Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྗེས་གནང་རིག་གཏད་བྱིན་རླབས་ཀྱི་མཚམས་སྦྱོར་འཕྲིན་ལས་ཆུ་རྒྱུན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྗེས་གནང་རིག་གཏད་བྱིན་རླབས་ཀྱི་མཚམས་སྦྱོར་འཕྲིན་ལས་ཆུ་རྒྱུན།next

རྗེས་གནང་རིག་གཏད་བྱིན་རླབས་ཀྱི་མཚམས་སྦྱོར་འཕྲིན་ལས་ཆུ་རྒྱུན།


GLG025_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་གནང་རིག་གཏད་བྱིན་རླབས་ཀྱི་མཚམས་སྦྱོར་འཕྲིན་ལས་ཆུ་རྒྱུན་བཞུགས་སོ། །


GLG025_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བའི་བླ་མ་འཁོར་ལོའི་མགོན་པོ་རྣམས། །སྙིང་གི་ཟེའུ་འབྲུར་འབྲལ་མེད་རྟག་བཞུགས་ལ། །བགྲང་རིང་སྐྱེ་བའི་དགེ་བའི་བཤེས་མཛད་ནས། །བྱང་ཆུབ་ཐམས་ཅད་དེ་སྲིད་བར་དུ་སྐྱོངས། །དེ་ཡང་སྣོད་ལྡན་གྱི་སློབ་མའི་རྗེས་སུ་འཛིན་པར་བྱེད་པའི་རྗེས་གནང་། རིག་གཏད། བྱིན་རླབས་ལ་རྡུལ་ཚོན། ཚོམ་བུ། གཏོར་མ་སོགས་སོ་སོའི་གཞུང་ནས་བཤད་པའི་བཅའ་གཞི་རྣམས་ལེགས་པར་བསྒྲིགས་ཏེ་དབང་སྒྲུབ་སོང་ནས། སློབ་མ་ཁྲུས་ནས་དབྱུང་། མེ་ཏོག་བཀྱེ་བསྡུ་བྱེད། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཟུང་འཇུག་སྐུ་བཞིའི་བདག་ཉིད་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་གསང་ཆེན་རྡོ་རྗེ་ཐེག་པའི་རྒྱུད་སྡེ་རིན་པོ་ཆེ་བཞི་ལས་རྒྱུད་སྡེ་ཆེ་གེ་འདིའི་ཁོངས་སུ་གཏོགས་པ་ཟབ་པ་ལས་ཀྱང་ཆེས་ཟབ་པ་ལྷ་འདི་ཞེས་བྱ་བའི་རྗེས་གནང་དམ་རིག་གཏད་དམ་བྱིན་རླབས་ཞུ་སྙམ་པའི་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་ལེགས་པར་གསལ་བཏབ་སྟེ་གསན་འཚལ། དེའང་དམ་པའི་ཆོས་གསན་པའི་ཀུན་ཏུ་སྤྱོད་པ་ནི་རྒྱུད་སྡེ་རིན་པོ་ཆེ་རྣམས་ལས་གསུངས་པ་ལྟར་སྐུ་ལུས་ཀྱི་འདུག་སྟངས་དྲང་པོར་(༢ན)


GLG025_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་དང་ཐུགས་བསམ་གྱི་འདུན་པ་ཡང་གནས་ཁང་དང་ས་ཕྱོགས་འདི་ཉིད་ཀྱང་དངས་གསལ་གཉིས་སུ་མེད་པའི་ཡེ་ཤེས་རང་སྣང་ལས་གྲུབ་པའི་ཐར་བ་ཆེན་པོའི་གཞལ་ཡས་ཁང་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་ད་ལྟར་གྱི་རྡོ་རྗེ་སློབ་དཔོན་འདི་ཉིད་ཀྱང་ཐ་མལ་གྱི་སྣང་བ་འདི་ལྟ་བུ་མ་ཡིན་པར་གང་བྱ་བའི་རྗེས་གནང་དམ་རིག་གཏད་དམ་བྱིན་རླབས་བསྐུར་བའི་ལྷ་ཆེ་གེ་མོ་དངོས་ཡིན་སྙམ་པའི་མོས་པ་བརྟན་པོ་དང་ལྡན་པའི་ངང་ནས། ཆོས་ཀྱི་སྒྲ་དབྱངས་གྲག་སྟོང་སྐྱེ་བ་མེད་པར་སྒྲོག་པ་སྲིད་ཞིའི་རྒུད་པ་ཐམས་ཅད་འཇོམས་པའི་སྒྲ་ལྷང་ལྷང་ཡོད་སྙམ་པའི་མོས་པ་བརྟན་པོ་མཛོད། དེའང་མགོན་པོ་ཞི་བ་ལྷས། དལ་འབྱོར་འདི་ནི་རྙེད་པ་ཤིན་ཏུ་དཀའ། །སྐྱེས་བུའི་དོན་བསྒྲུབ་ཐོབ་པར་གྱུར་པ་ལས། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་ནས་ཡང་དག་འབྱོར་པ་ག་ལ་རྙེད། །ཅེས་གསུངས་པ་ལྟར། འགྲོ་བ་རྣམས་ཀྱི་གཏན་གྱི་བདེ་བ་བསྒྲུབ་པར་ནུས་པའི་དལ་འབྱོར་གྱི་རྟེན་ཁྱད་པར་ཅན་ད་ལམ་ཐོབ་པའི་དུས་འདིར་དོན་ལྡན་དུ་བྱེད་ནུས་པའི་ཆོས་རྣམ་དག་ཅིག་མ་བྱས་ན་ཚེ་རབས་ཕྱི་མ་རྣམས་སུ་མི་ཁོམས་པའི་གནས་གྲངས་མེད་པར་(༢བ)


