Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་སྒོ་ནས་གཟིམ་ཆུང་བརྟན་བཞུགས་ཀྱི་ཆོག་སྒྲིགས་དང་རྒྱུན་གྱི་རྣལ་འབྱོར་ལ་དགོས་པའི་ལྷན་ཐབས་བཅས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་སྒོ་ནས་གཟིམ་ཆུང་བརྟན་བཞུགས་ཀྱི་ཆོག་སྒྲིགས་དང་རྒྱུན་གྱི་རྣལ་འབྱོར་ལ་དགོས་པའི་ལྷན་ཐབས་བཅས་པ།next

ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་སྒོ་ནས་གཟིམ་ཆུང་བརྟན་བཞུགས་ཀྱི་ཆོག་སྒྲིགས་དང་རྒྱུན་གྱི་རྣལ་འབྱོར་ལ་དགོས་པའི་ལྷན་ཐབས་བཅས་པ།


GLG025_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་སྒོ་ནས་གཟིམ་ཆུང་བརྟན་བཞུགས་ཀྱི་ཆོག་སྒྲིགས་དང་རྒྱུན་གྱི་རྣལ་འབྱོར་ལ་དགོས་པའི་ལྷན་ཐབས་བཅས་པ་བཞུགས་སོ། །


GLG025_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿཔདྨཱ་ཀ་རཱ་ཡ། ཡེ་ཤེས་འོད་ལྔ་དབང་པོའི་གཞུ་རིས་གདངས། །པདྨ་ཐོད་ཕྲེང་རིགས་ལྔར་ཡོངས་ཤར་བར། །བརྟེན་ནས་འཆི་མེད་སྒྲུབ་པའི་ཆོ་ག་ཡི། །ལག་ལེན་བརྗེད་བྱང་རེག་ཟིག་འདྲི་བར་བྱ། །དེ་ཡང་བླ་མ་སྡེ་དཔོན་སོགས་མཆོག་དམན་གང་ལའང་དར་ལམ་གཅོད་ཅིང་བརྟན་བཞུགས་འཁྱེར་བདེ་བྱ་ན། སྟེགས་ཀྱི་ཁར་པདྨ་འདབ་བརྒྱད་ཀྱི་དབུས་བུམ་པ་བཅུད་ལྡན་ཁ་རྒྱན་གསེབ་ཏུ་རྒྱས་པར་སྤྲོ་ན་ཙཀླི་གཟུངས་ཐག །གཡས་གཡོན་དུ་ཚེ་ཆང་། ཚེ་རིལ། མདའ་དར། གཏོར་ཟླུམ་དམར་པོ་གཅིག །ལས་བཞིའི་འབྲང་རྒྱས་བསྟན་མ་བཅུ་གཉིས་དང་། བགེགས་ཀྱི་གཏོར་མ། སྨན་རཀ་མཆོད་པ། ལོགས་ཤིག་ཏུ་མཁའ་འགྲོ་སྡེ་ལྔའི་མཆོད་གཏོར་དར་ལམ་དང་བཅས་པ་ཕྱག་ལེན་ལྟར་བཤམ། སྐྱབས་འགྲོ་ནི། ཧཱུཾ། རང་བྱུང་ལྷུན་གྱིས་གྲུབ་པའི་སྐུ། །འོད་གསལ་ཆེན་པོའི་དགོངས་པ་ཅན། །ཐུགས་རྗེའི་དབང་གིས་འགྲོ་དོན་མཛད། །བླ་མ་རྣམས་ལ་སྐྱབས་སུ་མཆི། །རང་ལ་ཡེ་(༢ན)


