Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྐད་ཅིག་ཉིད་ལ་བདེ་ཆེན་དུ་བགྲོད་པར་བྱེད་པའི་ཟབ་ལམ་འཕོ་བའི་གདམས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྐད་ཅིག་ཉིད་ལ་བདེ་ཆེན་དུ་བགྲོད་པར་བྱེད་པའི་ཟབ་ལམ་འཕོ་བའི་གདམས་པ།next

སྐད་ཅིག་ཉིད་ལ་བདེ་ཆེན་དུ་བགྲོད་པར་བྱེད་པའི་ཟབ་ལམ་འཕོ་བའི་གདམས་པ།


GLG025_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་ཉིད་ལ་བདེ་ཆེན་དུ་བགྲོད་པར་བྱེད་པའི་ཟབ་ལམ་འཕོ་བའི་གདམས་པ་བཞུགས་སོ། །


GLG025_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་དང་བདེ་བའི་དཔལ་ཀུན་སྩོལ་བྱེད་པའི། །བླ་མ་རྡོ་རྗེ་དྲག་རྩལ་ལ་བརྟེན་ནས། །སྐད་ཅིག་ཉིད་ལ་བདེ་བ་ཆེན་པོ་རུ། །བགྲོད་བྱེད་མན་ངག་ཐོར་བུ་ཁྲིགས་སུ་བསྡེབ། །སྐྱབས་འགྲོ་གཏེར་གཞུང་གི་རྒྱས་པའམ། །བསྡུ་ན། བདག་སོགས་འགྲོ་ཀུན་མ་ལན་མང་དུ་བྱ། སྤྱི་བོར་སུམ་བརྩེགས་གདན་དང་དར་ཆེན་ཁྲི། །ཞེས་སོགས་ཀྱི་བླ་མའི་རྣལ་འབྱོར་གསོལ་འདེབས་དང་བཅས་པའི་མཇུག་ཏུ་རླུང་ནང་དུ་རྡུབས་པ་དང་སྦྲགས་ཏེ། བླ་མའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ།མཐིང་ཁ་རྣམས་ལ་འོད་ཟེར་དམར་དཀར་མཐིང་གསུམ་རིམ་པ་བཞིན་དུ་བྱུང་བས། ལུས་ཀྱི་ནང་མེར་གྱིས་གང་སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྣམས་རིམ་པ་བཞིན་འཐོབ། །རླུང་ཕྱིར་འབྱིན་པ་དང་མཉམ་དུ་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དང་དམ་ཚིག་ཉམས་ཆག་རྣམས་དག་པར་བསམ།བླ་མ་སྐུ་གསུམ་གྱི་གསོལ་འདེབས་བྱས་པའི་མཇུག་ཏུ། སྤྱི་བོའི་བླ་མ། རང་གི་ལུས་ཐ་མལ་བ། དམིགས་པའི་འགྲོ་འདུ་གསུམ་གསལ་སྟོང་འཛིན་མེད་ཀྱི་ངང་དུ་ཅུང་ཞིག་མཉམ་པར་བཞག །དེ་རྗེས། པད་མ་ཉི་ཟླ་རུ་དྲ་ཕོ་མོ་རྣམས། །བསྣོལ་སྟེང་རང་(༢ན)


