Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
བྱང་གཏེར་ལྕགས་སྡོང་མའི་དབང་ཆོག་གི་ལྷན་ཐབས་འཆི་མེད་བདུད་རྩིའི་བུམ་བཟང་ཞེས་བྱ་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབྱང་གཏེར་ལྕགས་སྡོང་མའི་དབང་ཆོག་གི་ལྷན་ཐབས་འཆི་མེད་བདུད་རྩིའི་བུམ་བཟང་ཞེས་བྱ་བ།next

བྱང་གཏེར་ལྕགས་སྡོང་མའི་དབང་ཆོག་གི་ལྷན་ཐབས་འཆི་མེད་བདུད་རྩིའི་བུམ་བཟང་ཞེས་བྱ་བ།


GLG025_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་གཏེར་ལྕགས་སྡོང་མའི་དབང་ཆོག་གི་ལྷན་ཐབས་འཆི་མེད་བདུད་རྩིའི་བུམ་བཟང་ཞེས་བྱ་བ་བཞུགས་སོ། །


GLG025_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

རབ་དམར་པདྨ་རཱ་གའི་ལྷུན་པོ་ནི། །མཚན་དཔེའི་ལང་ཚོ་དར་ལ་བབ་པའི་དཔྱིད། །ཉིན་བྱེད་འབུམ་གྱི་གཟི་མདངས་འཕྲོག་བྱེད་པའི། །ཚེ་དཔག་མེད་མགོན་འཆི་མེད་གནང་བ་སྩོལ། །ཕུལ་བྱུང་ཚོགས་གཉིས་རྩ་བ་མཆོག་ཏུ་བརྟན། །ཀུན་མཁྱེན་མཛད་བཟང་ལོ་འདབ་ཕྱོགས་བཅུར་གཡོ། །སྐུ་གསུམ་རོ་བརྒྱའི་འབྲས་བུ་གཡུར་ཟ་བའི། །པདྨ་འབྱུང་གནས་དཔག་བསམ་ལྗོན་པ་རྒྱལ། །མགོན་དེའི་ཟབ་གཏེར་སྒོ་འབྱེད་རྒོད་ལྡེམ་ཅན། །སྐྱེ་བའི་ཟློས་གར་མངའ་རིས་ལེགས་ལྡན་རྗེ། །སྔ་འགྱུར་བསྟན་པའི་སྲོག་ཤིང་དབང་པོའི་སྡེ། །འཁྲུལ་མེད་བརྒྱུད་པའི་ལུགས་སྲོལ་འདི་རྨད་བྱུང་། །ཀུན་བཟང་གདོད་མའི་འོད་གསལ་མངོན་འགྱུར་ཕྱིར། །འཆི་བདག་གཡུལ་ལས་རྒྱལ་བའི་ལྕགས་སྡོང་མའི། །དབང་ཆོག་འཆི་མེད་བདུད་རྩིའི་བུམ་བཟང་དག །ལེགས་པར་བྲི་ལ་གཏེར་སྲུང་གནང་བ་སྩོལ། །དེ་ལ་འདིར་རིག་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་ཕྲུ་ཅན་གྱིས་བྱང་ཟང་ཟང་ལྷ་བྲག་ནས་སྤྱན་དྲངས་པའི་ཆོས་ཚན་ཉེར་ལྔའི་ནང་གི་ཆོས་ཚན་བཅུ་དགུ་པ་ཚེ་སྒྲུབ་ལྕགས་ཀྱི་སྡོང་པོའི་སྒོ་ནས་གཞན་དོན་དུ་ཚེའི་དབང་བསྐུར་བར་བྱེད་པའི་རིམ་པ་གཏེར་གཞུང་དུ་ཅུང་ཟད་མི་བསལ་བ་རྣམས་བརྒྱུད་པའི་ཕྱག་ལེན་གྱིས་རྣམ་པར་བརྒྱན་ཏེ་ངག་བསྒྲིགས་སུ་བྱ་བ་ལ་སྔོན་འགྲོ། དངོས་(༢ན)


