Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
རྫོགས་ཆེན་མཁའ་འགྲོ་སྙིང་ཏིག་གི་འཁྲིད་ཡིག་མཆན་གསལ་འབུམ་ཕྲག་སྣང་བཞིའི་འོད་ཟེར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྫོགས་ཆེན་མཁའ་འགྲོ་སྙིང་ཏིག་གི་འཁྲིད་ཡིག་མཆན་གསལ་འབུམ་ཕྲག་སྣང་བཞིའི་འོད་ཟེར།next

རྫོགས་ཆེན་མཁའ་འགྲོ་སྙིང་ཏིག་གི་འཁྲིད་ཡིག་མཆན་གསལ་འབུམ་ཕྲག་སྣང་བཞིའི་འོད་ཟེར།


GLG025_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ཆེན་མཁའ་འགྲོ་སྙིང་ཏིག་གི་འཁྲིད་ཡིག་མཆན་གསལ་འབུམ་ཕྲག་སྣང་བཞིའི་འོད་ཟེར་ཞེས་བྱ་བ་བཞུགས་སོ།།


GLG025_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པ་ཆེན་པོ་སེམས་ཀློང་མན་ངག་གི་སྡེ་གསུམ་གྱི་ནང་ནས། མན་ངག་གི་སྡེའི་ཡང་སྙིང་མཁའ་འགྲོ་སྙིང་ཏིག་གི་སྐོར་དཔོན་སློབ་ཀྱི་འགྲེལ་པ་བརྟག་པ་ནས་བཟུང་དབང་ཁྲིད་ལུང་གསུམ་སྤེལ་མར་མཛད་པའི་ཤིན་ཏུ་རྒྱས་པའི་ལུགས་ཡོད་ཀྱང་དེང་སང་འཇུག་པ་བདེ་བའི་དབང་དུ་བྱས་ནས་མི་མཛད་པ་ཤས་ཆེ། ལ་མ་སྨིན་པ་སྨིན་པར་བྱེད་པ་དབང་། སྨིན་ཟིན་གྲོལ་བར་བྱེད་པ་ཁྲིད་ཀྱི་རིམ་པ་གཉིས། ཕྱི་མ་ལ་གྲོལ་ལམ་གཙོ་བོར་སྟོན་པ་དང་། ཆགས་ལམ་གཙོ་བོར་སྟོན་པ་གཉིས། དང་པོ་ལ། རྒྱ་ཆེ་བ་པཎྜི་ཏའི་ཆོས་སྐོར་དང་། ཤིན་ཏུ་ཟབ་པ་ཀཱུ་སཱ་ལིའི་འདི་ལ་སྤྱིར་བཤད་ན་མང་དུ་ཡོད་ཀྱང་བྱེ་བྲག་པད་གླིང་པའི་བརྒྱུད་ཀུན་བཟང་དགོངས་འདུས། མ་རྒྱུད་ཀློང་གསལ། རྒྱུད་བུ་ཆུང་གསུམ་ལ་ངོས་འཛིན། མཁའ་འགྲོ་སྙིང་ཏིག་དང་དེའི་གསལ་བྱེད་ཡང་ཏིག་ཡིད་བཞིན་ནོར་བུ་གཉིས་ཡིན། ཆོས་སྐོར་གཉིས། ཕྱི་མ་ལ་བརྩོན་འགྲུས་རབ་ཚེ་འདིར་འཚང་རྒྱ། འབྲིང་བར་དོ། ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་དུ་འཚང་རྒྱ་བ་དང་གསུམ། དང་པོ་ལ། སྔོན་འགྲོ་སེམས་ཀྱི་ཁང་བུ་བཤིག་ནས་རང་བཞིན་མ་བཅོས་པར་སྣལ་དུ་དབབ་པ། དངོས་གཞི་ནས་ལུགས་ཀྱི་དོན་གཏན་ལ་དབབ་སྟེ་འོད་གསལ་ཆོས་སྐུ་གཅེར་མཐོང་དུ་ངོ་སྤྲོད་པ། རྗེས་སྣང་ཉམས་ཀྱི་འཆར་ཚུལ་བསྟན་ནས་ཉམས་(༢ན)


GLG025_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ལེན་ཚུལ་བཤད་པ་དང་གསུམ། དང་པོ་ལ། འཁོར་བ་ལས་ངེས་པར་འབྱུང་བ་ཐུན་མོང་གི་སྔོན་ཡང་ཏིག་ཁྲིད་ཡིག་ཉི་ཟླ་གཟའ་སྐར་གྱི་ས་བཅད་ལ་བརྟེན་ཁྲིད་ཡིག་ནོར་བུ་ལུགས་དང་། དགེ་བ་གསུམ་གྱི་ཁྲིད་ཡིག་བྱང་ཆུབ་ལམ་བཟང་ནས་ཁ་བཀང་པས་རཏྣའི་ཀློང་གསལ་སོགས་རྫོགས་ཆེན་སྤྱི་འགྲོའི་འཆད་ལུགས་དང་མཐུན། མཁའ་འགྲོ་སྙིང་ཏིག་གི་བཏགས་གྲོལ་སྙིང་པོའི་དོན་ཁྲིད་ལས། མི་རྟག་སྙིང་རྗེ་བྱང་སེམས་བསྒོམ། ཞེས་པའི་རྩ་བ་ལ་བརྟེན་བཀྲ་བཟང་བ་ཕྱོགས་ཀྱིས་འཆད་ཚུལ་ས་བཅད་གཉིས་སུ་བྱས་ནས། མི་རྟག་ཅེས་པར། དལ་འབྱོར་རྙེད་དཀའ། མི་རྟག་པའི་ཚུལ་ལ་བསམས་ནས་ལས་འདུས་ཀྱི་ངང་ཚུལ། མི་དགེ་བས་འཕངས་པས་ངན་སོང་གི་སྡུག་བསྔལ། ཀུན་དཀྲིས་ཀྱི་དགེ་བས་མཐོ་རིས་ཐོབ་ཀྱང་སྡུག་བསྔལ་མྱོང་ཚུལ། རྣམ་དག་གི་དགེ་བ་ལ་བརྟེན་ནས་ཐར་པ་ཐོབ་ཚུལ། ཚུལ་དེ་ལ་བསམས་ནས་རྒྱུ་འབྲས་ཀྱི་འདོར་ལེན། སྡུག་བསྔལ་ལས་སྐྱོབ་པའི་ཕྱིར་དུ་སྐྱབས་འགྲོ་དང་བཅས་པ། གཉིས་པ་བྱམས་སྙིང་རྗེ་བྱང་སེམས་བསྒོམ་པའི་ཚུལ་ལ། ཀུན་རྫོབ་སྨོན་འཇུག་གི་སེམས་བསྐྱེད་དང་། དོན་དམ་སེམས་བསྐྱེད་གཉིས། དེའི་མཇུག་ཏུ་ཡིག་བརྒྱ། མཎྜལ། བླ་མའི་རྣལ་འབྱོར་རྣམས་སྟོན་པ་ལྟར་མཛད་ཀྱང་ཆོག་གོ །འགྲོ། གནས་ལུགས་གཏན་ལ་དབབ་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་དང་གཉིས། དང་པོ་ལ། སྣང་སྲིད་བླ་མའི་ལམ་ཁྱེར་བཀྲ་བཟང་བའི་ལུགས་དེ་ཤེ་པན་ནས་རྗེ་རང་བྱུང་བར་བརྒྱུད་པའི་གཏེར་གཞུང་སོར་གནས་ཀྱི་ཁྲིད་ཚུལ་ཡིན་པ་དོན་ལ་ཁྱད་པར་མེད་ནའང་(༢བ)