GLG025_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཤར་བའི་སྐུ། །མི་འབྲལ་རྩེ་གཅིག་དགོངས་པ་ཅན། །བྱིན་གྱིས་བརླབ་ཅིང་བར་ཆད་སེལ། །ཡི་དམ་ལྷ་ལ་༴ དམ་ཚིག་རྣམ་པར་དག་པའི་སྐུ། །བརྩེ་གདུང་བྱམས་པའི་དགོངས་པ་ཅན། །ལེགས་ཉེས་སྟངས་འཛིན་དངོས་གྲུབ་སྟེར། །མཁའ་འགྲོའི་ཚོགས་ལ་༴ ལན་གསུམ། སེམས་བསྐྱེད་ནི། སྔོན་ནས་བསགས་པའི་སྡིག་སྒྲུབ་བཤགས། །འགྲོ་དོན་སངས་རྒྱས་འཐོབ་བྱའི་ཕྱིར། །སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ། །སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར། །གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད། །དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས། །རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ། །ལན་གསུམ། ཧྲཱིཿ རང་ཉིད་རྟ་མགྲིན་བེ་ཅོན་སྡིགས་མཛུབ་མཛད། །ཐུགས་ལས་སྤྲུལ་པའི་ཁྲོ་མཚོན་མེ་དཔུང་གིས། །ཚེ་སྲོག་འཕྲོག་པའི་གདོན་བགེགས་འབྱུང་པོ་རྣམས། །མཐར་བསྐྲད་རྡོ་རྗེ་སྲུང་བའི་གུར་དུ་གྱུར། །ཨཱོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། གནོད་བྱེད་འབྱུང་པོ་ཨུ་ཙ་ཏ་ཡ་ཕཊ། ཨཱོཾ་བཛྲ་ཙཀྲ་ཛྭ་ལ་རཾ་ཧཱུཾ་བྷྲཱུཾ་(༢བ)


GLG025_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ། ཞེས་བགེགས་བསྐྲད་ཅིང་སྲུང་འཁོར་བསྒོམ། །བརྒྱུད་པའི་བླ་མ་རྣམས་ཀྱི་བྱིན་དབབ་མཁའ་འགྲོ་འཚོ་རྒྱལ་ཡན་འཆི་མེད་འོད་སྣང་ལྟར་གྱི་མཇུག་ཏུ་སངས་རྒྱས་མངའ་བདག་དང་། དཀྱིལ་འཁོར་ཆེན་པོ་གཉིས་བླངས་ལ་སྔགས་བསྒྱུར། ཧྲཱིཿ ཆོས་དབྱིངས་རྣམ་དག་ཕོ་བྲང་ནས། །ཚེ་དཔག་མེད་མགོན་ལྷ་ཚོགས་རྣམས། །གནས་མཆོག་འདིར་གཤེགས་དབང་ཆེན་བསྐུར། །བྱིན་དབབ་དངོས་གྲུབ་མ་ལུས་སྩོལ། །ཨཱོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་ཨཱ་ཡུརྫྙཱ་ན་ས་མ་ཡ་ཨ་བེ་ཤ་ཡ་ཨཱ་ཨཱཿ ཞེས་བྱིན་དབབ། ཧྲཱིཿ འཆི་མེད་རིགས་འཛིན་དཀྱིལ་འཁོར་སྒྲུབ་པའི་རྫས། །ཕྱི་ནང་གསང་བའི་རང་བྱུང་མཆོད་པ་རྣམས། །མ་དག་ལོག་འཁྲུལ་ཉེས་པའི་ཚོགས་རྣམས་ཀུན། །ཡེ་ཤེས་འབྲུ་གསུམ་སྦྱང་ཞིང་བྱིན་གྱིས་རློབས། །རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུཾ་མཧཱ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱི༔ཋ། མ་ཧཱ་བ་ལིཾ་ཏ་ཧཱུཾ། མ་ཧཱ་རཀྟ་ཧཱུཾ། ཨཱོཾ་ཨརྒྷཾ་ཨཱཿཧཱུཾ་ནས་ཤཔྟ་ཨཱཿཧཱུཾ་གི་བར་གྱིས་ཚེ་རྫས་མཆོད་གཏོར་དང་བཅས་པ་བྱིན་གྱིས་བརླབ། སྭ་བྷཱ་ཝས་སྦྱངས། འཛིན་མེད་སྟོང་པའི་དབྱིངས་ཉིད་ལས། །ཆུ་ལས་ཆུ་ལྦུར་བརྡོལ་བ་བཞིན། །པདྨའི་སྡོང་པོ་རྒྱས་པའི་སྟེང་། །ཟླ་བའི་དཀྱིལ་འཁོར་ཉ་གང་བར། །རང་བྱུང་པདྨ་ཚེ་དཔག་མེད། །དཀར་པོ་ལོངས་སྤྱོད་རྫོགས་སྐུ་ཆས། །ཕྱག་གཡས་གསེར་གྱི་རྡོ་རྗེ་དང་། །གཡོན་པ་འཆི་མེད་ཚེའི་བུམ་པ། །འཛིན་པས་ཡུམ་གྱི་མགུལ་ནས་འཁྱུད། །པང་དུ་ཡེ་ཤེས་མཁའ་འགྲོའི་གཙོ། །མནྡྷ་ར་བ་གོས་དཀར་མོ། །དམར་མོ་བཅུ་དྲུག་ལོན་པའི་ཚུལ། །ནུ་མ་འབུར་ཞིང་བྷ་ག་རྒྱས། །(༣ན)


