Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཏགས་གྲོལ་གྱི་དབང་བསྐུར་དང་རབ་གནས་ཀྱི་ཆོག་སྒྲིགས་མུ་ཐི་ལའི་འཕྲེང་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཏགས་གྲོལ་གྱི་དབང་བསྐུར་དང་རབ་གནས་ཀྱི་ཆོག་སྒྲིགས་མུ་ཐི་ལའི་འཕྲེང་བ།next

བཏགས་གྲོལ་གྱི་དབང་བསྐུར་དང་རབ་གནས་ཀྱི་ཆོག་སྒྲིགས་མུ་ཐི་ལའི་འཕྲེང་བ།


GLG025_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་གྲོལ་གྱི་དབང་བསྐུར་དང་རབ་གནས་ཀྱི་ཆོག་སྒྲིགས་མུ་ཐི་ལའི་འཕྲེང་བ་བཞུགས་སོ། །


GLG025_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

བློ་འདས་རིག་རྩལ་དཔལ་ལྡན་ཀུན་ཏུ་བཟང་། །རང་སེམས་བླ་མའི་ངོ་བོར་ཡོངས་ཤར་བ། །འཁོན་རིགས་ཁྱབ་བདག་དཔལ་འབྱོར་ལྷུན་གྲུབ་ཞབས། །བྱང་ཆུབ་བར་དུ་གཙུག་ཏོར་རྩེ་མོར་མཛེས། །བཀའ་གཏེར་ཨ་ཏིའི་ཆུ་ཀླུང་རྣམ་པ་བཞི། །བདག་བློའི་རྒྱ་མཚོར་འབེབས་མཁས་འདྲེན་པ་རྗེ། །ཟུར་ཆེན་ཐམས་ཅད་མཁྱེན་དང་ཁྲ་ཚང་བ། །བློ་གྲོས་མཆོག་གི་རྡོ་རྗེས་རྟག་ཏུ་སྐྱོངས། །ཁྱད་པར་ལམ་འདིའི་སྨིན་གྲོལ་ཟིལ་དངར་བཅུད། །སྐུ་གསུམ་ལང་ཚོའི་སྲོག་སོང་བྱེད་པ་པོ། སྤྲུལ་པའི་སྐུ་མཆོག་ཆོས་རྒྱལ་གཏེར་བདག་གླིང་། །སེམས་ཉིད་གདོད་མའི་མགོན་ལས་དམིགས་སུ་མེད། །མ་བསྒོམས་སངས་རྒྱས་ཐོབ་པའི་ཆོས་ལྔ་ལས། །བཏགས་པས་ཚེ་འདིར་ཕུང་པོ་འོད་སྐུ་རུ། །གྲོལ་ནུས་གླེགས་བམ་འཁོར་ལོའི་རབ་གནས་དང་། །དབང་བསྐུར་སྙིགས་དུས་འགྲོ་ལ་གཅིག་ཏུ་གཅེས། །དེ་ཕྱིར་ཡང་ཏིག་ཡིད་བཞིན་ནོར་བུ་ཡི། །དགོངས་དོན་ཇི་བཞིན་དང་པོའི་ལས་ཅན་ལ། །ཕན་གདགས་རང་གི་དྲན་པ་གསོ་བའི་ཆེད། །བཀླགས་ཆོག་མུ་ཐི་ལ་འཕྲེང་མགུལ་པར་སྤུད། །དེ་ལ་འདིར་བཏགས་(༢ན)


