Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
ཐུག་ཆོག་དབང་དྲག་རོལ་པའི་དགའ་སྟོན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུག་ཆོག་དབང་དྲག་རོལ་པའི་དགའ་སྟོན།next

ཐུག་ཆོག་དབང་དྲག་རོལ་པའི་དགའ་སྟོན།


GLG025_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཐུག་ཆོག་དབང་དྲག་རོལ་པའི་དགའ་སྟོན་བཞུགས་སོ། །


GLG025_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཉོན་དེས་བསྐྱེད་བཅས་ལ་ཞེ་སྡང་བའི། །དམར་ཟླུམ་ལྟ་སྟངས་ཙམ་གྱིས་དགྲ་སྡེའི་སྙིང་། །ཟོས་པས་མ་ཚིམ་སྟོང་གསུམ་ཡོངས་མྱུལ་བའི། །དཔལ་མགོན་ཆེ་ཆུང་ལས་མཁན་འཁོར་ཚོགས་ཀྱི། །མཆོད་གཏོར་རྟེན་སོགས་མ་ཚང་བ་མེད་པ་འདུ་བགྱིས། བྲག་རྫོང་མའི་ལྷའི་རྣལ་འབྱོར་ལྟ་བུ་སྔོན་དུ་སོང་ནས། ཨ་མྲྀ་ཏས་བསངས། སྭ་བྷཱ་བས་སྦྱངས། གཏོར་མ་མི་དམིགས་ཏེ་སྟོང་པའི་ངང་ལས། །ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་སྟོང་གསུམ་གྱི་ཁྱོན་དང་མཉམ་པའི་ནང་དུ། ཨོཾ་ཨཱཿཧཱུཾ་ཞུ་བ་ལས་བྱུང་བའི་དགྲ་བགེགས་གདུག་པ་ཅན་བསྒྲལ་བའི་ཤའི་རི་བོ། ཁྲག་གི་རྒྱ་མཚོ། རུས་པའི་ཕུང་པོ། ཟག་པ་མེད་པའི་བདུད་རྩིའི་རང་བཞིན་དུ་གྱུར། ཅེས་བརྗོད་ཅིང་། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ ཕྱག་རྒྱར་བཅས་པ་ཅི་མང་བརྗོད། རུ་མཚོན་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། མགོན་པོ་ཕོ་རྐྱང་། མོ་རྐྱང་། ལྕམ་དྲལ། ལྷ་བརྒྱད་ལ་སོགས་པ་སྐབས་སུ་གང་བབ་ཀྱི་དམ་ཚིག་པར་བསྐྱེད། དེ་རྣམས་ཀྱི་མདུན་དུར་ཁྲོད་ཀྱི་ས་གཞིར། རཾ་ལས་ཉི་མའི་དཀྱིལ་འཁོར་འོད་འབར་བའི་དབུས་སུ། བདུད་རྟ་བྲ་ནག་རྫུ་འཕྲུལ་གྱི་ཤུགས་དང་(༢ན)


GLG025_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ། རུས་པའི་རྒྱན་གྱིས་སྤྲས་པའི་སྟེང་དུ། རུ་མཚོན་གྱི་ལས་མཁན་བྲན་བདུད་གཤིན་རྗེ་ནག་པོ་མུན་པའི་མདོག་ཅན་ཞལ་གཅིག་ཕྱག་གཉིས་པ། གཡས་བདུད་ཀྱི་ཁྲམ་ཤིང་རྩེ་མོ་གསུམ་པའི་མགུལ་ན་དར་ནག་གི་བ་དན་དང་། མི་མགོའི་ལན་ཚར་འཕྱང་བ་དགུ་ལ་བརྟེན་པ། གཡོན་པས་མི་སྙིང་རློན་པ་ཁྲག་འཛག་པ་དུག་སྦྲུལ་ནག་པོའི་ཞགས་པ་དང་བཅས་པ་ཞལ་དུ་འཇིབ་ཅིང་ཕྱིར་སྤྲུག་པ། ལྕགས་ཀྱི་རལ་པ་ནག་པོ་དྲག་ཏུ་སྤྲུག་ཅིང་གསིག་པ། ལྕགས་ཀྱི་མཆེ་བ་ཟངས་ཡག་ཏུ་གཙིགས་ནས་ཡ་སོས་མ་མཆུ་མནན་པ། སྐུ་སྟོད་ལ་བེར་ནག་གི་བེར་ཞོལ་གསོལ་ཞིང་། སྐུ་སྨད་གཅེར་བུ་ལ་དུག་སྦྲུལ་མང་པོ་ལང་ལོང་དུ་དཀྲིས་པ། སྐད་ཅིག་ཉིད་ལ་སྟོང་གསུམ་ཡུད་ཀྱིས་བསྐོར་ཅིང་། དགྲ་བགེགས་ཀྱི་སྲོག་དབུགས་སྡུད་པའི་དྲག་ཤུལ་ཅན། དེའི་གཡོན་ཕྱོགས་སུ་མ་བདུད་སྤུ་གྲིའི་མཆེད་མོ་སྲིན་མོ་ཁྲོས་པའི་གཟུགས་ཅན་གཅེར་མོ་རྒྱན་མེད་རྐང་པ་གསུམ་བགྲད་སྟབས་ཀྱིས་གནས་པ། ཕྱག་གཉིས་ཀྱིས་མེ་དཔུང་འབར་བ་འཛིན་ཅིང་ཁ་ནས་མེ་འབར་ཞིང་གདོང་ཕྱིར་ཕྱོགས་པ། ཡབ་ཡུམ་གཉིས་ཀའང་མེ་རླུང་རབ་ཏུ་འབར་བའི་དབུས་ན་བཞུགས་པར་(༢བ)


GLG025_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

བསམ། དེ་རྗེས་གཙོ་འཁོར་རྣམས་ཀྱི་གནས་གསུམ་བྱིན་གྱིས་བརླབ་པ། ཡེ་ཤེས་པ་དགུག་གཞུག་དམ་ལ་བཞེས་པ། མཆོད་གཏོར་འབུལ་བ་རྣམས་དཀྱུས་བཞིན་ལ། ཁྱད་པར་བྲན་བདུད་ཀྱི་སྐབས་སུ་ལྷོ་ཕྱོགས་རི་རབ་ཀྱི་ཁོང་གསེང་ནས་ཡེ་ཤེས་པ་སྤྱན་དྲངས་པ་དང་། མཧཱ་ཀཱ་ལ་ལཀྵ་མུད་ཙ་ཀྲོ་དྷ་ཡ་མ་རཱ་ཛ་ཧཱུཾ་བྷྱོ༔ མ་རི་མ་ཤ་མུད་ཛ་ཡ་བྷྱོཿསརྦ་བིགྷྣཱན་ཤ་ཏྲཱུཾ་མཱ་ར་ཡ་ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པས་གཏོར་མ་འབུལ། གདོང་བཞི་པ་ལྕམ་དྲལ་སོགས་ཆོས་སྐྱོང་གཞན་གྱི་ཐུག་ཡོད་ནའང་། འདི་བཞིན་དུ་རང་རང་གི་གཞུང་ནས་འབྱུང་བ་ལྟར་བྱ། དེ་ནས་རང་ཉིད་ཡི་དམ་དུ་གསལ་བ་དང་། མདུན་བསྐྱེད་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་རྩ་བརྒྱུད་ཀྱི་བླ་མ། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། ནག་པོ་ཆེན་པོ་ལྕམ་དྲལ་གྱིས་གཙོ་མཛད་པའི་དམ་ཅན་སྲུང་མའི་ཚོགས་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་བརྗོད་ཅིང་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་བཅས་པས་ཕྱོགས་བཅུའི་གནས་རྣམས་ནས་བྱོན། མདུན་གྱི་ནམ་མཁའ་ས་གཞི་བར་སྣང་ཐམས་ཅད་ཁྱབ་པར་བཞུགས་པར་བསམས་ལ། དར་ནག་འཕྱར། རོལ་མོ་རྣམས་ཀྱི་སྒྲ་སྒྲོག་གུ་གུལ་དང་ཤ་ཆེན་ཚིལ་ཆེན་གྱི་དུད་པ་སྦྱར། དམ་ཚིག་གི་རྡོ་རྗེ་དར་ནག་གི་གཡབ་དར་དང་བཅས་པས་གཡོབ་ཅིང་། མི་རྐང་དང་བཤུག་པའི་སྒྲས་འབོད། རྣལ་འབྱོར་བ་ཏིང་ངེ་འཛིན་བརྟན་པོ་དང་ལྡན་པས། རྔ་བརྡུང་ཞིང་དབྱངས་དང་བཅས་ཏེ། ཧཱུཾ། དཔལ་ལྡན་མགོན་པོ་འཁོར་བཅས་རྣམས། །རྣལ་འབྱོར་བདག་གི་དད་པ་དང་། །སྔོན་གྱི་དམ་ཚིག་རྗེས་དགོངས་ལ། །འདིར་གཤེགས་(༣ན)


