Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
ལྷ་བྲག་གཏེར་བྱོན་ནང་སྒྲུབ་ལྕགས་ཀྱི་སྡོང་པོའི་ལས་བྱང་དབང་ཆོག་དང་བཅས་པ་གངྒཱའི་ཆུ་རྒྱུན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལྷ་བྲག་གཏེར་བྱོན་ནང་སྒྲུབ་ལྕགས་ཀྱི་སྡོང་པོའི་ལས་བྱང་དབང་ཆོག་དང་བཅས་པ་གངྒཱའི་ཆུ་རྒྱུན། next

ལྷ་བྲག་གཏེར་བྱོན་ནང་སྒྲུབ་ལྕགས་ཀྱི་སྡོང་པོའི་ལས་བྱང་དབང་ཆོག་དང་བཅས་པ་གངྒཱའི་ཆུ་རྒྱུན།


GLG025_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་བྲག་གཏེར་བྱོན་ནང་སྒྲུབ་ལྕགས་ཀྱི་སྡོང་པོའི་ལས་བྱང་དབང་ཆོག་དང་བཅས་པ་གངྒཱའི་ཆུ་རྒྱུན་བཞུགས་སོ། །


GLG025_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ནཱ་ཐཱ་ཡུརྫྙཱ་ན་པ་རི་མི་ཏཱ་ཡ། མི་འགྱུར་བདེ་ཆེན་ཆོས་སྐུ་གར་གྱི་དབང་། །ལོངས་སྤྱོད་རྫོགས་སྐུའི་རྣམ་རོལ་ཚེ་མཐའ་ཡས། །འཇའ་ལུས་མངོན་གྱུར་སྤྲུལ་སྐུ་པདྨ་འབྱུང་། །སྐུ་གསུམ་དངོས་པོ་གཅིག་གྱུར་གཙུག་ན་མཛེས། །ལྕགས་ཀྱི་སྡོང་པོའི་སྲོག་རྩ་གཞོམ་བྲལ་ཁམས། །འཆི་མེད་གྲུབ་པའི་བཅུད་ལེན་ཟབ་དོན་སྒོ། །འབྱེད་མཛད་རིགས་འཛིན་རྒོད་ལྡེམ་སྙན་གྲགས་རྔ། །ཀུན་ཁྱབ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་བསྔགས། །མཁྱེན་པའི་སྤྱན་ལྡན་སེ་སྟོན་རིན་རྒྱལ་ཞབས། །ཁྲི་སྲོང་རྣམ་སྤྲུལ་ཆེ་མཆོག་འདུས་པ་རྩལ། །བཀའ་དྲིན་མཉམ་མེད་ཟུར་ཆེན་རྡོ་རྗེ་འཆང་། །རྩ་བརྒྱུད་བླ་མས་བྱང་ཆུབ་བར་དུ་སྐྱོངས། །རྫུ་འཕྲུལ་དཔག་དཀའ་སྔགས་སྲུང་སྲིད་པའི་རྒྱལ། །དམ་ཅན་སྐྱེས་བུ་རྡོ་རྗེ་ལེགས་པ་སོགས། །གཏེར་སྐྱོང་རྣམས་ཀྱིས་གནང་བ་ཉེར་སྩལ་ནས། །མི་འཛད་དངོས་གྲུབ་ནམ་མཁའ་མཛོད་སྒོ་ཕྱེ། །ཨཽ་ཌྜི་ཡ་ནའི་མཁན་པོ་འཛམ་གླིང་འདིར། །བརྟུལ་ཞུགས་སྤྱོད་པའི་དབང་པོ་ཐུགས་ཀྱི་བཅུད། །འཆི་མེད་ཚེ་བྱད་སྨིན་བྱེད་མཐོ་རིས་ནས། །ཡན་ལག་བརྒྱད་ལྡན་ཆུ་རྒྱུན་དེང་འདིར་འབབ། དེ་ཡང་དུས་གསུམ་སངས་རྒྱས་ཀུན་གྱི་སྤྱི་གཟུགས་སློབ་དཔོན་ཆེན་པོ་པདྨ་(༢ན)


GLG025_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་འཕྲེང་རྩལ་གྱིས་ཁ་བ་ཅན་གྱི་སྐྱེ་དགུ་རྣམས་གདུང་བ་སེལ་བའི་སླད་དུ་མཐའ་དབུས་ཐམས་ཅད་ཟབ་མོའི་གཏེར་གྱི་ཕྱག་རྒྱས་བཏབ་པའི་ནང་ཚན། ལས་དང་སྐལ་བར་ལྡན་པའི་སྤྲུལ་པའི་གཏེར་སྟོན་བརྒྱ་ཕྲག་བརྡལ་བར་བྱོན་པའི་ནང་ནས་རི་ཁྲོད་པ་བཟང་པོ་གྲགས་པའི་གཏེར་ལུང་སྙིང་ཏིག་གནད་ཀྱི་མན་ངག་དོན་བདུན་མ་ལས། བྱང་ཕྱོགས་མཐོ་ཡོར་ནག་པོའི་ས་ཕྱོགས་སུ། །རི་བོ་བཀྲ་བཟང་ཞེས་པའི་ཤར་འདབས་སུ། །ཆུ་ཁམས་གླང་ལོ་སྨེ་བའི་མཚན་རྟགས་ཅན། །པདྨ་ང་ཡིས་བྱིན་གྱིས་བརླབས་པའི་རྟགས། །སྤྱི་བོར་རྒོད་ཀྱི་ལྡེམ་ཕྲུ་ཡང་ཡང་འབྱུང་། ཞེས་དང་། དེ་ཉིད་ཀྱི་ནང་གཏེར་ལྷ་སྲས་ཀྱི་ཞུས་ལན་སྐབས་ལས། དུས་ངན་ཐ་མ་མཐར་ཐུག་སླེབ་ཀ་རུ། །རི་བོ་བཀྲ་བཟང་ཞེས་བྱའི་ཤར་འདབས་སུ། །སྦས་པའི་རྣལ་འབྱོར་གཅིག་གི་སྨོན་ལམ་གྱིས། །ང་ཡི་གཏེར་འདོན་ལྷ་སྲས་གདུང་བརྒྱུད་སྐྱོབ། །ཐུགས་ངལ་མ་མཛད་ལྷ་སྲས་བོད་ཀྱི་རྗེ། །དུས་ངན་སྙིགས་མའི་སེམས་ཅན་ཟོག་པོས་འདུལ། །དེ་ཡི་སྐྱོན་གྱིས་ལོག་ལྟའི་འདམ་ལ་ཚུད། །ཆོས་དང་ཆོས་འདྲ་མི་ཕྱེད་ཐེ་ཚོམ་ཆེ། །རི་བོ་བཀྲ་བཟང་འདབས་སུ་འབྱུང་བ་དེ། །གསང་སྔགས་ཐེག་པ་ཆེན་པོའི་བཀའ་དང་མཐུན། །དགེ་བའི་ཚུལ་སྤྱོད་སྦས་པའི་རྣལ་འབྱོར་པས། །གུང་ཐང་(༢བ)