GLG025_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

དར་རྒྱས་ཆོས་སྡིངས་ཕྱོགས་ཀྱི་རྒྱུན་ཕྱག་ལེན་བདེ་བའི་གཤིས་ཡང་ཏིག་གི་ཁྲིད་ཡིག་གསེར་འཕྲེང་གི་ས་བཅད་སོར་བཞག་པ་ཡིན། སྒྲིབ་སྦྱོང་ཚོགས་གསོག་མཎྜལ་གྱི་ལམ་ཁྱེར། འཁོར་བ་རྒྱུ་འབྲས་ཀྱི་ལམ་ཁྱེར། ཚེ་མི་རྟག་པའི་ལམ་ཁྱེར། བྱམས་སྙིང་རྗེ་བྱང་སེམས་ཀྱི་ལམ་ཁྱེར་དང་ལྔ། དང་པོ་ལ། སྐྱབས་འགྲོ་དང་སེམས་བསྐྱེད་གཉིས། དང་པོ་ལ། སྐྱབས་འགྲོ་དང་འབྲེལ་བ་བླ་མའི་རྣལ་འབྱོར་གསེར་འཕྲེང་གཞུང་བཞིན་དངོས། རྗེས་ཐོབ་བླ་མ་རང་ལ་བསྟིམ་ཟིན་རྗེས་སླར་ཡང་སྣོད་གཞལ་ཡས་ཁང་བཅུད་བླ་མ་སྒྲར་གྲགས་པ་སྔགས་ཀྱི་གདངས་སུ་བལྟ། ཀྱི་ཉམས་ལེན། ཉལ་བའི་རྣལ་སྙིང་གར་བླ་མ་ཡབ་ཡུམ་སོར་གང་པ་ཞིག་ལ་དམིགས་པ་གཏོད། འབྱོར་དང་གསུམ། གཉིས་པ་ལ། ཀུན་རྫོབ་སེམས་ཅན་གྱི་དོན་དུ་ལམ་འདི་ཉམས་སུ་ལེན་སྙམ་པ། སེམས་བསྐྱེད། དོན་དམ་སེམས་ཅན་རྣམས་ཡེ་ནས་སངས་རྒྱས་ཡིན་པ་ཤེས་པར་བྱ་བའི་ཕྱིར་དུ། སེམས་བསྐྱེད་གཉིས། གཉིས་པ་སྒྲིབ་སྦྱོང་ཚོགས་གསོག་མཎྜལ་གྱི་ལམ་ཁྱེར་ལ། རྡོར་སེམས་གསེར་འཕྲེང་ན་མི་གསལ་བ་ཉི་ཟླ་གཟའ་སྐར་གྱི་རྩ་ཐོ་བཞིན་དགེ་བ་གསུམ་ཁྲིད་ནས་ཁ་བཀང་། སྒོམ་བཟླས་དང་མཎྜལ་གཉིས། དང་པོ་ལ། དངོས་གཞི། རྗེས་སྣོད་གཞལ་ཡས་ཁང་། བཅུད་རྡོར་སེམས། སྒྲ་ཡིག་བརྒྱའི་གདངས། ཐོབ། ཉལ་བའི་རྣལ་སྙིང་གར་རྡོ་རྗེ་སེམས་དཔའ་ཡབ་ཡུམ་སོར་གང་ཙམ་ལ་སེམས་གཏད། འབྱོར་དང་གསུམ། གཉིས་པ་དངོས་གཞི་དང་རྗེས་གང་སྣང་ཐམས་ཅད་མཆོད་རྫས་སུ་ཤེས་པ། ཐོབ་གཉིས། དང་པོ་ལ། སྤྲུལ་སྐུའི་མཎྜལ། ལོངས་སྐུའི་མཎྜལ། ཆོས་སྐུའི་མཎྜལ་དང་གསུམ། གསུམ་ག་ལ་གང་ལ་འབུལ་བར་བྱ་བའི་ཡུལ། གཞུང་བཞིན། གང་འབུལ་བར་བྱ་བའི་དངོས་པོ་སྤྲུལ་སྐུ་ལམ་དག་པ་སྲིད་པའི་འདོད་ཡོན། ལོངས་སྐུ་ལ་དག་པ་ཚངས་པ་རྔ་སྒྲའི་ཞིང་ཀུན་བཟང་མཆོད་སྤྲིན་གྱི་གང་བ། ཆོས་སྐུ་ལ་འོད་ཟེར་རྡོ་རྗེ་སྙིང་པོའི་ཞིང་ཁམས་རང་བཞིན་གྱིས་རྣམ་པར་དག་ཅིང་ལྷུན་གྱིས་གྲུབ་པས་མཆོད་བྱ་མཆོད་བྱེད་མཆོད་ཡུལ་ཐམས་ཅད་(༣ན)


GLG025_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་སྟོང་པ་རྣམ་པ་ཡེ་ཤེས་ལྔའི་གདངས་མ་འགགས་ཙམ་དུ་འོད་ལྔའི་ཐིག་ལེའི་མཎྜལ། འབུལ་བ་པོའི་མཁན་པོ་དང་གསུམ། གསུམ་པ་འཁོར་བ་རྒྱུ་འབྲས་ཀྱི་ལམ་ཁྱེར་ལ། དངོས་འབྲས་བུ་ལས་རྒྱུ་དཔོག་པའི་ཚུལ་གྱིས་ལས་དཀར་ནག་གི་འབྲས་བུ་བདེ་སྡུག་དེ་ལ་འདོར་ལེན་དེ་ཡང་དལ་རྟེན་ལ་སྒྲུབ་པ། གཞི་དང་། རྗེས་ཐོབ་དགེ་བ་ལ་སྤྲོ་ཞིང་མི་དགེ་བ་ལ་ཞེན་པ་ལོག་པ། གཉིས། བཞི་པ་ཚེ་མི་རྟག་པའི་ལམ་ཁྱེར་ལ། ངེས་པར་སྔར་བྱུང་བ་མཐའ་དག་ཕ་རོལ་ཏུ་སོང་ཚུལ་སོགས་འཆི་ངེས་པར་ཐེ་ཚོམ་མེད་པ། འཆི་བ། མྱུར་དུ་འཆི་བ། ལྟག་ཆུ་ཆད་པའི་རྫིང་བུ་ཞབས་བརྡོལ་ལྟ་བུ། དེ་རིང་ཡང་མི་འཆི་༸ལུས་ཀྱི་སྤྱོད་ལམ། ངག་གི་སྨྲ་བརྗོད། ཡིད་ཀྱི་རྟོག་དཔྱོད་བྱེད་བཞིན་པའི་ངང་ནས་གཟའ་གདོང་ཐུག་ལྟ་བུས་སྐད་ཅིག་ལ་འཆི་བས་ལུས་ནམ་མཁའི་གཞའ་ཚོན། སྙན་གྲགས་བྲག་ཆ། ནོར་རྫས་སྦྲང་རྩི། འཁོར་གཡོག་ཚོང་འདུས་ཀྱི་མགྲོན་པོ་ལྟ་བུ་སྟེ། མཁར་རྫོང་བརྩིགས་པ་ཞིག་པ། ནམ་ཟླ་དུས་བཞིའི་འགྱུར་ཚུལ། བཅུད་ཀྱི་སེམས་ཅན་གྱི་ངང་ཚུལ་བསམས་པའི་འཆི་བ་མི་རྟག་པ་རབ་སྐྱེས་པ་ལ་ཆོས་པ་རབ་སོགས་འབྱུང་བ། བའི་ངེས་པ་མེད་པ། རྗེས་ཐོབ་གང་སྣང་ཐམས་ཅད་ལ་མི་རྟག་པའི་འདུ་ཤེས། དང་བཞི། ལྔ་པ་བྱམས་སྙིང་གསེར་འཕྲེང་དུ་བྱམས་པ་སྔོན་ལ་གསུངས་ཀྱང་ཀུན་མཁྱེན་པའི་གཞུང་གཞན་ཚོར་སྙིང་རྗེ་སྔོན་ལ་མཛད་པ་ནམ་མཁའ་ལྟར་སེམས་ཅན་ལ་མཐའ་མེད་པ་ཐམས་ཅད་ཕ་མ་ཡིན་པ། ཚེ་འདིའི་མ་དཔེར་མཚོན་ནས་བསམས་པས་དེ་ལ་བྱམས་པ་སྐྱེ་བས་མར་གྱུར་དུས་གྲང་བའི་དུས་གོས་དང་། ཚ་བའི་རེག་བྱ་ལ་ཕུ་བཏབ་པས་མཐའ་བརྟེན་པའི་ཕན་བཏགས་ན། ལ་ལ་དམྱལ་བ་ཚ་གྲང་གིས་ཉེན་བཞིན་པ་ལའང་ཕན་ཐབས་ག་ལ་ཡོད་ཅིང་། མ་ཡུལ་དུ་བྱས་ནས་ལས་བསགས་ཏེ་དུག་གསུམ་གྱི་སྡུག་བསྔལ་ལ་སྤྱད་ན་མི་རུང་སྙམ་པས་ངག་ནས་ཀྱང་བདེ་བ་ཐོབ་ཅིང་སྡུག་བསྔལ་དང་བྲལ་བའི་གསལ་གང་མང་འདེབས། བྱང་སེམས་ཀྱི་སྐབས་གཏོང་ལེན་ཡང་ཡང་བྱེད༔ རྗེ་བྱང་སེམས་བསྒོམ་ཚུལ་ལ། སྙིང་རྗེ་བསྒོམ་པ། བྱམས་པ་བསྒོམ་པ། བྱང་ཆུབ་ཀྱི་སེམས་བསྒོམ་པ། རྗེས་ཐོབ་དང་བཞི། གོམས་པའི་ཤུགས་ཀྱིས་གཏོང་ལེན་ངང་གིས་(༣བ)