GLG025_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་འཕྲིན་ལས་མཛོད། །ཧཱུཾ་བྷྱོཿ ལྷ་ཆེན་མཧཱ་ཀཱ་ལ་དང་། །ཨེ་ཀ་ཛཱ་ཊཱི་རེ་མ་ཏཱི། །གནོད་སྦྱིན་ཡབ་ཡུམ་པུ་ཏྲ་གཉིས། །སྲིང་མོར་བཅས་ཏེ་གཤེགས་སུ་གསོལ། །སྒོ་མ་བཞི་དང་རུ་འདྲེན་བཞི། །ཕོ་ཉ་དགུ་དང་གཎྜིའི་དམག །དུར་ཁྲོད་བདག་པོ་ཕྱོགས་སྐྱོང་བཅུ། །སྡེ་བརྒྱད་དྲེགས་པ་གནས་འདིར་གཤེགས། །ཧཱུཾ་བྷྱོཿ ཞིང་སྐྱོང་གཟི་ལྡན་དབང་ཕྱུག་དང་། །ཡུམ་ཆེན་བཞི་དང་ཕོ་ཉའི་ཚོགས། །ཆེ་བཙན་དྲག་པོ་མཐུ་བོ་ཆེ། །འཁོར་དང་བཅས་པ་གནས་འདིར་གཤེགས། །གློག་ལྟར་འཁྱུག་པས་འདིར་གཤེགས་ཤིག །འབྲུག་ལྟར་གྲག་པས་འདིར་གཤེགས་ཤིག །ཐོག་ལྟར་འདྲིལ་བས་འདིར་གཤེགས་ཤིག །ཧཱུཾ། རྡོ་རྗེ་འཆང་གི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་པ། །བྱིན་གྱིས་བརླབ་པའི་གནས་འདི་རུ། །དྲག་པོའི་ལས་ལ་སྤྱན་འདྲེན་གཤེགས། །ཧཱུཾ། དམ་ཅན་མཁའ་འགྲོ་འདུ་བའི་གནས། །བྱིན་རླབས་ཡོན་ཏན་འབྱུང་བའི་གཞི། །བདེ་ཆེན་རོལ་པའི་གཞལ་ཡས་ཁང་། །དགྲ་བགེགས་བསྒྲལ་བའི་གདན་ལ་བཞུགས། །ཧཱུཾ། སྦྱར་བའི་སྤོས་དང་གཡབ་པའི་དར། །རྔ་ཆེན་སྒྲ་དང་དུང་ཆེན་གླིང་། །རྣལ་འབྱོར་དྲག་པོའི་ངར་སྐད་ཀྱིས། །སྤྱན་འདྲེན་མ་ཐོགས་མྱུར་དུ་སྤྱོན། །དམ་ཅན་རྒྱ་མཚོ་མཐུ་རྩལ་ཅན། །སངས་རྒྱས་བསྟན་པ་སྐྱོང་བ་རྣམས། །གསང་བའི་མཆོད་སྤྲིན་རྒྱ་མཚོས་མཆོད། །དམ་ཚིག་དབང་གིས་འདུས་གྱུར་ཅིག །ཅེས་ཡིད་མ་ཡེངས་པར་སྤྱན་དྲངས་ལ། །བསྙེན་སྔགས་རྣམས་ཀྱི་མཇུག་ཏུ། ཨེ་ཧྱེ་ཧི། བཛྲ་ས་མཱ་ཛཿཛཿཧཱུཾ་བཾ་ཧོཿ ཞེས་བརྗོད་ཅིང་དྲག་རོལ་ཡུན་རིང་དུ་བྱ། དེ་ནས་སོ་སོའི་སྔགས་ཀྱི་མཇུག་ཏུ་(༣བ)


GLG025_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

གྲྀཧྣེ་དཾ། ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱཧཱ། ནས་ཤཔྟའི་བར་གྱི་ཕྱི་མཆོད་དང་། སྔགས་ཀྱི་མཇུག་ཏུ་འབྲུ་གསུམ་བཏགས་པས་ནང་མཆོད་ཕུལ། །རུ་མཚོན་ལ་རྡོ་རྗེ་གཟུངས་ཐག་དང་དར་ཐག་བཏགས་པའི་སྣེ་ནས་རྣལ་འབྱོར་པ་བཞི་བསྙེན་མཐར་ཕྱིན་པས་བཟུང་དཔོན་སློབ་རྣམས་མགྲིན་གཅིག་ཏུ་མགོན་པོ་འཁོར་བཅས་ཀྱི་བོད་རྦད་བསད་གསུམ་བརྒྱ་རྩའམ། ཉེར་གཅིག་ཙམ་རེ་འུར་འདོན་བྱ། དེའི་ཚེ་རང་ཉིད་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་དམར་ནག་ཚ་ཞིང་རྩུབ་པ་འཕྲོས། །མདུན་གྱི་མགོན་པོ་འཁོར་བཅས་ཀྱི་སྐུ་ལ་ཕོག་པས། ཐུགས་དམ་གྱི་རྒྱུད་བསྐུལ། ཐུགས་ཀ་ནས་རང་འདྲ་བའི་ཕོ་ཉ་ལས་མཁན་ནམ་མཁའི་མཐའ་ཁྱབ་པར་འཕྲོས། འཇིག་རྟེན་ཁམས་ཀྱི་དགྲ་བགེགས་ལོག་འདྲེན་ཐམས་ཅད་ཚར་བཅད། འཁོར་བཅས་ཀྱི་ནུས་མཐུ་ཐམས་ཅད་ཚུར་འདུས། མདུན་བསྐྱེད་རྣམས་ལ་ཐིམ་པས་གཟི་བརྗིད་ནུས་པ་བལྟ་བར་མི་བཟོད་པ་ཁམས་གསུམ་ཐམས་ཅད་འདར་ཁྲིལ་ལི་ལི་ཡོད་པར་བསམ། རྣལ་འབྱོར་པ་གཅིག་གམ་གཉིས་གསུམ་ཙམ་གྱིས་གཟུངས་ཐག་སོགས་ནས་བཟུང་། འོག་གི་སྐུལ་བྱེད་ཀྱི་བར། ཤཱ་ས་ནའི་སྔགས་རྒྱུན་མ་ཆད་པར་བཟུང་། གཞན་རྣམས་ཀྱིས་གསོལ་ཁ་བྱས་ཏེ། དེ་ཡང་སྔར་གྱི་སྟེགས་བུའི་ཁའི་གཏོར་མ་ཆེ་བའི་གཡས་སུ་ཤ་དམར་པོ་དུམ་བུ་དགུ་དང་། ཆང་ཕུད་གཙང་མ་བཞག །གཡོན་དུ་ཕྱེ་མར་དང་ཁྲག་ཆབ་བཞག །མདུན་དུ་ལས་ཀྱི་རྡོ་རྗེ་ཞིག་གིས་ལྕགས་སྣོད་གཙང་མའི་ནང་དུ་གཡས་ནས་ཤ་རེ། གཡོན་ནས་ཕྱེ་མར་མཐེབ་སྐྱུ་རེ་བཅུག །གསོལ་ཁ་ཚར་རེ་ལ་དེ་འདྲ་ལན་གསུམ་རེ་གཏོར་ཆེན་ལ་བསྟབ་ཅིང་། གཡས་གཡོན་ནས་ཁྲག་ཆང་(༤ན)