GLG025_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་གྱི་རབ་གནས་དབང་བསྐུར་གྱི་རིམ་པ་ལ། བཏགས་གྲོལ་འདྲི་ལུགས་དང་། དཀྱིལ་འཁོར། བཞུགས་སྣོད། མཆོད་པ་སོགས་ཀྱི་བཅའ་གཞི་རྣམས་ཡང་ཏིག་གི་བཏགས་གྲོལ་མན་ངག་རིན་པོ་ཆེའི་སྙིང་པོ་དང་། རྒྱས་པར་སྤྲོ་ན། བླ་མ་ཡང་ཏིག་གི་རྒྱབ་ཡིག་སོགས་ལས་ཤེས་པར་བྱ། སྔོན་འགྲོ་བགེགས་གཏོར། སྐྱབས་སེམས། སྒྲིབ་སྦྱོར་མཆོད་པ་བརླབ་པ་ནི། ཨཱོཾ་སྭ་བྷཱ་ཝ་ཤུདྡྷཱ་སརྦ་དྷརྨཿསྭ་བྷཱ་ཝ་བི་ཤུདྡྷོ྅ཧཾ། ཕྱི་དང་ནང་གི་ཆོས་ཐམས་ཅད་སྟོང་པ་ཆེན་པོ། སྟོང་པའི་ངང་ལས་བཾ་ལས་པདྨ་ཨ་ལས་ཟླ་བ་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿ ལས་འོད་འཕྲོས་སེམས་ཅན་གྱི་དོན་བྱས། སླར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་དཔའ་བོ་རྟ་མགྲིན་ཞལ་གཅིག་ཕྱག་གཉིས་དབྱུག་ཏོ་དང་སྡིགས་མཛུབ་མཛད་པའི་པང་ན་རྡོ་རྗེ་ཕག་མོ་དམར་མོ་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། གཉིས་ཀའང་རིན་པོ་ཆེ་དང་རུས་པ་དང་ཐོད་པའི་འཕྲེང་བས་རབ་ཏུ་བརྒྱན་པ། སྤྱན་གསུམ་ཁྲོ་བོའི་ལྟ་སྟངས་ཆེན་པོས་བསྐལ་པའི་མེ་རི་མེ་ཕུང་གི་དབུས་ན་བཞུགས་པར་བསམ། ཧཱུཾ། ཉོན་ཅིག་བགེགས་དང་(༢བ)


GLG025_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་འདྲེན་ཚོགས། །ལུས་ངག་ཡིད་ལ་གནོད་པའི་བགེགས། །བར་ཆད་འབྱུང་པོ་ཐམས་ཅད་ཀུན། །འདི་རུ་མ་འདུག་གཞན་དུ་དེངས། །ང་ནི་དཔལ་ཆེན་རྟ་མགྲིན་རྒྱལ། །རྡོ་རྗེ་འཛིན་བྱེད་འབར་བའི་སྐུ། །ང་ཡི་བཀའ་ལས་འདས་གྱུར་ན། །ཐལ་བའི་རྡུལ་བཞིན་བརླག་པར་གྱུར། །ཨཱོཾ་ཤྲཱི་བཛྲ་ཧ་ཡ་གྲཱི་ཝ་རཱ་ཛ་ཧྲི་ཡ་ཧ་རི་ནི་ས་རཀྵ་ཨུ་ཙ་ཏ་ཡ་ཧཱུཾ་ཕཊ། བགེགས་ཐམས་ཅད་རྒྱ་མཚོའི་མཐར་བྱེད་ནས། །ཡེ་ཤེས་ཀྱི་མེ་ཕུང་གཅིག་ཏུ་འབར་བར་གྱུར། །བདག་དང་ཕ་མས་གཙོ་བྱས་པའི་སེམས་ཅན་ཐམས་ཅད། བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཡིན་པ་ལ། དེ་ལྟར་མ་རྟོགས་པའི་སེམས་ཅན་ཐམས་ཅད་སྙིང་རེ་རྗེ། དེ་དག་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ། དེའི་ཆེད་དུ་བཅོམ་ལྡན་འདས་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་ཆེན་པོ་སྒྲུབ་པར་བགྱིའོ། །སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་འཕྲད་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ཐམས་ཅད་དང་བྲལ་བར་གྱུར་ཅིག །དགའ་བ་ཆེན་པོ་དེ་དང་དུས་རྟག་ཏུ་མི་འབྲལ་བར་གྱུར་ཅིག །བདེ་སྡུག་གི་རྒྱུ་ཆགས་སྡང་ཐམས་ཅད་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་གནས་པར་བསམ། སྤྱི་བོར་རྡོར་སེམས་བསྒོམ་ཞིང་དམིགས་པ་དང་བཅས་ཡི་གེ་བརྒྱ་བ་བཟླ། ཨཱོཾ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨརྒྷཾ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝི་དྱ། (༣ན)