GLG025_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་དགོས། ཐུན་མོང་གི་སྔོན་འགྲོ་ལྔ་པོའི་དགོས་པ་ལའང་གཉིས་ཏེ། གནས་སྐབས་སུ་བླ་མའི་རྣལ་འབྱོར་གྱིས་བྱིན་རླབས་ཀྱི་སྒོ་འབྱེད། ཡིག་བརྒྱས་སྒྲིབ་པ་འདག །མཎྜལ་གྱིས་ཚོགས་གསོག །རྒྱུ་འབྲས་བསམས་པས་དགེ་སྡིག་གི་མཚང་ཤེས། མི་རྟག་པས་ངེས་འབྱུང་དང་སྐྱོ་ཤས་སྐྱེ། སྙིང་རྗེ་བྱང་སེམས་ཀྱིས་ཐེག་ཆེན་ལམ་དུ་འགྱུར་བ་དང་། མཐར་ཐུག་སངས་རྒྱས་ཐོབ་པའི་དགོས་པ་ཡོད་དོ། །གཉིས་པ་གནས་ལུགས་གཏན་ལ་དབབ་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ། འཁོར་འདས་རུ་ཤན་དབྱེ་བ། སྒྲིབ་པ་སྦྱང་བ། སྔོན་འགྲོ་དངོས། སྣལ་དུ་དབབ་པ་དང་བཞི། དང་པོ་ལ་གཞི་བདག་གཏོར་མ། འདས་རྗེས་ལ་ལུས་ཀྱི་སྔོན་འགྲོ་བྱ་བའི་ཕྱིར། རིགས་དྲུག་སྤྱོད་པ་སྣ་ཚོགས་བྱ། །དཀོན་ཅོག་གསུམ་གྱི་སྤྱོད་པ་དང་སྤྱད་ཞེས་གསུངས་པས། རང་གི་གནས་ཁང་མ་ཡིན་པའི་དུར་ཁྲོད་ལྟ་བུ་གཉན་ས་ཡིན་ན་དགོས། རྡོ་རྗེ་རྩེ་ལྔའི་སྟེང་དུ་བླ་མ་བསྒོམ་པ། སེམས་བསྐྱེད་ནས་ཀུན་བཟང་ཡབ་ཡུམ་བསྒོམས་པས་བར་ཆད་སེལ་ཞིང་བྱིན་རླབས་འཇུག །རིགས་དྲུག་གི་སྤྱོད་པ། སྔོན་ཆད་རིགས་དྲུག་གི་སྤྱོད་པ་སྣ་ཚོགས་བྱས་པར་གྲོགས་ཀྱི་སྐྱོན་མཚང་རིག་པའམ་ནང་སློང་བའི་ཟས་ལ་ཞེན་པ་ལོག་པ་ལྟར་དེའི་གཉེན་པོ་ཐེག་པ་ཐུན་མོང་བར། བྱམས་པ་དང་། མི་སྡུག་པ། གསང་སྔགས་ཕྱི་མ་ལ་རྣམ་པ་གཞན་དུ་གྱུར་ཀྱང་མ་དག་པའི་སྣང་བ་འདི་ཉིད་ཀྱི་སྤྱོད་པས་བསྒྱུར་བ། དྲི་མས་དྲི་མ་བཀྲུ་བ་དང་། དུག་གིས་དུག་ནི་འཇོམས་པར་བྱེད། ཅེས་པ་ལྟར། ཡང་སོས་སོགས་དམྱལ་བའི་ལུས་ཀྱི་རྣམ་འགྱུར། ཨ་ན་ཨ་ཚས་སོགས་ངག་གི་བརྗོད་པ། འཇིགས་སྐྲག་དང་སྡུག་བསྔལ་བསམ་པས་མཚོན་རིགས་དྲུག་སོ་སོའི་དགའ་སྡུག་སྣ་ཚོགས་བྱང་དགོས་པ་ནི་སྒོ་གསུམ་གྱི་སྡིག་པའི་དག །བར་གཅོད་ཞི། མངོན་ཞེན་ལྡོག །མཐར་ཐུག་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དུ་འཚང་རྒྱའོ། །དཀོན་མཆོག་གསུམ་གྱི་སྤྱོད་ཚུལ་དང་བཞི། རྒྱལ་བ་ཞི་ཁྲོའི་སྐུ་གསུང་ཐུགས་ཀྱི་མཛད་སྤྱོད་ལ་བསླབ། གཉིས་པ་ལ། སྦྱང་གཞི་ལས་ཉོན་གྱིས་སྤགས་བས་ལུས་(༤ན)


GLG025_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

འདི་མི་གཙང་བའི་སྣོད་དང་འདྲ་བས། ཀླད་རྒྱའི་སྟེང་ན་ལྷའི་ས་བོན་ཨ་དཀར་པོ། མགྲིན་པར་ལྷ་མིན་གྱི་སུ་སེར་ནག །སྙིང་གར་མིའི་ནྲྀ་སྔོ་ནག །ལྟེ་བར་དུད་འགྲོའི་ཏྲི་ལྗང་སེར། གསང་གནས་སུ་ཡི་དྭགས་ཀྱི་པྲེ་དམར་ནག །རྐང་མཐིལ་གཡོན་དུ་དམྱལ་བའི་དུ་ནག་པོ། ཐམས་ཅད་ཀྱང་ལས་ཉོན་གྱིས་ནག་ཚུབ་ངེ་མི་གསལ་བའོ། །དེ་ལྟར་ཡང་ཐལ་འགྱུར་ལས། ལུས་ནི་མ་རིག་རྒྱུས་བསྐྱེད་ཕྱིར། །རིགས་དྲུག་ས་བོན་ཉིད་དུ་གནས། །ཞེས་པའོ། །སྦྱོང་བྱེད་གཉིས། གནས་གསུམ་དུ་སྐུ་གསུམ་གྱི་ངོ་བོ་ཡིག་འབྲུ་གསུམ་ལས་མེ་ཡང་དཀར་དམར་མཐིང་གསུམ་འབར་བས་རིགས་དྲུག་གི་ས་བོན་རྣམས་མེས་མར་བསྲེགས་པ་ལྟར་རྗེས་མེད་དུ་སོང་བར་བསམ། ཐལ་འགྱུར་ལས། རིག་པ་སྐུ་གསུམ་དངོས་ཡིན་ཕྱིར། །ཡེ་ཤེས་ཡི་གེ་འབྲུ་གསུམ་ཤར། །ཞེས་པའོ། །དགོས་པ་ནི། གསུམ་ཐུན་མོང་དུ་སྡིག་པའི་ས་བོན་འདག །མན་ཆད་ཞི། མངོན་ཞེན་ལྡོག །ཕྱིས་འཁོར་བར་མི་ལྡོག་སངས་རྒྱས་ཀྱི་སྐུ་གསུང་ཐུགས་སུ་འཚང་རྒྱ། གསུམ་པ་སྔོན་འགྲོ་ལ། ལུས་ཀྱི་སྔོན་འགྲོ།ཐལ་འགྱུར་ལས། རྡོ་རྗེའི་སྐྱིལ་མོ་ཀྲུང་བཅས་པས། །ལུས་སྦྱངས་སེམས་ལ་ཕན་པའོ། །ཞེས་པས། རྐང་མཐིལ་གཉིས་སྤྲད་པའི། རྩེ་སར་བཙུགས། ལག་མཐིལ་གཉིས་སྤྱི་གཙུག་ཏུ་སྦྱར་བའི་དབྱིབས་རྡོ་རྗེ་རྩེ་གསུམ་པའི་རྣམ་པ་དེ་རྡོ་རྗེ་སྔོན་པོ་རྩེ་གསུམ་པ་མེ་འབར་བ་ཞིག་ཏུ་བསམ། ལག་པའི་ཐལ་མོ་ཕྱི་ནང་ཀློག་པ་ཀོང་པོ་རྫོགས་ཆེན་པས་མཛད་པ་དེ་མཆུན་ཆེ་གསུང་། ངག་གི་སྔོན་འགྲོ །ཡིད་ཀྱི་སྔོན་འགྲོ་དང་གསུམ། གཉིས་པ་ལ། ཐལ་འགྱུར་ལས། ངག་ནི་ཧཱུཾ་ཞེས་གནས་པ་ལ། རྒྱས་གདབ་པ་དང་རྩལ་སྦྱང་བ། གཉེན་ཙམ་ལམ་དུ་ཞུགས་པ་ཡིས། །ངག་སྦྱངས་སེམས་ལ་ཕན་པ་ཡིན། ཅེས་གསུངས་པས། རྒྱས་གདབ་པ། རྩལ་སྦྱང་བ། གཉེན་བཙལ་བ། ཧཱུཾ་གཅིག་ལ་གཅིག་འབྱར་བ་ཁ་ནང་ནས་སྔོ་བྱུར་གྱིས་སང་། མདུན་གྱི་དམིགས་རྟེན་ལ་སྦྲུལ་ལྟར་འགྲིལ། རྩེ་མོར་ཧཱུཾ་སླེབས་པ་དེ་ལ་སེམས་འཛིན། བང་རིམ་གྱིས་གྲོལ་བ་རྩ་བར་སླེབས་པ་ལ་སེམས་འཛིན། མཐར་དམིགས་པ་གང་ལ་ཡང་གཏད་ཆོག །ལམ་དུ་ཞུགས་པ་དང་བཞི། མདུན་དུ་ཧཱུཾ་ཁྲུ་གང་ཙམ་(༤བ)