GLG025_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

གཞི། རྗེས་དང་གསུམ་ལས། དང་པོ་ནི་དུས་དང་གཟའ་སྐར་བཟང་བ་ལ་གནས་ཡིད་དུ་འོང་བར་སྟེགས་བུ་ལ་རྟེན་ཁེབས་སོགས་རྒྱན་སྤྲོས་མཛེས་ཤིང་ཡིད་དུ་འོང་བར་བྱས་པའི་སྟེང་དུ་རིན་པོ་ཆེའི་བུམ་པ་འབབ་ཆུ་ཚད་ལྡན་གྱི་ཆུས་གང་བའི་ནང་དུ་བུམ་རྫས་ཉེར་ལྔ་བདུད་རྩི་ཆོས་སྨན་དང་ཚད་ལྡན་གོང་མའི་ཚེའི་རིལ་བུའི་ཕབས་རྒྱུན་སོགས་ལེགས་པར་བཏབ་པ་མགུལ་ཆིངས་ཁ་རྒྱན་ཙཀ་ལིས་བརྒྱན། གཡས་སུ་བྱིན་རླབས་རྟེན་གྱི་རྒྱུན་དང་ཀ་ར་བུ་རམ་སོགས་ཟན་ལ་བསྲེས་པའི་ཚེ་རིལ་བཤམས། དེ་དག་གི་མདུན་དུ་ཆུ་གཉིས་སྔོན་དུ་འགྲོ་བའི་མཆོད་པ་ཉེ་སྐོར་དུ་གཏེར་སྲུང་གི་རྒྱུན་གཏོར་མེད་པའམ། རྒྱས་པར་སྤྲོ་ན་གཏེར་སྲུང་གི་གཏོར་མ་ཡང་བཤམས། གཞན་ཡང་བགེགས་གཏོར། ཡུངས་ཐུན། སོལ་མེ། གུ་གུལ། ལི་ཁྲི་སྣོད་བཅས། རྡོ་རྗེ་དྲིལ་བུ། མདའ་རྒོད་སྒྲོ་མ་ལོངས་མ་སྤྱད་པ་དར་སྣ་ལྔ་མེ་ལོང་གཡུ་དང་བཅས་པ་བཏགས་ལ། ཚེ་འགུགས་ཀྱི་ཚེ་དབྱངས་རོལ་བྱེད་པར་སྤྲོ་ན་སྦུབ་ཆོལ་དང་རྔ་སོགས་ཀྱང་སྟ་གོན་ལེགས་པར་བྱས། བགེགས་སྐྲོད། སྲུང་འཁོར། མཚམས་གཅོད་རྣམས་འོག་ནས་འབྱུང་བ་ལྟར་གྲུབ་པ་དང་། དེ་ནས་རང་ཉིད་གཏེར་གཞུང་བཞིན་སྐྱབས་སེམས་ནས་བཟུང་། འཛབ་ཅུང་ཟད་བཟླས་རྗེས། སླར་(༢བ)


GLG025_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མདུན་བསྐྱེད་བུམ་པ་ལ་དམིགས་ཏེ། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ཡིག་ལས། ཕྱི་ནི་བུམ་པའི་དབྱིབས་ཅན་ལ། །ནང་ནི་གཞལ་ཡས་ཁང་གི་དབུས། །ལྕགས་ཀྱི་པདྨ་འདབ་བརྒྱད་གདན། །དེ་སྟེང་བཅོམ་ལྡན་འོད་དཔག་མེད། །ཅེས་སོགས་བདག་བསྐྱེད་ལྟར་གཏེར་གཞུང་ཇི་ལྟ་བ་བཞིན་བརྗོད། བདག་གི་ཚངས་བུག་ནང་དུ་བབས། ཞེས་པ། ལྷ་ཡི་ཚངས་བུག་ནང་དུ་བབས། ཞེས་འདོན་པ་བསྒྱུར། འོད་འཕྲོས་གསལ་འཚེར་མདངས་དང་ལྡན། །ཞེས་པའི་རྗེས་སུ། ཨོཾ་བཛྲ་ཨཱ་ཡུ་ཥེ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། འཇིག་རྟེན་འདྲེན་པའི་སོགས་ཤློ་ཀ་གཅིག་གིས་བསྟོད། འཛབ་བརྒྱ་སྟོང་སོགས་ཅི་རིགས་པ་བཟླ་བའི་སྐབས་བུམ་རྫས་ཚེ་རིལ་སོགས་ལ་དམིགས་ཏེ་ཏིང་ངེ་འཛིན་གྱི་སྤྲོ་བསྡུ། ཏིང་འཛིན་སྔགས་ཀྱི་འོད་ཟེར་ནི། ཞེས་སོགས་ཀྱི་དགོངས་པ་ལྟར་བྱ། དེ་ནས་གསུང་རིམ་པ་དང་བཅས་པའམ། རང་ཉིད་གཅིག་པུས་ཀྱང་རུང་སྟེ་མདའ་དར་གཡབ་ཅིང་། བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད། ཅེས་པ་ནས། འཆི་མེད་ཚེ་ཡི་དངོས་གྲུབ་བདག་ལ་སྩོལ། ཞེས་པའི་བར་གཏེར་གཞུང་ལྟར་གྱི་ཚེ་འགུགས་ཚར་གཅིག་བྱས་ཏེ་བུམ་རྫས་རྣམས་ནུས་ལྡན་དུ་བྱ། རྣལ་འབྱོར་དང་བདག་ཅེས་པ་སློབ་མ་ལ་འདོན་པ་བསྒྱུར་རོ། །གཉིས་ལ་དངོས་གཞི་ནི་ལས་ཀྱི་རྡོ་རྗེས་བུམ་ཆུ་བྲིམ། སློབ་མ་རྣམས་ཕྱག་བཙལ་ཞིང་གྲལ་ལ་འཁོད། བླ་མ་སྐད་ཅིག་གིས་རྡོ་རྗེ་དྲག་པོ་རྩལ་གྱི་ང་རྒྱལ་བཟུང་། བགེགས་གཏོར་བསངས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་དངས་ཤིང་ཐོགས་པ་མེད་པ་འདོད་པའི་ཡོན་ཏན་ལྔ་དང་ལྡན་ཞིང་རང་རང་གི་དབང་པོ་མཐའ་(༣ན)