GLG025_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ཤཔྟ་ཨཱོཾ་ཨཱཿཧཱུཾ། ཡོངས་སུ་གྱུར་པ་ལས། ཕྱི་ནང་གི་མཆོད་པ་དངས་ཤིང་ཐོགས་པ་མེད་པས་ས་དང་བར་སྣང་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཕུང་ལྟ་བུས་གང་བར་བསམ། བདག་བསྐྱེད་དང་འབྲེལ་བའི་སྤྱན་འདྲེན། མཆོད་བསྟོད། བསྟིམ་པ། དབང་བསྐུར། རྒྱས་གདབ། བཟླས་པ་བྱ་བ་ནི། ཨཱོཾ་ཡོ་ག་ཤུདྡྷོ་སརྦ་དྷརྨཿསྭ་བྷཱ་ཝ་བི་ཤུདྡྷོ྅ཧཾ། ཕྱི་ནང་གི་ཆོས་ཐམས་ཅད་སྟོང་པའི་ངང་ལས། པཾ་ལས་པདྨ། ཨ་ལས་ཟླ་བ། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། རང་གི་སེམས་ཉིད་ཧཱུཾ་ལས་འོད་འཕྲོས། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་རང་བཞིན་གཞིའི་ཀུན་ཏུ་བཟང་པོ་མཐིང་ཁ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་བ། ཨེ་ལས་ཆོས་ཉིད་ཀུན་ཏུ་བཟང་མོ་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། གཉིས་ཀའང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་། ཡབ་རྡོ་རྗེའི་སྐྱིལ་མོ་ཀྲུང་དང་ཡུམ་བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་གིས་འཁྲིལ་བའི་ཡབ་ཀྱི་སྤྱི་བོར་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དཀར་པོ། མགྲིན་པར་རིན་ཆེན་འབྱུང་ལྡན་ཡབ་ཡུམ་སེར་པོ། སྙིང་གར་རྣམ་པར་སྣང་མཛད་ཡབ་ཡུམ་མཐིང་ཁ། ལྟེ་བར་སྣང་བ་མཐའ་ཡས་ཡབ་ཡུམ་དམར་པོ། གསང་བར་དོན་ཡོད་གྲུབ་པ་ཡབ་ཡུམ་ལྗང་གུ། ཡབ་ཡུམ་ཐམས་ཅད་ཀྱང་རྒྱན་ཆ་ལུགས་ཕྱག་མཚན་ཐམས་ཅད་གཙོ་བོ་ཡབ་ཡུམ་དང་མཚུངས་པ། ལག་པ་གཡས་སུ་ལྕགས་ཀྱུ་མ་དཀར་མོ། གཡོན་པ་ཞགས་པ་མ་སེར་མོ། རྐང་པ་གཡས་ལ་ལྕགས་སྒྲོག་མ་དམར་མོ། གཡོན་ལ་དྲིལ་བུ་མ་(༣བ)


GLG025_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ལྗང་གུ་ཞི་བའི་རྒྱན་ཅན་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། རྣམ་སྣང་གི་ཐུགས་ཀར་པདྨ་དང་ཉི་ཟླའི་དབུས་སུ་རྡོ་རྗེ་སྔོན་པོ་ལྟེ་བ་ལ་ཧཱུཾ་གིས་མཚན་པའི་རྭ་ལྔ་ལ་ཨཱོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨས་མཚན་པའི་ཕྱི་རོལ་ཏུ་ཨཱ་ལི་བཅུ་དྲུག་དང་། ཀཱ་ལི་རྣམས་མར་མེའི་འཕྲེང་བ་ལྟར་འོད་གསལ་བར་བསམ། ཧཱུཾ། ཀུན་ཏུ་བཟང་པོ་བདེ་གཤེགས་རིགས་ལྔའི་གཙོ། །ཡེ་ཤེས་མཆོག་གིས་འགྲོ་བའི་དོན་མཛད་པ། །རང་བཞིན་དབྱིངས་ནས་ཐུགས་རྗེའི་རྣམ་འཕྲུལ་གྱི། །ཡབ་ཡུམ་འཁོར་དང་བཅས་པ་གཤེགས་སུ་གསོལ། །ཡེ་ཤེས་པ་སྟེང་གི་ནམ་མཁར་བྱོན་པ་ལ། ཨཱོཾ། ཕྱི་ནང་གསང་བ་བླ་ན་མེད་པ་ཡི། །མཆོད་པའི་སྤྲིན་ཕུང་རབ་འབྱམས་རྒྱ་མཚོ་རྣམས། །མ་ལུས་བློ་ཡིས་བླངས་ཏེ་གུས་འབུལ་གྱི། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཙ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཧཱུཾ། རང་ཉིད་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །ཐུགས་རྗེའི་རྣམ་འཕྲུལ་སྣ་ཚོགས་སྟོན་མཛད་ཅིང་། །འགྲོ་བའི་དོན་གཉིས་ལྷུན་གྱིས་གྲུབ་པའི་ལྷ། །ཀུན་བཟང་ཡབ་ཡུམ་གཉིས་ལ་ཕྱག་འཚལ་བསྟོད། །ཛཿཧཱུཾ་བཾ་ཧོ༔ བདག་ལ་གཉིས་སུ་མེད་པར་ཐིམ། ཨཱོཾ་ཨཱཿཧཱུཾ་གིས་སྐུ་གསུང་ཐུགས་བྱིན་གྱིས་བརླབས། ཨཱོཾ་བུདྡྷ་ཨ་བྷི་ཥི་ཉྩ་ཨཱོཾ། ཨཱོཾ་བཛྲ་ཨ་བྷི་ཥི་ཉྩ་ཧཱུཾ། ཨཱོཾ་རཏྣ་ཨ་བྷི་ཥི་ཉྩ་ཏྲཱཾ། ཨཱོཾ་པདྨ་ཨ་བྷིཥི་ཉྩ་ཧྲཱིཿ ཨཱོཾ་ཀརྨ་ཨ་བྷིཥི་ཉྩ་ཨ༔ སྤྱི་བོའི་གནས་ལྔར་རིགས་ལྔས་དབུ་བརྒྱན་པར་བསམ། ཐུགས་ཀར་པད་ཟླའི་སྟེང་གི་རྡོ་རྗེ་དང་སྔགས་རྣམས་ལས་འོད་ཟེར་བྱུང་བས་སྣོད་བཅུད་ཐམས་ཅད་ལྷ་དང་ལྷ་ཅཞིན་དུ་གྱུར།སེམས་ཅན་ཐམས་ཅད་ཀྱི་སྡིག་པ་ཐམས་ཅད་སྦྱངས། འོད་(༤ན)