GLG025_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་པ་པདྨ་བདུད་རྩི་ཡིས། །གང་བའི་ཐོད་འཛིན་ཡབ་ལ་འཁྲིལ། །གཅེར་མོ་སྐྲ་གྲོལ་རྣལ་འབྱོར་མའི། །ཆ་བྱད་རུས་པའི་རྒྱན་གྱིས་སྤྲས། །གཉིས་ཀའང་འཇའ་འོད་གུར་ཁྱིམ་དབུས། །རྡོ་རྗེ་པདྨའི་སྐྱིལ་ཀྲུང་བཞུགས། །རྩ་གསུམ་འཁོར་ལོ་ལྔ་ལྡན་པའི། །སྤྱི་བོ་བདེ་ཆེན་འཁོར་ལོའི་དབུས། །རིགས་འཛིན་བུདྡྷ་ཐོད་ཕྲེང་རྩལ། །དཀར་པོ་ཞལ་གཅིག་ཕྱག་གཉིས་པ། །གསང་གོས་སྣམ་སྦྱར་མཉེན་ཞུ་གསོལ། །འཁོར་ལོ་བུམ་འཛིན་ཡུམ་ལ་འཁྲིལ། །མ་ནྡྷར་བ་སངས་རྒྱས་སྤྱན། །འཁོར་ལོ་ཐོད་པ་༴ མགྲིན་པ་ལོངས་སྤྱོད་༴ རིགས་འཛིན་པདྨ་༴ དམར་པོ་༴ གསང་གོས་༴ པདྨ་བུམ་འཛིན་༴ ཤཱཀྱ་དེ་ཝ་གོས་དཀར་མོ། །པདྨ་ཐོད་པ་༴ སྙིང་ག་ཆོས་ཀྱི་༴ རིགས་འཛིན་རྡོ་རྗེ་༴ སྔོན་པོ་༴ གསང་གོས་༴ རྡོ་རྗེ་བུམ་འཛིན་༴ ཡེ་ཤེས་འཚོ་རྒྱལ་མཱ་མ་ཀི །རྡོ་རྗེ་ཐོད་པ་༴ ལྟེ་བ་སྤྲུལ་པའི་༴ རིགས་འཛིན་རཏྣ་༴ སེར་པོ་༴ གསང་གོས་༴ རིན་ཅེན་བུམ་འཛིན་༴ ཀཱ་ལ་སིདྡྷི་རིན་ཅེན་སྒྲོལ། །རིན་ཅེན་ཐོད་པ་༴ གསང་གནས་བདེ་སྐྱོང་༴ རིགས་འཛིན་ཀརྨ་༴ ལྗང་གུ་༴ གསང་གོས་༴ རྒྱ་གྲམ་བུམ་འཛིན་༴ བཀྲ་ཤིས་ཁྱེ་འདྲེན་དམ་ཚིག་སྒྲོལ། །རྒྱ་གྲམ་ཐོད་པ་༴ ཡུམ་རྣམས་གཅེར་མོ་སྐྲ་གྲོལ་བ། །རུས་པའི་རྒྱན་ལྡན་ལང་ཚོར་སྤྲས། །མཛེས་སྡུག་བདེ་བ་བསྐྱེད་པའི་ཉམས། །ཡབ་ཡུམ་རྡོ་རྗེ་པདྨ་ཡི། །སྐྱིལ་ཀྲུང་འཇའ་འོད་ཀློང་ན་བཞུགས། །སྤྱན་འདྲེན་མཆོད་བསྟོད་ནི། ཧྲཱིཿ རང་བཞིན་རྣམ་དག་ཞིང་ཁམས་ནས། །པདྨ་ཐོད་ཕྲེང་ཚེ་དབང་རྩལ། །འདིར་གཤེགས་གཉིས་སུ་མེད་པར་བཞུགས། །སྒོ་གསུམ་གུས་པས་ཕྱག་(༣བ)