GLG025_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཚིམ་པའི་བྱེད་ལས་ཀྱི་ནུས་པ་དང་ལྡན་པར་གྱུར། ཨོཾ་སརྦ་བི་སྟ་ནན། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཥཱེ་བྷྱཿསརྦ་ཐ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་གྲྀཧྞ་དཾ་བ་ལིཾ་ཏ་ཡེ་སྭཱ་ཧཱ་ཞེས་ལན་གསུམ་གྱིས་བསྔོས། ན་མོ་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་༴ ཆོས་༴ དགེ་འདུན་༴ བླ་མ་རིག་འཛིན་དྲག་པོ་རྩལ་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་རིག་པ་འཛིན་པ་བདག་གི་སྔགས་དང་ཏིང་ངེ་འཛིན་གྱི་བདེན་པའི་བྱིན་རླབས་ལ་བརྟེན་ནས། དེང་འདིར་རྡོ་རྗེའི་སློབ་མ་རྣམས་ལ་འཆི་མེད་ཚེའི་དབང་ཟབ་མོ་བསྐུར་བར་བྱེད་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་གདོན་བགེགས་འབྱུང་པོ་མི་མིན་མི་རུ་བརྫུ་བ། ལྷ་མིན་ལྷ་རུ་བརྫུ་བ། ནང་གི་དངོས་གྲུབ་ཕྱིར་འཁྱེར་བ། ཕྱིའི་བར་ཆད་ནང་དུ་གཏོང་བར་བྱེད་པའི་གདོན་བགེགས་ ་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་འདིས་ཚིམ་པར་གྱིས་ལ་རང་རང་གི་གནས་སུ་སོང་ཞིག །གལ་ཏེ་མི་འགྲོ་ན་ཁྲོ་བོའི་ཡེ་ཤེས་ཀྱི་རྡོ་རྗེ་མེ་འབར་བས་མགོ་བོ་ཚལ་པ་བརྒྱར་འགས་པར་གྱུར་ཏེ། གསུང་རིམ་པ་ཡོད་ན་རོལ་མོ་དབྱངས་དང་བཅས་པས། ཧཱུཾ། གསང་བ་ཚེ་ཡི་འཕྲིན་ལས་སྒྲུབ་པ་ལ། །བར་ཆད་བགེགས་རྣམས་མ་འདུག་ཕྱིར་དེངས་ཤིག །གལ་ཏེ་མི་འགྲོ་དཔལ་ཆེན་ཁྲོས་པ་ཡིས། །ལུས་སྲོག་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག །ཧཱུཾ། བཞི་པའི་སྔགས་དང་བཅས་ཏེ་སྤོས་དུད་རོལ་མོ་ཐུན་བྲབ་དང་བཅས་པས་ཚམ་རྔམས་བྱའོ། །ཧཱུཾ། སྟེང་འོག་ཕྱོགས་མཚམས་རྡོ་རྗེའི་ས་གཞི་དང་། །རྭ་གུར་བླ་བྲེ་ཁྲོ་བོ་མཚོན་ཆ་འཁྲུག །ཁ་དོག་ལྔ་ལྡན་ཡེ་ཤེས་མེ་དཔུང་གིས། །སྐད་ཅིག་ཙམ་གྱིས་བར་མཚམས་མེད་པར་གཏམས། །ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ་ཕཊ། དེ་ནས། མཁའ་མཉམ་འགྲོ་བ་མ་(༣བ)