GLG025_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་གྱི་འཕྲོ་འདུས་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་རྒྱ་མཚོ་སྟོན་པར་བསམས་ལ། ཨཱོཾ་ཏྲཱཾ་ཧཱུཾ་ཧྲཱི་ཨ། ཞེས་པ་སུམ་བརྒྱ་ཙམ། དབྱངས་གསལ་སོ་སོར་ཉེར་གཅིག་རེ་དང་། རྟེན་འབྲེལ་སྙིང་པོའི་མཐར་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བཏགས་པ་ཚར་བདུན་ཙམ་བཟླས་ནས་འོག་ཏུ་འཐོར་རྒྱུའི་མེ་ཏོག་བྱིན་གྱིས་བརླབ།མདུན་བསྐྱེད་ནི། ཨཱོཾ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བདག་དང་གནས་དང་རྣལ་འབྱོར་པ་རྣམས་འོག་མིན་གྱི་ཞིང་དང་སྟོན་པ་དང་འཁོར་དུ་བསམས་ཏེ་མདུན་གྱི་ཚོམ་བུའི་དཀྱིལ་འཁོར་འོད་ཟེར་གྱི་ཕུང་པོ་གཅིག་ཏུ་འབར་བའི་དབུས་སུ་སེང་གེ་ཤར་དུ་གླང་པོ་ཆེ། ལྷོ་རུ་རྟ་མཆོག །ནུབ་ཏུ་རྨ་བྱ། བྱང་དུ་ཤང་ཤང་རྣམས་ཀྱི་ཁྲིའི་སྟེང་དུ་པདྨ་ཉི་ཟླའི་སྟེང་དུ། ཨཱོཾ་ཧཱུཾ་ཏྲཱཾ་ཧྲཱི་ཨ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་པས་ས་བོན་རྣམས་རིམ་པ་བཞིན། འཁོར་ལོ་དང་། རྡོ་རྗེ་དང་རིན་པོ་ཆེ་དང་། པདྨ་དང་། རལ་གྲིར་གྱུར། ཨེ་བཾ་ལཾ་རཾ་ཡཾ་ལས་ཕྱག་མཚན་ལྡན་གྱུར། སླར་ཡང་འོད་འཕྲོས་སྣོད་བཅུད་ལྷ་དང་ལྷ་མོར་གྱུར། འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས། རྩ་བའི་བླ་མ་བརྒྱུད་པས་བསྐོར་བ་རྣམས་དཔལ་རྣམ་པར་སྣང་མཛད་ཀྱི་རྣམ་པ་ཅན་མཐིང་ཁ་འཁོར་ལོ་རྩིབས་བརྒྱད་པ་བྱང་ཆུབ་མཆོག་གི་ཕྱག་རྒྱས་གཟུང་བ་ཡུམ་དབྱིངས་ཕྱུག་མ་མཐིང་ཁ་དང་མཉམ་པར་སྦྱོར་བ། ཤར་དུ་མི་བསྐྱོད་པ་དཀར་པོ་བདུད་འདུལ་གྱིས་རྡོ་རྗེ་འཛིན་པ་ཡུམ་མཱ་མ་(༤བ)