GLG025_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་ཞིང་། །ཕྱི་ནང་གསང་བའི་མཆོད་པ་འབུལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །སྔགས་གཤམ་དུ། ཨརྒྷཾ་པཱུ་ཛ་ཧཱུཾ་ནས་ཤཔྟའི་བར་དང་། སྣང་བ་མཐའ་ཡས་ཚེ་དཔག་མེད་མགོན་དང་། །པདྨ་འབྱུང་གནས་མཚན་ལྡན་གཟུང་མ་ལྔ། །རྩ་བའི་བླ་མ་དཀྱིལ་འཁོར་ལྷ་ཚོགས་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །ཨཱོཾ་བཛྲ་གུ་རུ་པདྨ་ཨཱ་ཡུརྫྙཱ་ན་མ་ཧཱ་པཉྩ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ཧྲཱིཿ དྲན་པ་ཙམ་གྱིས་འཆི་བདག་བདུད། །མཐར་མཛད་པད་འབྱུང་ཚེ་དཔག་མེད། །ཨེ་ཝཾ་ཟུང་འཇུག་ལྔ་ཚོགས་ལ། །ལུས་ངག་ཡིད་གསུམ་གུས་ཕྱག་འཚལ། །འཛབ་བཟླ་བ་ནི། ཚེ་འགུགས་གསོ་དང་བྱེ་བྲག་གི་དམིགས་པ་རྣམས་གཞུང་བཞིན་བྱས་ནས། ཨཱོཾ་བཛྲ་གུ་རུ་པདྨ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཎི་བྷྲཱུཾ་ཧཱུཾ་ཛཿབཛྲ་ཨཱ་ཡུ་ཥེ་སྭཱ་ཧཱཿཞེས་བཟླ། ཚེ་འགུགས་ནི། བཅོམ་ལྡན་མགོན་པོ་སོགས་གསང་རྫོགས་ལས་བྱང་བཀླགས་ཆོག་མ་ནས་བླངས་ཏེ་མདའ་དར་གཡབ་ཅིང་ཚེ་འགུགས་ཀྱི་དམིགས་པ་བྱ། ཧོ། ནག་མོ་བཞིན་མི་སྡུག་གི་བུ་མོ་བདུད་མོ་བཞི། དམར་མོ་ཁྲོ་གཉེར་ཅན་གྱི་བུ་མོ་གནོད་སྦྱིན་མོ་བཞི། དཀར་མོ་མདངས་ལྡན་མའི་བུ་མོ་སྨན་བཙུན་མོ་བཞི། སྔོན་ཚེ་ཨ་སུ་ར་ཡི་བྲག་ཕུག་དབེན་གནས་སུ། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། །བཤེས་གཉེན་གླང་ཆེན་དཔལ་གྱི་སེང་གེ་ཡིས། །ཞིང་ཆེན་བསྒྱེལ་བའི་སྟེང་དུ་བཞག་ནས་ཀྱང་། །རྡོ་རྗེ་ལག་གཏད་བདུད་རྩི་ལྕེ་ཡང་བཞག །དེ་ཚེ་ཁས་བླངས་དམ་ལས་མ་འདའ་བར། །ཚུར་གཤེགས་ཚུར་སྤྱོན་བོད་སྐྱོང་བསྟན་མ་རྣམས། །ཀུན་ཀྱང་ལྷབ་ལྷུབ་མང་པོའི་རྒྱན་དང་བཅས། །རོལ་མོ་སིལ་སྙན་མང་པོའི་སྒྲ་དང་བཅས། །