GLG025_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་པ་རྣམ་མཁྱེན་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་པ་ནས། མངོན་པར་དབང་བསྐུར་བ་ཞུ་བའི་ཡོན་དུ་མཎྜལ་འབུལ་བ་ཞུ། ཞེས་པའི་བར་ཆོས་རྒྱལ་དབང་པོའི་སྡེས་མཛད་པའི་ཚེ་སྒྲུབ་ལྕགས་ཀྱི་སྡོང་པོའི་མངོན་པར་དབང་བསྐུར་བ་ཇི་ལྟར་བྱ་བའི་འཆད་ཐབས་བཞིན་བྱ། དེ་ནས་དབང་གི་དོན་དུ་གསོལ་བ་གདབ་པ་ནི། སྐྱེ་འཆི་གཉིས་མེད་བདེ་བ་ཆེན་པོའི་ངང་། ཞེས་སོགས་གཏེར་གཞུང་གི་ཤློ་ཀ་གཅིག་གི་རྗེས་ཟློས་ལན་གསུམ་གྱིས་གསོལ་བ་བཏབ། དེ་ནས་མདུན་གྱི་ནམ་མཁར་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ལ་རྒྱལ་བ་དགོངས་བརྒྱུད། རིག་འཛིན་བརྡ་བརྒྱུད། གང་ཟག་སྙན་བརྒྱུད། ལས་འཕྲོ་གཏེར་གྱི་བརྒྱུད་པ་སོགས་རྩ་བརྒྱུད་ཀྱི་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མར་བཅས་པའི་རྩ་བ་གསུམ་གྱི་ལྷ་ཚོགས་མངོན་སུམ་དུ་བསྐོར་ཏེ་བཞུགས་པའི་སྤྱན་སྔར། ལམ་ལོག་པ་ལས་ལྡོག་ཅིང་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་སྐྱོབ་པའི་སླད་དུ་སྐྱབས་སུ་འགྲོ་བའི་ཕྱིར་དུ། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ། ཞེས་པ་ནས། བདག་ལ་ཚེ་ཡི་དངོས་གྲུབ་སྩོལ། ཞེས་པའི་བར་གཏེར་གཞུང་ལྟར་ལན་གསུམ་རྗེས་ཟློས་བྱས། དེ་ནས་ལམ་དམན་པ་ཉན་རང་ལས་ལྡོག་ཅིང་སྡོམ་པ་གཟུང་བའི་དོན་དུ། བདག་གིས་འགྲོ་བའི་དོན་བྱ་ཕྱིར། ཞེས་སོགས་གཏེར་གཞུང་ལྟར་ཚིག་རྐང་དྲུག་གི་རྗེས་ཟློས་ལན་གསུམ་བྱ། དེ་ནས་བྱིན་དབབ་པ་ནི། །བླ་མའི་ཐུགས་ནས་འོད་འཕྲོས་པས། །སློབ་མའི་ལུས་ལ་ཕོག་པ་ཡིས། །བར་གཅོད་སྒྲིབ་སྦྱངས་འོད་ཕུང་གྱུར། །དེ་ཡང་སྟོང་པའི་ངང་ཉིད་ལས། །ལྕགས་ཀྱི་པདྨ་འདབ་བརྒྱད་གདན། །དེ་སྟེང་སློབ་མ་འོད་དཔག་མེད། །ཅེས་པ་ནས། དུང་མདོག་ཟིལ་པ་ལྟ་བུར་གྱུར། ཅེས་པའི་བར་ལས་བྱང་ལྟར་བརྗོད། སླར་ཡང་རང་ཉིད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། (༤ན)