GLG025_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཡི་གེ་ཧཱུཾ་མཐིང་ནག །ཡོངས་གྱུར་རང་ཉིད་བླ་མ་དྲག་པོ་རྩལ། །རབ་ཁྲོས་མཐིང་ནག་དབུ་སྐྲ་གྱེན་དུ་བརྫེས། །ཟབ་ཆེན་བེར་དང་རུས་པའི་རྒྱན་གྱིས་སྤྲས། །གཡས་པ་རྡོ་རྗེ་གཡོན་པ་དྲིལ་བུ་འཛིན། །ཕྲུ་མ་ཕུས་བཏབ་ལྟ་བུའི་གསལ་སྟོང་སྐུའི། །ནང་དུ་དབུ་མའི་རྩ་དེ་སྨྱུག་དོང་ཙམ། །ཡར་སྣ་ཚངས་བུག་མར་སྣ་གསང་གནས་ཟུག །རྩ་དེ་ཕྱི་དཀར་ནང་དམར་དེ་ཡི་ནང་། །ལྟེ་བ་སྙིང་ག་ཚངས་བུ་འོག་གསུམ་དུ། །ཐིག་ལེ་གསུམ་དང་ཚངས་བུག་ཡི་གེ་ཀྵ། ཁ་དོག་དཀར་པོ་མགོ་བོ་ཐུར་བསྟན་པ། །མིག་རྣ་སྣ་ཁ་གསང་གནས་བཤང་ལམ་དགུ །མཐིང་ནག་ཡི་གེ་ཧཱུཾ་དགུས་རྣམ་པར་བཀག །རང་གི་སེམས་དང་ལྟེ་བའི་ཐིག་ལེ་གཉིས། །ངོ་བོ་དབྱེར་མེད་གཅིག་ཏུ་གྱུར་པར་བསམ། །རང་གི་སྤྱི་བོ་ཁྲུ་གང་ཙམ་གྱི་ཐད། །རང་ལུས་འཛིན་མེད་སྤྱི་བོ་ཡི། །ཞེས་སོགས་སྤྱན་འདྲེན་མཆོད་བསྟོད་ཀྱི་བར་བརྗོད་དེ་བླ་མ་ཞི་བའི་རྣལ་འབྱོར་གསལ་བཏབ། ཆོས་དབྱིངས་རང་བྱུང་མའི། བདག་ཀྱང་རྗེས་འཇུག་ཐུགས་རྗེས་བྱིན་གྱིས་རློབས། །ཞེས་པའི་མཇུག་སོ་སོར། འཇིགས་རུང་བར་དོའི་འཕྲང་ལས་དྲང་དུ་གསོལ། །ངན་སོང་སྡུག་(༢བ)


GLG025_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་གནས་ལས་སྐྱོབ་ཏུ་གསོལ། །རིགས་འཛིན་བླ་མའི་ཐུགས་ཀར་འདྲེན་དུ་གསོལ། །བདེ་ཆེན་ཡེ་ཤེས་བསྐྱེད་པར་མཛད་དུ་གསོལ། །ཞེས་སྦྱོར། དེ་ནས་དམིགས་པ་ནི་ཧིག་ཅེས་ལན་གསུམ་བརྗོད་པས་ལྟེ་བའི་ཐིག་ལེ་ལ་ཐིམ། དེས་ཀྵ་འཕུལ། བླ་མའི་ཐུགས་ཀའི་འོད་ཟེར་ལྕགས་ཀྱུ་ལྟ་བུས་ཀྵ་དྲངས་ཏེ་ཐུགས་ཀར་ཐིམ། ཐིག་ལེ་དེ་ཚངས་བུག་རྒྱ་མཐོངས་ཁ་ཕྱེ་བ་འདྲ་བ་ནས་ཡར་མ་ཤོར་བ་བྱས་ཏེ་མར་ཐིམ་པས་སྔར་ལྟར་བབ། གསལ་སྟོང་འཛིན་མེད་ཀྱི་ངང་དུ་ཅུང་ཞིག་མཉམ་པར་བཞག་པ་ནི་རྒྱུན་གྱི་རྣལ་འབྱོར་རོ། ལག་ལེན་དངོས་གཞིའི་ཚེ་གཞན་སྔར་དང་འདྲ་བ་ལ་ཀྵ་ཡིག་མགོ་གྱེན་དུ་བསྟན་ཞིང་རྣམ་ཤེས་དང་གཉིས་སུ་མེད་པའི་ཐིག་ལེ་དེ་ཚངས་བུག་ནས་སྐར་མདའ་འཕངས་པ་བཞིན་དུ་བླ་མའི་ཐུགས་ཀར་འཕོ། དྲོད་ཚད་རྟགས་གསུམ་སོགས་ནི་གཏེར་གཞུང་ལས་ཤེས་པར་བྱའོ། །ཟབ་ལམ་འཕོ་བའི་མན་ངག་བཞད་པ་རྩལ་གྱིས་སྦྱར།། །།སརྦ་མངྒ་ལཾ།


previousསྐད་ཅིག་ཉིད་ལ་བདེ་ཆེན་དུ་བགྲོད་པར་བྱེད་པའི་ཟབ་ལམ་འཕོ་བའི་གདམས་པ།next