GLG025_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཐིགས་རེ་ལྡུགས། །རྣལ་འབྱོར་བ་གཞན་རྣམས་ཀྱིས་རོལ་མོའི་བྱེ་བྲག་ཀུན་ཐོགས་ནས། མདུན་གྱི་གཏོར་རྫས་དགྲ་བགེགས་ཀྱི་ཤའི་རི་བོ། ཁྲག་གི་རྒྱ་མཚོ། རུས་པའི་གྲམ་ཁྲོད་ཆེན་པོ་སྟོང་གསུམ་ཐམས་ཅད་ཁྱབ་པར་བསམ། དེ་རྣམས་མགོན་པོ་འཁོར་དང་བཅས་པའི་ཞལ་དམར་གནམ་ས་ཙམ་གདངས་པའི་ནང་དུ་སིབ་ཀྱིས་བསྟབ་པས་ཧབ་ཐོབ་ཏུ་བཞེས་ནས་ཐུགས་རྒྱུད་ཟག་མེད་ཀྱི་བདེ་བས་མཉེས། བདག་གིས་ཅི་བཅོལ་བའི་ལས་ཐམས་ཅད་ཐོགས་པ་མེད་པར་བསྒྲུབ་པར་བསམས་ལ། དབྱངས་དང་བཅས་པས། ཧཱུཾ། མགོན་པོའི་མཚན་གསོལ་དཔལ་ལྡན་ནག་པོ་ཆེ། །རྒྱལ་བའི་བསྟན་སྲུང་བཀའ་ཡི་བྱ་ར་བ། །གདུག་པ་ཚར་གཅོད་དྲག་ཤུལ་མཐུ་རྩལ་ཅན། །བདུད་འདུལ་དཔའ་བོ་ལྕམ་དྲལ་འཁོར་བཅས་རྣམས། །བདག་ཅག་རྣམས་ལ་བརྩེ་བས་དགོངས་སུ་གསོལ། །འདོད་ཡོན་རྒྱ་ཆེན་གཏོར་མའི་རྒྱ་མཚོ་དང་། །ལོངས་སྤྱོད་སྣ་ཚོགས་ཞལ་ཟས་མཆོད་པ་འདི། །དཔལ་ལྡན་ནག་པོ་ལྕམ་དྲལ་འཁོར་བཅས་ལ། །གུས་པའི་ཚུལ་གྱིས་མཆོད་པ་དམ་པར་འབུལ། །དགྱེས་པའི་སེམས་ཀྱིས་མཆོད་གཏོར་འདི་བཞེས་ལ། །སྔོན་གྱི་ཐུགས་དམ་འཕྲིན་ལས་ཉེར་དགོངས་ལ། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱི། །མི་མཐུན་གནོད་པའི་རྐྱེན་རྣམས་མ་ལུས་ཞི་བ་དང་། །འདོད་དོན་མཐུན་པའི་རྐྱེན་རྣམས་མ་ལུས་འགྲུབ་པ་དང་། །ཐུབ་པའི་བསྟན་པ་མཐའ་དག་རྒྱས་པར་མཛད་དུ་གསོལ། །དེ་ནས་འདུར་དབྱངས་བྱ་ཞིང་། །ཧཱུཾ། དཔལ་ལྡན་མགོན་པོ་ནག་པོ། །ས་བཅུའི་དབང་ཕྱུག་ཆེན་པོ། །རྒྱལ་བའི་བཀའ་སྲུང་དམ་པ། །ལྷ་སྲུང་ཡོངས་(༤བ)


GLG025_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དེད་དཔོན། །དུར་ཁྲོད་ཀུན་གྱི་བདག་པོ། །རིགས་འཛིན་ཡོངས་ཀྱི་སྲོག་ཤིང་། །རྣལ་འབྱོར་ཀུན་གྱི་དགྲ་ལྷ། །བསྟན་པ་ཡོངས་ཀྱི་བྱ་ར། །དུག་གསུམ་ནད་ཀྱི་སྨན་པ། །བདུད་འདུལ་རྣམས་ཀྱི་དཔའ་བོ། །མཧཱ་དེ་བའི་སྲས་མཆོག །ལྷ་ཆེན་དཔལ་འབར། འཇིགས་བྱེད་ཆེན་པོ། དམ་ཉམས་ཀུན་གྱི་སྲོག་གཅོད། །མནའ་ཟན་ཀུན་གྱི་གཤེད་མ། །གནོད་བྱེད་དགྲ་བགེགས་རྣམས་ཀྱི་བདུད་པོ་ཁྱེད་ཀྱི་ཞལ་དུ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བརྗོད་ཅིང་། མགོན་པོའི་གཏོར་སྔགས་ཤཱ་ས་ན་ལན་གསུམ་རོལ་ཆེན་དང་བཅས་པས་གསོལ་ཁ་དང་པོ་བལྟབ། ཡང་སྔར་བཞིན་བཤམས་ལ། གཞན་ཡང་དཔལ་ལྡན་ལྷ་མོ་ནག་མོ་ཆེན་མོ། འདོད་པ་ཁམས་ཀྱི་དབང་ཕྱུག་མ། དུར་ཁྲོད་ཀྱི་བདག་མོ། བདུད་ཀྱི་ཡུམ་ཆེན། ནད་དོ་ཅོག་གི་བདག་མོ། འཁོར་གྱི་མ་མོ་མཁའ་འགྲོ། དཔལ་མགོན་བདུན་ཅུ་རྩ་གཉིས། བདུད་འདུལ་གྱི་དམག་དཔུང་ཉི་ཁྲི་ཆིག་སྟོང་། །ལྷ་དམག་བྱེ་བ་དུང་ཕྱུར། ཕྱོགས་སྐྱོང་ཞིང་སྐྱོང་དུར་ཁྲོད་ཀྱི་བདག་པོ། དྲེགས་པ་ཕོ་རྒྱུད་མོ་རྒྱུད། སྣང་སྲིད་ལྷ་སྲིན་སྡེ་བརྒྱད། བཀའ་ཉན་གྱི་གནོད་སྦྱིན་ཡབ་ཡུམ། ལས་མཁན་མོན་པ་མིང་སྲིང་། མདུན་གྱི་བཤུལ་འདྲེན། གཡས་གཡོན་གྱི་རུ་འདྲེན། རྒྱབ་ཀྱི་རྗེས་མྱུལ། མཁའ་ལྡིང་། བྱ་ནག །ཁྱི་ནག །ལྕགས་སྤྱང་སྔོན་འགྲོ། མི་ནག་པོ་འོ་དོད་ཅན། སྤྲུལ་པ་ཁྲོ་བོའི་ཚོགས། །བདུད་ནག་པོ་གཤིན་རྗེའི་ཚོགས། །གདོང་བརྙན་གྱི་ཚོགས་འཁོར་དང་བཅས་པ་ཐམས་ཅད་ཀྱི་ཞལ་དུ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཆོད་པ་དམ་པར་འབུལ་ཞིང་གསོལ་ལོ། །མཆོད་དོ། །རོལ་ཆེན་དང་། ལྷ་མོ་ལས་(༥ན)


GLG025_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་རྣམས་ཀྱི་བོད་རྦད་བསད་གསུམ་བཟླ་ཞིང་། གསོལ་ཁ་གཉིས་པ་བསྟབ། ཡང་བཤམས་ལ། ཧོཿ རྡོ་རྗེ་འཛིན་པའི་བཀའ་དང་བསྟན་པ་རིན་པོ་ཆེ་ལ་ཉེ་བར་དགོངས་ཏེ། ཁྱེད་རྣམས་ཀྱིས་དགྱེས་ཤིང་མོས་པའི་ཐབས་ཀྱིས་བསྐྱེད་ལ། རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་ཀྱི་ནད་དང་གནོད་པ། གདོན་བགེགས་ཐམས་ཅད་ཞི་བར་མཛོད། ཚེ་དང་བསོད་ནམས་དང་དཔལ་འབྱོར་ཐམས་ཅད་རྒྱས་པར་སྤེལ། དབང་ཕྱུག་དང་ནུས་མཐུ་སྐྱེད། སྙན་པ་དང་གྲགས་པ་སྒྲུབས་དྲེགས་པའི་འགྲོ་བ་ཕོ་མོ་ཐམས་ཅད་དབང་དུ་སྡུད། གནོད་བྱེད་དགྲ་བགེགས་ཐམས་ཅད་ཐལ་བ་རྡུལ་དུ་རློག་ཅིག །གཞན་ཡང་བདག་ཅག་རྣམས་ཀྱི་རྒྱགས་ཆད་ཀྱི་མ་དང་། བློ་ལྷག་གི་ཕ་མཛོད། རྒྱབ་ཀྱི་སློག་པ་མཛོད། མདུན་གྱི་འཁོར་བ་མཛོད། ཉིན་གསུམ་གྱི་བྱ་ར་དང་། མཚན་གསུམ་གྱི་མེལ་ཚེ་མཛོད། ཡོ་ན་སྲོངས། འགྱེལ་ན་སློང་། ཆད་ན་འཐུད་ཅིག །རལ་ན་ཚེམས་ཤིག །སྟོར་ན་འཚོལ་ལ། བརྗེད་ན་སྐུལ་ཅིག མགོ་གང་གིས་ཡར་ལ་སྟོད་ཅིག །དཀྱུས་གང་གིས་མར་ལ་སྲིངས་ཤིག །གཞན་ཡང་ལེགས་པ་བརྒྱ་དང་སྤྲོད་ལ། ཉེས་པ་སྟོང་དང་སྡོལ་ཅིག །བསམས་པ་ཡིད་བཞིན་དུ་སྒྲུབས་ལ་རེ་བ་རྒྱ་མཚོ་ལྟ་བུར་སྐོངས་ཤིག །མཐུན་པའི་དངོས་གྲུབ་སྩོལ་ལ། །མི་མཐུན་པའི་ཕྱོགས་ཐམས་ཅད་བཟློག་ཅིག །གནོད་བྱེད་ཀྱི་དགྲ་བགེགས་བཟློག་པའི་རུ་མཚོན་གྱི་རྒྱལ་མཚན་ལ་བརྟན་པར་བཞུགས་ཏེ། དགྲ་དཔུང་བཤིག་ལ། བགེགས་དཔུང་ཐམས་ཅད་ཆོམས་ཤིག །དམག་དཔུང་སྐྱེད་ལ་རུ་མཚོན་ཕྱོར་(༥བ)