GLG025_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱམས་ཏེ་མི་ལུས་འདི་ལྟ་བུ་རྙེད་པར་དཀའ་བའི་ཕྱིར། ཅི་ནས་ཀྱང་འདམ་ཁ་མ་ལོག་པའི་ཆོས་རྣམ་དག་ཅིག་མཛད་དགོས། དམ་པའི་ཆོས་དེའང་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་གཏན་ལ་འབེབས་དགོས་པས། གསན་པར་བྱ་བའི་ཆོས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བཀའ་སྩལ་བའི་ཆོས་ཐམས་ཅད་བསྡུ་ན་ཐེག་པ་དམན་པ་དང་ཐེག་པ་ཆེན་པོ་གཉིས་ལས། དམན་པ་ནི། རང་གི་བུ་ལའང་མ་ཆགས་པའི། །ཉན་ཐོས་རྣམས་ནི་སྐལ་བ་དམན། །ཞེས་དང་། དམྱལ་བར་འགྲོ་བ་སངས་རྒྱས་ཀྱི། །གཏན་གྱི་གེགས་བྱེད་མ་ཡིན་ཏེ། །ཉན་ཐོས་རང་སངས་རྒྱས་རྣམས་ནི། །ས་རྣམས་ཀུན་གྱི་གཏན་གྱི་གེགས། །ཞེས་དང་། ལམ་གོལ་ལམ་ཞུགས་སྟོབས་ཆུང་བ། །སོགས་ཇི་སྙེད་ཅིག་གསུངས་པས་ཐེག་དམན་གྱི་ལམ་ནི་སེམས་ཅན་གཞན་དག་ཡལ་བར་དོར་ནས་རང་ཉིད་གཅིག་པུ་འཁོར་བ་ལས་ཅི་ཐར་བསྒྲུབས་པས་ཞི་བའི་མཐར་ལྷུངས་ཏེ་སངས་རྒྱས་ཐོབ་པ་ལ་ཡིད་ཆེས་ཤིན་ཏུ་ཐག་རིང་བར་འགྱུར་ཞིང་ཐེག་པ་ཆེན་པོའི་རིགས་སད་བའི་གདུལ་བྱ་ཡིན་ཕྱིན་དམན་པའི་ལམ་དུ་བཀྲིར་མི་རུང་བས་འདིར་ཐེག་པ་ཆེན་པོ་ལ་ངེས་པར་འཇུག་དགོས་ལ། ཐེག་པ་ཆེན་པོ་ལའང་རྒྱ་ཆེན་པོར་མོས་པ་ལ་དབང་བརྟུལ་ཆགས་བྲལ་གྱི་སྤྱོད་པ་དང་སེམས་ཅན་གྱི་དོན་དུ་འགྱུར་ན་གང་འཚམ་གྱི་སྤྱོད་པའི་སྒོ་ནས་ས་དང་ཕ་རོལ་དུ་ཕྱིན་པའི་ཐེག་པ། དབང་རྣོན་བདེ་ཆེན་གྱི་སྤྱོད་པས་སངས་རྒྱས་དོན་དུ་གཉེར་བ་སོགས་གདུལ་བྱའི་མོས་བློ་སྣ་ཚོགས་པ་བཀྲི་བའི་ཐབས་སུ་ཆོས་ཀྱི་རྣམ་གྲངས་མང་དུ་བསྟན་ཀྱང་གཙོ་བོར་གྱུར་བ་འབྲས་བུ་རྡོ་རྗེ་ཐེག་པ་ཡིན་པའི་རྒྱུ་མཚན་ཡང་རྒྱུའི་ཐེག་པ་ནི་བསྐལ་བ་གྲངས་མེད་གསུམ་དུ་ཚོགས་བསགས་པའི་མཐར་ས་བཅུ་གཅིག་ཙམ་མངོན་དུ་བྱེད་པ་(༣ན)


GLG025_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མ་གསུངས་པའི་ཕྱིར་ན་འབྲས་བུ་སྔགས་ཀྱི་ཐེག་པ་ཞིག་ལ་ངེས་པར་འཇུག་དགོས་ཏེ། ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་ནས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་པ་ལྟར་རྒྱུ་འབྲས་གཉིས་ཀྱི་ཐེག་པའི་ཐོབ་བྱ་སངས་རྒྱས་ཀྱི་གོ་འཕང་ཡིན་པ་ལ་དོན་གཅིག་ཏུ་ཟིན་ཀྱང་མྱུར་དུ་འཚང་རྒྱ་བ་ལ་འབྲས་བུ་སྔགས་ཀྱི་ཐེག་པ་ཁྱད་པར་དུ་འཕགས་པ་ཡིན་ཏེ་འཚང་རྒྱ་བའི་ཐབས་ལ་མ་རྨོངས་པ་དང་། ཐབས་མང་བ་དང་དཀའ་བ་མེད་པ་སྟེ་ཚེ་འདི་འམ་སྐྱེ་བ་བཅུ་དྲུག་ཚུན་ལ་རྡོ་རྗེ་འཛིན་པའི་གོ་འཕང་བྱེད་ནུས་པས་འབྲས་བུ་སྔགས་ཀྱི་ཐེག་པ་ཞིག་ལ་ངེས་པར་འཇུག་དགོས་ལ། རྒྱུད་སྡེའི་དབྱེ་ཚུལ་ལའང་། སངས་རྒྱས་གསང་བ་ལས། རྣལ་འབྱོར་སྤྱོད་དང་བྱ་དབྱེ་ལས། །རྒྱུད་སྡེ་རྣམ་པ་གསུམ་དུ་འགྱུར། །ཞེས་གསུངས་པ་ལྟར་བྱ་བ་སྤྱོད་པ་རྣལ་འབྱོར་གྱི་རྒྱུད་གསུམ་དུ་བཤད་ཅིང་། རྡོ་རྗེ་གུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ལྟག་ལ། །སེམས་ཅན་མཆོག་ལ་རྣལ་འབྱོར་མཆོག །རྣལ་འབྱོར་བླ་མེད་དེ་ལྟག་ལ། །ཞེས་པ་ལྟར་མུ་སྟེགས་བྱེད་སོགས་ལོག་པར་སྤྱོད་པ་རྣམས་ཀྱི་འདོད་ཆགས། འཚེ་བ། གཙང་སྒྲ། དེ་གསུམ་ག་ཆོས་སུ་སྨྲ་བ་ཀུན་རྗེས་སུ་འཛིན་པར་བྱེད་པའི་ཕྱིར་དུ་བླ་མེད། བྱ་སྤྱོད། རྣལ་འབྱོར་ཏེ་རྒྱུད་སྡེ་བཞི་དང་། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྗེས་སུ་འབྲངས་ནས་རྡོ་རྗེ་ས་འོག་སོགས་མདོ་སྡེ་རྟོག་པའི་རྒྱུད་དང་པོར་བྱས་ཏེ་རྒྱུད་སྡེ་ལྔ་དང་། བདེ་མཆོག་ལེའུ་ལྔ་བཅུ་རྩ་གཅིག་པ་ལས། ཇི་སྲིད་མདོ་བྱ་སྤྱོད་པ་(༣བ)