GLG025_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་གྱི་ཐུགས་ཀ་ལ་ཕོག །གཉིས་ཀའི་ཐུགས་ཀ་ནས་འོད་ཟེར་འཕྲོས། བདེ་བ་ཅན་ནས་མགོན་པོ་ཚེ་དཔག་མེད་ལ་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་ཀྱིས་བསྐོར་བ་སྤྱན་དྲངས། སློབ་མ་ལྷར་གསལ་བའི་ལུས་ལ་ཆར་ཆེན་པོ་བབས་པ་བཞིན་ཐིམ་པར་གྱུར། རོལ་མོ་དབྱངས་དང་བཅས་ཏེ། ཡེ་ཤེས་རང་སྣང་དག་པའི་ཞིང་ཁམས་ནས། །མགོན་པོ་ཚེ་དཔག་མེད་པའི་ལྷ་ཚོགས་ཀྱིས། །འདིར་འདུས་སྐལ་ལྡན་རིགས་ཀྱི་བུ་རྣམས་ལ། འཆི་མེད་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ། །ནུབ་ཕྱོགས་པདྨ་འོད་ཀྱི་གཞལ་ཡས་ནས། །སློབ་དཔོན་པདྨ་ཐོད་ཕྲེང་ཚེ་དབང་རྩལ། །༴༴གཏེར་གནས་རི་རྒྱལ་བཀྲ་བཟང་ཤར་འདབས་ནས། །རིག་འཛིན་རྒོད་ཀྱི་ལྡེམ་ཕྲུ་ཡབ་སྲས་རྣམས། །༴༴དག་པ་རབ་འབྱམས་གྲངས་མེད་ཞིང་ཁམས་ནས། །ཟབ་གཏེར་བསྟན་འཛིན་བརྒྱུད་པའི་བླ་མ་རྣམས། །༴༴ སྤྱི་གཙུག་པདྨ་ཉི་ཟླའི་གདན་སྟེང་ནས། །རྩ་བའི་བླ་མ་རྗེ་བཙུན་རྡོ་རྗེ་འཛིན། །༴༴ དབང་དྲག་དུར་ཁྲོད་རོལ་པའི་གཞལ་ཡས་ནས། །དམ་ཅན་ཟབ་མོ་གཏེར་གྱི་བཀའ་སྲུང་ཚོགས། །༴༴ ཨུ་རྒྱན་གསང་བ་མཁའ་འགྲོའི་གླིང་རྣམས་ནས། །ཚེ་ཡི་ཌཱ་ཀི་འབྱུང་ལྔའི་ལྷ་ཚོགས་ཀྱིས། །༴༴ འཆི་མེད་རྡོ་རྗེའི་སྲོག་གི་ཀ་བ་ཚུགས། །འཆི་བདག་བདུད་སྡེའི་དཔུང་ཚོགས་ཐལ་བར་རློག །ཟད་མེད་ཚེ་ཡི་བདུད་རྩི་ཆར་དུ་སྙིལ། །ཚེ་དཔལ་འབྱོར་བ་རྒྱས་པའི་བྱིན་ཆེན་ཕོབ། །གཟུངས་རིང་གི་རྗེས་སུ། ས་མ་ཡ་ཨ་བེ་ཤ་ཡ་ཨ་ཨཱཿཞེས་སྤོས་དུད་རོལ་མོ་དྲག་ཏུ་བྱ། བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད། །སོགས་ཀྱི་ཚེ་འགུགས་ཚར་གཅིག་བྱའོ། །དེ་ནས་དབང་དངོས་ནི། ཏིང་འཛིན་སྔགས་ཀྱི་འོད་ཟེར་ནི། ཞེས་པ་ནས། སྟོང་གསལ་འོད་ཀྱི་ཕུང་པོར་བསྒོམ། ཞེས་པའི་བར་དང་། སྐྱེ་འཆི་གཉིས་མེད་བདེ་བ་ཆེན་པོའི་ངང་། ཞེས་པ་ནས། ཨ་ཡུ་རྫྙཱ་ན་སིདྡྷི་ཨཱཿཧཱུཾ། (༤བ)


GLG025_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པའི་བར་གཏེར་གཞུང་ལྟར་བརྗོད་ཅིང་། ཚིག་དོན་ལྟར་ཏིང་ངེ་འཛིན་གྱི་དམིགས་པའི་འཕྲོ་འདུ་ལེགས་པར་བྱས། བདག་ལུས་ཞེས་པ་དང་བདག་ལ་ཞེས་པ་རྣམས་སློབ་མར་བསྒྱུར། དེ་ནས་རོལ་དབྱངས་དང་བཅས་ཏེ་མདའ་དར་གཡབ་ཅིང་། བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད། །སོགས་ཀྱི་ཚེ་འགུགས་ཚར་གཅིག་བྱ། དེ་ནས་ཚེ་བུམ་སྤྱི་བོ་མགྲིན་པ་སྙིང་གའི་གནས་སུ་བཞག་ནས། བཅོམ་ལྡན་མགོན་པོ་རྡོ་རྗེ་ཚེ་དཔག་མེད། ཅེས་སོགས་གཏེར་གཞུང་ཚིག་རྐང་གསུམ་དང་། བདག་གི་ཞེས་པ་སློབ་མ་ལ་བསྒྱུར། དེའི་མཇུག་ཏུ། ཚེ་དཔག་མེད་མགོན་ལྷ་མོ་ཙཎྜ་ལི། །པད་འབྱུང་མཚོ་རྒྱལ་གཏེར་སྟོན་ཡབ་སྲས་དང་། །སངས་རྒྱས་བྱམས་བཟང་བསེ་སྟོན་རིན་རྒྱལ་ལ། །གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ། །ཟླ་བ་མགོན་པོ་མཉམ་མེད་ནུབ་དགོན་པ། །སླར་ཡང་རྡོ་རྗེ་མགོན་དང་བྱིས་པའི་མཚན། །ངག་དབང་གྲགས་པ་སངས་རྒྱས་དཔལ་བཟང་ཞབས། །༴ནམ་མཁའ་རྒྱལ་མཚན་སྔགས་འཆང་ཤཱཀྱ་བཟང་། །མངའ་རིས་རིག་འཛིན་བདུད་འཇོམས་རྡོ་རྗེའི་ཞབས། །བཀྲ་ཤིས་སྟོབས་ཀྱི་རྒྱལ་པོ་དབང་བོའི་སྡེ། །༴ རིག་འཛིན་ཆེན་པོ་ངག་དབང་རྡོ་རྗེའི་དཔལ། །ཆོས་ཀྱི་རྒྱལ་པོ་རྗེ་བཙུན་ཨཱ་ནནྡ། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །་༴ གཟུངས་རིང་དང་བཅས་པ་བརྗོད་ཅིང་། སྟིམ་པའི་དམིགས་པ་གཞུང་བཞིན་བྱེད། དེ་ནས་གཟུངས་རིང་བརྗོད་ཅིང་བུམ་ཆུ་དང་ཚེ་རིལ་བྱིན། ན་མོ་སློབ་མའི་ཚེ་ལ་བར་ཆད་མེད་པར་གྱུར་ཅིག །ཅེས་པ་ནས། མཐར་བདུད་བཞིའི་འཇིགས་པ་ལས་ཐར་ནས་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །ཅེས་པའི་བར་གྱི་སྨོན་ལམ་དཀྱུས་ནས་འབྱུང་བ་ལྟར་བཏབ་ཅིང་། མེ་ཏོག་གཏོར། དེ་རྗེས་དཔྲལ་བར་ལི་ཁྲིའི་ཐིག་ལེ་བྱས་ལ། དེའི་དབུས་སུ་དཔལ་རྟ་མགྲིན་སྐུ་མདོག་དམར་པོ་(༥ན)