GLG025_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །སངས་རྒྱས་ཀྱི་བསྟན་པ་སྲུངས་ཤིག །དཀོན་མཆོག་གི་དབུ་འཕང་ཆེན་པོ་སྟོད་ཅིག །གཞན་ཡང་སྒོ་ལ་དར་འཕྱོར་ལ། ཁྲོམ་དུ་དུང་བུས་ཤིག །གཏམ་ངན་རྒྱུན་ཆོད་ལ་སྙན་གྲགས་འཇིག་རྟེན་དུ་སྒྲོགས་ཤིག །དམ་ཆོས་མི་ནུབ་པའི་རྒྱལ་མཚན་ནམ་མཁའ་ལ་ཕྱོར་ལ། མཐོ་རིས་དང་ཐར་པ་དང་བྱང་ཆུབ་སྒྲུབ་པའི་མགོན་གྲོགས་མཛོད་ཅིག །སྐྱབས་དང་དཔུང་གཉེན་དང་རྟེན་དང་གླིང་མཛོད་ཅིག །བདག་ཅག་གིས་ཇི་ལྟར་བསྒོ་བ་བཞིན་བཅོལ་བའི་འཕྲིན་ལས་ཐམས་ཅད་མྱུར་དུ་སྒྲུབས་ཤིག །ཅེས་འཁོར་བཅས་དྲིལ་བའི་སྔགས་རྣམས་རོལ་ཆེན་དང་བཅས་པས་གསོལ་ཁ་གསུམ་པ་བསྟབ། སླར་ཡང་དེ་འདྲ་ཚང་མ་ཚར་གཉིས་ཏེ་ཡོངས་དྲིལ་ཚར་གསུམ་རྫོགས་པ་དང་། དེ་དག་གི་ལྷག་མ་ལུས་པར་རྣམས་ཀྱང་བསྟབ། གདོང་བཞི་པའི་རུ་མཚོན་ཡོད་ན་གསོལ་ཁ་རྒྱས་པར་འདི་ཉིད་ཀྱི་གཏོར་ཆེན་གྱི་གསོལ་ཁ་ལས་འབྱུང་བ་ལྟར་བྱ། མདོར་བསྡུ་ན་འདིའི་གསོལ་ཁ་གཉིས་ལ་ལྷ་མོ་དང་ལས་མཁན་གྱི་གསོལ་ཁའི་མཇུག་ཏུ། ཧོཿ དཔལ་ལྡན་ནག་པོ་ཆེན་པོ་གདོང་བཞི་པའི་མགོན་པོ། གཙུག་ལག་ཁང་གི་སྲུང་མ། དུག་གསུམ་ནད་ཀྱི་སྨན་པ། རིག་འཛིན་རྣམས་ཀྱི་སྲོག་ཤིང་། རྣལ་འབྱོར་རྣམས་ཀྱི་དགྲ་ལྷ། བདུད་འདུལ་སྔགས་ཀྱི་དབང་ཕྱུག །སྲིན་པོའི་རྒྱལ་པོ་ལངྐ་མགྲིན་བཅུའི་གྲོང་ཁྱེར་ལཾ་ཀ་པུ་རི་གཏན་ནས་རླག་པར་བྱེད་པ། ལྷ་མ་ཡིན་གྱི་བུ་མོ་ནམ་མཁའི་གློག་འཕྲེང་ཅན་རྡུལ་དུ་རློག་པ། དཀོན་མཆོག་གསུམ་གྱི་བསྟན་པ་བསྲུང་བར་ཁས་བླངས་པ། ཡུམ་ལས་ཀྱི་གནོད་སྦྱིན་མ་བཞི་ལ། གཡས་སུ་གཡུང་མོ་ནག་མོ། གཡོན་དུ་གཏུམ་མོ་ལྗང་གུ །མདུན་དུ་སྲིན་མོ་ནག་(༦ན)


GLG025_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

མོ། རྒྱབ་ཏུ་སིངྒ་ལི་མ་སེར་མོ། འཁོར་གནོད་སྦྱིན་དང་སྲིན་པོ། ཤ་ཟ། ཞིང་སྐྱོང་དང་བཅས་པ། སྲོག་གི་སྒོ་བདུད་ནག་པོ། ལས་ཀྱི་བཤན་པ་ཉི་ཤུ་རྩ་གཅིག །སྐྱེ་འགྲོའི་བདུད་གཅོད། དམ་ཉམས་ཀྱི་སྲོག་ལེན། ཆོས་འཁོར་གྱི་སྲུང་མ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱི་ཞལ་དུ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཆོད་པ་དམ་པར་འབུལ་ལོ། །ཞེས་དང་། དེ་རྗེས། རྡོ་རྗེ་འཛིན་པའི་བཀའ་དང་ཞེས་སོགས་བརྗོད་ཅིང་། བེག་ཙེ་ལ་དབང་ལྡན་མ་དང་གོང་གི་རྡོ་རྗེ་འཛིན་པ་བལྡབ། དེ་ལྟར་གསོལ་ཁའི་རྫས་རྣམས་ཀྱང་ཚན་རེ་ལ་ཚན་པ་བཞི་བཞི་བསྟབ་པར་བྱའོ། །དེ་ནས་མངའ་གསོལ་ཞིང་དཔངས་བསྟོད་རྒྱས་པར་བྱ་བ་ནི། རོལ་མོ་དབྱངས་དང་བཅས་པས། ཧཱུཾ། དཔལ་ཆེན་ཐུགས་ཀྱི་ཕོ་ཉ་མཆོག །ལྷ་ཆེན་མགོན་པོ་ནག་པོ་ལ། །རྡོ་རྗེ་འཛིན་པས་མངའ་གསོལ་བས། །དངོས་གྲུབ་སྩོལ་ཞིང་ལམ་མཆོག་སྟོན། །དཀོན་མཆོག་གསུམ་གྱིས་མངའ་གསོལ་བས། །སླུ་མེད་ཐར་པའི་ལམ་སྣ་འདྲེན། །མཁའ་འགྲོ་རྒྱ་མཚོས་མངའ་གསོལ་བས། །བར་ཆད་སེལ་ཞིང་སྒྲུབ་པོ་སྐྱོང་། །དཔའ་བོ་དཔའ་མོས་མངའ་གསོལ་བས། །དམ་ཚིག་ལྡན་པ་བསྲུང་ཞིང་སྐྱོང་། །དམ་ཅན་ཡོངས་ཀྱིས་མངའ་གསོལ་བས། །བསྟན་པའི་དགྲ་བགེགས་ཐལ་བར་རློག །ཕོ་ཉའི་ཚོགས་ཀྱིས་མངའ་གསོལ་བས། །མྱུར་མགྱོགས་རྣོ་བའི་སྟོབས་དང་ལྡན། །བྲན་གྱི་ཚོགས་ཀྱིས་མངའ་གསོལ་བས། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་མཛད། །ལྷ་ཆེན་རྣམས་ཀྱིས་མངའ་གསོལ་བས། །རིན་ཆེན་མཛེས་པའི་རྒྱན་ཆ་ཅན། །ཀླུ་ཆེན་རྣམས་ཀྱིས་མངའ་གསོལ་བས། །སྦྲུལ་ཆེན་འཇིགས་པའི་ཆུན་པོས་དཀྲིས། །གནོད་སྦྱིན་རྣམས་ཀྱིས་མངའ་གསོལ་(༦བ)