GLG025_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

བྲན་གཡོག་མང་པོའི་འཁོར་དང་བཅས་ཏེ་སྤྱོན། །འདིར་གཤེགས་དམ་སྐོངས་འཕྲིན་ལས་སྒྲུབ་པར་མཛོད། །མ་མ། མེ་མེ། ལ་ལ། ལེ་ལེ། ཏ་ཏ། ཏེ་ཏེ། རྡོ་རྗེ་སྲིང་འགྲོ་མ་ཧཱུཾ་བྷྱོཿ མཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། མཧཱ་རཀྟ་ཁ་རཾ་ཁཱ་ཧི། མཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མ་སོགས་སྦྱར། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་གནས་གསུམ་གྱི་མཁའ་འགྲོ་སྡེ་ལྔའི་ཚོགས་ཨཱོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་གདན་དབུལ། ཨཱོཾ་པཉྩ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝི་དྱེ། ཤཔྟ་པྲ་ཏཱིཙྪ་སྭཱཧཱ་ཞེས་རིགས་ལྔ་སྤྱིར་མཆོད། རྡོ་རྗེ་མཁའ་འགྲོ་འཁོར་དང་བཅས་པའི་ལྗགས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་འོད་ཀྱི་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་བསམས་ལ། ཨཱོཾ་བཛྲ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་གཏོར་མ་དང་། སྔགས་མཐར་ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད་ཅིང་། མཧཱ་པཉྩ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི་ཞེས་སྨན་རཀ་དབུལ། ལྷ་བཙུན་ཀུན་བཟང་རྣམ་རྒྱལ་གྱི་དག་སྣང་མཁའ་འགྲོ་སྡེ་ལྔའི་བསུན་བཟློག་གི་སྡེ་ཚན་དང་པོ་གསང་མཆོག་གདོད་དབྱིངས་མ་གཏོང་། དེ་བཞིན་དུ་རྡོ་རྗེའི་གནས་སུ་རིན་ཅེན། པདྨ། ལས། སངས་རྒྱས་རྣམས་བཅུག་པའི་ལྗགས་བྱིན་རླབས་དང་། བཛྲ་གྱི་གནས་སུ་རཏྣ། པདྨ། ཀརྨ། བུདྡྷ་རྣམས་བཅུག་པའི་གཏོར་མ་ཕྱི་ནང་གི་མཆོད་པ་རྣམས་སྦྱར་ཞིང་། གདོད་མའི་གཞི་དབྱིངས་སོགས་སྡེ་ཚན་ཕྱི་པ་བཞི་རིམ་བཞིན་བཏང་བའི་(༤བ)