GLG025_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་རྗེ་འབངས་སྐྱོབ་པར་ངེས། །ཞེས་གསལ་བར་ལུང་དང་མཐུན་པར་བྱོན་པའི་གཏེར་ཆེན་གྱི་རྒྱལ་པོ་དངོས་གྲུབ་རྒྱལ་མཚན་ནམ། མཚན་ཡོངས་སུ་གྲགས་པ་རིགས་འཛིན་རྒོད་ཀྱི་ལྡེམ་ཕྲུ་ཅན་གྱི་བྱང་ཕྱོགས་བྲག་རི་དུག་སྦྲུལ་སྤུངས་འདྲའི་རྐེད་པར་གཞོམ་མེད་རྡོ་རྗེའི་སྒྲོམ་བུར་རྒྱས་བཏབ་པ་མཛོད་ལྔ་འདུས་པའི་ནང་ཚན་ལས། ལྷོ་གསེར་མཛོད་སེར་པོའི་ཆོས་སྡེའི་བྱེ་བྲག་དྲག་པོ་ཐུགས་ཀྱི་སྒྲུབ་པའི་ཧཱུཾ་གི་འཕྲིན་ལས་སྐབས་ལས། །དེ་ཡི་རྗེས་འཇུག་རྣལ་འབྱོར་བ། །མན་ངག་འདི་དང་འཕྲད་པའི་ཚེ། །བརྩོན་འགྲུས་དྲག་པོས་བར་ཆད་སྤང་། །ཉམས་ལེན་དྲག་པོས་དངོས་གྲུབ་ཐོབ། །ཐེ་ཚོམ་སྤངས་ལ་སྒྲུབ་པར་མཛོད། །བུ་ཁྱོད་ཡི་དམ་འདི་ལ་མཛོད། །བདག་དང་ཞལ་མཇལ་ལུང་སྟོན་ངེས། །ཞེས་རིགས་འཛིན་རྡོ་རྗེ་དྲག་པོ་རྩལ་གྱི་གདམས་སྐོར་ཆོས་ཚན་ཉེར་ལྔ་ཐེམས་བྱང་ཐེམས་མེད་དང་བཅས་པ་སྤྱན་དྲངས་པའི་བྱེ་བྲག་ཆོས་ཚན་བཅུ་དགུ་བ། ཐེམས་བྱང་ལས། རྣལ་འབྱོར་ཚེ་སྲོག་གསོ་བའི་ཕྱིར། །ཕྱི་ནང་གསང་བའི་ཚེ་སྒྲུབ་ཡོད། །ཅེས་གསུངས་པའི་ཚེ་སྒྲུབ་ཕྱི་ནང་གསང་གསུམ་ལས། ནང་སྒྲུབ་ལྕགས་ཀྱི་སྡོང་པོའི་ལས་བྱང་དང་། དབང་ལ་བརྒྱུད་ཚུལ་རྣམ་གྲངས་མང་ཞིང་ཕྱག་ལེན་ཀྱང་འདྲ་མིན་སྣ་ཚོགས་སྣང་བ་ལས། མཁྱེན་པའི་སྤྱན་ལྡན་རིག་སྔགས་འཆང་བའི་དབང་ཕྱུག་སེ་སྟོན་རིན་ཅེན་རྒྱལ་མཚན་དང་། པདྨའི་གདུང་འཚོབ་ཆོས་རྒྱལ་མངྒའི་མཚན་ཅན་ཡབ་སྲས་ཀྱི་ཕྱག་ལེན་འཁྲུལ་མེད་རྩ་བའི་བླ་མ་ཟུར་ཐམས་ཅད་མཁྱེན་པ་ལས་ཐོབ་པ་དང་། སྣང་བ་མ་ངེས་ཀྱི་དོགས་གནམ་སྤྲུལ་པའི་སྐུ་མཆོག་པདྨ་འཕྲིན་ལས་ལ་ཉེ་བར་དཔྱད་པ་བཞིན་བཀོད་པ་ལ། གཏེར་གཞུང་ལས། ཡར་ངོ་དུས་དང་གཟའ་སྐར་བཟང་པོ་ལ། །ས་བཅད་བཀྲ་ཤིས་དབེན་པའི་གནས་བཙལ་ཏེ། །འབྲུ་སྦས་རཏྣ་སྨན་དང་སྙིང་པོ་ལྔ། །རྒྱུན་ཆད་མེད་པའི་ཆུ་ཡིས་བུམ་པ་བཀང་། །(༣ན)