GLG025_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

བས། །དར་གོས་འཇོལ་བེར་ལྷབ་ལྷུབ་ཅན། །མ་མོ་རྣམས་ཀྱིས་མངའ་གསོལ་བས། །རིམས་ནད་དལ་ཡམས་དགྲ་ལ་འབེབས། །གཟའ་ཆེན་རྣམས་ཀྱིས་མངའ་གསོལ་བས། །དྲག་པོའི་གནམ་ལྕགས་ཐོག་སེར་འབེབས། །བདུད་ཆེན་རྣམས་ཀྱིས་མངའ་གསོལ་བས། །དགྲ་བོའི་སྲོག་གཅོད་མྱུར་དུ་བརྩོན། །གཤིན་རྗེ་རྣམས་ཀྱིས་མངའ་གསོལ་བས། ཁམས་གསུམ་འདུལ་བའི་མཐུ་རྩལ་ཅན། །ཕྱོགས་སྐྱོང་རྣམས་ཀྱིས་མངའ་གསོལ་བས། །ཕྱོགས་བཅུར་དབང་ཞིང་འཕྲིན་ལས་མཛོད། །དཔལ་མགོན་བདུན་ཅུས་མངའ་གསོལ་བས། །རྒྱལ་བའི་བསྟན་པ་བུ་བཞིན་སྐྱོངས། །སྲུང་མ་དྲུག་ཅུ་རྩ་བཞིས་མངའ་གསོལ་བས། །དམ་ཚིག་ལྡན་པའི་བར་ཆད་བསྲུང་། །ཆོས་ཀྱི་དབྱིངས་ཀྱིས་མངའ་གསོལ་བས། །མི་འགྱུར་ནམ་མཁའི་མདངས་དང་ལྡན། །སངས་རྒྱས་རིགས་ལྔས་མངའ་གསོལ་བས། །ཐོད་སྐམ་ལྔ་ཡིས་དབུ་ལ་མཛེས། །རྒྱལ་བ་དྲུག་གིས་མངའ་གསོལ་བས། །རུས་པའི་རྒྱན་ཆེན་དྲུག་གིས་མཛེས། །དྲེགས་པ་ཡོངས་ཀྱིས་མངའ་གསོལ་བས། །དཔལ་གྱི་ཆས་ཆེན་བརྒྱད་ཀྱིས་བརྒྱན། །དབྱངས་དང་གསལ་བྱེད་མངའ་གསོལ་བས། །མགོ་རློན་ལྔ་བཅུའི་དོ་ཤལ་བྱས། །ཆོས་སྒྲ་ཆེན་པོས་མངའ་གསོལ་བས། །རྣམ་འཕྲུལ་གཎྜ་ཕྱག་དབུས་བསྣམས། །དྲེགས་པ་སྡེ་བརྒྱད་ཡོངས་ཀྱིས་མངའ་གསོལ་བས། །མཐུ་དང་རྫུ་འཕྲུལ་བསམ་མི་ཁྱབ། །སྲིན་པོའི་ཚོགས་ཀྱིས་མངའ་གསོལ་བས། །རྔམ་པའི་ང་རོ་འབྲུག་ལྟར་སྒྲོག །ཤ་ཟའི་ཚོགས་ཀྱིས་མངའ་གསོལ་བས། །དགྲ་ཤ་ཟ་ཞིང་དགྲ་སྲོག་གཅོད། །རྒྱལ་ཆེན་བཞི་ཡིས་མངའ་གསོལ་བས། །བསྟན་པ་བསྲུང་ཞིང་འཇིག་རྟེན་སྐྱོང་། །རྒྱུ་སྐར་(༧ན)


GLG025_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀྱིས་མངའ་གསོལ་བས། །འཇིག་རྟེན་སྣ་ཚོགས་ལས་རྣམས་བྱེད། །ས་བདག་གཉན་གྱིས་མངའ་གསོལ་བས། །གདུག་པའི་ནད་ཀྱིས་དགྲ་བགེགས་འཇོམས། །དཀར་པོའི་ཚོགས་ཀྱིས་མངའ་གསོལ་བས། །རྣལ་འབྱོར་སྒྲུབ་པའི་བར་ཆད་སེལ། །དབང་ཆེན་རྣམས་ཀྱིས་མངའ་གསོལ་བས། ཁམས་གསུམ་མ་ལུས་དབང་དུ་སྡུད། །ནོར་ལྷ་རྣམས་ཀྱིས་མངའ་གསོལ་བས། །ཚེ་དང་འབྱོར་པ་འཁོར་རྣམས་སྤེལ། །ཁྲོ་ཆེན་རྣམས་ཀྱིས་མངའ་གསོལ་བས། །དགྲ་བགེགས་ལོག་འདྲེན་རླག་པར་མཛད། །གཏེར་བདག་རྣམས་ཀྱིས་མངའ་གསོལ་བས། །འདོད་དགུའི་ལོངས་སྤྱོད་ཆར་བཞིན་འབེབས། །ཧཱུཾ། ལྷ་ཆེན་དཔལ་འབར་མཐུ་བོ་ཆེ། །ལྕམ་དྲལ་ཕོ་ཉར་བཅས་པ་དང་། །ཞིང་སྐྱོང་གཟི་ལྡན་དབང་ཕྱུག་དང་། །ཆེ་བཙན་དྲག་པོ་སྟག་ལ་ཞོན། །ཕྱག་བཞི་བྱ་རོག་གདོང་ཅན་དང་། །ཕྱག་དྲུག་བེང་དང་ལེགས་ལྡན་ཚོགས། །དཀར་མོ་བདུད་རྒྱལ་ཏྲག་ཤད་དང་། །མ་ནིང་གྲི་གུག་ཟངས་གྲི་ཅན། །བསྟན་པ་བསྲུང་བར་ཞལ་བཞེས་པའི། །དམ་ཅན་རྒྱ་མཚོའི་ཚོགས་བཅས་རྣམས། །གཟི་བརྗིད་ཆེན་པོར་མངའ་གསོལ་ལོ། །མཐུ་རྩལ་ཆེན་པོར་དབང་བསྐུར་རོ། །དྲག་ཤུལ་ཆེན་པོར་དཔངས་བསྟོད་དོ། །ཐུགས་རྗེ་ལྡན་པར་གསོལ་འདེབས་སོ། །འཕྲིན་ལས་མཛད་པར་བདག་བསྐུལ་ལོ། །དགྲ་བོ་སྒྲོལ་བར་དུས་འདེབས་སོ། །ཧཱུཾ། དཔལ་ལྡན་མགོན་པོ་ནག་པོ་ཁྱོད། །དབང་ཕྱུག་བརྒྱད་ཀྱིས་བསྐོར་བའི་ཚེ། །མཧཱ་དེ་བའི་སྲས་པོ་མཛད། །གནོད་སྦྱིན་འབུམ་དང་བཅས་ཏེ་གཤེགས། །ཧཱུཾ། དཔལ་ལྡན་མགོན་པོ་ནག་པོ་ཁྱོད། །ཚོགས་བདག་བརྒྱད་ཀྱིས་བསྐོར་(༧བ)


GLG025_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཚེ། །ཚོགས་ཀྱི་གཙོ་བོ་འཇིག་རྟེན་སྐྱོང་། །ནོར་ལྷ་འབུམ་དང་བཅས་ཏེ་གཤེགས། །ཧཱུཾ། དཔལ་ལྡན་མགོན་པོ་ནག་པོ་ཁྱོད། །འཇིགས་བྱེད་དགུ་ཡིས་བསྐོར་བའི་ཚོགས། །དྲག་པོའི་ཚོགས་ཀྱི་གཙོ་བོ་མཛད། །འཇིགས་བྱེད་འབུམ་དང་བཅས་ཏེ་གཤེགས། །ཧཱུཾ། ལེགས་ལྡན་མགོན་པོ་ནག་པོ་ཁྱོད། །གྲོང་ཁྱེར་སུམ་བརྩེགས་འཇིག་པར་བྱེད། །སྡང་དགྲ་སྒྲོལ་བའི་མཐུ་བོ་ཆེ། །དྲེགས་པ་འབུམ་དང་བཅས་ཏེ་གཤེགས། །བསྟན་བསྲུང་མགོན་པོ་ནག་པོ་ཁྱོད། །ཆོས་འཁོར་ཡོངས་ཀྱི་སྲོག་ཤིང་སྟེ། །དམ་ཚིག་ཅན་གྱི་དགྲ་ལྷ་ཡིན། །སྲོག་གཅོད་འབུམ་དང་བཅས་ཏེ་གཤེགས། །ཧཱུཾ། གསང་བ་ཆེན་པོའི་གནས་མཆོག་འདིར། །ཤ་ཁྲག་གཏོར་མ་རི་ལྟར་སྤུངས། །ཛ་གད་བདུད་རྩི་རྒྱ་མཚོར་འཁྱིལ། །དྲི་བསུང་ངད་པ་སྤྲིན་ལྟར་གཏིབས། །འདོད་དགུ་སྣ་ཚོགས་ཆར་ལྟར་འབབ། །ཏིང་འཛིན་སྔགས་རྒྱས་བྱིན་བརླབས་ནས། །སྔར་བཅོལ་གཏང་རག་འདི་འབུལ་ལོ། །ད་བཅོལ་ཞུ་སྐྱེམས་འདི་འདྲེན་ནོ། །བཞེས་ཤིག་རོལ་ཞིག་དགོངས་པར་མཛོད། །མཆོད་ནི་དམ་རྫས་གཏོར་མས་མཆོད། །གསོལ་ནི་སྤྱན་གཟིགས་མཆོད་པས་གསོལ། །རྟེན་ནི་རུ་མཚོན་རྟགས་ལ་བརྟེན། །འབོད་ནི་དུང་ཆེན་གླིང་བུས་འབོད། །བསྐང་ནི་མཐུན་པའི་རྫས་ཀྱིས་བསྐང་། །རྦད་དོ་སྡང་བྱེད་དགྲ་ལ་རྦད། །བསྐུལ་ལོ་དྲག་པོའི་ལས་ལ་བསྐུལ། །ཕྱོས་སོ་དཔལ་བོ་དམག་ལ་ཕྱོས། །བསྟེན་ནོ་མགོན་པོ་རྒྱང་མ་རིང་། །བསྐུར་རོ་མགོན་པོ་ཕྲག་མ་ལྕི། །གཡབ་བོ་མགོན་པོ་སྤྱན་མ་བརྟུལ། །འབོད་དོ་མགོན་པོ་སྙན་མ་སྲ། །གསོལ་ལོ་མགོན་པོ་ཐུགས་མ་རིང་། །གཏོང་ངོ་མགོན་པོ་རྩལ་མ་ཞན། །དམ་(༨ན)