GLG025_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གཅིག་ཕྱག་གཉིས་མདའ་གཞུ་འགེངས་པ། གཞུའི་སྟོད་ལ་འབྲུག་སྒྲ་སྒྲོག་ཅིང་། སྨད་ལ་གློག་འཁྱུག་པ། མདེའུ་ནས་ཐོག་སེར་འབབ་པ། རྟ་སྐད་ཕྱོགས་བཅུར་སྒྲོག་ཅིང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། ཞབས་གཉིས་སྟངས་སྟབས་སུ་བགྲད་པ་ཅིག་གསལ་བཏབ་ལ། རོལ་དབྱངས་དང་བཅས་ཏེ། ཧྲཱིཿ རྩ་སྒོར་དབང་དྲག་པདྨ་དབང་ཆེན་སྐུ། །འཇིགས་རུང་གར་དགུའི་ཉམས་ཀྱི་རོལ་པ་ཡིས། །ཚེ་ལ་བར་དུ་གཅོད་པའི་བགེགས་བཅོམ་སྟེ། །གཞོམ་དུ་མེད་པའི་སྲུང་བས་རྒྱས་བཏབ་བོ། །ཧྲཱིཿ པདྨཱནྟ་ཀྲིད་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ་བཛྲ་རཀྵཿ ཤིས་པ་བརྗོད་པ་ནི། དབྱངས་རོལ་དང་བཅས་ཏེ། མདུན་གྱི་ནམ་མཁའ་འཇའ་འོད་རབ་འཁྲིགས་པའི། །ཡིད་འོང་ལྡིང་ཁང་དབུས་སུ་པད་སྡོང་རྩེར། །མཚོ་སྐྱེས་རྡོ་རྗེ་རིག་འཛིན་ཚེ་དབང་རྩལ། །རྩ་བརྒྱུད་བླ་མ་ཡི་དམ་མཁའ་འགྲོ་དང་། །དཔའ་བོ་གིང་དང་ཆོས་སྲུང་རྒྱ་མཚོས་བསྐོར། །སྙན་པའི་གླུ་དབྱངས་དྲི་ཟའི་པི་ཝང་བཞིན། །ངོམས་པ་མེད་པ་རྣ་བའི་གསོས་སུ་འཇེབས། །བདུད་སྡེ་སྐྲོད་པའི་ཧཱུཾ་ཕཊ་ང་རོའི་སྒྲ། །དབྱར་གྱི་རྔ་གསང་ལྟ་བུར་མགྲིན་གཅིག་ལྡིར། །ཞི་དང་ཁྲོ་བོའི་མཆམས་འགྲོས་གར་གྱི་རིགས། །གློག་གི་ཕྲེང་བ་ལྟ་བུར་ཀུན་ཏུ་འཁྱུག །རྒྱལ་སྲིད་རིན་ཆེན་བདུན་དང་རྫས་བརྒྱད་སོགས། །བཀྲ་ཤིས་རྫས་ཀྱིས་འཆི་མེད་ལམ་ཀུན་ཁྱབ། །ཤིས་པ་བརྗོད་པའི་མེ་ཏོག་ཕྲེང་བའི་ཚོགས། །བཀྲ་ཤིས་བདེ་ལེགས་ཆར་ལྟར་བབས་པ་ཡིས། །འདིར་འདུས་བདག་ཅག་སྐལ་ལྡན་ཚོགས་རྣམས་ལ། །འཆི་མེད་ཚེ་ཡི་དངོས་གྲུབ་བཀྲ་ཤིས་ཤོག །འཛད་མེད་ནོར་གྱི་དངོས་གྲུབ་བཀྲ་ཤིས་ཤོག །དཔལ་འབྱོར་སྙན་གྲགས་དངོས་གྲུབ་བཀྲ་ཤིས་ཤོག །དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །སོགས་ཀྱི་རྗེས་(༥བ)