GLG025_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞིག་སྒོ་སྐས། རྡོ་སྐས་སོགས་ལ་མི་འགྲོ་བ་ལྟར་ཕྱིན་ནས་ལ་ཀླུངས་མང་པོ་བརྒལ། མཚམས་མཚམས་སུ་ཧཱུཾ་ལ་སེམས་འཛིན། མཐར་མི་མངོན་པ་ལྟ་བུར་ཕྱིན་ནས་སླར་ཡང་ཚུར་ལྡོག་གོ །དང་པོ་ལ། ཕྱི་སྣང་བ་ལ་རྒྱས་གདབ་པ། མཆུ་དང་སོ་མ་རེག་ཙམ་གྱི་ངང་ནས་ཧཱུཾ་དལ་བུས་མཉམ་པར་བརྗོད་ཁ་ནང་ནས་ཧཱུཾ་རོང་རོང་ཕྱིར་ཐོན། སྣོད་བཅུད་ཁེངས་རིམ་གྱིས་གདོས་བཅས་ཐམས་ཅད་རང་བཞིན་མེད་པའི་སྟོང་པར་རྟོགས། དེའི་མདངས་ཧཱུཾ་གི་སྣང་བ་མེར་གྱིས་གང་སྙམ་པ་ཆད་པ། དེས་ཇི་གཞན་ལ་འགྲོ །ཧཱུཾ་ཡིག་རླུང་གསུམ་གཅིག་ཏུ་བསྲེས་ནས་བསྒོམས་པས་མྱུར་དུ་སེམས་འཛིན་ནུས་པ་ཡང་བཏག་པའི་མན་ངག་ཡིན་གསུངས། ནང་ཕུང་པོ་ལ་རྒྱས་གདབ་པ། ཕྱི་ནང་གི་ཁྱད་མ་གཏགས་གོང་དང་འདྲ། གཉིས་པ་ལ། ཕྱི་སྣང་བ་ལ་རྩལ་སྦྱང་བ། ཧཱུཾ་ཆེན་པོས་རི་རབ་སོགས་ཆེན་པོ་རྣམས་སྒེའུ་ཁུང་བརྟོལ་བར་ལྟར་ཕུག་པ་ནས་བཟུང་ཡུངས་འབྲུ་ཙམ་པ་རྡུལ་ཕྲན་ཙམ་གྱིས་ཕུག་སྟེ་མཐར་ཕྱི་རོལ་གྱི་སྣང་བ་ཐམས་ཅད་གཞི་མེད་རྩ་བྲལ་དུ་འགྲོ །གོང་དང་འདྲ་ནང་ཕུང་པོ་ལ་རྩལ་སྦྱང་བ། གསུམ་པ་ཡིད་ཀྱི་སྔོན་འགྲོ་ལ། རྩད་བཅད་པ། ལུས་ལ་ནད་དྲག་པོ་བྱུང་བ་གཉིད་ལ་སོང་བའི་དུས་མི་མངོན་པ་དོན་སེམས་ཀྱི་ཐོག་ཏུ་བྱུང་བའི་རྟགས་ཡིན། ཤི་ནས་ལུས་མེས་བསྲེགས་པ་སོགས་རྡུལ་ཕྲན་དུ་འགྲོ་ལ། སེམས་ཀྱི་ཐོག་ཏུ་རིགས་དྲུག་གི་བདེ་སྡུག་མྱོང་བ་རྐུན་མ་རྐུན་ཐོག་ཏུ་ངོས་ཟིན་པ་ལྟ་བུ་སྟེ་ལུས་ངག་ལས་སེམས་གཙོ་བར་ངེས་པའོ། །མཚང་བཙལ་བ། ལུས་ངག་ཡིད་གསུམ་གཅིག་གམ་ཐ་དད། གཅིག་ན་ལུས་ངག་ལྟར་སེམས་མཐོང་ཐོས་སུ་རུང་ཞིང་སེམས་ལྟར་ལུས་ངག་མཐོང་ཐོས་སུ་མ་རུང་བས་དེ་གསུམ་མི་གཅིག་པ་ལྟ་བུ། ཐ་དད་ན་ལུས་རྡུལ་ཕྲན་ཆ་མེད། ངག་རྗེས་མེད་གཏད་ཡལ། སེམས་བྱ་ལམ་རྗེས་མེད་དུ་སོང་ཚེ་སོ་སོའི་གཞི་མ་རྙེད་པར་གཅིག་བྱ་གཅིག་བྱེད་དང་བྲལ། ཐ་དད་བྱ་བྱེད་དང་བྲལ་བས་དེའི་ཚེ་ཡུལ་མང་རྟེན་འབྲེལ་གཅིག་ཏུ་རྟོགས་པས། གཟུང་འཛིན་གྱི་རྩ་བ་ཆད། གཉིས་འཛིན་གྱི་མཁར་པ་འགྱེལ། གནས་ལུགས་བརྟག་པ་དང་གསུམ། གསུམ་པ་ལ་འབྱུང་གནས། ཐལ་འགྱུར་ལས། སེམས་ནི་དང་བ་བྱུངས་དང་། བར་དུ་གནས་དང་ཐ་མར་འགྲོ། །དེ་ལྟར་གསུམ་ལ་བརྟགས་(༥ན)