GLG025_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

གཙང་མའི་གོས་དཀྲིས་དཔག་བསམ་སྡོང་པོས་བརྒྱན། ཞེས་པ་ལྟར། སྟེགས་བུའི་ཁང་རྟེན་ཁེབས་སོགས་ཀྱིས་མཛེས་པར་བྱས། །དབུས་སུ་མཎྜལ་ལྟ་བུའི་ཁྲར་རྡུལ་ཚོན་གྱི་པདྨ་འདབ་བརྒྱད་སྔོན་པོའང་། རས་བྲིས་ཀྱང་རུང་། དེ་སྟེང་མཉྫིའི་ཁར་རིན་པོ་ཆེ་བུམ་པ་མཚན་ཉིད་དང་ལྡན་པ་སྲོག་ཆགས་མེད་པའི་ཆུ་གཙང་གིས་སུམ་གཉིས་བཀང་བར་བུམ་རྫས་ཉེར་ལྔ་དང་། ལུགས་སྲོལ་འདི་ལ་དམ་ཚིག་གི་ལྷད་མ་ཞུགས་པའི་རིགས་འཛིན་རྣམས་ཀྱིས་བསྒྲུབ་པའི་ཚེ་རྫས། ཆོས་སྨན་ཁུངས་བཙུན་བཏབ། མགུལ་ཆིངས་དམར་པོ། ཁ་རྒྱན་ཙཀླི། གཟུངས་ཐག །གཡས་སུ་ཚེ་རིལ། གཡོན་དུ་ཚེ་ཆང་། མདའ་རྒོད་སྒྲོ་མར་དར་ཚོན་སྣ་ལྔ་མེ་ལོང་ཚེ་གཡུ་དང་བཅས་པ། ལི་ཁྲི། ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད། གཡས་སུ་ཐུགས་སྒྲུབ་ཀྱི་དཔལ་གཏོར་ལས་བཞི་ལྷུན་གྲུབ། སྨན་རཀྟ། རྒྱལ་པོ་བཞི། སྔགས་སྲུང་། རྡོར་ལེགས་རྣམས་ཀྱི་གཏོར་མ། བགེགས་གཏོར། ཚོགས་མཆོད། ཨར་སྐྱ། གུ་གུལ། ཡུངས་ཀར། འཐོར་ནས། རྡོར་དྲིལ། རོལ་མོ་སོགས་མཁོ་བའི་ཡོ་བྱད་རྣམས་འདུ་བྱས། ཐུགས་སྒྲུབ་དྲག་པོ་རྩལ་གྱི་སྔོན་འགྲོ་གཟེར་ལྔ་དང་འབྲེལ་བའི་ལས་བྱང་། བསྙེན་པ་སུམ་བརྒྱ་ཉེར་གཅིག །འཛབ་བསྐུལ། དོན་བསྟོད་དང་བཅས་པ། བསྔུ་ན་སྔགས་ཀྱི་འཕྲིན་ལས་ཙམ་གྱིས་ཀྱང་རུང་། ཐུགས་སྒྲུབ་ལས་བྱང་དང་འབྲེལ་བ་རིགས་འཛིན་ཆེན་པོ་ངག་གི་དབང་པོ་ནན་ཏན་དུ་མཛད། མ་འགྲུབ་ན་ཚེ་ཆང་ཙམ་ལ་བརྟེན་ཀྱང་ཆད་ལྷག་ཏུ་མི་འགྱུར། །དེ་ནས་བདག་བསྐྱེད་ལ་བརྒྱུད་འདེབས་ནི། །མགོན་པོ་ཚེ་དཔག་མེད་ལ་གསོལ་བ་འདེབས། །ལྷ་མོ་ཙཎྜ་ལི་ལ་གསོལ་བ་འདེབས། །འཆི་མེད་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ་ལ་གསོལ་བ་འདེབས། །གཏེར་སྟོན་(༣བ)


GLG025_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་འཛིན་ཆེན་པོ་ལ་གསོལ་བ་འདེབས། །རིགས་འཛིན་སངས་རྒྱས་བྱམས་བཟང་ལ་གསོལ་བ་འདེབས། །སེ་སྟོན་ཉི་མ་བཟང་པོ་ལ་གསོལ་བ་འདེབས།།སེ་སྟོན་མགོན་པོ་བཟང་པོ་ལ་གསོལ་བ་འདེབས། །སེ་སྟོན་རིན་ཅེན་རྒྱལ་མཚན་ལ་གསོལ་བ་འདེབས། །སྤྱན་ཚབ་མགོན་པོ་ཟླ་བ་ལ་གསོལ་བ་འདེབས། །མཉམ་མེད་ཆོས་ཀྱི་རྒྱལ་མཚན་ལ་གསོལ་བ་འདེབས། །ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་ལ་གསོལ་བ་འདེབས། །རིགས་འཛིན་ངག་གི་དབང་པོ་ལ་གསོལ་བ་འདེབས། །ཟུར་ཆེན་ཆོས་དབྱིངས་རང་གྲོལ་ལ་གསོལ་བ་འདེབས། །དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །སྐྱབས་འགྲོ་ནི། ཧཱུཾ། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ། །ཐུགས་རྗེས་བདག་ལ་དགོངས་སུ་གསོལ། །མཉམ་ཉིད་རང་བཞིན་དགོངས་པ་ཅན། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཡེ་ཤེས་རང་སྣང་ཐུགས་རྗེ་ཅན། །ཡི་དམ་ལྷ་ལ་སྐྱབས་སུ་མཆི། །སྨོན་ལམ་དབང་གིས་འགྲོ་དོན་མཛད། །བླ་མ་རྣམས་ལ་སྐྱབས་སུ་མཆི། །མ་ཆགས་གསུང་གིས་འགྲོ་དོན་མཛད། །དམ་པའི་ཆོས་ལ་སྐྱབས་སུ་མཆི། །མ་ནོར་ལམ་ལ་འདྲེན་མཛད་པའི། །དགེ་འདུན་རྣམས་ལ་སྐྱབས་སུ་མཆི། །རང་བྱུང་ཆེན་པོ་སྤྲུལ་པའི་སྐུ། །པདྨ་འབྱུང་གནས་ཉིད་ལ་འདུད། །ལེགས་ཉེས་སྟངས་འཛིན་དངོས་གྲུབ་སྟེར། །མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི། །བདག་ལ་ཚེ་ཡི་དངོས་གྲུབ་སྩོལ། །ཞེས་ལན་གསུམ་བརྗོད། སེམས་བསྐྱེད་ནི། ཧཱུཾ། བདག་གིས་འགྲོ་བའི་དོན་བྱ་ཕྱིར། །ཚེ་ལོ་དཔག་ཏུ་མེད་པ་ནས། །བརྒྱད་ཁྲིའི་བར་དུ་ཚེ་སྲོག་ནི། །སྲ་ཞིང་བརྟན་པར་བྱིན་གྱིས་རློབས། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །བདག་ལ་ཚེ་ཡི་དངོས་གྲུབ་སྩོལ། །ཞེས་ལན་གསུམ་བརྗོད། ལྷ་བསྐྱེད་པ་ནི། དང་པོ་སྟོང་པའི་ངང་ཉིད་ལས། །ལྕགས་ཀྱི་པདྨ་འདབ་བརྒྱད་གདན། །དེ་སྟེང་བདག་ཉིད་འོད་དཔག་མེད། །སྐུ་མདོག་དམར་པོ་སྐྱིལ་ཀྲུང་བཞུགས། །སྤྲུལ་སྐུའི་ཆ་བྱད་དར་ཆོས་མནབས། །ཕྱག་གཉིས་མཉམ་གཞག་ཚེ་བུམ་འཛིན། །སྐུ་ཚེ་ཡན་ལག་(༤ན)