GLG025_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །རྣལ་འབྱོར་གསང་མཐའི་དབྱེ་བ་ཡི། །སེམས་ཅན་མོས་པ་སྣ་ཚོགས་པ། །དེ་དག་དེ་ལ་དགའ་བ་ཡིན། །ཞེས་བླ་མེད་ལས་ཀྱང་རྣལ་འབྱོར་གསང་མཐའ་ལོགས་སུ་ཕྱེ་བས་རྒྱུད་སྡེ་དྲུག་ཏུ་བཞེད་པ་སོགས་རྣམ་གྲངས་མང་ནའང་འདིར་ཡོངས་སུ་གྲགས་པ་རྒྱུད་སྡེ་བཞིའི་དབང་དུ་བྱས་ཏེ་གསན་བྱའི་ཆོས་འདི་ཉིད་དཔེ་ཕྱག་རྡོར་འབྱུང་འདུལ་ལྟ་བུ་ལ་མཚོན་ན། ཕྱག་ན་རྡོ་རྗེ་ལ་འཁོར་ལོ་ཆེན་པོ་དབང་གི་ཆེ་བ། མདོ་ལུགས་བརྟག་པའི་ཆེ་བ། སྦ་བ་མ་གདམས་ངག་གི་ཆེ་བ་ནི། སློབ་དཔོན་སྦ་བ་བས་དཀྲལ་བ་སྟེ་གདམས་ངག་གི་ཆེ་བ་ནི་མ་རྒྱུད་གཏུམ་ཆེན་ཡིན་ལ། གཏུམ་པོ་ཁྱུང་གི་ཆེ་བ། ཨུ་ཙ་དྲག་སྔགས་ཀྱི་ཆེ་བ། རྣམ་འཇོམས་ཁྲུས་ཀྱི་ཆེ་བ། འགྲོ་བཟང་ཆོས་སྐྱོང་གི་ཆེ་བ། འབྱུང་པོ་འདུལ་བྱེད་སྟོབས་ཀྱི་ཆེ་བ་ལས། འབྱུང་འདུལ་ལའང་སོའི་སྔགས་འཆང་ཆེན་པོ་སྙེ་མདོ་ཤཱཀྱ་དཔལ་བར་ཡི་དམ་གྱི་ལྷས་དངོས་སུ་གནང་བའི་འབྱུང་འདུལ་མེ་དབང་དང་སྣར་ཐང་པའི་བཀའ་སྲོལ་བརྒྱ་རྩ་ནས་བཤད་པའི་འབྱུང་འདུལ་སོགས་རྣམ་གྲངས་མང་ཡང་འདིར་རྣལ་འབྱོར་མ་བླ་ན་མེད་པ་རྡོ་རྗེ་གུར་གྱི་རྒྱུད་ལས་བྱུང་བ་བླ་མ་རྡོ་རྗེ་གདན་པ་ནས་བ་རི་ལོ་ཙཱ་བ་བརྒྱུད་དེ་རྗེ་བཙུན་གོང་མར་བཀའ་བབས་པའི་འབྱུང་པོ་འདུལ་བྱེད་ཀྱི་རྗེས་གནང་འབུལ་བ་ལ་ཞེས་པ་དང་། སྤྱན་རས་གཟིགས་ལ་མཚོན་ན་བྱ་བའི་རྒྱུད་ལ་རིགས་དྲུག་ཏུ་ཡོད་པའི་པདྨའི་རིགས་ཀྱི་བྱང་ཆུབ་སེམས་དཔའ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ལ་སྒྲུབ་ཐབས་བརྒྱ་རྩ་མ་ནས་བཤད་པའི་ཐུགས་རྗེ་ཆེན་པོའི་རིགས་མང་བ་དང་། ཟུར་བཀའ་ལའང་དཔལ་མོ་ལུགས་དང་ཟླ་རྒྱལ་ལུགས་སོགས་བླ་མ་གོང་མ་རྣམས་ཀྱི་བཀའ་བབས་མང་ཡང་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་ཆིག་བརྒྱུད་རྡོ་རྗེའི་རྒྱས་འདེབས་(༤ན)


GLG025_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བརྒྱུད་པ་རིན་པོ་ཆེ་སྣ་བདུན་དུ་གྲགས་པའི་ནང་ཚན་ལྔ་པ་དཔོན་སྟོན་སྐྱེར་སྒང་པ་ཆོས་ཀྱི་སེང་གེའི་ལུགས་ཀྱི་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པའི་རྗེས་གནང་འབུལ་བ་ལ། ཞེས་པ་ལྟ་བུས་མཚོན་ཏེ་རྒྱུད་སྡེའི་དབྱེ་བ་དང་ལྷ་སོ་སོའི་རིགས་དབྱེ་ལུགས་སོགས་རིག་པས་འཕྲུལ་ཤེས་བྱེད། སྔོན་དུ་འགྲོ་བ་རྡོ་རྗེ་སློབ་དཔོན་གྱི་བྱ་བ་དང་དངོས་གཞི་སློབ་མའི་བྱ་བ་གཉིས་ལས། སློབ་དཔོན་གྱིས་བྱ་བའི་འོས་སུ་གྱུར་བ་ནི་བདག་བསྐྱེད་བཟླས་པ་དང་བཅས་པ་དང་། མདུན་བསྐྱེད་ཀྱི་ཚོམ་བུ་ཡན་ལག་བཞི་རྫོགས་སུ་བསྒྲུབ་ཅིང་དེ་དག་ལ་མཆོད་བསྟོད་གཏོར་མ་འབུལ་བ་དང་བྱིན་རླབས་བརྟན་བྱེད་ཀྱི་བཟླས་པ་སོགས་ནི་ལེགས་པར་གྲུབ། དེ་རྡོ་རྗེ་སློབ་མའི་བྱ་བ་ལ་ཡོན་དབུལ་ཞིང་གསོལ་བ་གདབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་ལྷ་ཆེ་གེ་མོར་གསལ་བའི་སྤྱན་སྔར་ཁྱེར་རང་རྣམས་ཀྱི་ལུས་ལོངས་སྤྱོད་དུས་གསུམ་དུ་བསགས་པའི་དངོས་པོ་ཐམས་ཅད་མཎྜལ་རི་རབ་གླིང་བཞི། ཉི་ཟླ་ཟུང་གཅིག །ལྷ་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པའི་རྣམ་པར་སྤྲུལ་ཏེ་མཎྜལ་ཚོམ་བུ་བདུན་མ་ཞིག་དབུལ་བར་ཞུ་ཞེས་བརྗོད། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་གདབ་པ་འདིའི་རྗེས་ཟློས་ཤིག་མཛད་པ་ཞུ། ཞེས་རྗེས་གནང་སོ་སོའི་གཞུང་ནས་བཤད་པའི་ཐུན་མོང་པའི་གསོལ་གདབ་ལན་གསུམ་བྱེད། རྒྱུད་དག་པར་བྱ་བའི་ཕྱིར་ཐུགས་བསམ་གྱི་ཁྱད་པར་འདི་བཞིན་མཛད་འཚལ། དེའང་འཁོར་བ་ལ་མཐའ་མེད། མཐའ་མེད་པ་བཞིན་དུ་སེམས་ཅན་ལ་མཐའ་མེད། མཐའ་མེད་པའི་སེམས་ཅན་འདི་དག་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོར་འཁྱམས་པ་ཡིན་ལ། རྒྱ་མཚོ་ནི་གཏིང་ཟབ་ཅིང་མཐའ་རྙེད་དཀའ་བ་ལྟར་འཁོར་བའི་གཏིང་མཐའ་དེ་དང་(༤བ)