GLG025_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱད་ན། །སེམས་སྦྱངས་སེམས་ཀྱི་གནས་ལུགས་ཤེས། །ཞེས་གསུངས། འགྲོ་གསུམ། སེམས་འདི་སྣོད་བཅུད་སྤྱི་དང་ཁྱད་པར་རང་གི་སྤྱི་གཙུག་ནས་རྐང་མཐིལ་བར་གྱི་ཆ་ཤས་ཕྲ་མོ་རེ་རེའི་སྟེང་ནས་བྱུང་ས་མ་རྙེད། དེ་བཞིན་དུ་གནས་ས་དང་འགྲོ་ས་ཡང་མ་རྙེད་པས། སྐྱེ་འགག་གནས་གསུམ་དང་བྲལ་ལ། བཞི་པ་སྣལ་དུ་དབབ་པ་ལ། ཀློང་གསལ་ལས། ཀ་དག་དོན་གཉིས་རྟོགས་བྱའི་ཕྱིར། །སྣལ་དུ་ཕབ་ནས་གསང་ཡང་གཞུག །ཅེས་པས། ལུས་ལུས་མི་འགུལ་བས་གདོན་བགེགས་མི་འཇུག །དེ་ལ་བརྟེན་ནས་རྩ་མི་འགུལ། དེ་མ་འགུལ་བས་རླུང་མི་འགུལ། དེ་མ་འགུལ་བས་ཐིག་ལེ་མི་འགུལ། དེ་མ་འགུལ་བས་སེམས་རང་བབས་སུ་གནས་པས་བསམ་གཏན་ངང་གིས་སྐྱེ་བའི་དགོས་པ་ཡོད། སོ་མ་མ་བཅོས་པ་བསྒུལ་བསྐྱོད་དང་བྲལ་བ། ངག་སོ་མ་མ་བཅོས་པ་སྨྲ་བརྗོད་དང་བྲལ་བ། ཡིད་སོ་མ་མ་བཅོས་པ་དགག་སྒྲུབ་དང་བྲལ་བ་དང་གསུམ་མོ། །གཉིས་པ་གནས་ལུགས་ཀྱི་དོན་གཏན་ལ་དབབ་པ་འོད་གསལ་ཆོས་སྐུ་གཅེར་མཐོང་དུ་ངོ་སྤྲོད་པ་ལ། གཞི་ཀ་དག་ཆོས་ཟད་དུལ་ཟླ་བ་ཁྲེག་ཆོད་ཀྱི་གདམས་པ། ལམ་ལྷུན་གྲུབ་འོད་གསལ་དུ་འགག་བསྡམ་པ་ཐོད་བརྒལ་གྱི་གདམས་པ་དང་གཉིས། དང་པོ་ལ། ངོ་སྤྲོད་པ། ཐུན་མོང་མ་ཡིན་པའི་སྔོན་འགྲོའི་དུས་ཟག་མེད་ཀྱི་བསམ་གཏན་སྐྱེས་ཀྱང་ངོས་མ་ཟིན་པས་རང་རིག་རང་གནས་ཀྱི་བསམ་གཏན་ངོ་སྤྲོད་པ་ལ་ཡི་དམ། མཁའ་འགྲོ་ལྔ། བཀའ་སྲུང་བཞིའི་གཏོར་མ། མཆོད་པ། གེགས་གཏོར། ཚོགས་འཁོར་རྣམས་བཤམ། མཁའ་འགྲོའི་ལས་སྦྱང་། བཀའ་སྲུང་གི་གཏོར་བསྔོ། མཆོད་འབུམ་ནས་ཚོགས་འཁོར་རྣམས་སོང་རྗེས་ངོ་སྤྲོད་དཔེ་སྟེང་ནས་ལན་གསུམ་གསུང་། དེ་ཡང་མིག་སྣ་རྩེར་ཕབ། རིག་པའི་ངོ་བོ་ལ་བལྟས་པས་ངོ་བོ་ཆོས་སྐུ་སྐྱེ་མེད་སྟོང་པ། རང་བཞིན་ལོངས་སྐུ་གནས་པ་མེད་པ་གསལ་སིང་ངེ་བ། ཐུགས་རྗེ་སྤྲུལ་སྐུ་གདངས་འགག་མེད་སྣ་ཚོགས་སུ་འཆར་བ། དེའི་ངང་ནས་བྱུང་ཆར་གྱི་རྟག་པ་དང་། (༥བ)


GLG025_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་འཛིན་གྱི་གཉེན་པོས་མ་བསླད་པ་གསལ་ལེ་ཧྲིག་གེ་གནས་པ་བསམ་གཏན་དུག་བྲལ། གནས་སོ་སྙམ་པ་སོགས་དུག་ཅན། རྟོག་པ་དང་བྲལ་བའི་གསལ་སིང་ངེ་བ་མཉམ་བཞག །མཐར་བསམ་གཏན་ལས་ལངས་ཚེ་སྤྲོས་བྲལ་གྱི་ཡེ་ཤེས་ལས་མི་གཡོ་བ་རྗེས་ཐོབ། དེའི་མཇུག་རྟོག་པ་སྣ་ཚོགས་འཕྲོ་བ་རྗེས་ཤེས་ཟེར། ཕྱག་རྒྱ་བ་ཚོ་རྣམ་རྟོག་ལ་བྱ་ར་བྱེད་ཅིང་དེ་འགོག་པས་འདི་དང་མི་མཐུན། རང་ལུགས་རྣམ་རྟོག་དགག་སྒྲུབ་མེད་པ་བྱ་འཕུར་ཡང་ནམ་མཁའ་ལས་མ་འདས་པ་ལྟ་བུ། རྩལ་སྦྱང་བ། བོགས་དབྱུང་བ་དང་གསུམ། གཉིས་པ་ལ། རང་གནས་བསམ་གཏན་གྱི་ངང་དུ་སྦྱང་བ་དང་། རང་གདངས་ཡེ་ཤེས་ཀྱི་རོལ་པས་སྦྱང་བ་གཉིས། དང་པོ་ལ། ངོ་བོ་ངོས་བཟུང་བ་དང་། སྔར་གྱི་གསལ་སིང་ངེ་བའི་ངང་ནས་མིག་གྱེན་དུ་བཏེག་པས་སྔར་གྱི་བསམ་གཏན་དེ་ཞིག་པའི་བྱུང་ཚོར་གྱི་རྟོག་པ་དང་དྲན་འཛིན་གཉེན་པོ་མེད་པའི་ཤེས་པ་རང་གསལ་རྒྱ་ཡན་འཆལ་བ་ཞིག་འཆར་བ་དོན་སྟོང་གསལ་དེ་ག་རྒྱ་ཆེར་སོང་བ་ཡིན། དེ་ལ་རྟོག་པ་ཅི་འཕྲོས་ཀྱང་སྦྲུལ་མདུད་ལྟར་རང་སར་ཞིག་འགྲོ །འདི་མེད་ང་རོའི་འོད་གསལ་སོགས་མི་ཟིན། འདི་ཁོ་ན་མ་བྱས་ལྷུན་གྲུབ་ཀྱི་སྒོམ་པ་ཆུ་བ་ལྟ་བུ་ཡིན་ནོ། །མཉམ་རྗེས་བསྲེ་བ། སྔར་ངོས་ཟིན་པའི་བསམ་གཏན་ལ་གཏན་པ་ཅུང་ཟད་ཐོབ་ནས་ཁྲོ་བོའི་ལྟ་སྟངས། གྱད་ཀྱི་དོར་སྟབས། སེང་གེའི་མཆོད་སྟངས་གསུམ་གྱིས་སྤྱོད་ལམ་ཞི་བ། ཅུང་ཟད་རྩུབ་པ། ཤིན་ཏུ་རྩུབ་པ་གསུམ་གྱིས་སྔར་གྱི་བསམ་གཏན་གྱི་ངང་མ་ཤོར་བར་རྐྱེན་དང་བསྲེ་བར་བྱའོ། །གཉིས་པ་རང་གདངས་ཡེ་ཤེས་ཀྱི་རོལ་བར་རྩལ་སྦྱང་བ་ལ། གནས་པ་སེམས་ཀྱི་རྒྱན། ཆུའི་རླབས་ཇི་ཙམ་གནས་ཀྱང་ཆུ་ལས་མ་འདས་པ་ལྟར་རྟོག་པ་གང་འཕྲོས་པ་དེ་ག་རང་བབས་སུ་བཞག་པས། མཐར་དེ་གའི་ངང་དུ་ཡལ་ལོ། །འགྲོ་མཁན་གྱི་ཤེས་པ་དང་འཕྲོ་བྱའི་ཡུལ་གཉིས་སུ་མ་གྲུབ་པར་གཞི་མེད་རྩ་བྲལ་དུ་གནས་པའོ། །ཁྲོ་བ་སེམས་ཀྱི་རལ་བ། དགག་སྒྲུབ་རེ་དོགས་སོགས་གང་ཤར་གྱི་རྟོག་པ་ལན་དུ་བཅུག་པས་ཆུ་རླབས་བྱུང་ཙམ་ཉིད་ནས་ཆུ་ནང་དུ་ཞིག་འགྲོ་(༦ན)