GLG025_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

རགས་པའི་ཚད། །ཕྲག་པ་གཡས་གཡོན་ཉི་ཟླ་འཆར། །དངས་མ་འོད་ལྔའི་རྒྱབ་ཡོལ་ཅན། ཁོད་པའི་ནང་ནས་བག་ཆགས་ཀྱི། །སྙིགས་མ་གདོས་བཅས་ཐམས་ཅད་སྦྱངས། །འཆི་མེད་ཚེ་ཡི་བདུད་རྩིས་གང་། །རཱ་ག་དམར་པོའི་མདོག་ལྟར་གསལ། །སྤྱི་བོའི་གཙུག་ནས་གསང་གནས་བར། །ལྕགས་ཀྱི་སྲོག་རྩ་སྨྱུག་སྡོང་ཙམ། །ཀ་བ་བཙུགས་པ་ལྟ་བུར་བསམ། ནང་ན་སྟོང་འབོད་གསལ་མ་དངས། ཁ་དོག་ལྔར་གསལ་འོད་ཟེར་འབར། །སྲོག་རྩའི་ཕྱི་ན་སྔགས་ཀྱི་འབྲུ། །དུང་མདོག་ཟིལ་ཆགས་ལྟ་བུར་བསམ། །བདེ་བ་ཅན་ནས་ཡེ་ཤེས་སེམས། །རང་འདྲ་སྤྱན་དྲངས་མཁའ་ལ་བཞུགས། །བུམ་པའི་ནང་ནས་ཚེ་བཅུད་ལུད། །བདག་གི་ཚངས་བུག་ནང་དུ་བབས། །དབང་བསྐུར་ལྷ་དང་དབྱེར་མེད་གྱུར། །ལྷ་དང་སྲོག་རྩ་བདུད་རྩི་ལས། །འོད་འཕྲོས་གསལ་འཚེར་མདངས་དང་ལྡན། །ཐོ་རངས་སྔགས་འདི་བརྒྱ་རྩ་བཟླས། ཨཱོཾ་ཨཱཿཧཱུཾ་ན་མོ་བྷ་ག་ཝ་ཏེ་ཨ་པ་རི་མི་ཏ་ཨཱ་ཡུ་རྫྙཱ་ན་སུ་བི་ནི་ཤྩིཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། ས་མྱ་ཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ། མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། ཎི་བྷྲཱུཾ་བཛྲ་ཨཱ་ཡུ་ཥེ་ཨཱ་ཡུ་རྫྙཱ་ན་སིདྡྷི་ཨ་བྷྲཱུཾ། ཏིང་འཛིན་སྔགས་ཀྱི་འོད་ཟེར་ནི། ལྕགས་ཀྱུ་ལྟ་བུས་སྣོད་བཅུད་གང་། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི། །ཐུགས་རྗེའི་བྱིན་རླབས་སིདྡྷི་བསྡུས། །ཕྱོགས་སྐྱོང་མཁའ་འགྲོ་སྡེ་བརྒྱད་ཀྱི། །རྫུ་འཕྲུལ་ཚེ་བཀྲག་གཟི་མདངས་ཕྲོགས། །རི་རབ་གླིང་བཞི་གླིང་ཕྲན་དང་། །གསེར་གྱི་རི་བདུན་རོལ་མཚོ་དང་། རྩི་ཤིང་ནགས་ཚལ་རཏྣའི་ཚོགས། །འབྱུང་བ་ལྔ་ཡི་དངས་མ་བསྡུས། །ལྷ་ཀླུ་མི་ཡི་དབང་ཐང་དང་། །བསོད་ནམས་མི་ཡི་དངོས་གྲུབ་བསྡུས། །བདུད་རྩིའི་འོད་ཟེར་ཆར་ལྟར་བབས། །ཐམས་ཅད་མ་ལུས་བདག་ལ་ཐིམ། །བདག་ལུས་བདུད་རྩིས་གང་བར་བསམ། །སྟོང་གསལ་འོད་(༤བ)