GLG025_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་ཞིང་ཆུ་སྲིན་ན་ཀྲ་སོགས་སྲོག་ཆགས་མ་རུངས་པ་དང་འདྲ་བའི་ཉོན་མོངས་པ་དུག་གསུམ་དང་མི་འདོད་པའི་རླུང་ཤུགས་དྲུག་པོ་ལྟར་ལས་ཀྱི་གཞན་དབང་དུ་གྱུར་པས། སེམས་ཅན་དེ་རྣམས་ལ་སྡུག་བསྔལ་ཇི་ལྟ་བུ་ཞིག་ཡོད་ན། དམྱལ་བ་རྣམས་ལ་ཚ་གྲང་གི་སྡུག་བསྔལ། ཡི་དགས་རྣམས་ལ་བཀྲེས་སྐོམ་གྱི་སྡུག་བསྔལ། དུད་འགྲོ་རྣམས་ལ་གཅིག་ལ་གཅིག་ཟ་བ་དང་གསོད་པ་དང་བཀོལ་སྤྱོད་ཀྱི་སྡུག་བསྔལ། མི་རྣམས་ལ་འདོད་པ་བཙལ་གྱིས་མ་རྙེད་པ་དང་མི་འདོད་པ་ཐོག་ཏུ་བབས་པའི་སྡུག་བསྔལ། ལྷ་མ་ཡིན་རྣམས་ལ་འཐབ་རྩོད་དང་ལུས་བཅད་ཅིང་དྲལ་བ་ལ་སོགས་པའི་སྡུག་བསྔལ། ལྷ་རྣམས་ལ་འཆི་འཕོ་བ་དང་གོང་མ་ནས་འོག་མར་ལྟུང་བ་དང་མཐར་ངན་སོང་དུ་སྐྱེ་བར་ཤེས་པ་ན་དམྱལ་བའི་སྡུག་བསྔལ་གྱི་སྡུག་བསྔལ་ལས་ཀྱང་ཆེས་ཆེ་བའི་སེམས་ཀྱི་སྡུག་བསྔལ་རྣམས་ཡོད་པར་བཤད་པས་སྡུག་བསྔལ་དེ་ལས་རང་ཉིད་གཅིག་པུ་ཐར་བར་བྱེད་དམ་སྙམ་ན་མ་ཡིན་ཏེ་སེམས་ཅན་འདི་དག་ཐམས་ཅད་རང་གི་ཕ་མར་མ་གྱུར་བ་མེད་ཅིང་མ་བྱས་རེས་ཀྱི་གནོད་པ་ལས་བསྐྱབས་ཤིང་ཕན་བཏགས་པའི་དྲིན་ཅན་ཤ་སྟག་ཡིན། འདི་དག་རྣམས་འདོད་པ་བདེ་བ་འདོད་ཀྱང་ཐབས་ལ་མི་མཁས་པའི་དབང་གིས་ལ་ལ་སྡུག་བསྔལ་དངོས་ལ་ལོངས་སྤྱོད། ལ་ལ་དེའི་རྒྱུ་རྔམས་པོ་ཆེར་ལོངས་སྤྱོད། བླང་དོར་ལ་བལྟ་བའི་མིག་མ་རིག་པས་ལྡོངས། ཐར་པའི་རྟེན་གྱི་འཁོར་བ་དང་བྲལ་དགེ་བའི་བཤེས་གཉེན་གྱི་དམིགས་བུ་བས་མ་ཟིན། མངོན་མཐོ་དང་ངེས་ལེགས་ལ་བརྡེག་འཆོས་ཤིང་འཁོར་བ་དང་ངན་སོང་གི་གཡང་ཁའི་གྲམ་པར་བྱེད་པ་འདི་རྣམས་དེ་ལས་ཐར་བར་བྱེད་པའི་ཐབས་ཤིག་མ་བྱས་ན་ངོ་ཚ་དང་ཁྲེལ་གཞུང་ཡེ་མེད་པ་ཡིན་ལ། (༥ན)


GLG025_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཀྱང་རྒྱལ་བའི་སྲས་པོ་ཐོགས་མེད་བཟང་པོ་དཔལ་གྱིས། རང་ཉིད་འཁོར་བའི་བཙོན་རར་གནས་བཞིན་དུ། །འཇིག་རྟེན་ལྷ་ཡིས་སུ་ཞིག་སྐྱོབ་པར་ནུས། །ཞེས་ཚངས་པ། ཁྱབ་འཇུག །དབང་ཕྱུག་སྟེ་གཙོ་བོ་གསུམ་གྱིས་ཐོག་དྲངས་པའི་འཇིག་རྟེན་གྱི་དབང་ཕྱུག་རྣམས་ལ་ནུས་པ་མི་མངའ་ཞིང་། གང་ལ་མངའ་ན་ཡུལ་ཁྱད་པར་ཅན་དཀོན་མཆོག་གསུམ་ནི་མཁྱེན་པའི་ཆ་ནས་གདུལ་བའི་ཁམས་དང་བསམ་པ་དང་བག་ལ་ཉལ་གཟིགས་པས་རྗེས་སུ་འཛིན་པ་ལ་མཁས། བརྩེ་བ་མེད་ན་ཡལ་བར་འདོད་སྲིད་ཀྱང་མ་རང་གི་བུ་གཅིག་པུ་ལ་བརྩེ་བ་ལྟར་རིས་མེད་པའི་ལུས་ཅན་ལ་སྙིང་རྗེ་ཆེན་པོ་དང་ལྡན། སྙིང་རྗེ་ཙམ་ཡོད་ཀྱང་མ་ལག་ཞར་མའི་བུ་ཆུས་ཁྱེར་གྱི་ར་མདའ་གཞན་ལ་སྦྲོན་པ་བཞིན་མ་ཡིན་པར་རྗེས་སུ་འཛིན་པའི་ནུས་མཐུ་ཁྱད་པར་ཅན་མངའ་བས་ཡོན་ཏན་དེ་ལྡན་ལ་སྐྱབས་སུ་འགྲོ་བར་བྱེད་པ་ཡིན་ལ། དེས་ན་རང་རེ་རྣམས་སྐྱབས་སུ་སོང་སྟེ་འཁོར་བ་ལས་ཐར་བ་ཙམ་གྱིས་ཆོག་གམ་སྙམ་ན་མ་ཡིན་ཏེ་ལུས་ཅན་མཐའ་དག་སྲིད་པའི་མཚོ་ལས་སྒྲོལ་བར་ནུས་པ་རྫོགས་པའི་སངས་རྒྱས་ཉག་གཅིག་ཡིན་པས་དེའི་གོ་འཕང་ཐོབ་པའི་ཕྱིར་དུ་ཐེག་པ་ཆེན་པོར་སེམས་བསྐྱེད་དགོས་པས། དེའི་སླད་དུ་མདུན་གྱི་རྡུལ་ཚོན་ནམ་ཚོམ་བུ། གཏོར་མ་སོགས་གང་ཡིན་པ་དེ་ཉིད་ལྷག་པའི་ལྷ་ཆེ་གེ་མོར་གསལ་བའི་མཐའ་སྐོར་དུ་རྩ་བརྒྱུད་ཀྱི་བླ་མ། ཡི་དམ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་ཏེ་བཞུགས་པའི་སྤྱན་སྔར་ཁྱེད་རང་རྣམས་ཀྱི་སྐུ་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པར་གྱུར་པ་མ་འོངས་པ་ན་གསོག་པར་འགྱུར་བ། ད་ལྟར་ཡང་གསོག་བཞིན་པའི་(༥བ)