GLG025_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་བསྟན་སྲུང་རྒྱ་མཚོའི་ཚོགས། །དམ་བཅས་ཞལ་བཞེས་མཛད་པ་རྣམས། །མཐུ་དང་ལྡན་པར་མངའ་གསོལ་ལོ། །སངས་རྒྱས་བསྟན་པ་བུ་བཞིན་སྐྱོངས། །མཐུ་རྩལ་ལྡན་པར་མངའ་གསོལ་ལོ། །བསྟན་འཛིན་སྐྱེས་བུའི་དབུ་འཕང་སྟོད། །ཤ་ལ་སྲེད་པར་མངའ་གསོལ་ལོ། །དགྲ་བོའི་ཤ་ལ་ཧབས་སེ་ཧབ། །ཁྲག་ལ་རྔམ་པར་མངའ་གསོལ་ལོ། །དགྲ་བོའི་ཁྲག་ལ་ཧུབས་སེ་ཧུབ། །སྲོག་ལ་དབང་བར་མངའ་གསོལ་ལོ། །དགྲ་སྲོག་ད་ལྟ་ཆོད་ལས་ཤོག །དམག་དཔོན་ཆེན་པོར་མངའ་གསོལ་ལོ། །སྡེ་བརྒྱད་དམག་དཔུང་དགྲ་ལ་དྲངས། །བསྟན་སྲུང་ཆེན་པོར་མངའ་གསོལ་ལོ། །བསྟན་ལ་གནོད་བྱེད་རྡུལ་དུ་རློག །ཆོས་སྐྱོང་ཆེན་པོར་མངའ་གསོལ་ལོ། །ཆོས་འཁོར་དར་ཞིང་རྒྱས་པར་མཛོད། །རིག་འཛིན་སྲུང་མར་མངའ་གསོལ་ལོ། །གསང་སྔགས་མཐུ་དང་ནུས་པ་བསྐྱེད། །རྣལ་འབྱོར་དགྲ་ལྷར་མངའ་གསོལ་ལོ། །བཅོལ་བའི་ལས་རྣམས་མྱུར་བར་སྒྲུབས། །ཞི་བའི་ལས་ལ་མངའ་གསོལ་ལོ། །ནད་གདོན་བར་ཆད་ཞི་བར་མཛོད། །རྒྱས་པའི་ལས་ལ་མངའ་གསོལ་ལོ། །ཚེ་དང་བསོད་ནམས་རྒྱས་པར་མཛོད། །དབང་གི་ལས་ལ་མངའ་གསོལ་ལོ། ཁམས་གསུམ་ཐམས་ཅད་དབང་དུ་སྡུས། །དྲག་པོའི་ལས་ལ་མངའ་གསོལ་ལོ། །བསྟན་ལ་གནོད་ཅིང་སྡང་བ་དང་། །བླ་མར་བརྙས་ཤིང་སེམས་ཅན་འཚེ། །བསྒྲལ་བའི་ཞིང་བཅུར་གྱུར་པ་ཡི། །དགྲ་བོ་དམ་ཉམས་ལས་ངན་འདི། །ད་ལྟ་བསྒྲལ་བའི་དུས་ལ་བབ། །དྲག་པོའི་མཚོན་ཆ་ཆར་ལྟར་ཕོབ། །འཇིགས་པའི་ང་རོ་འབྲུག་ལྟར་སྒྲོགས། །ཤ་ཁྲག་རུས་ལ་ཚོགས་སུ་རོལ།།དོན་སྙིང་རྣམ་ལྔ་ཞལ་དུ་གསོལ། །(༨བ)


GLG025_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་མགོ་ཆོད་རྒྱན་དུ་གྱིས། །སྐྱོབ་པའི་ལྷ་དང་མྱུར་དུ་ཕྱེ། །སྔོན་ཚེ་རྒྱལ་བའི་བཀའ་མ་བཅག །བླ་མ་བརྒྱུད་པའི་དམ་མ་གཡེལ། །རྣལ་འབྱོར་བདག་གི་ངག་མ་བཅག །དུས་ལ་བབ་བོ་སྲུང་མའི་ཚོགས། ཁམས་གསུམ་དགྲ་བོའི་སྲོག་དབུགས་ལ། །དབང་ཞིང་རྔམ་པར་མངའ་གསོལ་ལོ། །ཞེས་བརྗོད། དེ་ནས་གཟུངས་ཐག་རྣམས་བཀྲོལ། །ཁྲག་ཆང་འཐོར་བ་ལ་བརྩོན་པས། མདུན་གྱི་སྲུང་མ་རྣམས་ལས་ཕོ་ཉ་ལས་མཁན་སྟོང་གསུམ་ཁྱབ་པར་འཕྲོས། ཞི་རྒྱས་དབང་དྲག་གི་ལས་ཐམས་ཅད་ཐོགས་མེད་བསྒྲུབ་ཅིང་། ཁྱད་པར་དགྲ་བགེགས་ལོག་འདྲེན་ཐམས་ཅད་ཚར་བཅད། ཤ་ཁྲག་རུས་པ་རྗེས་མེད་དུ་བཞེས། རྣམ་ཤེས་ཆོས་ཀྱི་དབྱིངས་སུ་དྲངས་པར་བསམས་ལ། ཧཱུཾ། དམ་ཅན་རྒྱ་མཚོ་མཐུ་མ་ཆུང་། །མ་མོ་མཁའ་འགྲོ་རྩལ་མ་ཞན། ཕོ་ཉ་ལས་མཁན་བང་མ་བུལ། །མགོན་པོ་རྒྱབ་དཔུང་མ་ཞན་ཞིག །ལྷ་མོ་རྫུ་འཕྲུལ་མ་ཆུང་ཞིག །གནོད་སྦྱིན་ལས་ལ་མ་གཡེལ་ཞིག །པུ་ཏྲ་དགྲ་བོ་མ་བརྗེད་ཅིག །རུ་འདྲེན་རྔམ་པ་མ་ཆུང་ཞིག །ཕོ་ཉས་ཕྱི་བཤོལ་མ་བྱེད་ཅིག །སྡེ་བརྒྱད་རྣོ་ངར་མ་ཞན་ཞིག །མྱུར་བར་དམག་ལ་ཆས་པའི་ཚེ། །ལྷ་སྲིན་དམག་གིས་བར་སྣང་ཁེངས། །དྲེགས་པ་ཕོ་ཡིས་དམག་ཚོགས་དེ། །གཡས་དང་འགྱིང་ཞིང་མཚོན་ཆ་འཕེན། །དྲེགས་པ་མོ་ཡིས་དམག་ཚོགས་དེ། །གཡོན་ནས་འདབ་ཅིང་ཁྲག་ཟོར་འཕེན། །སྡེ་བརྒྱད་དྲེགས་པའི་དམག་ཚོགས་དེ། །ཕྱོགས་ནས་བསྐོར་ནས་དགྲ་ཡུལ་འཇོམས། །བུད་མེད་ནག་མོ་གྲི་ཐོགས་བརྒྱ། །མདུན་ནས་རྒྱུག་ཅིང་དགྲ་སྙིང་འབྱིན། །སྐྱེས་པ་སྟག་ཆས་བརྒྱན་པ་བརྒྱ། །གཡས་(༩ན)