GLG025_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལྟར། རྣམ་རྟོག་འཕྲོས་ཙམ་སྟོང་གསལ་གྱི་ངང་དུ་ཡལ་ལོ། །གཉིས་མེད་མཉམ་པའི་ངང་དུ་གནས་པ་དང་གསུམ། འགྲོ་གནས་གཉིས་སུ་མེད་པ་སྟོང་གསལ་རྗེན་ནེ་བ་དེ་གའི་ངང་ནས་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ཅི་བྱས་ཀྱང་བསམ་གཏན་ལས་མི་གཡོ་བའོ། །གསུམ་པ་བོགས་དབྱུང་བ་ལ། དུག་ལྔ་རང་གྲོལ། བྱར་བ་སོགས་ཀྱི་ཚེ་དེའི་ངོ་བོ་ལ་བལྟས་པས་ཤེལ་ལ་ཉི་ཞུར་ཕོག་པ་ལྟར་དྭངས་སིང་ངེ་དག་འགྲོ་བས་ཉོན་མོངས་གཞན་ལའང་འགྲེ །དཔེར་ན་འདོད་ཆགས་མི་བཟོད་པ་ཞིག་སྐྱེས་པའི་ཚེ་དེའི་ངོ་བོ་ལ་ཆེར་གྱིས་བལྟས་ནས་ཆམ་གྱིས་བཞག་པས་པད་སྟོང་གཉིས་མེད་དུ་གྲོལ་བ་སྟེ་སློབ་དཔོན་ཆེན་པོས། འདི་ལྟར་ཡིད་ཀྱི་ཡུལ་དུ་འགྱུ་བ་ཡི། །ཞེས་སོགས་ལྟ་བུའོ། །སྒོ་ལྔ་རང་གྲོལ། མིག་ལྟ་བུ་ལ་རྟོག་དཔྱོད་ཐོལ་གྱིས་བྱུང་བ་ན་དེ་གའི་ངང་ལ་བལྟས་པས་ཞིག་འགྲོ་བས་མཚོན། ཚོགས་དྲུག་རང་གྲོལ་དང་གསུམ་མོ། །ལུས་ཀྱི་མཛེས་སྡུག་གི་རྟོག་པ་ལྟ་བུ་ཤར་བ་དེ་གའི་ངང་དུ་འཇིག་པས་མཚོན་སྒྲ་དྲི་སོགས་ལའང་འགྲེའོ། །གཉིས་པ་ལྷུན་གྲུབ་འོད་གསལ་དུ་འགག་བསྡམ་པ་ཐོད་བརྒལ་གྱི་གདམས་པ་ལ། སྔོན་འགྲོ་ཟག་བཅས་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེ་ཚུལ། དངོས་གཞི་དེ་ཉིད་ངོ་སྤྲོད་པ། ཀ་དག་གི་སྐབས་ལྟར་མཆོད་གཏོར་སོགས་སྔོན་དུ་བཏང་ནས་དཔེ་ལན་གསུམ་བཀླགས་ནས་ངོ་སྤྲོད་དོ། དེ་ཡང་ལྔ་ཚན་བདུན་གྱིས་ངོ་སྤྲོད་དེ། སྐུ་ལྔ། ཡེ་ཤེས་ལྔ། རིགས་ལྔ། འོད་ལྔ། རླུང་ལྔ། ཤེས་རབ་ལྔ། མཁའ་འགྲོ་ལྔའོ། །རྗེས་རྣལ་འབྱོར་བཞིའི་སྒོམ་ཚུལ་བསྟན་པ་གསུམ། དང་པོ་ལ། སྒོ་གསུམ་གྱི་བྱ་བ་དགུ་ཕྲུགས་སུ་བཏང་བ། སྒོ་གསུམ་གྱི་གནད་བདུན། ཡེ་ཤེས་གསུམ་གྱི་མཚོན་ཚུལ་བསྟནཔ་དང་གསུམ། ཙིཏྟ་ཤ་སྒྲན་གྱི་ནང་གཞན་དུ་བུམ་སྐུ་རྣམ་དག་དབྱིངས་ཀྱི་སྒྲོན་མའི་མདངས་དཀར་འཇམ་རྩའི་སྒྲོན་མའི་ལམ་རྒྱུད་རྒྱང་གཞག་ཆུ་སྒྲོན་ནས་ཐོན། དབྱིངས་རྣམ་དག་གི་སྒྲོན་མ་ཐིག་ལེ་སྟོང་སྒྲོན་ལུ་གུ་རྒྱུད་འཆར། དེའི་ཚེ་ཀ་དག་དང་ལྷུན་གྲུབ་དབྱེར་


GLG025_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་ཤེས་རབ་རང་བྱུང་གི་སྒྲོན་མ་ངོ་འཕྲོད་པར་འགྱུར་བས་ན་སྙིང་ནས་མིག་ཏུ་འབྲེལ་བའི་རྩ་དར་དཀར་གྱི་སྐུད་པ་ལྟ་བུས་འབྲེལ་བ་དེའི་ནང་ན་ཡེ་ཤེས་རྒྱ་དཀར་གྱི་ཉི་ཞུར་ལྟར་འཆར་བས། མིག་གི་གནད་དུ་གཟིགས་སྟངས་བྱས་ཏེ། ཆོས་སྐུའི་གཟིགས་སྟངས་གྱེན། ལོངས་སྐུ་ཐད་ཟུར། སྤྲུལ་སྐུ་ཅུང་ཟད་ཐུར་དུ་ཕོབ་པ་ཟིམ་ཕུས་བལྟའོ། །དེ་ལྟར་ཡང་། ཐལ་འགྱུར་ལས། ཆོས་སྐུའི་གཟིགས་སྟངས་སེང་གེ་ཡི། །འཁྲུལ་པའི་འཇིགས་པ་ཀུན་བྲལ་ནས། །རྡོ་རྗེེའི་མིག་གིས་མཐོང་བར་འགྱུར། །ཞེས་སོགས་གསུངས་སོ། །དགོས་པ་ནི། གནས་སྐབས་སུ་རིག་པའི་ཡེ་ཤེས་དབང་པོའི་མངོན་སུམ་དུ་གསལ། མཐར་ཐུག་སྣང་གཞི་ཟད་ནས་ལྷག་མེད་དུ་འཚང་རྒྱའོ། །དང་པོ་ལ། ཕྱི་འཇིག་རྟེན་གྱི་བྱ་བཞག་གི་ཆེད་དུ་ལུས་བཀོལ་བ། ནང་ཆོས་ཀྱི་ཆེད་དུ་བཀོལ་བ། གསང་བ་སྒུལ་བསྐྱོད་ཕྲ་མོ་ཙམ་ཡང་སྤོང་། ལུས་ཀྱི་བྱ་བ་གསུམ། ཕྱི་འཇིག་རྟེན་གྱི་གཏམ། ནང་ཁ་ཏོན་གསང་བ་སྨྲ་བརྗོད་ཕྲ་མོ་ཙམ་ཡང་མི་བྱེད། ངག་གི་བྱ་བ་གསུམ། ཕྱི་འཇིག་རྟེན་གྱི་བྱ་བ་བསམ་པ། ནང་སྒོམ་སྒྲུབ་སོགས་བསམ་པ། གསང་བ་རྟོག་པ་ཕྲ་མོའང་སྤངས་པས་བྱར་མེད་ཀྱི་རྣལ་འབྱོར་རྒྱུད་ལ་སྐྱེ་བས་འདས་རྗེས་ལས། གནས་བརྟན་གྲོལ་བའི་གདེངས་ཐོབ་ནས། །ཕྱི་ནང་བྱ་བ་ཀུན་བཏང་སྟེ། །ཞེས་དང་། གློང་གསལ་ལས། མངོན་སུམ་གནད་དུ་དབབ་པའི་ཕྱིར། །ཕྱི་ནང་གསང་བའི་བྱ་བ་ནི། །ལུས་ངག་ཡིད་ཀྱིས་སྒོ་སྤྲུགས་བཏང་། ཞེས་གསུངས། ཡིད་ཀྱི་བྱ་བ་གསུམ། ཐལ་འགྱུར་ལས། མངོན་སུམ་གནད་ནི་ལུས་ངག་སེམས། །སོ་སོའི་གནད་རྣམས་ངེས་པར་བསྟུན །དེ་ཡང་ལུས་ནི་སྐུ་གསུམ་ལས། །རྒྱུན་དུ་འདའ་བར་མི་བྱའོ། །ཞེས་གསུངས་པས། གཉིས་པ་ལ་ཆོས་སྐུ་སེང་རྐང་པའི་མཐིལ་གཉིས་སྤྲད། ལག་གཉིས་རྡོ་རྗེ་ཁུ་ཚུར་བརླའི་ཕྱི་ནང་གང་རུང་དུ་འཛུགས་པ་འདམ་ཁ་ལ་ནང་དུ་འཛུགས་པ་འཆུན་ཆེ། རོ་སྟོད་བརྒྱངས། མིག་གྱེན་ལ་གཏོད་པ་ཆོས་ཉིད་ཀྱི་སྤྱན་སོང་བས་སོ། །ཐུན་མོང་པའི་དགོས་པ་ནང་གི་འབྱུང་བ་ཟད། ཐུན་མོང་མ་ཡིན་པ་ཀ་དག་གི་དོན་རྟོགས། གེའི་ཞུགས་ཚུལ། ལོངས་སྐུ་གླང་པོ་ཆེའི་བཞུགས་ཚུལ། པུས་མོ་གཉིས་དང་ལག་(༧ན)


