོར་བར་ལྷུང་དོགས་པའི། །རེ་དོགས་དང་བྲལ་བར་དོ་རྣམ་གསུམ་གཅོད། །འཁོར་འདས་ཤན་བྱེད་བེམ་རིག་མགོ་རྟགས་བྱེད། །གཟུང་འཛིན་རང་གྲོལ་འོད་གསལ་མ་བུ་སྤྲོད། །རང་རིག་རང་ངོ་མ་བཅོས་ཐོད་ཕྲེང་རྩལ། །ཞེས་པའི་དགོངས་དོན་མཐར་ཐུག་ཁྲིད་ཡིག་གི །ཟིན་བྲིས་ཡང་ཐིག་གཅེས་སྒྲོན་གསལ་བྱེད་འདི། །རིགས་འཛིན་བརྒྱུད་པའི་གསུང་རྒྱུན་མ་ཉམས་པ། ཀུན་ཏུ་བཟང་། རིགས་ལྔ། ཕྱག་རྡོར་སྨུག་ནག་དབང་གི་མཁའ་འགྲོ་མ། ཚངས་པ། བརྒྱ་བྱིན། འཇོག་པོ། རྒྱལ་པོ་ཛ། ཤཱཀྱ་པྲ་བྷ། པདྨ་འབྱུང་གནས། །བཀའ་གཏེར་སྙན་བརྒྱུད་འཛིན་པའི་ལྡུམ་བུ་པ། བི་མཱ་ལ། ཤཱི་ལ་མཉྫུ། མཁར་ཆེན་བཟའ། སྣ་ནམ་པ། གཏེར་སྟེན་ཡབ་སྲས། སངས་རྒྱས་བྱམས་བཟང་། སེ་ཉི་མ་བཟང་པོ། སེ་མགར་པ་རྒྱལ་མཚན། སེ་རིན་ཆེན་རྒྱལ་མཚན། ཟླ་བ་མགོན་པ། འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན། ཐུགས་སྲས་བློ་གྲོས་རྒྱལ་མཚན། མཁན་བྱམས་པ་བཟང་པོ། བྱ་བཏང་ཀུན་བཟང་ཉི་མ། རྫོགས་ཆེན་འབྲུག་སྒྲ་བཟང་པོ། དར་སྡིངས་པ་འཕྲིན་ལས་ལྷུན་གྲུབ་སྟེ། །འཕྲིན་ལས་རབ་རྩ་ཚིག་མཆན་བུ་གསལ་བའི་རྡོ་རྗེའི་ཚིག །རྗེ་བཙུན་བླ་མའི་གསུང་རྒྱུན་མ་ཉམས་པ། བརྗེད་ངེས་འཇིགས་པ་སྤང་བར་བྱ་བའི་ཕྱིར། །གང་ཤར་རང་སར་གྲོལ་དེསབཀོད་པ་དགེ། །གཉགས་ཛྙཱ་ན་ཀུ་མཱ་རའི་སྐྱེ་སྤྲུལ་ཟུར་ཆེན་འཇམ་དབྱངས་བླ་མ། རྒྱས་གང་དེས་བྲིས་པ་ལ། །ནོངས་པ་དཔལ་སྔགས་ཀྱི་སྲུང་མ་ཨེ་ཀ་ཛཱ་ཏིས། མཆིས་ན་ཆོས་སྲུང་ཀུན་ལ་བཤགས། །དགེ་འདིས་ཀུན་བཟང་གདོད་མའི་ས་ཐོབ་ཤོག །སརྦ་མངྒ་ལཾ།


previousརྡོ་རྗེ་དྲག་པོ་རྩལ་གྱི་རྩ་ཚིག་རྡོ་རྗེའི་མདུད་འགྲོལ།next