GLG025_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བརྔམ་ཞིང་དགྲ་ཤ་ཟ། །ཉན་ཐོས་དགྲ་བཅོམ་ཆེན་པོ་བརྒྱ། །གཡོན་ནས་འདུར་ཞིང་དགྲ་ཁྲག་འཐུང་། །སྔགས་པ་ནག་པོ་ཁྲོས་པ་བརྒྱ། །ཀླད་ནས་འབྲང་ཞིང་དགྲ་བོ་གསོད། །མོན་པ་གར་བྱེད་ཁྱུགས་སེ་ཁྱུག །མི་ནག་བཤུག་གླུ་ཀྱུར་རུ་རུ། །ལས་མཁན་འུར་སྒྲ་ཆེམས་སེ་ཆེམ། །ཕོ་ཉ་འདུར་རྒྱུགས་ཤར་ར་ར། །བྱ་ནག་ལྡིང་འཁོར་ལིངས་སེ་ལིང་། །ཁྱི་ནག་འཁང་ཟུག་ཆེམས་སེ་ཆེམ། །ལྕགས་སྤྱང་འདུར་སྒྲ་འུར་རུ་རུ། །ཁྱུང་ཆེན་འབྲུག་སྒྲ་ལྡིར་རི་རི། །དགྲ་ལ་རྦད་དོ་མཐུ་མ་ཆུང་། །བགེགས་ལ་རྦད་དོ་རྩལ་མ་ཞན། །བདག་གི་འཁོར་དང་ལོངས་སྤྱོད་དང་། །དབང་ཕྱུག་ཡེ་ཤེས་རྒྱས་པར་མཛོད། །ཧཱུཾ། ཕས་ཀྱི་རྦོད་གཏོང་བཟློག་པ་དང་། །ནད་ཁ་རིམས་ཁ་དགྲ་ལ་བསྒྱུར། །ཕུར་ཁ་ཟོར་ཁ་དགྲ་ལ་སྒྱུར། །བར་ཆད་ཐམས་ཅད་ཞི་བར་མཛོད། །བདག་ཅག་འཁོར་དང་བཅས་པ་རྣམས། །རི་རབ་རྩེ་ལྟར་མཐོ་བར་མཛོད། །རྒྱ་མཚོའི་མཐའ་ལྟར་རྒྱས་པར་མཛོད། །ཉི་ཟླའི་འོད་ལྟར་གསལ་བར་མཛོད། །ཆུ་བོའི་རྒྱུན་ལྟར་རིང་བར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །སྐྱེ་འགྲོ་དར་ཞིང་བསྟན་པ་རྒྱས། །ཡམས་ནད་མུ་གེ་མི་འབྱུང་ཞིང་། །བཀྲ་ཤིས་ཕུན་སུམ་ཚོགས་པར་མཛོད། །བྲན་བདུད་བྱེ་བྲག་ཏུ་བསྐུལ་བ་ནི། ཧཱུཾ། རི་རབ་རི་ཡི་རྩ་བ་ནས། །ལས་མགོན་ཆེན་པོ་སྐུ་སྐྱོད་ཅིག །ནམ་གྱི་གུང་དང་ཉིན་གུང་ལ། །དམ་ཉམས་དགྲ་བོ་གསོད་ཅིང་སྤྱོན། །འཁོར་ནི་བདུད་མགོན་བདུན་བརྒྱ་དང་། །གཟའ་བདུད་བདུན་བརྒྱ་ཕོ་ཉར་བཅས། །དམ་ལས་འདས་པའི་དགྲ་བོ་རྣམས། །མཆོད་པར་འབུལ་ལོ་བཞེས་སུ་(༩བ)


GLG025_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །མཐུན་པའི་ཡོ་བྱད་ཇི་སྙེད་རྣམས། །ཚོགས་བཅས་འབུལ་ལོ་བསྟན་པའི་ལས། །བདག་ཅག་བསྲུང་ཕྱིར་འདིར་བསྟན་ནོ། །ནག་པོའི་བྲན་ཕྱིར་འདིར་བསྟན་ནོ། །བཀའ་ལས་མ་འདའ་འདིར་བཞུགས་ཤིག །དགོས་འདོད་སྒྲུབ་ཕྱིར་འདིར་བཞུགས་ཤིག །ཇི་སྲིད་མ་གཤེགས་བར་དག་ཏུ། །གནས་འདིར་བརྟན་པར་བཞུགས་ནས་ཀྱང་། །གང་བཅོལ་ལས་རྣམས་སྒྲུབ་ཏུ་གསོལ། །ཞེས་ལྷ་མོ་དམག་ཟོར་མ་དུང་སྐྱོང་ལྷ་མོ་བསྟན་མ་བཅུ་གཉིས་ནག་པོ་ཆེན་པོ་འཆི་བདག་གཤིན་རྗེ་བསྟན་སྲུང་དམ་ཅན་རྒྱ་མཚོ། བརྗོད། དེ་ནས། མགོན་པོ་འཁོར་བཅས་འོད་དུ་ཞུ་བ་ལས་བྱུང་བའི་རུ་མཚོན་གཟི་བརྗིད་ནུས་པ་ཕུན་སུམ་ཚོགས་པ་དང་ལྡན་པ། ཕྱར་བ་དང་། ཕྱོགས་སུ་གདེངས་པ་ཙམ་གྱིས་དགྲ་བགེགས་ལོག་འདྲེན་ཐམས་ཅད་ཚར་གཅོད་པའི་ནུས་ལྡན་དུ་གྱུར། ཅེས་བརྗོད། དེ་ལྟ་བུའི་རུ་མཚོན་དེ་ཉིད་མདུན་གྱི་མགོན་པོ་འཁོར་བཅས་སོགས་ལ་རྟེན་དུ་འབུལ་བའི་ཚིག་འདི་སྐད་དོ། ཧཱུཾ། དཔལ་ལྡན་རྩ་བརྒྱུད་བླ་མ་དང་། །ཡི་དམ་རྒྱུད་སྡེ་བཞི་ཡི་ལྷ། །དམ་ཅན་ཆོས་སྐྱོང་སྲུང་མའི་ཚོགས། །ལྷ་སྲིན་དྲེགས་པ་འཁོར་བཅས་དགོངས། །དཔལ་ལྡན་གུར་གྱི་མགོན་པོ་ཆེ། །ཨེ་ཀ་ཛཱ་ཊཱི་འདོད་ཁམས་མ། །ཕྱི་ནང་ལས་མགོན་ཟངས་གྲི་ཅན། །གནོད་སྦྱིན་ནག་པོ་ཡབ་ཡུམ་དང་། །དམ་ཅན་པུ་ཏྲ་མིང་སྲིང་གསུམ། །ཕོ་ཉ་རུ་འདྲེན་གཎྜིའི་དམག །བྲན་བདུད་ནག་པོ་ལྕམ་དྲལ་དང་། །དྲེགས་པ་ཕོ་རྒྱུད་མོ་རྒྱུད་བཅས། །ཞིང་སྐྱོང་དྲག་པོ་གདོང་བཞི་པ། །ལས་མཛད་ཡུམ་ཆེན་སྲིང་མོ་བཞི། །སྡེ་བརྒྱད་བཤན་པར་བཅས་པ་ཀུན། །དཔལ་ལྡན་དམག་ཟོར་རེ་མ་ཏཱི། །མ་གཅིག་དཔལ་གྱི་ལྷ་མོ་(༡༠ན)