GLG025_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གོང་བུར་བསྒོམ། །ཞེས་དམིགས་པ་དང་བཅས་ཏེ་འཛབ་ལ་ཆིག་དྲིལ་བཟླ། །བདག་གི་སྤྱི་བོར་བྱོན་པ་ཡི། །ཡེ་ཤེས་སེམས་དཔའ་ཚེ་དཔག་མེད། །དམ་ཚིག་པ་དང་དབྱེར་མེད་དུ། །ཆུ་ལ་ཆུ་བཞག་ལྟ་བུར་གྱུར། །དེ་ནས་སྨོན་ལམ་ནི། ཧཱུཾ། སྐྱེ་འཆི་གཉིས་མེད་བདེ་བ་ཆེན་པོའི་དང་། །མི་འགྱུར་ཚེ་ཡི་དངོས་གྲུབ་བདག་ལ་སྩོལ། འདོན་པ་དེ་ཁྱད་ཀྱིས་ཤློ་ཀ་གཅིག་གསར་སྒྲིགས། །འབྱུང་ལྔ་འདུས་བ་གསལ་འཚེར་བརྟེན་པའི་སྐུ། །ཐུན་མོང་ཚེ་ཡི་དངོས་གྲུབ་བདག་ལ་སྩོལ། །ཨཱ་ཡུ་རྫྙཱ་ན་བྷིནྡྷ་བྷྲཱུཾ། ཎི་བྷྲུཾ་བཛྲ་ཨཱ་ཡུ་ཥེ་ཨཱ་ཡུ་རྫྙཱན་སིདྡྷི་ཨ་བྷྲུཾ། དགེ་བ་འདི་ཡིས་མྱུར་དུ་བདག །ཚེ་དཔག་མེད་མགོན་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། ཁྱོད་ཀྱི་ས་ལ་འགོད་པར་ཤོག །བལྟས་པ་ཙམ་གྱིས་སྲིད་གསུམ་དབང་དུ་སྡུད། །བསྡིགས་པ་ཙམ་གྱིས་སྡེ་བརྒྱད་བྲན་དུ་འཁོལ། །བསམས་པ་ཙམ་གྱིས་དངོས་གྲུབ་ཆར་དུ་འབབས། །ཨྱོན་བརྒྱུད་པར་བཅས་པའི་བཀྲ་ཤིས་ཤོག །ལོ་བརྒྱ་འཚོ་ཞིང་སྟོན་བརྒྱ་མཐོང་བ་དང་། །ཞེས་སོགས་ཀྱིས་ཤིས་པ་བརྗོད། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །སོགས་དགེ་བ་བསྔོ། དེ་ནས་མདུན་བསྐྱེད་བསྒྲུབ་པ་ནི། གོང་ལྟར་སྔགས་དང་ཏིང་ངེ་འཛིན་རྒྱས་པར་བྱ། བདུད་རྩིའི་བཅུད་བསྡུས་བུམ་པའི་ནང་དུ་བསྟིམ། །རང་ལས་འོད་འཕྲོས་ཚེ་ཡི་སིདྡྷི་བསྡུས། །ཏིང་འཛིན་གསལ་བས་ཚེ་ཡི་འཕྲིན་ལས་བྱ། །ཞེས་པ་ལྟར། དཀྱིལ་འཁོར་དང་བུམ་པ་ལ་དམིགས་ནས། བཛྲ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། ཆོས་ཚིག་རྐང་དྲུག་གསར་སྒྲིགས། ཀུན་མི་དམིགས་སྟོང་པའི་ངང་། །བྷྲུཾ་ལས་རིན་ཅེན་བུམ་པ་ནི། །ལྟོ་ལྡིར་ཞབས་ཞུམ་མགྲིན་པ་ཕྲ། ཁ་གཡེལ་མཆུ་འཕྱང་ལྷ་རྫས་ཀྱི། །མགུལ་དཀྲིས་ལ་རྒྱན་དཔག་བསམ་ཤིང་། །ཆུ་དང་སྨན་བཅུད་ཀྱིས་གང་དབུས། །ལྕགས་ཀྱི་པདྨ་འདབ་བརྒྱད་གདན། །དེ་སྟེང་མགོན་པོ་འོད་དཔག་མེད། །(༥ན)


GLG025_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པ་ནས། དུང་མདོག་ཟིལ་ཆགས་ལྟ་བུར་བསམ། ཞེས་པའི་བར་དཀྱུས་ལྟར་ལ། ཧྲཱིཿ ནུབ་། ཚེ་གུར་ལས། ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས། །བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་བཅས་རྣམས། །འཆི་མེད་ཚེ་ཡི་ལྷ་ཚོགས་འཁོར་དང་བཅས། །རང་བྱུང་ཡེ་ཤེས་བརྡ་ཡི་གླུས་བསྐུལ་ནས། །ཕྱག་རྒྱ་རོལ་པའི་གར་གྱིས་སྤྱན་འདྲེན་ན། །ལྷུན་གྲུབ་གཞལ་ཡས་གནས་འདིར་གཤེགས་ནས་ཀྱང་། །བདག་དང་སྐལ་ལྡན་རིགས་ཀྱི་བུ་རྣམས་ལ། །འཆི་མེད་ཚེ་ཡི་དབང་མཆོག་སྩལ་དུ་གསོལ། །བདེ་བ་ཅན་ནས་ཡེ་ཤེས་སེམས། །ཞེས་པ་ནས། དབང་བསྐུར་ལྷ་དང་དབྱེར་མེད་གྱུར། །ཛཿཧཱུཾ་བཾ་ཧོཿས་བསྟིམ། གལ་ཏེ་ཐུགས་སྒྲུབ་དང་མི་འབྲེལ་ན་མཆོད་པས་བརླབ་དགོས་པ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་དངས་ཤིང་ཐོགས་པ་མེད་པ་དཔལ་ཀུན་ཏུ་བཟང་པོའི་རྣམ་པར་སྤྲུལ་བ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ནས། ཤཔྟའི་བར་བརྗོད་པ་བདག་མདུན་འབྲེལ་མའི་དབང་དུ་བྱས་ཤིང་། བདག་བསྐྱེད་ཁོ་ནར་མི་དགོས། བདག་དང་སློབ་མ་ལྷ་སོགས་ཚིག་ཕྲད་བསྒྱུར་དགོས་པའི་རིགས་རིག་པས་འཕྲུལ་ཤེས་དགོས་སོ། །བཅོམ་གསར་སྒྲིགས། ལྡན་ཚེ་དཔག་མེད་མགོན་ལ། །མཆོད་ཡོན་ཞབས་བསིལ་མེ་ཏོག་དང་། །བདུག་སྤོས་སྒྲོན་མེ་དྲི་བཟང་ཆབ། །ཞལ་ཟས་སྒྲ་སྙན་རོལ་མོའི་ཚོགས། །འབུལ་གྱིས་དགྱེས་པར་བཞེས་ནས་ཀྱང་། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །ཨཱོཾ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ས་པ་རི་ཝཱ་ར་ཨརྒྷཾ་ནས་(༥བ)