GLG025_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ཟློས། མཎྜལ་འབུལ་བ། དེང་ནས་བརྩམས་ཏེ་སོགས་ཚེ་འགུགས་སྦྲགས་མའི་དབང་དང་འདྲའོ། །གསུམ་པ་མཇུག་གི་ཆོ་ག་ནི། ལྷ་བསྟིམ་ཟིན་པས་མཆོད་བསྟོད་མི་དགོས་ཤིང་། གཏེར་སྲུང་གཏེར་མ་རྒྱས་བསྡུས་སྐབས་དང་སྦྱར་ཏེ་ཕུལ། ཚོགས་ཡོད་ན་ཐུགས་སྒྲུབ་རྣམ་གསུམ་གང་རིགས་ལ་བརྟེན་ནས་ཚོགས་མཆོད་གཞུང་ལྟར་བྱ། མེད་ནའང་བསྔོ་བ་སྨོན་ལམ་བཀྲ་ཤིས་གང་བབས་དང་། ལས་ཀྱི་རྗེས་མི་མངོན་པར་བྱའོ། །སྨྲས་པ། རྨད་བྱུང་ངོ་མཚར་རྒྱ་མཚོའི་ཟབ་མོའི་གཏེར། །གཏེར་གྱི་སྙིང་པོ་མཛོད་ལྔའི་མན་ངག་རྒྱུན། །རྒྱུན་ཆད་མེད་པར་འཛིན་མཁས་མངའ་རིས་རྗེ། །རྗེ་བཙུན་ལེགས་ལྡན་རྡོ་རྗེ་བརྒྱུད་པར་ངེས། །ཟབ་ཟབ་རྟོགས་པར་དཀའ་བའི་ཆོས་ཚུལ་འདི། །ལྷོད་ལྷོད་ལེགས་བཤད་སྨྲ་བའི་རྣམ་དཔྱོད་གང་། །ཡང་ཡང་སྔ་འགྱུར་ཆོས་ཚུལ་ལ་གོམས་པའི། །མཐོ་མཐོའི་ཟ་ཧོར་རིགས་སོན་སྙོམས་ལས་པས། །གསང་ཆེན་རྙིང་མའི་བསྟན་འཛིན་དམ་པ་ཡི། །བཞེད་པའི་དོན་གྱི་རེ་བ་སྐོང་སླད་དུ། །ཁྲིམས་སུ་སྡེབས་པའི་དགེ་དེས་ལུས་ཅན་ཀུན། །འཆི་མེད་གདོད་མའི་གོ་འཕང་མངོན་འགྱུར་ཤོག །དེ་ལྟར་ལྕགས་སྡོང་འདི་ལ་མངའ་རིས་རིག་འཛིན་ཆེན་པོའི་ཕྱག་ལེན་ལུགས་མི་གཅིག་པ་ངོ་མཚར་ཅན་ཞིག་འདུག་པ་ཡིད་གཏན་དུ་རུང་བར་སྣང་མོད་ཀྱང་། འདི་ནི་རིག་འཛིན་ཆེན་པོ་དང་བསེ་སྟོན་གྱི་ལུགས་སྲོལ་ཐུན་མོང་བ། དབང་པོའི་སྡེའི་ཕྱག་བཞེས་ལྟར་བཀོད་པ་ཡིན་ལ། གཞན་དུ་ན་དིང་དུས་རྙིང་མ་བ་འགའ་ཞིག་དབང་དོན་ངོ་སྤྲོད་དང་བརྗོད་བྱ་གསལ་བར་བསམས་ནས་གསར་མའི་རྒྱས་འགེབས་ཤིང་། གསར་མ་བ་འགའ་ཞིག་བཀའ་མའི་མགོན་པོ་ཕྱག་བཞི་པ་སོགས་རྙིང་མའི་བརྡ་ཆད་ཙམ་མེད་པ་དག་ལ་སྒྲུབ་ཆེན་གྱི་སྤྲོས་པ་འདོར་ནས་བཀའ་བརྒྱད་སོགས་ཀྱི་རྒྱས་འགེབས། འགའ་ཞིག་མི་ཤེས་པའི་ཆོས་མེད་པར་འདོད་ནས་རྙིང་མའི་དབང་རྗེས་གནང་ལ་(༦ན)