GLG025_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །བོད་སྐྱོང་བསྟན་མ་བཅུ་གཉིས་དང་། །མགོན་པོ་མཧཱ་ཀཱ་ལ་དང་། །འཆི་བདག་ལས་ཀྱི་གཤིན་རྗེ་རྣམས། །ཟབ་མོ་གཏེར་གྱི་སྲུང་མ་སོགས། །བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས། །བདག་ལ་བརྩེར་དགོངས་རྟེན་ལ་བཞུགས། །དུར་ཁྲོད་འབར་བའི་རོ་ཐང་འདིར། །ཁྲག་མཚོ་འཁྱིལ་བའི་རྦ་ཀློང་ལྗོངས། །དམ་ཉམས་བམ་ཆེན་བསྒྱེལ་བའི་ཁྲིར། །བརྟན་པར་བཙུགས་པའི་རུ་མཚོན་མདུང་། །དཔག་བསམ་ལྗོན་པའི་སྲོག་ཤིང་རྩེར། །རྣོ་དཔལ་གྲི་ལྕགས་མདུང་སོ་ལ། །དུག་ཁྲག་སྔགས་རྒོད་ངར་དང་ལྡན། །ལྷབ་ལྷུབ་འབར་བའི་མེ་འོད་འཕྲོ། །གཡག་རྒོད་རོག་པོའི་རྔ་ཡབ་ཀྱི། །ཞོལ་ཆེན་སྤྲིན་ནག་ལྟ་བུར་གཏིབས། །དར་ནག་བ་དན་ཕན་རྩེ་གསུམ། རླུང་གིས་བསྐྱོད་པའི་འཕུར་ལྡིང་གཡོ། །སྐུ་རྟེན་རོ་རས་ཙ་ཀ་ལི། །གསུང་རྟེན་སྲོག་འཁོར་གསང་བའི་སྔགས། །ཐུགས་རྟེན་གསལ་བའི་མེ་ལོང་དང་། །ཡོན་ཏན་རྟེན་དུ་ཉེར་ལྔའི་རྫས། །འཕྲིན་ལས་རྟེན་དུ་དར་རས་འཕན། །བསེ་ལྕགས་ཤིང་བྱང་དམ་ཉམས་ཀྱི། །མགོ་ལག་མགྲོན་བུའི་ལན་ཚར་ཅན། །དྲིལ་བུ་གཡེར་ཀ་སིལ་སིལ་འཁྲོལ། །ཕུན་ཚོགས་རྒྱུ་ལས་ལེགས་གྲུབ་ཅིང་། །ཏིང་འཛིན་སྔགས་རྒྱས་བྱིན་བརླབས་པའི། །ཐུག་ཆེན་འབར་བ་དྲག་པོའི་རྟེན། །རྟེན་མཆོག་རུ་མཚོན་རྒྱལ་མཚན་འདི། །བླ་མ་ཡི་དམ་དཀྱིལ་འཁོར་ལྷ། །བཞུགས་པའི་ཕོ་བྲང་ཆེན་པོར་འཛུགས། །བྱིན་རླབས་ཐུགས་རྗེའི་སྤྲིན་སྔོན་ལས། །དངོས་གྲུབ་ཆར་རྒྱུན་དུས་འདིར་ཕོབ། །དམ་ཅན་སྲུང་མ་རྒྱ་མཚོའི་ཚོགས། །འདུ་བའི་གནས་དང་རྟེན་དུ་འཛུགས། །པདྨའི་མཚོ་ལ་ངང་པ་ལྟར། །འབྲེལ་མེད་(༡༠བ)


GLG025_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་ནས་ལས་ཀུན་སྒྲུབས། །དྲེགས་བྱེད་དམག་དཔུང་རུ་མཚོན་མཆོག །གཡུལ་ལས་རྒྱལ་བའི་རྟེན་དུ་འཛུགས། །བསྟན་དང་རྣལ་འབྱོར་བདག་ཅག་ལ། །སྡང་བྱེད་དགྲ་བགེགས་རྡུལ་དུ་རློག །རྣལ་འབྱོར་བདག་ཅག་ཡོན་མཆོད་ཀྱི། །སྲོག་ཤིང་ཚེ་ཡི་རྟེན་དུ་འཛུགས། །མི་ནོར་ཆོས་དང་ལེགས་ཚོགས་ཀུན། །རབ་ཏུ་རྒྱས་ཤིང་བརྟན་པར་མཛོད། །དེ་ལྟར་རུ་མཚོན་རྒྱལ་མཚན་འདི། །སྔར་བཅོལ་ལེགས་པའི་རྟེན་དུ་འཛུགས། །ད་བཅོལ་ཞུ་བའི་རྟེན་དུ་འཛུགས། །བསམ་དོན་འགྲུབ་པའི་རྟེན་དུ་འཛུགས། །བླ་མ་དཀོན་མཆོག་ཡི་དམ་ལྷ། །དམ་ཅན་ཆོས་སྐྱོང་སྲུང་མའི་ཚོགས། །སྣང་སྲིད་དྲེགས་བྱེད་གཞི་བདག་རྣམས། །རུ་མཚོན་འདི་ལ་བརྟན་བཞུགས་ནས། །དཔལ་ལྡན་བླ་མའི་བསྟན་པ་དང་། །བདག་ཅག་དཔོན་སློབ་ཡོན་མཆོད་ཀྱི། །ཉིན་མཚན་བྱ་ར་མེལ་ཚེ་དང་། །བྱང་ཆུབ་བར་གྱི་སྟོང་གྲོགས་མཛོད། །ཅེས་བརྗོད་པས། མདུན་གྱི་བླ་མ་ཡི་དམ་སྲུང་མ་རྣམས་དང་། སྣང་སྲིད་ཀྱི་དྲེགས་པ་ཕོ་རྒྱུད་མོ་རྒྱུད་ཐམས་ཅད་མཚོ་ལ་ཆར་བབས་པ་བཞིན་དུ་རུ་མཚོན་གྱི་རྒྱལ་མཚན་དེ་ཉིད་ལ་ཐིམ་པར་བསམ་ཞིང་། མཐུ་སྟོབས་ཀྱི་དབང་ཕྱུག་ཁྱེད་རྣམས་རུ་མཚོན་གྱི་རྒྱལ་མཚན་འདི་ལ་བརྟན་པར་བཞུགས་ནས། སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་སྟོད། དགེ་འདུན་གྱི་སྡེ་སྐྱོངས། མི་ནོར་དགོན་གནས་ལོངས་སྤྱོད་དང་བཅས་པའི་གཉེར་མཛོད། བསྟན་པ་དང་རྣལ་འབྱོར་ལ་སྡང་བའི་དགྲ་བགེགས་གདུག་པ་ཅན་ཐམས་ཅད་སྐད་ཅིག་ཉིད་ལ་ཚར་ཆོད། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་སྲོག་ལ་དབང་མཛོད་ཅིག །ཅེས་ལན་གསུམ་བརྗོད་ཅིང་། མེ་ཏོག་གཏོར། ཤིས་བརྗོད་ཀྱི་(༡༡ན)


GLG025_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་སྐབས་སུ་གང་བབ་བརྗོད། །འབྲས་སྤུངས་གསང་སྔགས་ཕོ་བྲང་གི་རྟེན་ཐུག་བཙུགས་སྐབས་ཟིན་བྲིས་སུ་ཟ་ཧོར་གྱི་བནྡེས་བཀོད་པ་ཛ་ཡནྟུ། ༈ །དཔག་དཀའ་མ་ཡན་དཀྱུས་བཞིན་བཟླས་པ་ཞི་བ་ཞི་དྲག་ཕྱེད་མ་དྲག་ཁྲོ་གསུམ་གྱི་སྦྱང་བ། མཆོད་གཏོར་བྱིན་རླབས་སླར་ཡང་བསྐྱེད་ཆོག་ནས་བཟུང་གཏོར་འབུལ་གོང་ལྟར་གཟུངས་ཐག་བཅས་པ་བཟླ། ཤ་ཅན་མ་དང་། དེའི་མཇུག་ཏུ་རྡོ་རྗེ་འཛིན་པའི་བཀའ་དང་སོགས་ཀྱི་གསོལ་ཁ་མངའ་གསོལ་གཟུངས་ཐག་བཀྲོལ་རྗེས་བསྐུལ། དེ་མན་གུར་ཇི་ལྟ་བ། ཆོས་སྐྱོང་གཞན་རྣམས་ལ་མཆོད་གཏོར་རྣམས་བྱིན་རླབས་དཀྱུས་ལྟར་བྱ། ཐུག་རྣམས་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། ཐུག་གི་ལྷ་སོ་སོ་མངོན་རྟོགས་དང་གསོལ་ཁ་གང་རིགས་ཀྱི་སྒོ་ནས་བསྐྱེད་ཅིང་སྤྱན་དྲངས། བཞུགས་གསོལ། མཆོད་པ་གཏོར་འབུལ་གྱི་བར་བྱ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དམ་ཅན་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སྤྱན་དྲངས། གདན་འབུལ། ཨོཾ་སརྦ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ནང་མཆོད་འབུལ། གཟུངས་ཐག་དང་བཅས་ཆོས་སྐྱོང་སོ་སོའི་སྔགས་རྣམས་དམིགས་པ་དང་བཅས་བཟླ། ཧཱུཾ་ལེགས་ལྡན་མགོན་པོ་ནག་པོ་ཁྱོད། ཅེས་པ་ནས་དབང་ཞིང་རྔམ་པར་མངའ་གསོལ་ལོ། ཞེས་པའི་བར་བརྗོད་ནས་མངའ་གསོལ། གཟུངས་ཐག་འགྲོལ། ལྷ་མོ་དམག་ཟོར་མ་དུང་སྐྱོང་ལྷ་མོ་ཞེས་པ་མན་གོང་བཞིན་ནོ།། །།སརྦ་མངྒ་ལཾ། །


previousཐུག་ཆོག་དབང་དྲག་རོལ་པའི་དགའ་སྟོན།next