GLG025_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

དར་ལམ་རྣམས་སོ་སོའི་དུས་གཅོད། བརྟན་བཞུགས་དངོས་ནི། འབུལ་ཡུལ་ལྷར་བསྐྱེད། བུམ་པ་ཕུལ་ཏེ། ཧྲཱིཿ བཀྲ་ཤིས་འོད་གསལ་བུམ་པ་གཞལ་ཡས་ཁང་། པདྨ་ཚེ་ཡི་ལྷ་ཚོགས་བཞུགས་པའི་གནས། །གཉིས་མེད་འོད་ཟེར་ཀུན་ཏུ་འབར་བའི་བཅུད། །གུས་པས་འབུལ་གྱི་ཡེ་ཤེས་ལྔ་རྫོགས་ཤོག །ཀཱ་ཡ་སིདྡྷི་ཨཱོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུཾ། འཆི་མེད་འོད་སྣང་ལྟར་ཚེ་ཆང་། ཚེ་རིལ་དང་། འཆི་མེད་ཚེ་ཡི་རང་བཞིན་སོགས་ཀྱི་མཐར་མདའ་དར་ཕུལ་ལ་ཚེ་ལྔ། འབྲང་རྒྱས་རྣམས་རིམ་བཞིན་ཕུལ་ལ། །ལྷུན་གྲུབ་ཚེ་དབང་རིགས་འཛིན་ལ། །དབང་གི་འབྲང་རྒྱས་འདི་ཕུལ་བས། །སྲིད་ཞིའི་ཕུན་ཚོགས་མ་ལུས་པ། །དབང་སྡུད་འཕྲིན་ལས་འགྲུབ་པར་ཤོག །ལྷུན་གྲུབ་༴ དྲག་པོའི་༴ ལོག་འདྲེན་དགྲ་བགེགས་ཚར་གཅོད་པའི། །དྲག་པོའི་༴ ལྷུན་གྲུབ་༴ ཞི་བའི་༴ སྒྲིབ་གཉིས་ནད་གདོན་བར་ཆད་ཀུན། །ཞི་བའི་༴ ལྷུན་གྲུབ་༴ རྒྱས་པའི་༴ ལུང་རྟོགས་ཚེ་དཔལ་བསོད་ནམས་སོགས། །རྒྱས་པའི་༴ བསམས་པ་ལྷུན་གྲུབ་མ་དང་ཚིགས་བཅད་ཅི་རིགས་བརྗོད། གཏང་རག་ནི། ཕྱི་ནང་གི་མཆོད་པ་བསྟོད་པ་དང་བཅས་པ་བྱ། སྣང་བ་མཐའ་ཡས་ཀྱི་ཡིག་བརྒྱ་སོགས་ཀྱིས་ལྷག་ཆད་ཁ་བསྐང་། སྨོན་ལམ་ནི། དགེ་བ་འདི་ཡིས་མཁའ་མཉམ་འགྲོ་ཀུན་གྱི། །སྒྲིབ་གཉིས་དེ་འབྲས་མ་ལུས་ཀུན་བྱང་ནས། །ཚེ་དཔག་མེད་མགོན་གོ་འཕང་མངོན་གྱུར་ཏེ། །རང་གཞན་དོན་གཉིས་མ་ལུས་འགྲུབ་པར་ཤོག །བཀྲ་ཤིས་ནི། ཆོས་སྐུ་སྣང་མཐའ་ལོངས་སྐུ་ཚེ་དཔག་མེད། །སྤྲུལ་པའི་སྐུ་མཆོག་པདྨ་འབྱུང་གནས་ཏེ། །སྐུ་གསུམ་དབྱེར་མེད་ཚེ་མཐའ་ཡས་པ་ཡི། །བཀྲ་ཤིས་ཕྱོགས་དུས་ཀུན་ཏུ་ཁྱབ་པར་ཤོག །ཕུན་སུམ་ཚོགས་པ་སོགས་ཀྱིས་མེ་ཏོག་སིལ་མས་ཕྱོགས་ཀུན་ཏུ་ཁྱབ་པར་བྱའོ། །ཚོགས་བྱིན་གྱིས་བརླབ་པ་ནི། ཨཱོཾ་སརྦ་དྲ་བྱེ་སཾ་ཤོ་དྷ་ནི་ཧཱུཾ་ཕཊཿ རཾ་ཡཾ་ཁཾ། ཨཱོཾ་ཨཱཿཧཱུཾ་ཧྲཱིཿཧྲཱིཿ རང་བཞིན་རྣམ་དག་གཞལ་ཡས་ནས། །བཅོམ་(༥ན)