GLG025_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ཤཔྟའི་བར་བརྗོད།འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད་ཀྱིས་བསྟོད། ལྷ་འདི་ཡན་གྱི་གཏེར་གཞུང་རྣམས་བདག་བསྐྱེད་ལྟར་དཀྱུས་མ་གཅིག་ཏུ་མཛད་ནའང་སོ་སོའི་ཐད་དུ་འཕྲལ་ན་གསལ་བར་མངོན། དང་སྲོག་རྩ་བདུད་རྩི་ལས། །འོད་འཕྲོས་གསལ་འཚེར་མ་དངས་དང་ལྡན། །གཟུངས་ཐག་ནས་བཟུང་སྟེ་གོང་བཞིན་བཟླས་པ་བྱེད། །དེ་ནས་མདའ་དར་གཡབ་ཅིང་ཚེ་འགུགས་པ་ནི། བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད། །འབྱུང་བ་ལྔ་ལ་དབང་སྒྱུར་ལྷ་མོའི་ཚོགས། །རྣལ་འབྱོར་བདག་གི་ཚེ་དང་གཡང་སྤེལ་ཞིག །སྟེང་འོག་ཕྱོགས་བཅུ་སྣོད་ཀྱི་འཇིག་རྟེན་ལ། །འཕྲོས་དང་འཁྱམས་དང་ཡང་པའི་ཚེ་ཁུག་ཅིག །སྟོང་ཕྲག་བརྒྱད་ཅུ་བགེགས་ཀྱི་ཚོགས་རྣམས་ཀྱིས། །བརྐུས་དང་ཕྲོགས་དང་བཞམས་པའི་ཚེ་ཁུག་ཅིག །འབྱུང་བ་དགྲ་གཤེད་འཁྲུགས་པའི་ལས་སྦྱོར་གྱིས། །ཉམས་དང་ཟད་དང་འཐོར་བའི་ཚེ་གསོས་ཤིག །ཡིད་ཀྱིས་དངངས་དང་ཧད་ཀྱིས་བརྒྱལ་བ་དང་། །ཡུད་ཀྱིས་འདྲོགས་པའི་ཚེ་དང་གཡང་སྤེལ་ཅིག །ཚེ་ཁུག་གཡང་སྐྱོབས་དངོས་གྲུབ་བདག་ལ་སྩོལ། །འབྱུང་ལྔ་འོད་ལྔ་འབར་བའི་ཚེ་བཅུད་བསྟིམ། །འཆི་མེད་ཚེ་ཡི་དངོས་གྲུབ་བདག་ལ་སྩོལ། །གཏེར་སྲུང་བསྐང་ཞིང་ཚོགས་མཆོད། རྩ་གསུམ་བསྐང་བའི་བར་བྱ་ཞིང་། ཚོགས་འབུལ་ཚིག་དཀྱུས་བཞིན་གྱི་སྟེང་། ཚེ་དཔག་མེད་ཀྱི་མཚན་སྔགས་ལ་ག་ཎ་ཙཀྲ་བཏགས་ནས་འབུལ། བདག་འཇུག་གསང་སྔགས་རྙིང་མའི་ཕྱོགས་ལ་ལེན་མི་ལེན་མཐའ་གཅིག་ཏུ་ངེས་པ་མེད་ཅིང་། པཎ་ཆེན་སྐུ་མཆེད་སོགས་མཛད་པ་ཤས་ཆེ་བས། དེ་དང་མཐུན་པར་རིགས་འཛིན་ངག་གི་དབང་པོ་ནན་ཏན་དུ་མཛད་པས་འགྲུབ་ན་ལེགས། སློབ་མ་རྗེས་སུ་འཛིན་པ་ལ། སློབ་མ་རྣམས་རྡོར་སེམས་སོགས་གང་ཡང་རུང་བས་བསྒྲུབས་པའི་བུམ་ཆུས་ཁྲུས་ནས་དབྱུང་། གྲལ་ལ་འཁོད། མེ་ཏོག་བཀྱེ་བསྡུ།བགེགས་གཏོར་བསྔོ་ཞིང་བསྐྲད། སྤྱི་དང་བྱེ་བྲག་བརྒྱུད་པའི་ལོ་རྒྱུས་སོགས་(༦ན)


GLG025_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་སྤྲོ་བ་བསྐྱེད། མཎྜལ་ཕུལ། སྐྱེ་འཆི་གཉིས་མེད་བདེ་བ་ཆེན་པོའི་ངང་། །སོགས་ལན་གསུམ་གྱིས་གསོལ་བ་གདབ། །སྐྱབས་སེམས་ནི། ཐུགས་རྗེའི་དབང་གིས་འགྲོ་དོན་མཛད། །བླ་མ་རྣམས་ལ་སྐྱབས་སུ་མཆི། །རང་ལས་ཡེ་ཤེས་ཤར་བའི་སྐུ། །ཡི་དམ་ལྷ་ལ་སྐྱབས་སུ་མཆི། །དམ་ཚིག་རྣམ་པར་དག་པའི་སྐུ། །མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི། །སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས། །འགྲོ་དོན་སངས་རྒྱས་ཐོབ་བྱའི་ཕྱིར། །སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ། །སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར། །གསང་སྔགས་སྤྱོད་པ་རླབས་ཆེན་སྤྱོད། །དོན་མ་སྤྲོས་བྲལ་བྱང་ཆུབ་སེམས། །རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ། །ལན་གསུམ་གྱིས་རྒྱུད་དག་པར་བྱ། བྱིན་དབབ་པ་ལ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། རང་ཤློ་ཀ་གཅིག་གསར་སྒྲིགས། ཉིད་ལྷར་གསལ་ཐུགས་ཀ་ནས། འོད་འཕྲོས་སློབ་མའི་ལུས་ལ་ཕོག །ནད་གདོན་སྡིག་སྒྲིབ་རྣམ་སྨིན་ལུས། །སྦྱངས་ཏེ་སྟོང་པའི་ངང་ཉིད་ལས། །ལྕགས་ཀྱི་པདྨ་འདབ་བརྒྱད་གདན། ཞེས་པ་ནས། འོད་འཕྲོས་གསལ་འཚེར་མདངས་དང་ལྡན། །གྱི་བར་བརྗོད། དེ་ནས་སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཡེ་ཤེས་པ་སྤྱན་འདྲེན་པའི་དམིགས་པ་དབང་ཆོག་གཞན་བཞིན་དུ་བརྡ་སྤྲད། ཧྲཱིཿ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས། །ཞེས་སོགས་ཀྱི་མཐར། ཨ་མ་ར་ཎི་དང་། ཨ་བེ་ཤ་ཡ་བརྗོད་ཅིང་སྤོས་རོལ་དང་བཅས་པས་བསྟིམ། སྤྱི་བོར་རྡོ་རྗེ་བཞག་ནས་ཏིཥྛ་བཛྲ་གྱིས་བརྟེན་པར་བྱ། མདའ་དར་དང་བཅས་ཏེ་ཚེ་འགུགས། གཞུང་ལས། ཞེས་བརྗོད་ཚེ་བུམ་སྤྱི་བོར་གཙུག་ཏུ་བཞག །གོང་གི་སྙིང་པོ་གསུམ་གྱིས་དངོས་གྲུབ་བསྟིམ། །བདག་གི་ཚངས་བུག་བརྒྱུད་ནས་བདུད་རྩི་བབས། ཁོག་པ་གང་ཞིང་དངོས་གྲུབ་ཐོབ་(༦བ)