GLG025_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གྲུ་མོ་གཉིས་ས་ལ་བཙུགས། རྟིང་པ་གཉིས་འཕོངས་ཀྱིས་མནན། གཡས་གཡོན་གྱི་སོར་མོ་བཞིས་འགྲམ་པ་དང་། མཐེ་བོས་ཨོག་མ་བཏེག །མིག་ཐད་ཀར་བལྟ་བ་ཡེ་ཤེས་ཀྱི་སྤྱན་ཡོད། ཐུན་མོང་བ་གཡོ་བྱེད་ཀྱི་རླུང་ཟིན། ཐུན་མོང་མ་ཡིན་པ་ལྷུན་གྲུབ་ཀྱི་ཉམས་འཆར། །སྤྲུལ་སྐུ་དྲང་སྲོང་ཙོག་པུའི་བཞུགས་ཚུལ་དང་གསུམ། རྐང་པའི་ལོང་བུ་གཉིས་སྤྲོད་པ་ཕྱི་ནང་འདེམ་ཁ་ཡིན་ཀྱང་ཕྱི་སྤྲད་པ་འཆུན་ཆེ། ལག་པ་གཉིས་སྣོལ་ནས་པུས་མོ་བསྡམ་པའམ་མེ་ཐབ་དྲུག་ཆིངས་གང་དུ་མིག་ཐུར་དུ་ཟུར་བལྟ་ཟུར་ཁྲིད་ཀྱི་ཚུལ་ཤེས་རབ་ཀྱི་སྤྱན་ཡོད། ཐུན་མོང་བ་དྲོད་སྐྱེ་ཞིང་འབྱུང་བཞི་སྙོམས། ཐུན་མོང་མ་ཡིན་པ་འཁྲུལ་སྣང་ཞིང་ཁམས་སུ་འཆར། དེ་བཞིན་དུ་གསུམ་ག་ལ་སོ་དང་མཆུ་མ་རེག་ཙམ་དུ་རླུང་རང་བབས་སུ་བཞག་པས། ཐུན་མོང་པ་འཁྲུལ་པ་དང་ཉོན་མོངས་པ་མི་འཕེལ། ཐུན་མོང་མ་ཡིན་པ་རིག་པའི་ཀློང་དུ་གྲོལ་ཞིང་། སངས་རྒྱས་ཀྱི་གསུང་གི་ངོ་བོར་འཚང་རྒྱ། སེམས་རྟེན་མེད་ནམ་མཁའ་སྟོང་པ་ལ་མ་ཡེངས་པར་གཏང་བས་ཐུན་མོང་བ་རིག་པའི་ཡེ་ཤེས་དབང་པོའི་སྒོར་འཆར། ཐུན་མོང་མ་ཡིན་པ་ཕུང་པོ་བག་མེད་དུ་འགྲོའོ། །གསུམ་པ་རྣལ་འབྱོར་བཞིའི་བསྒོམ་ཚུལ་ལ། ལྟ་བ། རི་བོང་རྭ་ལྟ་བུའི་སྟོང་པ་མ་ཡིན་པ་གསལ་སྟོང་ཟུང་འཇུག་འཛིན་མེད་རང་གནས་ཀྱི་བསམ་གཏན་ནམ་མཁའ་ལྟ་བུ་མཉམ་བཞག་གི་ལྟ་བ། འཇའ་ཚོན། སྤྲིན། ཆུ་རླབས། སྒྱུ་མའི་རྟ་གླང་ལྟ་བུ་རྗེས་ཐོབ་ཀྱི་ལྟ་བ། སྒོམ་པ། རང་རིག་རང་གསལ་འཕོ་འགྱུར་བྲི་གང་མེད་པ་གསལ་ལེ་སིང་ངེ་གནས་པ་སྤྲོས་པ་ཐམས་ཅད་དང་བྲལ་བར་བསྒོམ་པའོ། །སྤྱོད་པ། དེའི་ཚེ་གང་ལ་ཡང་གཟའ་གཏད་ཆེད་འཛིན་ཞིག་པ་སྨྱོན་པ་ལྟར་བླང་དོར་མེད་པའོ། །འབྲས་བུ་དང་བཞི། གོམས་པ་ཀློང་དུ་གྱུར་པས་དགག་སྒྲུབ་རེ་དོགས་དང་བྲལ་བས་གདོད་མའི་གཞི་ལ་རང་ཤར་རང་གྲོལ་དུ་འགྲོ་བའོ། །ངོ་སྤྲོད་དང་འདིས་ནི། གནས་སྐབས་སུ་ཆོས་ཉིད་ཡིད་སྤྱོད་དུ་མ་ལུས་པར་མངོན་སུམ་དུ་མཐོང་ལ། མཐར་ཐུག་དེ་མཐོང་བའི་གནད་ཀྱིས། དགེ་སྡིག་གིས་མི་གོས་ཤིང་ཚེའི་བར་ཆད་ཀྱང་རང་བཞིན་སྤྲུལ་སྐུའི་ཞིང་དུ་སྐྱེའོ། །སྒྲོན་མ་སྣང་བྱེད་ལས། རི་བོ་ཅོག་བཞག་ལྟ་བའི་ཚད་(༧བ)


GLG025_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོ་ཅོག་བཞག་སྒོམ་པའི་ཚད། །སྣང་བ་གཅེར་བཞག་སྤྱོད་པའི་ཚད། །རིག་པ་ཅོག་བཞག་འབྲས་བུའི་ཚད། །ཚད་བཞི་ལྡན་པའི་རྣལ་འབྱོར་དེ། །ངེས་པའི་དོན་ལ་བློ་འདྲེས་པའོ། །ཞེས་གསུངས་སོ། །གསུམ་པ་སྣང་ཉམས་ཀྱི་སྐྱེ་ཚུལ་བསྟན་ནས་ཉམས་སུ་ལེན་ཐབས་བཤད་པ་ལ། སྣང་བ་བཞིའི་འཆར་ཚུལ། མཐའ་བརྟེན་བཞིའི་རང་བཞིན་གོམས་ཚུལ། གྲོལ་པ་ཆེན་པོ་བཞིའི་རང་ས་འཛིན་ཚུལ་དང་གསུམ། དང་པོ་ལ། ཆོས་ཉིད་མངོན་སུམ། དབྱིངས་ཀྱི་ནང་དུ་རིག་པ་ཚུད་དེ་ཐིག་ལེ་གསུམ་འབྲེལ་གྱི་སྣང་བ་དབང་པོའི་མངོན་སུམ་དུ་གྱུར་པ་ཚུན་ཆད་དོ། །གནས་སྐབས་སུ་ཆོས་ཉིད་ཡིད་སྤྱོད་དང་བྲལ་མཐར་ཐུག་གདོད་མའི་སར་གྲོལ་བའོ། །ཉམས་གོང་འཕེལ། ཐིག་ལེ་རིམ་པར་འཕེལ་བས་གྱེན་འགྲེང་རྩིབས་ཤར་མིག་མངས་རིས་སོགས་འོད་ལྔའི་གུར་ཁྱིམ་ཇེ་ཆེར་འཕེལ་ཞིང་འཆར་བ་དང་། རིགས་ལྔའི་སྐུ་ཕྲ་མོ་འཆར་བ་སོགས་སོ། །རིག་པ་ཚད་ཕེབས། ཐ་མལ་གྱི་སྣང་བ་ཐམས་ཅད་དབྱིངས་སུ་ནུབ་ཏེ་རིགས་ལྔ་ཚོམ་བུའི་དཀྱིལ་འཁོར་ཆེན་པོས་ཁྱབ་པར་སྣང་བས་འོག་མིན་གྱི་ཞིང་ཁམས་ཆེན་པོ་རང་སྣང་བས་ཚད་ལ་ཕེབས། ཆོས་ཉིད་ཟད་པ་དང་བཞི། ཕྱི་ཉམས་སྣང་གི་འཕེལ་ཟད། ནང་སྒྱུ་ལུས་ཀྱི་ཆོས་ཟད། གསང་བ་རྟོག་ཚོགས་ཀྱི་སེམས་ཟད། ཚིག་དང་འཁྲུལ་པ་ཐམས་ཅད་རང་ཟད་དེ། སྣང་དང་མི་སྣང་དུ་འཛིན་པའི་བློ་ཟད་པ་སོགས་སོ། །གནས་སྐབས་སུ་སྣང་བཞིའིཚད་ཀྱི་མཚམས་ཕྱེད། མཐར་ཐུག་ཆོས་ཟད་ལྷག་མེད་དུ་འཚང་རྒྱའོ། །གཉིས་པ། མཐའ་རྟེན་བཞིའི་རང་བཞིན་གོམས་ཚུལ་ལ། མི་འགུལ་བ་གསུམ་གྱི་གཞི་བཅའ་བ། ལུས་མ་འགུལ་བས་རྩ་མི་འགུལ། རྩ་མ་འགུལ་བས་མིག་མི་འགུལ། མིག་མ་འགུལ་བས་རླུང་མི་འགུལ། རླུང་མ་འགུལ་བས་སེམས་མི་འགུལ། སེམས་མ་འགུལ་བས་རྟོག་ཚོགས་རང་སར་དངས་ནས་གནས་པའོ། །སྡོད་པ་གསུམ་གྱི་ཚད་བཟུང་བ། ཕྱི་སྣང་བ་སྡོད། ནང་སྒྱུ་ལུས་སྡོད། གསང་བ་རླུང་སེམས་སྡོད་པའོ། །ཚད་རྨི་ལམ་གྱིས་འཛིན། རབ་ལ་རྨི་ལམ་རྒྱུན་ཆད། འབྲིང་ལ་འོད་གསལ་དུ་འཆར། ཐ་མས་རྨི་ལམ་དུ་ངོ་ཤེས་པའོ། །རྟགས་སྒོ་གསུམ་ལ་འཆར་ཏེ། ཆོས་ཉིད་མངོན་སུམ་གྱི་དུས་ལུས་རུས་སྦལ་འཁར་གཞོང་དུ་(༨ན)