GLG025_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་པའི་ལས་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་སྟོབས་བཞི་ཚང་བའི་སྒོ་ནས་བཤགས་པ་ལ་སོགས་ཡན་ལག་བདུན་པ་ཚུལ་བཞིན་དུ་བགྱིད་སྙམ་པས་གུར་ལས་བྱུང་བའི་རྒྱུན་བཤགས་ལན་གསུམ་གྱི་རྗེས་ཟློས་བྱ། དེ་ལྟར་རྒྱུད་དག་པར་བྱས་ནས་ཐུན་མོང་མ་ཡིན་པའི་གསོལ་བ་གདབ་པའི་སླད་དུ། བདག་ལ་དཔལ་ཆེ་གེ་མོའི་རྗེས་སུ་གནང་བ་མ་ལུས་པ་སྩལ་དུ་གསོལ་སྙམ་པའི་མོས་གུས་དྲག་པོས་གསོལ་བ་གདབ་པ་ལ་འདིའི་རྗེས་ཟློས་མཛོད། དེའང་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཞེས་པ་དང་སློབ་དཔོན་རིན་པོ་ཆེ་སོགས་སོ་སོའི་གཞུང་ལས་བྱུང་བ་བཞིན་དང་ལ་ལར་གསོལ་གདབ་མེད་པའང་ཡོད། དེས་སྔོན་འགྲོ་སོང་ནས་དངོས་གཞི་ལ་བ་རི་ལོ་ཙཱ་བའི་སྒྲུབ་ཐབས་བརྒྱ་རྩ་ལ་ལུང་གསུམ་གྱིས་འཆང་བའི་རྗེས་གནང་མཛད་ཅིག །འཆིང་ལུགས་བྱས་ཀྱང་ས་ལོའི་འཇམ་དབྱངས་དམར་སེར་དང་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་རྣམ་འཇོམས་སོགས་ལ་ཆིངས་ཅུང་ཟད་མི་འདྲ་བ་ཡོད་པ་སོ་སོ་ལྟར་མཛད་སྲོལ་ཅིང་ཕལ་ཆེར་ལ་དམ་ཚིག་པ་བསྐྱེད། དེ་ལ་ཡེ་ཤེས་པ་བསྟིམ་པའི་གཞི་བཀོད་རྗེས། སྔགས་ཀྱི་བཟླས་ལུང་། བྱིན་གྱིས་བརླབས་པའི་ལུང་གི་ཆིངས་མཛད་པ་ཡིན་པ་ཞིབ་ཆ་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱིས་གནང་བའི་འབྱུང་འདུལ་གྱི་དེར་གསལ་བར་ཡོད་ཅིང་། སློབ་དཔོན་ཨ་བྷ་ཡཱ་ཀ་རའི་སྒྲུབ་ཐབས་རྒྱ་མཚོའི་གཞུང་གི་རྗེས་སུ་འབྲངས་ན་སྐུ་གསུང་ཐུགས་ཀྱི་ཆིངས་མཛད་པ་དེའི་བྱེད་ལུགས་ནི་རྗེ་དབང་རབ་ཀྱིས་མཛད་པའི་འབྱུང་འདུལ་གྱི་ཡི་གེ་སོར་བཞག་གི་ལྷ་གང་ཡིན་ཁ་སྒྱུར། དེ་ལྟར་ལྷ་ཆེ་གེ་མོའི་རྗེས་སུ་གནང་བ་གསན་པ་ཡིན་པས་གནས་སྐབས་དེ་དག་ཏུ་ཞལ་གྱིས་བཞེས་པའི་(༦ན)


GLG025_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་དང་སྡོམ་པ་ལ་བསྲུང་སྡོམ་ཚུལ་བཞིན་དུ་མཛད་སྙམ་པས་གཙོ་བོས་ཇི་ལྟར་སོགས་དང་གཏང་རག་གི་མཎྜལ་དབུལ། མཎྜལ་གྱིས་མཚོན་པའི་ལུས་ལོངས་སྤྱོད་དུས་གསུམ་བསགས་པའི་དགེ་བའི་དངོས་པོ་ཐམས་ཅད་དབུལ་སྙམ་པའི་སྒོ་ནས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་སོགས་བརྗོད། དེ་ལྟར་རྗེས་གནང་ཆེ་གེ་མོ་གསན་པ་ཡིན་པས་འདི་དག་ལ་བརྟོན་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛད་པ་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །སོགས་བརྗོད་དོ། །དེའང་ཟུར་བཀའ་དང་སྤྱི་བཀའི་སངས་རྒྱས་བྱང་སེམས་ལ་འབྲུ་དཀར་གྱི་ཚོམ་བུ་དགོས་པ་ཤས་ཆེ། ལ་ལར་དམིགས་བསལ་གྱི་རྡུལ་ཚོན་གྱིས་པད་འདབ་ལྟ་བུ་འདྲི་བའང་ཡོད་ཅིང་འདི་རིགས་ཐམས་ཅད་ལ་འབུལ་གཏོར་ལས་དབང་གཏོར་གྱི་སྲོལ་མེད། གཏོར་མ་བཟོ་འདི་ཡིན་མེད་པ་ཞིག་མགོ་བོ་ལ་བཞག་ནས་སངས་རྒྱས་ཤཱཀྱ་ཐུབ་པ་བྱིན་གྱིས་རློབས་ཤིག་ཅེས་སོགས་བཀའ་བསྒོ་དམ་བཞག་བྱེད་པ་རྣམས་ནི་བཞད་གད་ཀྱི་གནས་ཁོ་ནར་འདུག །རྟ་མགྲིན་གསང་སྒྲུབ་ལྟ་བུ་དང་ཆོས་སྐྱོང་གི་རིགས་རྣམས་ལ་དབང་གཏོར་ངེས་པར་དགོས་པ་ཡིན་པས་སོ་སོར་མ་འདྲེས་པའི་ཡིག་ཆ་གང་ཡིན་དང་བསྟུན་དགོས་པས་ཐམས་ཅད་ལ་དཔེ་གཅིག་བཀབ་ནས་རྣ་བས་ཐོས་ཚད་ཀྱི་རྗེས་གནང་དང་རིག་གཏད་སོགས་བྱེད་པའི་བླ་ཆེན་བླ་ཆུང་རྣམས་ཀྱི་རྗེས་སུ་འབྲང་མི་འཚལ་ལོ། གསང་སྔགས་རྙིང་མ་ལ། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཁྱབ་བདག་ཀུན་ཏུ་བཟང་པོའི་གོ་འཕང་ཐོབ་པར་བྱ། ཞེས་པ་ནས། མོས་པ་བརྟན་པོ་(༦བ)