GLG025_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསམ། ཞེས་པ་ལྟར། ཏིང་འཛིན་སྔགས་ཀྱི་འོད་ཟེར་ནི། ཞེས་སོགས་ཀྱི་མཐར་བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་བླུད་པ་སྐུའི་དབང་། ཚེ་འགུགས་ཀྱི་མཐར་བུམ་པ་མགྲིན་པར་བཞག་ཅིང་བུམ་ཆུ་བླུད་པ་གསུང་གི་དབང་། བླ་བརྒྱུད་མི་འདྲ་བ་ལུགས་གསུམ་གའམ། བསྡུ་ན་གོང་གི་གསོལ་འདེབས་ཀྱི་བརྒྱུད་པ་རྣམས་ཀྱི་མཐར་བུམ་པ་སྤྱི་བོར་བཞག །བུམ་ཆུ་བླུད་ནས་བྱིན་གྱིས་བརླབ། ཧྲཱིཿ སྐྱེ་འཆི་གཉིས་མེད་བདེ་བ་ཆེན་པོའི་ངང་གི་མཐར། བུམ་པ་སྙིང་གར་བཞག་ཅིང་བུམ་ཆུ་བླུད་པ་ཐུགས་ཀྱི་དབང་། ཨཱོཾ་བཅོམ་ལྡན་མགོན་པོ་རྡོ་རྗེ་ཚེ་དཔག་མེད། །འཁོར་ལོ་བརྒྱུད་དེ་བདག་གི་སྙིང་གར་ཐིམ། །འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་བསམ། །ཞེས་བརྗོད་པའི་ཐོག་མར་བུམ་པ་སྤྱི་བོ་དང་སྙིང་ག་ཞེས་པའི་སྐབས་སུ་སྙིང་གར་གཏུགས་ནས་ལྷ་བསྟིམ། སྔགས་བརྗོད་ཅིང་ཚེ་རིལ་དང་ཚེ་ཆང་སྦྱིན། ན་མོ་བདག་གི་ཚེ་ལ་བར་ཆད་མེད་པར་གྱུར་ཅིག །འཆི་བདག་གི་བདུད་ལས་ཐར་བར་གྱུར་ཅིག །ཚེ་རྒྱས་པར་གྱུར་ཅིག །ཚེ་འཕེལ་བར་གྱུར་ཅིག །ཚེའི་བསམ་པ་མཐར་ཕྱིན་པར་གྱུར་ཅིག །ཚེ་མཐར་ཕྱིན་པའི་ལུས་འདིས་ཀྱང་འགྲོ་བའི་དོན་དཔག་ཏུ་མེད་པ་བྱེད་ནུས་པར་གྱུར་ཅིག །མཐར་བདུད་བཞིའི་འཇིགས་པ་ལས་ཐར་ནས་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །ཅེས་སྨོན་ལམ་དང་བཅས་ཏེ་མེ་ཏོག་འཐོར། དཔྲལ་བར་ལི་ཁྲིའི་ཐིག་བཏབ། དཔྲལ་བའི་དབུས་སུ་རྟ་མགྲིན་དམར་པོ་ནི། ཞལ་གཅིག་ཕྱག་གཉིས་བེ་ཅོན་སྡིགས་མཛུབ་མཛད། ཨཱོཾ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་ཝ་ཧཱུཾ། བཛྲ་རཀྵ་རཀྵ་ཧཱུཾ། ཙིཏྟ་གསང་བའི་སྒོ་སྲུང་ནི། །དབང་གི་རྒྱལ་པོ་རྟ་མགྲིན་དེས། །ཚེ་སྲོག་བར་ཆད་བསྲུང་བར་མཛོད། །འཆི་བདག་བདུད་ཀྱི་སྒོ་ཆོད་ལ། །ཚེ་བདག་ཆེན་པོར་བཞུགས་སུ་གསོལ། །ཨཱོཾ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་ཝ་ཧཱུཾ། །དང་པོ་རྩེ་གཅིག་སེམས་ཀྱི་རྒྱ། །གཉིས་པ་ཐབས་དང་ཤེས་རབ་རྒྱ། །གསུམ་པ་(༧ན)