GLG025_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་མགོན་པོ་ཚེ་དཔག་མེད། །རིགས་ལྔ་ཡབ་ཡུམ་འཁོར་བཅས་རྣམས། །ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །དང་པོ་མཆོད་པ་ནི། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན། །ནམ་མཁའ་མཛོད་ཀྱི་སྒོ་ཕྱེ་སྟེ། །འབུལ་གྱིས་བཞེས་ལ་དངོས་གྲུབ་སྩོལ། །ཨཱོཾ་བཛྲ་གུ་རུ་པདྨ་ཨཱ་ཡུརྫྙཱ་ན་གྷ་ན་ཙཀྲ་སརྦ་པཱུ་ཛ་ཁཱ་ཧི། བར་པ་བཤགས་པ་ནི། མ་རིག་ལས་དང་ཉོན་མོངས་ཀྱིས། །རྩ་བ་ཡན་ལག་དམ་ཚིག་གི །ནོངས་པར་གྱུར་པའི་ཉེས་པ་ཀུན། །གནོང་འགྱོད་སེམས་ཀྱིས་མཐོལ་ཞིང་བཤགས། །ཡི་གེ་བརྒྱ་པ་བརྗོད། ཚོགས་ཐ་མ་ནི། ཨོཾ་ཪྣྲིར་ཏྲི་ཛཿ སྐུ་སྟོད་དབང་ཆེན་ཁྲོས་པའི་གཟུགས། །སྐུ་སྨད་གནམ་ལྕགས་ཕུར་བུའི་དཔལ། །དགྲ་བགེགས་ལོག་འདྲེན་དམ་སྲི་ཡི། །སྙིང་ལ་བཏབ་པོ་མཱ་ར་ཡ། །ཤ་ཁྲག་རུས་ཕུང་རྡུལ་དུ་རློག །ཨཱོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་གནོད་བྱེད་ཤ་ཏྲུཾ་མཱ་ར་ཡ་རྦད། ཅེས་བསྒྲལ། གོང་གི་སྔགས་གཤམ་དུ་མ་ཧཱ་མཾ་ས་རཀྟ་ཀེཾ་ཪྣྲི་ཏི་ཁཱ་ཧི་ཞེས་པ་བཏགས། ལྷག་མ་ནི། ཚེ་དཔག་མེད་མགོན་བཀའ་འཁོར་ནི། །དམ་པ་ཆོས་ཀྱི་སྲུང་མ་རྣམས། །ཞེས་སོགས་ལྷག་མ་དང་བསྟན་སྐྱོང་བྱང་གཏེར་ཐུགས་རྗེ་ཆེན་པོ་ལྟར་བྱ། ཉེར་བསྡུ་ནི། སྣོད་བཅུད་ཐམས་ཅད་འོད་ལྔའི་ཀློང་དུ་ཐིམ། །དེ་ཉིད་འཁོར་དང་འཁོར་ཡང་གཙོ་བོར་ཐིམ། །གཙོ་བོ་མི་དམིགས་སྟོང་པའི་ངང་ཉིད་ལས། །སླར་ཡང་འཇའ་ཚོན་བཞིན་དུ་བསལ་བར་གྱུར། བྷྲཱུཾ་མཚན་རྡོ་རྗེའི་རྭ་གདངས་ཐོག་མདའི་རྒྱ་ཅན་ནང་གི་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་སྒོ་ནས་གཟིམས་ཆུང་བརྟན་བཞུགས་གྱི་ཆོག་སྒྲིགས་དང་རྒྱུན་གྱི་རྣལ་འབྱོར་ལ་དགོས་པའི་ལྷན་ཐབས་བཅས་པ་ཆུ་བབས་སུ་ཟ་ཧོར་གྱི་བནྡེས་བཀོད། །སརྦ་མངྒ་ལཾ། །


previousཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་སྒོ་ནས་གཟིམ་ཆུང་བརྟན་བཞུགས་ཀྱི་ཆོག་སྒྲིགས་དང་རྒྱུན་གྱི་རྣལ་འབྱོར་ལ་དགོས་པའི་ལྷན་ཐབས་བཅས་པ།next