GLG025_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད་ཡན་གོང་ལྟར་ལ། དེའང་མགོན་པོ་ཀླུ་སྒྲུབ་ཀྱིས། མཐུན་པར་གྱུར་པའི་ཡུལ་ན་གནས་པ་དང་། །སྐྱེས་བུ་དམ་ལ་ནི་བརྟེན་པ་དང་། །བདག་གི་ལེགས་སྨོན་སྔོན་ཡང་བསོད་ནམས་ཀྱི། །འཁོར་ལོ་ཆེན་པོ་བཞི་ནི་ཁྱེད་ལ་མངའ། །ཞེས་ཕུན་སུམ་ཚོགས་པ་དུ་མ་དང་ལྡན་པའི་དལ་འབྱོར་གྱི་མི་ལུས་འདི་ཉིད་རྒྱལ་བའི་ཡུམ་ལས། རབ་འབྱོར་བྱང་ཆུབ་སེམས་དཔའ་གང་དག་བདག་ཀྱང་དགེ་བ་ལ་སྤྱོད་ཅིང་གཞན་ཡང་དགེ་བ་ལ་བསྐུལ་བ་ན་དལ་འབྱོར་སྙིང་པོ་ཡོད་པར་བྱེད་པ་དེ་སངས་རྒྱས་ཀྱིས་བསྔགས་སོ། །ཞེས་གསུངས་པ་ལྟར་ལན་ཅིག་ཙམ་རྙེད་པའི་དལ་འབྱོར་གྱི་མི་ལུས་འདི་སྟོང་ལོག་ཏུ་མ་སོང་བར་སྙིང་པོ་ལོན་པ་ཞིག་ངེས་པར་བྱེད་དགོས་ལ། སྙིང་པོ་ལེན་པའི་ཐབས་ནི་དམ་པའི་ཆོས་སྒྲུབ་པ་ལས་གཞན་དུ་མ་མཆིས་ཤིང་། ཆོས་ཀྱང་རྣམ་བཤད་རིག་པ་ལས། ཆོས་ནི་ཤེས་བྱ་ལམ་དང་ནི། །མྱ་ངན་འདས་དང་ཡིད་ཀྱི་ཡུལ། །བསོད་ནམས་ཚེ་དང་གསུང་རབ་དང་། །འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ། །ཞེས་སྒྲ་ཡངས་པའི་དབང་དུ་བྱས་ན་དུ་མར་འཇུག་ཀྱང་འདིར་གཙོ་ཆེ་བ་དམ་པའི་ཆོས་ཏེ་མདོ་དགོངས་པ་འདུས་པ་ལས། རྒྱུ་ལ་མོས་པའི་རྒྱུའི་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུས་ན་འབྱུང་པར་འགྱུར། །ཞེས་བདག་ཅག་གི་སྟོན་པས་བཀའ་དང་པོ་བདེན་པ་བཞི་བར་པ་མཚན་ཉིད་མེད་པ། མཐའ་མ་ལེགས་པར་རྣམ་པར་ཕྱེ་བ་སྟེ་ཆོས་འཁོར་རིམ་པ་གསུམ་ཡོངས་གྲགས་སུ་བསྐོར་ནས་གསང་ཆེན་རྡོ་རྗེ་ཐེག་པ་ནི་འོག་མིན་སོགས་དག་པའི་ཞིང་དང་། གཞན་ཡང་རི་རབ་ཀྱི་རྩེ། ཨྱོན་མཁའ་འགྲོའི་གསང་མཛོད། དཔལ་


GLG025_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་སོགས་གནས་མང་པོར་དཀྱིལ་འཁོར་སོ་སོའི་རིགས་ཀྱི་བདག་པོ་སྐུར་བཞེངས་ནས་དབང་པོ་རྣོན་པོའི་གདུལ་བྱ་མཆོག་རྣམས་རྗེས་སུ་བཟུང་བ་ཡིན་ཅིང་། དེའང་དགའ་རབ་རྡོ་རྗེ། ཤྲཱི་སིངྷ་རིགས་འཛིན་བརྒྱད་ཀྱིས་གཙོས་པའི་པཎ་གྲུབ་དུ་མས་རྫོགས་པ་ཆེན་པོ་སེམས་ཀློང་མན་ངག་གི་སྡེ། སྤྱི་ཏི། ཡང་ཏི། འདུས་པ་མདོ། སྒྱུ་འཕྲུལ། བཀའ་བརྒྱད་སྤྱི་བྱེ་བྲག །དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ཕ་རྒྱུད་གསང་བ་འདུས་པ་མི་བསྐྱོད་པ་དང་སངས་རྒྱས་ཡེ་ཤེས་ཞབས་ཀྱི་འཇམ་རྡོར། གྲུབ་པའི་དབང་ཕྱུག་དྲིལ་བུ་པ། ལཱུ་ཨི་པ། སྤྱོད་པའི་རྡོ་རྗེ་རྣམས་ཀྱི་མ་རྒྱུད་འཁོར་ལོ་སྡོམ་པ། ཀྱེ་རྡོར་མན་ངག་ལུགས། ནག་པོ་པ། མཚོ་སྐྱེས། ཌོམྦི་པ་སྟེ་བཞི་གཉིས་སུ་མེད་པ་དགྱེས་མཛད་རྡོ་རྗེ་སོགས་པཎ་གྲུབ་རྣམས་ཀྱིས་རྒྱུད་སྡེ་མཐའ་ཡས་པའི་སྲོལ་ལེགས་པར་ཕྱེ་ཞིང་ཐེག་པ་རིམ་དགུ་དང་རྒྱུད་སྡེ་བཞི་སོགས་ཀྱི་རྣམ་གཞག་ལས་གསང་སྔགས་གསར་རྙིང་ཞེས་བྱ་བའི་ཐ་སྙད་མ་མཆིས་ཀྱང་གངས་ཅན་གྱི་ལྗོངས་འདིར་འཇམ་དབྱངས་ཀྱི་སྤྲུལ་པ་རྗེ་ཁྲི་སྲོང་ལྡེའུ་བཙན་གྱིས་རྒྱལ་བའི་བསྟན་པ་སྤེལ་བའི་ཆེད་དུ་སངས་རྒྱས་གཉིས་པ་དཔལ་ཨྱོན་ཆེན་པོ་གདན་དྲངས་ཏེ་ལྷ་ཆེན་དགུ་དང་བསྟན་མ་བཅུ་གཉིས་སོགས་ལྷ་སྲིན་གདུག་པ་ཅན་ཐམས་ཅད་དམ་ལ་བཏགས་ཏེ་ཐུབ་བསྟན་ཉིན་མོ་ལྟར་མཛད་པའི་ཚེ་དམ་པའི་ཆོས་འགྱུར་བའི་བསྟན་པ་ལ་སྔ་དར་དང་སྔགས་ལ་རྙིང་མ། པཎྜི་ཏ་སྨྲྀ་ཏི་དང་ལོ་ཆེན་རིན་བཟང་ཚུན་ཆད་དར་བ་རྣམས་ལ་བསྟན་པ་ཕྱི་དར་དང་སྔགས་གསར་མ་ཞེས་པའི་ཐ་སྙད་དུ་མཛད་ལ། དེའང་མདོ་སྒྱུ་སེམས་གསུམ་སོགས་ནི་ཨྱོན་ཆེན་(༧བ)