GLG025_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གསུང་ཐུགས་ཀྱི་རྒྱ། །བཞི་པ་ཚད་མེད་བཞི་ཡི་རྒྱ། །ལྔ་པ་ཡེ་ཤེས་ལྔ་ཡི་རྒྱ། །དྲུག་པ་རྟ་མགྲིན་དབང་གི་རྒྱ། །བདུན་པ་ཆོས་ཀྱི་དབྱིངས་ཀྱི་རྒྱ། །རྒྱ་བདུན་རིམ་གྱིས་བཏབ་པ་ལས། །སུ་ཡང་འདའ་བར་མ་བྱེད་ཅིག །ཆོས་ཀྱི་དབྱིངས་སུ་ཚེ་སྦས་པས། །སངས་རྒྱས་ཀྱིས་ཀྱང་མི་གཟིགས་ན། །གནོད་བྱེད་བགེགས་ཀྱིས་ལྟ་ཅི་སྨོས། །དེ་ཕྱིར་ང་ཡིས་ཚེ་སྦས་སོ། །བཛྲ་རཀྵ་ཞེས་ཚིགས་རྣམས་སུ་རྒྱ་གྲམ་དང་། ཆོས་ཀྱི་དབྱིངས་སུ་ཚེ་སྦས་པས་ཞེས་སོགས་ལ་རྡོ་རྗེ་སྙིང་གར་འཇོག །རྡོ་རྗེ་སྤྱི་བོར་བཞག་ལ། །དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱི། །ཚེ་དཔག་མེད་མགོན་ང་ཡིན་གྱི། །ང་ཡིས་ཇི་ལྟར་བསྒོ་བ་བཞིན། །དེ་ལྟར་ཁྱོད་ཀྱིས་བྱ་དགོས་སོ། །ང་ལ་བརྙས་པར་མ་བྱེད་པར། །གུས་པས་ཅི་ནུས་མཚོན་པར་གྱིས། །ས་མ་ཡ་ན་ར་སྐན། ཞེས་དམ་ལ་བཞག །སྔ་འགྱུར་ཕལ་ཆེར་ལ་པར་བཀབ་མི་མཛད་ཀྱང་། མུང་པོ་བྱང་ཆུབ་གླིང་པའི་ཕྱག་རྡོར་དབང་གཞུང་ལས། །དེ་ནས་རིགས་ཀྱི་བུ་མཆོག་དེས། །སློབ་དཔོན་མཆོད་དེ་ཞབས་ལ་གཏུགས། །མཉེས་པའི་ཡོན་དབུལ་བྲན་ཁས་བླངས། ཞེས་པའི་དོན་ལྟར་དམ་ཚིག་བསྡུས་ཏེ་ཁས་བླངས་པ་སོགས་ཆོས་རྒྱལ་མངྒའི་མཚན་ཅན་སོགས་བཞེད་པས་སྤྱི་འགྲོ་ལྟར་མཛད་ཀྱང་ལེགས་ཆར་འགྱུར། ཚོགས་ལྷག་ཆད་མཐོ། བསྟན་སྐྱོང་། དངོས་གྲུབ་ལེན་པ། བདག་བསྐྱེད་ཀྱི་ཉེར་བསྡུ། སྨོན་ལམ། ཤིས་བརྗོད་རྣམས་དཀྱུས་ལྟར་བྱ་བ། དེ་ཡང་གཞུང་ལས། ཚེ་སྒྲུབ་ལྕགས་ཀྱི་སྡོང་པོ་འདི། །ཐོ་རེངས་སྔ་དྲོ་དང་པོ་ལ། །ཏིང་འཛིན་གསལ་བས་བརྒྱ་རྩ་བཟླས། །ཚེ་ཟད་མཐའ་ལ་ཐུག་པ་ཡང་། །འདི་བསྒྲུབས་ལོ་བརྒྱ་ངེས་པར་ཐུབ། །དུས་གསུམ་རྒྱལ་བའི་གདུང་འཛིན་དེས། །འདི་ཡི་ཡོན་ཏན་བརྗོད་མི་ཡང་། །ཕ་རོལ་ཕྱིན་བཅུ་ས་ལམ་བགྲོད། །བདེ་བ་ཅན་གྱི་ཞིང་དུ་སྐྱེ། །ཞེས་ཕན་ཡོན་ཆེ་བར་གསུངས་པ་ནི་མི་བསླུ་བའི་གཏན་ཚིགས་སོ། །ཡང་ཡང་གསལ་བའི་ཏིང་འཛིན་འཕྲོ་འདུ་(༧བ)


GLG025_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །རིང་རིང་བསྐལ་པར་སྲོག་འཚོའི་བདུད་རྩིའི་རྒྱུན། །ལྷུང་ལྷུང་ཚངས་པའི་བུ་ག་ནས་བབས་པ། །འཁྱིལ་འཁྱིལ་སྙིང་གི་ཟ་མ་ཏོག་ཏུ་གཏམས། །རྒྱལ་མཆོག་པདྨ་ཐོད་འཕྲེང་ཐུགས་གསང་བཅུད། །བཅུད་ཀྱི་ཉིང་ཁུ་འཆི་མེད་སྒྲུབ་པའི་ཐབས། །ཐབས་མཁས་འཇའ་ལུས་ཡོངས་འགྲུབ་ཉེ་བའི་ལམ། །ལམ་བཟང་ཐེག་པ་ཀུན་གྱི་ཡང་རྩེར་སོན། །ཆོས་དཀར་འབྲས་སྨིན་སྨིན་གྲོལ་ཉམས་བསྟར་བས། །རིང་པོར་མི་ཐོགས་ཐོགས་མེད་ཚེ་འདི་ལ། །འོད་གཟི་སྟོང་འབར་འབར་བ་མཚན་དཔེའི་སྐུ། །མངོན་གྱུར་འགྲོ་ཀུན་ཀུན་བཟང་སར་འགོད་ཤོག །ཅེས་ལྷ་བྲག་གཏེར་བྱོན་ནང་སྒྲུབ་ལྕགས་ཀྱི་སྡོང་པོའི་ལས་བྱང་དབང་ཆོད་དང་བཅས་པ་གངྒའི་ཆུ་རྒྱུན་འདི་ནི་དོན་གྲུབ་ཅེས་པ་ས་ལུག་རྣམ་པར་རྒྱལ་པའི་ཕན་བདེ་ལེགས་བཤད་གླིང་སྤྱི་ཚོགས་གནས་འདི་གའི་ཚེ་འཕྲང་ལ་དམིགས་པའི་ཚེ་ཆོག་ཁ་མར་མཛད་པའི་དུས་རིགས་འཛིན་གོང་མའི་ཕྱག་བཞེས་ལ་མཛེས་རྒྱན་ཅུང་ཟད་བགྱིས་ཏེ་ཟ་ཧོར་གྱི་སྔགས་སྨྱོན་བཞད་པ་རྩལ་གྱིས་བཀོད་པའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ།། །།


previousལྷ་བྲག་གཏེར་བྱོན་ནང་སྒྲུབ་ལྕགས་ཀྱི་སྡོང་པོའི་ལས་བྱང་དབང་ཆོག་དང་བཅས་པ་གངྒཱའི་ཆུ་རྒྱུན། next