Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལྷ་བྲག་གཏེར་བྱོན་ལས་ཁྱུང་གི་འཕྲིན་ལས་གནམ་ལྕགས་རྡོ་རྗེའི་ཐོག་མདའ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལྷ་བྲག་གཏེར་བྱོན་ལས་ཁྱུང་གི་འཕྲིན་ལས་གནམ་ལྕགས་རྡོ་རྗེའི་ཐོག་མདའ།next

ལྷ་བྲག་གཏེར་བྱོན་ལས་ཁྱུང་གི་འཕྲིན་ལས་གནམ་ལྕགས་རྡོ་རྗེའི་ཐོག་མདའ།


GLG025_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་བྲག་གཏེར་བྱོན་ལས་ཁྱུང་གི་འཕྲིན་ལས་གནམ་ལྕགས་རྡོ་རྗེའི་ཐོག་མདའ་ཞེས་བྱ་བ་བཞུགས་སོ། །


GLG025_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ནག་ཕྱོགས་གདོན་བགེགས་གཤེད་དུ་རྡོ་རྗེའི་རྭ། །སྲིད་པའི་རྩེ་མོར་གདེངས་པ་བྱ་ཁྱུང་གི །སྒྲུབ་ཐབས་འཕྲིན་ལས་རིམ་པ་སྤེལ་བ་ལ། །ཆོས་བདག་གཏེར་སྲུང་དགྱེས་པའི་གནང་བ་སྩོལ། །དེ་ལ་འདིར་ལྷ་བྲག་གཏེར་བྱོན་གྱི་རྒྱལ་སྲས་ཁྱུང་ཆེན་ཡོངས་རྫོགས་དང་། ལས་ཁྱུང་གཉིས་ལས། ལས་ཁྱུང་གི་འཕྲིན་ལས་ངག་འདོན་སྔོན་འགྲོའི་རིམ་པ་ལ།སྐྱབས་སེམས་ནི། ཐུགས་རྗེའི་དབང་གིས་འགྲོ་དོན་མཛད༔ བླ་མ་རྣམས་ལ་སྐྱབས་སུ་མཆི༔ རང་ལ་ཡེ་ཤེས་ཤར་བའི་སྐུ༔ ཡི་དམ་ལྷ་ལ་སྐྱབས་སུ་མཆི༔ དམ་ཚིག་རྣམ་པར་དག་པའི་སྐུ༔ མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི༔ སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས༔ འགྲོ་དོན་སངས་རྒྱས་ཐོབ་ཕྱིར་བསྔོ༔ སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོཿསེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར༔ གསང་སྔགས་སྤྱོད་པ་རླབས་ཆེན་སྤྱོད༔ དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས༔ རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ༔ ལན་གསུམ་བརྗོད། ཚོགས་ཞིང་ནི། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། ཞེས་སོགས་བརྗོད། སྲུང་འཁོར་ནི། ཧཱུཾ། རང་ཉིད་ལས་ཀྱི་ཁྱུང་ཆེན་གསལ་བ་ཡི། །ཐུགས་ལས་སྤྲུལ་པའི་ཕོ་ཉ་དཔག་མེད་འཕྲོས། །གནོད་བྱེད་མཐར་བསྐྲད་རྡོ་རྗེའི་གུར་ཁང་དང་། །ཡེ་ཤེས་མེ་(༢ན)