GLG025_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

པོ། བི་མ་ལ་མི་ཏྲ། ལོ་ཆེན་བཻ་རོ་སོགས་ཀྱིས་འཆད་ཉན་གྱིས་གཏན་ལ་ཕབ། རྨ་གཉགས། སོ་ཟུར་གནུབས་གསུམ་སོགས་ཏེ་ཧེ་རུ་ཀ་དཔལ་གོས་དཀར་ལྕང་ལོའི་ཕྲེང་བ་འཛིན་པའི་རིགས་སྔགས་འཆང་བ་མཐའ་ཀླས་པས་རྒྱས་པར་མཛད། གཏེར་མ་ནི་མ་འོངས་སྙིགས་མའི་དུས་མཐར་ཐུག་པའི་བར་དུ་དུས་དང་བསྟུན་ཏེ་བསྟན་འགྲོའི་ཕན་བདེའི་བཙས་སུ་རི་བྲག་མཚོ་གསུམ་གཙུག་ལག་ཁང་དང་གསང་བའི་དབེན་གནས་མང་པོར་གསང་བའི་ཕྱག་རྒྱས་བཏབ་པ་ལས་ཅན་རྣམས་ཀྱིས་རིམ་བཞིན་འདོན་པར་སྨོན་ལམ་དུ་མཛད་པ། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རཏྣ་གླིང་པའི་ཀློང་གསལ་སྤྱིའི་ཐེམས་གསང་བ་བཀའ་རྒྱ་ཅན་ལས། བདག་འདྲ་ཨྱོན་པདྨ་འབྱུང་གནས་ཀྱིས། །སུམ་སྟོང་ལོན་ནས་བོད་ཀྱི་ཡུལ་འདིར་འོངས། །སྨོན་ལམ་དབང་གིས་རྒྱལ་པོའི་ཐུགས་དགོངས་བསྒྲུབས། །བསམ་ཡས་ལི་སོགས་གཙུག་ལག་བརྒྱ་རྩ་དང་། །མཐའ་དབུས་ཀུན་ཀྱང་ཡིད་བཞིན་གཏེར་གྱིས་བཀང་། །བརྒྱ་དང་བཅུ་གཅིག་བོད་ཀྱི་འགྲོ་བ་འདུལ། །ཐུགས་དགོངས་རྫོགས་ནས་རྔ་ཡབ་གནས་སུ་འགྲོ། །སྙིང་པོའི་ཐུགས་གཏེར་དཔག་མེད་བསམ་ཡས་ཀྱང་། །ཀུན་ལས་ཁྱད་འཕགས་ཡང་ཟབ་སྙིང་པོའི་གཏེར། །ཞེས་པ་ལྟར་མཐའ་དབུས་ཐམས་ཅད་གཏེར་གྱིས་བཀང་ཞིང་དེ་འདོན་པའི་ལས་ཅན་གྱི་གཏེར་སྟོན་ལའང་ཚད་བཟུང་དཀའ་ཡང་གཙོ་བོར་གྱུར་པ་ནི། ཇི་སྐད་དུ། ཐུགས་གཏེར་གཅིག་ནི་ལྷོ་བྲག་སྲིན་མོ་སྦར་རྗེས་ཅན་ལ་སྦེད། ཁྱད་པར་མཁའ་འགྲོའི་སྒྲུབ་སྐོར་ཡིན། མངའ་བདག་སྐུ་ཡི་སྤྲུལ་པས་འདོན་པར་འགྱུར། །ཐུགས་གཏེར་གཅིག་ནི་ལྷོ་བྲག་གནམ་སྐས་བྲག་ལ་(༨ན)


GLG025_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

སྦེད། ཁྱད་པར་སྔ་མའི་སྒྲུབ་སྐོར་ཡིན། མངའ་བདག་གསུང་གི་སྤྲུལ་པས་འདོན་པར་འགྱུར། །ཞེས་སྐུའི་སྤྲུལ་པ་མངའ་བདག་ཉང་ཉི་མ་འོད་ཟེར་དང་གསུང་གི་སྤྲུལ་པ་གུ་རུ་ཆོས་ཀྱི་དབང་ཕྱུག་གཉིས་སྐུའི་སྐྱེ་བརྒྱུད་རིམ་པར་བྱོན་ཞིང་ཉི་མ་དང་ཟླ་བ་ལྟར་ཡོངས་སུ་གྲགས། དེའི་ཡང་སྲིད་ཐུགས་ཀྱི་སྤྲུལ་པ་ནི། སྒྲུབ་ཐབས་ཡོན་ཏན་གཏེར་མཛོད་ལས། འདི་ནས་ཚེ་ལོ་ལྔ་བཅུ་ཁ་རལ་དུས། །ང་ཡིས་ཐུགས་རྗེས་སྤྲུལ་པའི་རིགས་འཛིན་ནི། །པདྨ་རྒྱལ་པོ་ཡེ་ཤེས་རོལ་པ་རྩལ། །ཕྱི་ལྟར་རབ་བྱུང་སྔགས་པའི་ཆ་ལུགས་ཅན། །ནང་ལྟར་སེམས་བསྐྱེད་བསྟན་པའི་བྱ་བར་བརྩོན། །གསང་བ་གཉིས་མེད་རྫོགས་ཆེན་དོན་དང་ལྡན། །ཆོས་རྒྱལ་ཡབ་སྲས་འཚོ་རྒྱལ་སྨོན་ལམ་གྱིས། །སྤྲུལ་པའི་གཟུགས་ཀྱི་མ་འགེགས་སྤྱོད་པ་སྐྱོང་། །དེ་འདྲའི་གང་ཟག་ནུབ་ཀྱི་ཕྱོགས་ནས་འོང་། །ལས་སུ་སངས་རྒྱས་བསྟན་པའི་བྱ་བ་བྱེད། །ཅེས་མངའ་རིས་པདྨ་དབང་རྒྱལ་གྱིས་བསམ་ཡས་བར་ཁང་ནས་ཡོངས་འདུས་རྣམ་གསུམ་གྱི་ཟབ་གཏེར་སྤྱན་དྲངས་ཤིང་དེའི་ཡང་སྲིད་ཡོན་ཏན་གྱི་སྤྲུལ་པ་ནི། རང་གཏེར་མྱོང་གྲོལ་པདྨ་རཱ་གའི་ཁ་བྱང་ལས། ད་ལྟའི་མགོ་ནག་སྤྱི་ཡི་རྒྱལ་པོ་ཁྱོད། །སྨོན་ལམ་དག་པའི་སྐྱེ་བ་རྣམ་ལྔས་འདོན། །དམ་རྫས་འདི་དང་འཕྲད་པའི་སྐྱེས་བུ་དེ། །སྐྱེ་བ་དུ་མར་ཟབ་གཏེར་ལ་སྤྱད་པས། །སྐུ་ཡི་གཟི་བརྗིད་མཚན་རྟགས་བཅུ་གསུམ་ལྡན། །བདེན་པའི་ངག་འགྲུབ་སྒྲ་དབྱངས་ཚངས་པའི་གསུང་། །ཐུགས་ཀྱི་དགོངས་པ་ཟབ་མོ་གཏིང་མཐའ་དཀའ། །བདག་དང་རྒྱལ་པོའི་ཡོན་ཏན་སྤྲུལ་པ་སྟེ། །འཕྲིན་ལས་རྣམ་པ་ལྔ་ལ་རང་དབང་སྤྱོད། །ཅེས་པ་ལྟར་(༨བ)