GLG025_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

གསར་མའི་རིགས་འགྲེ་མ་གཏོགས་རྙིང་ལུགས་ཀྱི་རྣམ་དབྱེ་ཙམ་ཡང་མེད་པ་དུ་མ་ཞིག་མཆིས་པ་ལ། ཁོ་བོའི་བློ་གྲོས་ཀྱི་མིག་ཆུང་ངུ་ཞིག་གིས་བརྟགས་ཚེ། དེ་ཐམས་ཅད་ཆོས་ལ་དབང་ཟ་བ་སྟེ། ཇི་སྐད་དུ་རྒྱུད་བླ་མ་ལས། གང་ཕྱིར་རྒྱལ་ལས་ཆེས་མཁས་འགའ་ཡང་འཇིག་རྟེན་འདི་ན་ཡོད་མིན་ཏེ། །མ་ལུས་དེ་ཉིད་མཆོག་ནི་ཚུལ་བཞིན་ཀུན་མཁྱེན་གྱིས་མཁྱེན་གཞན་མིན་པ། །དེ་ཕྱིར་དྲང་སྲོང་རང་ཉིད་ཀྱིས་བཞག་མདོ་སྡེ་གང་ཡིན་དེ་མི་དཀྲུག །ཐུབ་ཚུལ་བཤིག་ཕྱིར་དེ་ཡང་དམ་ཆོས་ལ་ནི་གནོད་པ་བྱེད་པར་འགྱུར། །ཞེས་གསུངས་པ་ལྟར། རྒྱལ་བའི་ཆོས་ཚུལ་རྣམ་པར་དཀྲུགས་པར་སོང་བས་འཐད་པར་མི་སེམས་ཤིང་། ཁོ་བོ་ནི་མདོ་སྔགས་གསར་རྙིང་སོགས་གང་ཡང་སོ་སོའི་བརྡ་ཆད་ལས། ཉ་དང་ཉུང་མ་བསྲེ་མ་མྱོང་བའི་སྟབས་ཀྱིས་འདིར་ཡང་སྔ་འགྱུར་རང་སྐད་གཙང་མར་བྱས་སོ། །ཞེས་བྱང་གཏེར་ལྕགས་སྡོང་མའི་དབང་ཆོག་ལྷན་ཐབས་འཆི་མེད་བདུད་རྩིའི་བུམ་བཟང་ཞེས་པ་འདི་ཡང་། གསང་ཆེན་རྙིང་མའི་བསྟན་པའི་གསལ་བྱེད་ཆེན་པོ་བྱང་པ་རིག་འཛིན་ངག་གི་དབང་པོའི་སྤྲུལ་པའི་སྐུ་བློ་བཟང་པདྨ་འཕྲིན་ལས་ཐེག་མཆོག་དབང་གི་རྒྱལ་པོ་ཡོངས་འདུའི་སྡེའི་གསུང་གིས་བསྐུལ་བ་ལ་བརྟེན་ནས། སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་ཙོང་ཁ་པ་ཆེན་པོའི་རིང་ལུགས་འཛིན་པའི་རེས་སུ་སོན་ཡང་། རྒྱལ་བ་རྡོ་རྗེ་འཆང་འཁོན་སྟོན་ཆོས་ཀྱི་རྒྱལ་པོ་སོགས་དམ་པ་དུ་མའི་བཀའ་དྲིན་ལས། རིས་མེད་པའི་གྲུབ་པའི་མཐའ་དུ་མ་ལ་བློ་གྲོས་ཀྱི་སྣང་བ་ཅུང་ཟད་དཀར་བའི་ཟ་ཧོར་གྱི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེས། བརྒྱུད་ལྡན་དམ་པའི་ཕྱག་ལེན་གྱིས་ལེགས་པར་བརྒྱན་ཅིང་། གཏེར་གཞུང་དངོས་ལ་མི་གསལ་བའི་ཁ་འགེངས་དགོས་པ་རྣམས་བཀང་སྟེ། དགའ་ལྡན་ཕོ་བྲང་དུ་སྦྱར་བའི་ཡི་གེ་བ་ནི་ངག་དབང་དགེ་ལེགས་སོ།། །།


previousབྱང་གཏེར་ལྕགས་སྡོང་མའི་དབང་ཆོག་གི་ལྷན་ཐབས་འཆི་མེད་བདུད་རྩིའི་བུམ་བཟང་ཞེས་བྱ་བ།next