GLG025_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས་བར་མཚམས་མེད་པར་གཏམས། །སུམྦྷ་དང་། ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ་ཕཊ། བྱིན་དབབ་པ་ནི། ཧཱུཾ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་ལས་སྤྲུལ་པའི་ཕོ་ཉ་ནིཿ ལས་ཀྱི་ཁྱུང་ནག་འཇིགས་པ་ཡི། །སྐུ་གསུང་ཐུགས་ཀྱི་བྱིན་ཆེན་ཕོབ། །ཆིག་དྲིལ་སྔགས་ཀྱི་མཐར། །ཀརྨ་ག་རུ་ཌ་ས་མ་ཡ་ཨ་བེ་ཤ་ཡ་ཨ་ཨཱཿ སྨན་རག་གཏོར་གསུམ་མཆོད་པ་བརླབ་པ་ནི། ཨཱོཾ་ཧཱུཾ་སྭཱ་ཨཾ་ཧཱཿ ཧྲི་མ༔ ཨཱོཾ་བཛྲ་ཡཀྵ་ཀྲོ་དྷ་ཧཱུཾ༔ ཨོཾ་ཨཱཿཧཱུཾ༔ རཀྟ་མནྡྷ་ལ་ཧཱུཾ༔ ཨ་དྷུ་པུ་ཨཱ་གྷ་ཧཱུཾ༔ དངོས་གཞིའི་རིམ་པ་ལ་ལྷ་བསྐྱེད་པ་ནི། སྭ་བྷཱ་ཝས་སྦྱངས། ཆོས་ཀུན་ཀ་ནས་དག་པ་སྟོང་པའི་དབྱིངས། །པཾ་ལས་པདྨ་རཾ་ལས་ཉི་མ་དང་། །ཀླུ་རྒྱལ་མང་པོ་གདན་དུ་བཏིང་བའི་སྟེང་། །རང་སེམས་རིག་པའི་ངོ་བོ་ཁྲོམ་མཐིང་ནག །དེ་ལས་འོད་འཕྲོས་རྩ་གསུམ་ལྷ་ཚོགས་མཆོད། །སེམས་ཅན་དོན་བྱས་ཚུར་འདུས་ཡོངས་གྱུར་ལས། །བདག་ཉིད་ལས་ཀྱི་བྱ་ཁྱུང་གནག་ཅིང་འཚེར། །དབུ་དགུ་རྡོ་རྗེའི་རྭ་དབར་ནོར་བུས་བརྒྱན། །དབུ་སྐྲ་སྨིན་མ་དམར་སེར་རབ་ཏུ་འབར། །ཉི་ཟླ་ལྟར་འཁྱིལ་སྤྱན་མིག་ཕྱོགས་བཅུར་གཟིགས། །ཞལ་ནས་ཧཱུཾ་དང་ཀྲི་ཀྲོང་སྒྲ་ཆེན་སྒྲོག །ཕྱག་གཉིས་ཀླུ་ཕྲན་མང་པོ་བཟུང་ནས་ཟ། །སྐུ་ལུས་གནམ་ལྕགས་མེ་ཡི་ཚ་ཚ་འཕྲོ། །ཡེ་ཤེས་གནམ་(༢བ)