GLG025_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

བཅུག་པ་ལྟ་བུ། ངག་ལྐུགས་པ་ལྟ་བུ་སེམས་བྱ་བརྙིས་བཟུང་བ་ལྟ་བུ། གོང་འཕེལ་ལ། ལུས་སྐྱེས་བུ་ནད་ཀྱིས་གདུངས་པ་ལྟ་བུ། ངག་སྨྱོན་པ་ལྟ་བུ། སེམས་རྩི་དུག་གི་ཟིན་པ་ལྟ་བུ། ཚད་ཕེབས་ལ། ལུས་གླང་ཆེན་འདམ་ཆུད། ངག་གྲུལ་བུམ་ལྟ་བུ། སེམས་སྐྱེས་བུ་འབྲུམ་ནད་བྱང་བ་ལྟ་བུ། ཆོས་ཉིད་ཟད་པའི་ལུས་དུར་ཁྲོད་ཀྱི་མི་རོ་ལྟ་བུ། ངག་བྲག་ཆ། སེམས་ན་བུན་ལྟ་བུའོ། །ཐོབ་སྐྱེ་བ་ལ་རང་དབང་ཐོབ། འཇུག་པ་ལ་རང་དབང་འཐོབ། རླུང་སེམས་ལ་རང་དབང་ཐོབ་པའོ། །པ་གསུམ་ཀྱི་གཟེར་གདབ་པ། གདེངས་སངས་རྒྱས་ཀྱི་ཡོན་ཏན་ཐོབ་ཏུ་རེ་བ་དང་། མ་ཐོབ་པའི་དོགས་པ་མེད། འཁོར་བར་མི་ལྷུང་དུ་རེ་བ་དང་། ལྷུང་གི་དོགས་པ་མེད་པའོ། །བཞིའི་དྲོད་ཚད་དང་བཞི། གདོད་མའི་གཞི་ཐོག་ཏུ་གྲོལ་བས་གཞོན་ནུ་བུམ་པའི་སྐུར་མངོན་པར་བྱང་ཆུབ་བརྙེས་པ་སྟེ། དེ་དག་གིས་ཚེ་འདིར་གྲོལ་བའི་མན་ངག་གོ །གཉིས་པ་བརྩོན་འགྲུས་འབྲིང་བར་དོར་འཚང་རྒྱ་བ་ལ། སྐྱེ་གནས་ཀྱི་བར་དོ་ལ་ཐོས་བསམ་གྱི་སྒྲོ་འདོགས་གཅོད་པ་དེད་དཔོན་གསེར་གླིང་དུ་ཕྱིན་པ་ལྟ་བུ། འཆི་ཁའི་བར་དོ་ལ་གསལ་གདབ་པ་རྒྱལ་པོའི་བཀའ་འཕྲིན་བསྐུར་བ་ལྟ་བུ། ཆོས་ཉིད་ཀྱི་བར་དོ་རང་སྣང་ལ་ཡིད་ཆེས་པ་མ་པང་དུ་བུ་བཅུག་པ་ལྟ་བུ། སྲིད་པ་བར་དོ་ལ་ལས་ཀྱི་འཕྲོ་མཐུད་པ་ཡུར་བ་ཀོང་ཆག་པ་ལ་ཝ་འཛུགས་པ་ལྟ་བུའི་གདམས་ངག་དང་བཞི། བརྩོན་འགྲུས་ཐ་མ་རང་བཞིན་སྤྲུལ་པའི་སྐུར་འཚང་རྒྱ་བའི་རྗེས་སུ་གཏད་རྒྱ་མཛད་དོ། །བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། ཤྲཱི་སིངྷ། པདྨ་ཐོད་འཕྲེང་། མཁར་ཆེན་བཟའ། གཏེར་སྟོན་ཚུལ་རྡོར། ཀློང་ཆེན་རབ་འབྱམས། ཁྱབ་བརྡལ་ལྷུན་གྲུབ། འདི་དུས་ཀྱང་མཆོད་གཏོར་ཚོགས་འཁོར་སོགས་དགོས། གྲགས་པ་འོད་ཟེར། སངས་རྒྱས་དབོན་པོ། ཐུགས་སྲས་(༨བ)


GLG025_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་གྲགས། ཀུན་བཟང་རྡོ་རྗེ། རྒྱལ་མཚན་དཔལ་བཟང་། སྣ་ཚོགས་རང་གྲོལ། བསྟན་འཛིན་གྲགས་པ། མདོ་སྔགས་བསྟན་འཛིན། འཕྲིན་ལས་ལྷུན་གྲུབ། རྩ་བའི་བླ་མ། ཡང་ན། གཏེར་སྟོན་ནས། ཤོ་བན་ལེགས་པ། རང་བྱུང་རྡོ་རྗེ། གཡུང་སྟོན་པ། ཡེ་ཤེས་བཟང་པོ། ཚུལ་ཁྲིམས་མགོན་པོ། མགོན་པོ་རྒྱལ་མཚན། རྒྱལ་སྲས་ཆོས་རྗེ། མྱང་སྟོན་ཆོས་རྗེ། གནུབས་རཏྣ་ཤྲཱི། ནམ་མཁའ་ཤེས་རབ། མངའ་རིས་པཎ་ཆེན། ལེགས་ལྡན་རྡོ་རྗེ། སྐྱི་སྟོན་ཚེ་རིང་པ། ཀླུ་སྒྲུབ་ཆོས་རྒྱ་མ། ནམ་མཁའ་རིགས་འཛིན། ཐུགས་མཆོག་འོད་འབར། གཏེར་བདག་གླིང་པ། དེས་བདག་ལའོ། །ཡང་ན་ནམ་མཁའ་ཤེས་རབ་ནས་ལེགས་ལྡན་རྡོ་རྗེ་མན་འདྲ། ཡང་ན། ཤོ་སེ་བ་ལུང་དུ་དྲུང་ཇོ་ཇོ་པ། ཆོས་ཀྱི་གྲགས་པ། ནམ་མཁའི་མཚན་ཅན། མངའ་རིས་པཎ་ཆེན་མན་འདྲ། ཡང་ན། དྲི་མེད་འོད་ཟེར། འོད་གསལ་ཀློང་ཡངས། ལྷུན་སྡིངས་རབ་འབྱམས། སྤྱང་ལུང་གཞོན་ནུ་བློ་གྲོས། རབ་གསལ་ཟླ་བ། པཎ་ཆེན་མན་འདྲ། ཡང་ན་ཤོ་བན་ནས། བདེ་ལེགས་རྒྱ་མཚོ། སྤྱང་ལུང་བ་མན་འདྲ། པཎ་ཆེན་སྐུ་མཆེད་གཉིས་ཀྱི་གསན་ཡིག་སྒོ་བསྟུན་ནས་བྲིས་པ་ཡིན། ཞེས་རྫོགས་ཆེན་མཁའ་འགྲོ་སྙིང་ཏིག་གི་འཁྲིད་ཡིག་མཚན་གསལ་འབུམ་ཕྲག་སྣང་བཞིའི་འོད་ཟེར་འདིའང་ཟ་ཧོར་གྱི་བནྡེས་དྲིན་ཅན་གཏེར་བདག་གླིང་པར་ཉམས་འཁྲིད་ནོས་དུས་ཟིན་བྲིས་སུ་བཏབ་བོ།། །།


previousརྫོགས་ཆེན་མཁའ་འགྲོ་སྙིང་ཏིག་གི་འཁྲིད་ཡིག་མཆན་གསལ་འབུམ་ཕྲག་སྣང་བཞིའི་འོད་ཟེར།next