GLG025_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ལྷང་ལྷང་བྲག །ཁམ་བུ་ལུང་། འཇོད་པོ་གསེར་གྱི་མཆོད་རྟེན་ནས་ཟབ་གཏེར་སྤྱན་དྲངས་ཤིང་དེའི་སྐྱེ་བ་འཕྲིན་ལས་ཀྱི་སྤྲུལ་པ་ནི་སླད་ནས་འབྱུང་བར་འགྱུར་ལ། ཐུགས་སྒྲུབ་ཆོས་ཚན་ཉེར་ལྔའི་ཐེམས་ཡིག་ལས། མ་འོངས་བསྟན་པའི་ཐ་མ་ལ། །བསྐལ་བ་དུམ་བུར་རྩོད་པའི་དུས། །དྲག་པོ་གྲུ་གསུམ་སྣེ་བ་ཅན། །ཐོགས་རྡུགས་མེད་པའི་སྤྱོད་པ་སྐྱོང་། །ཁྲོ་བོའི་ཆ་བྱད་ངར་དང་ལྡན། །ཤར་ནས་འབྱུང་བའི་གཏད་རྒྱ་གྱིས། །ཞེས་དང་། སྙིང་ཐིག་གནད་ཀྱི་མན་ངག་དོན་བདུན་ལས། བྱང་ཕྱོགས་ཐོ་ཡོར་ནག་པོའི་ས་ཕྱོགས་སུ། །རི་བོ་བཀྲ་བཟང་ཞེས་པའི་ཤར་འདབས་སུ། །ཆུ་ཁམས་གླང་ལོ་རྨེ་བའི་མཚན་རྟགས་ཅན། །པདྨ་ང་ཡི་བྱིན་གྱིས་བརླབས་པའི་རྟགས། །སྤྱི་བོར་རྒོད་ཀྱི་ལྡེམ་ཕྲུ་ཡང་ཡང་བྱུང་། །ཞེས་ཟང་ཟང་བྲག་ནས་རིགས་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་ཕྲུ་ཅན་གྱི་མཛོད་ལྔ་འདུས་པའི་ཟབ་གཏེར་སྤྱན་དྲངས། དེའི་སྐྱེ་བརྒྱུད་ནི། རང་གཏེར་ལས། བདུད་འཇོམས་སྐྱེ་བ་ཉི་ཟླའི་མིང་། །བྱང་སེམས་སྤྲེའུའི་ལོ་བ་ཞིག །ལས་ཅན་ཐོག་བབས་ཚུལ་དུ་འབྱུང་། །དེ་ཡིས་འདི་འབྱིན་འགྲོ་འདུལ་འགྱུར། །ཞེས་མཆོག་གི་སྤྲུལ་སྐུ་མངའ་རིས་ལེགས་ལྡན་བདུད་འཇོམས་རྡོ་རྗེས་ཟབ་གཏེར་མང་དུ་སྤྱན་དྲངས་ཤིང་། གཞན་ཡང་དྲག་སྔགས་ཀྱི་བདག་པོ་གཏེར་སྟོན་རྒྱ་ཞང་ཁྲོམ། །གླིང་པ་བཅུ་གཅིག་དྲི་མེད་རྣམ་གསུམ་སོགས་སྤྲུལ་པའི་གཏེར་སྟོན་གྲངས་མེད་པ་བྱོན་ཅིང་དིང་སང་ཡང་བདག་ཅག་གི་རྡོ་རྗེ་སློབ་དཔོན་ཆོས་རྒྱལ་གཏེར་བདག་གླིང་པས་འགྲོ་བ་རྣམས་འདྲེན་པར་མཛད་བཞིན་པ་འདི་ལྟར་ནས། སྐབས་འདིར་གསན་བྱའི་ཆོས་ནི། ཆོས་(༩ན)


GLG025_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྒྱལ་པོ་མངའ་བདག་ཉང་ཉི་མ་འོད་ཟེར་གྱི་གཏེར་བྱོན་དྲག་པོའི་སྐོར་ལ། རྒྱས་པ་གཞུང་ཆེན་བདེ་གཤེགས་འདུས་པ། འབྲིང་པོ་མེའི་སྤུ་གྲི །ཆུང་བ་དཔའ་བོ་ལྷ་གསུམ། ཐེམས་མེད་ཁ་ཡར་སྣ་ཚོགས་པ་ཡོད་པའི་ནང་ནས་འབྲིང་པོ་མེའི་སྤུ་གྲིའི་དབང་ལ། འཕྲིན་ལས་ཀྱི་གཞུང་བསྲངས་ཏེ་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ། འཛབ་བཟླས་ནས་ནུས་ལྡན་དུ་བྱེད་པ། ཟབ་གཏེར་གྱི་སྲུང་མ་ལ་གཏོར་མ་ཕུལ་ཏེ་རྒྱ་འགྲོལ་བའི་འཕྲིན་ལས་འཆོལ་བ། ཚོགས་ཀྱི་འཁོར་ལོས་ཆོ་གའི་ཆད་ལྷག་བཀང་བ་སོགས་ལྷག་ཆད་མེད་ཙམ་པའི་གོ་ཡུལ་སོང་ནས། རྡོ་རྗེ་སློབ་མ་རྣམས་ཀྱི་སྐུའི་ངོ་སྐལ་དུ་གྱུར་པ་ལ། ཞེས་སོགས་གོང་དང་འདྲ། དེས་མཚོན་གཏེར་ཁ་གང་ཡིན་དེ་ཀའི་ཆེ་བ་དང་ལོ་རྒྱུས་སོགས་རིག་པས་འཕྲུལ་ཤེས་པར་བྱའོ། །དེང་དུས་གལ་ཆུང་དམ་པའི་ཆོས་ལ་བྱེད། རྗེས་གནང་རིག་གཏད་གང་དྲན་གྱིས་ཆོག་སྐབས། །དོན་དུ་གཉེར་བ་ངོ་མཚར་ཆེ་སྙམ་ནས། །གསལ་བྱེད་ཡི་གེ་འབད་པ་ཆེན་པོས་བྲིས། །ལེགས་བཤད་ཤར་རིའི་རྩྭ་ནས་ཟོས་བཞིན་དུ། །དྲིན་ཚོར་ལྕི་བ་ནུབ་རིའི་ངོས་གཏོང་བར། །སྟོན་པ་ཁ་ཡང་ཀླད་མེད་རང་མཚང་སྟེ། །དེ་ཕྱིར་རྟ་ཤིའི་སོ་བཞིན་དམ་པ་གཅེས། །འདིས་མཚོན་དགེ་བ་ནམ་མཁའི་ནོར་བུ་ཡིས། །མ་རིག་རྨོངས་པའི་སྨག་རུམ་མཐར་བྱས་ནས། །འགྲོ་རྣམས་གཏན་བདེའི་སྣང་བ་འོད་པོ་ཆེ། །རྟག་ཏུ་སྤྱོད་པའི་སྐལ་བ་བཟང་པོར་ཤོག །ཅེས་བརྗེད་གནང་རིག་གཏད་བྱིན་རླབས་ལ་ཉེ་བར་མཁོ་བའི་མཚམས་སྦྱོར་འཕྲིན་ལས་ཆུ་རྒྱུན་འདི་ནི་མཆོད་དཔོན་ངག་དབང་ཤེས་རབ་ཀྱིས་དོན་གཉེར་ཆེན་པོས་བསྐུལ་བ་ལ་བརྟེན་ནས། (༩བ)


GLG025_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཟུར་ཐམས་ཅད་མཁྱེན་པ། རྡོ་རྗེ་འཆང་གནས་གསར་བ། ཁྱབ་བདག་ཞ་ལུ་བ་གསུམ་གྱིས་གནང་བའི་ཕྱག་བཞེས་དྲན་པའི་ཡུལ་དུ་གསལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པའོ།། །།སརྦ་མངྒ་ལཾ།


previousརྗེས་གནང་རིག་གཏད་བྱིན་རླབས་ཀྱི་མཚམས་སྦྱོར་འཕྲིན་ལས་ཆུ་རྒྱུན།next