GLG025_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་རལ་གྲིའི་སྒྲོ་གཤོག་བརྐྱང་། །མཆུ་དང་ཕྱག་ཞབས་སྡེར་མོ་མ་ལུས་པ། །སྤུ་གྲི་ལྟར་རྣོ་ལྕགས་ཀྱུ་བཞིན་དུ་བཀུག །བསྐལ་བའི་མེ་དཔུང་འབར་བའི་དབུས་བཞུགས་པའི། །དཔྲལ་བར་ཨཱོཾ་དཀར་མགྲིན་པར་ཨཱཿདམར་པོ། །ཐུགས་ཀར་ཧཱུཾ་ཡིག་སྔོན་པོས་མཚན་པ་ཡི། །ཕྱོགས་ལས་རྣམ་པར་རྒྱལ་བའི་སྐུ་རུ་གྱུར། །སྤྱན་འདྲེན་ནི། ཁྲོཾ། ཕྱོགས་བཅུ་ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས༔ ལས་ཀྱི་བྱ་ཁྱུང་ནག་པོ་སྙན་གསོན་ཞིག༔ ས་བདག་ཀླུ་གཉན་འདུལ་ཕྱིར་སྤྱན་འདྲེན་གྱི༔ རིངས་པའི་ཚུལ་གྱིས་གནས་འདིར་གཤེགས་སུ་གསོལ༔ ཁྲོཾ། ཀརྨ་ག་རུ་ཌ་ས་མ་ཡ་ཛཿཛཿ། བཞུགས་གསོལ་ནི། ཁྲོཾ། རབ་འཇིགས་དྲག་པོ་འབར་བའི་གཞལ་ཡས་འདིར༔ ས་བདག་ཀླུ་གཉན་མ་ལུས་བསྒྲལ་པའི་ཕྱིར༔ ལས་ཀྱི་བྱ་ཁྱུང་ནག་པོ་འཁོར་བཅས་རྣམས༔ གཉིས་མེད་བརྟན་པར་བཞུགས་ལ་འཕྲིན་ལས་མཛོད༔ ས་མ་ཡ་ཨ་བེ་ཤ་ཡ་ཨ་ཨཱཿ། མཆོད་པ་ནི། ཁྲོཾ། དྲི་མེད་ཡིད་འོང་གཙང་མར་སྤྱར་བ་ཡི༔ མཆོད་ཡོན་མེ་ཏོག་བདུག་སྤོས་སྣང་གསལ་དང་༔ དྲི་ཆབ་ཞལ་ཟས་སྙན་པའི་རོལ་མོ་འབུལ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ བདུད་རྩི་སྨན་དང་རཀྟ་བ་ལིཾ་རྒྱན༔ ས་བདག་ཀླུ་གཉན་ཤ་ཁྲག་རུས་པ་སོགས༔ ཕྱི་ནང་གསང་བའི་མཆོད་པ་བཞེས་སུ་གསོལ༔ ཁྲོཾ། ཀརྨ་ག་རུ་ཌ་མ་ཧཱ་སརྦ་པཱུ་ཛ་ཁཱ་ཧི༔ མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ མ་ཧཱ་བ་ལིཾ་ཏ༔ མ་ཧཱ་མཾ་ས༔ མ་ཧཱ་རཀྟ༔ མ་ཧཱ་ཙིཏྟ༔ མ་ཧཱ་བྷ་སུ་ཏ༔ མ་ཧཱ་གོ་རོ་ཙ་ན༔ མ་ཧཱ་ཀེཾ་ནྲྀ་ཏི་ཁཱ་ཧི༔ བསྟོད་པ་ནི། བདེ་གཤེགས་ཀུན་གྱི་མཐུ་སྟོབས་མ་ལུས་པ། །ལས་ཀྱི་བྱ་ཁྱུང་ནག་པོའི་སྐུར་བསྟན་ནས། །ས་བདག་ཀླུ་གཉན་གདོན་བགེགས་འབྱུང་པོའི་ཚོགས། །རླག་མཛད་མཐུ་སྟོབས་དབང་པོ་ཁྱོད་ལ་བསྟོད། །མན་ངག་ལྟར་ཆིག་དྲིལ་གྱི་འཛབ་བཟླ། དེ་ནས་དྲག་ཏུ་བསྐུལ་བ་ནི། ཧཱུཾ། དུས་གསུམ་སངས་(༣ན)


GLG025_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཐམས་ཅད་ཀྱི༔ ཞེས་སོགས་གཞུང་ལྟར་བྱ། མཇུག་ཆོག་གི་རིམ་པ་ལ། ཚོགས་མཆོད་ནི། ཐུགས་སྒྲུབ་འབྲིང་པོའི་ཚོགས་མཆོད་ལ་ལྷ་སྔགས་ཁ་བསྒྱུར་ནས་བྱ། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང་། ནོངས་པ་བཟོད་པར་གསོལ། སྣོད་བཅུད་འོད་གསལ་དུ་བསྡུས་ཏེ། དེའི་ངང་ལ་ཀ་དག་རིག་པའི་ཀློང་དུ་ཅུང་ཟད་མཉམ་པར་བཞག །སྨོན་ལམ་ཤིས་བརྗོད་ནི། དགེ་འདིས་འགྲོ་ཀུན་ས་བདག་ཀླུ་གཉན་གྱི། །དུག་དཔལ་མྱོང་དང་མྱོང་འགྱུར་སྡུག་བསྔལ་ཀུན། །བྱང་སྟེ་རང་རིག་དག་པའི་ཡེ་ཤེས་བྱུང་། །མངོན་སུམ་རང་ངོ་འཕྲོད་ནས་གྲོལ་བར་ཤོག །ལུས་ལ་སྣང་སྟོང་ལྷ་སྐུའི་བཀྲ་ཤིས་ཤོག །ངག་ལ་གྲག་སྟོང་སྔགས་ཀྱི་བཀྲ་ཤིས་ཤོག །སེམས་ལ་རིག་སྟོང་ཏིང་འཛིན་བཀྲ་ཤིས་ཤོག །རྟག་ཏུ་བདེ་སྟོང་ཡེ་ཤེས་བཀྲ་ཤིས་ཤོག །ཅེས་སྨོན་ལམ་ཤིས་བརྗོད་རྒྱས་བསྡུས་ཅི་རིགས་པ་སྐབས་དང་སྦྱར་ནས་བྱའོ། །གང་ཞིག་བསྒྲུབས་པས་ཕྱོགས་ལས་རྣམ་རྒྱལ་པ། །བྱ་ཁྱུང་འཕྲིན་ལས་གནམ་ལྕགས་རྡོ་རྗེའི་ཐོག །ལྷ་བྲག་གཏེར་གྱི་དགོངས་དོན་འཁྲུལ་མེད་ལས། །རང་བཟོས་བསླད་པའི་ཟོག་ཆོས་འདི་ན་མེད། །ལ་ལ་མི་ཤེས་བཞིན་དུ་རྩོམ་འདོད་བློས། །མུན་པའི་མདའ་ལྟར་སྔ་འགྱུར་སྒྲུབ་འཕྲིན་ལ། །གསར་མའི་རྒྱས་འགེབས་བྱེད་རྣམས་རང་གཞན་གྱི། །དོན་དུ་མི་འགྱུར་སྣག་ཤོག་གྲོན་དུ་ཟད། །སྔགས་རློམ་རིགས་ཀྱི་བསྙེམས་པ་ཙམ་མིན་པར། །སྨིན་གྲོལ་གདམས་པར་སྒྲོ་འདོགས་ཡོངས་དཔྱད་མཐུས། །སྨྲ་བའི་མགྲིན་པ་བཏེག་ནས་བཀོད་པའི་དགེས། །མཆོག་ཐུན་དངོས་གྲུབ་རྣམ་གཉིས་འགྲུབ་གྱུར་ཅིག །ཅེས་ལྷ་བྲག་གཏེར་བྱོན་ལས་ཁྱུང་གི་འཕྲིན་ལས་གནམ་ལྕགས་རྡོ་རྗེའི་ཐོག་མདའ་ཞེས་པ་འདི་ནི་ངག་དབང་ཤེས་རབ་ཀྱིས་བསྙེན་མཚམས་བྱེད་པར་ནན་གྱིས་བསྐུལ་བ་ལ་བརྟེན་ནས། ཅུང་ཟད་ཁ་འགེངས་དགོས་པ་རྣམས་(༣བ)


GLG025_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཏེར་ཚེག་མེད་ཅིང་། ཕལ་ཆེར་གཏེར་གཞུང་མཁའ་འགྲོའི་ཁ་རླངས་ཉམས་པ་མེད་པ་ཁོ་ནས་བརྒྱན་ཏེ། ཀུན་བཟང་ཐུགས་རྗེའི་ཟློས་གར་ཟུར་ཆེན་ཆོས་དབྱིངས་རང་གྲོལ་གྱི་བཀའ་དྲིན་ལ་བརྟེན་པའི་ཆོས་ཚུལ་འདི་ལ་གོམས་པ་ཟ་ཧོར་གྱི་བནྡེས་བཀོད་པའི་ཡི་གེ་པ་ནི་ཆང་ཁྱིམ་བློ་བཟང་དངོས་གྲུབ་བོ།། །།སརྦ་མངྒ་ལཾ།


previousལྷ་བྲག་གཏེར་བྱོན་ལས་ཁྱུང་གི་འཕྲིན་ལས་གནམ་ལྕགས་རྡོ་རྗེའི་ཐོག་མདའ།next