GLG025_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ཀི་དཀར་མོ་དང་མཉམ་པར་སྦྱོར་བ། ལྷོར་རིན་ཆེན་འབྱུང་ལྡན་མཆོག་སྦྱིན་གྱིས་རིན་པོ་ཆེ་འཛིན་པ་ཡུམ་སངས་རྒྱས་སྤྱན་མ་སེར་མོ་དང་མཉམ་པར་སྦྱོར་བ། ནུབ་ཏུ་སྣང་བ་མཐའ་ཡས་དམར་པོ་ཏིང་ངེ་འཛིན་གྱིས་པདྨ་འཛིན་པ་ཡུམ་གོས་དཀར་མོ་དང་མཉམ་པར་སྦྱོར་བ། བྱང་དུ་དོན་ཡོད་གྲུབ་པ་ལྗང་གུ་སྐྱབས་སྦྱིན་གྱིས་རྒྱ་གྲམ་འཛིན་པ་ཡུམ་དམ་ཚིག་སྒྲོལ་མ་ལྗང་གུ་དང་མཉམ་པར་སྦྱོར་བ། ཡུམ་ཐམས་ཅད་ཀྱི་ཕྱག་ན་གྲི་གུག་དང་ཐོད་པ་འཛིན་པ། རྡོ་རྗེའི་སྐྱིལ་མོ་ཀྲུང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པའོ། །དེ་ནས་རྡོ་རྗེ་དང་དྲིལ་བུ་འཛིན་པས་དབྱངས་དང་བཅས་ཏེ། ཧཱུཾ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་རིགས་ལྔ་ཡབ་ཡུམ་འཁོར་བཅས་གཤེགས། ཞེས་པས། འོག་མིན་ནས་རིགས་ལྔའི་སངས་རྒྱས་དང་། །བྱང་སེམས་གྲངས་མེད་པ་དང་། བླ་མ་བརྒྱུད་པ་ཐམས་ཅད་དང་། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཁའ་འགྲོ་དཔག་ཏུ་མེད་པ་སྤྲིན་ཕུང་གཏིབས་པ་བཞིན་བྱོན་པ་ལ། མེ་ཏོག་བདུག་སྤོས་སྣང་གསལ་དྲི། །ཞལ་ཟས་རོལ་མོ་ལ་སོགས་པ། །ཕྱི་ནང་མཆོད་པའི་སྤྲིན་ཕུང་གིས། །བདེ་གཤེགས་མ་ལུས་འཁོར་བཅས་མཆོད། །ཨོཾ་བཛྲ་པུ་ཥྤེ། དྷུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝི་དྱ། ཤཔྟ་ཨཱཿཧཱུཾ། ཨཱོཾ། ཡེ་ནས་འོད་གསལ་ཆོས་སྐུ་དག་པ་ལ། །སྣ་ཚོགས་གཟུགས་སྐུ་མཚན་དཔེ་གཟི་འོད་ཅན། །བླ་མ་ཡི་དམ་རིགས་ལྔའི་སངས་རྒྱས་དང་། །མཁའ་འགྲོ་དམ་ཅན་རྒྱ་(༥ན)


GLG025_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

མཚོའི་ཚོགས་ལ་བསྟོད། ཨཱོཾ་བཛྲ་ཨཾ་གུ་ཤ་ཛཿ ཨཱོཾ་བཛྲ་པཱ་ཤ་ཧཱུཾ། ཨཱོཾ་བཛྲ་ཨ་བེ་ཤ་ཡ་ཧོ། བཏགས་གྲོལ་ལྷའི་སྐུར་གསལ་བ་ལ་གཉིས་སུ་མེད་པར་ཐིམ། ཡང་ཐུགས་ཀ་ནས་འོད་ཟེར་འཕྲོས། རིགས་ལྔ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་སྤྱན་དྲངས། དེ་རྣམས་ཀྱིས་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས། །སྤྱི་གཙུག་ཏུ་བུདྡྷ་ཨ་བྷིཥི་ཉྩ་ཨོཾ། དཔྲལ་བར་བཛྲ་ཨབྷིཥིཉྩ་ཧཱུཾ། རྣ་ལྟག་གཡས་སུ་རཏྣ་ཨ་བྷིཥིཉྩ་ཏྲཱཾ། ལྟག་པར་པདྨ་ཨ་བྷིཥིཉྩ་ཧྲཱིཿ རྣ་ལྟག་གཡོན་དུ་ཀརྨ་ཨ་བྷིཥིཉྩ་ཨ། ཞེས་དབང་བསྐུར། དཔྲལ་བར་ཨཱོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པར་བསམ། ཡབ་ཀྱི་དགོངས་པ་ཡུམ་གྱི་དགོངས་པ་ཡབ་ཡུམ་གཉིས་མེད་ཀྱི་དགོངས་པ་ཡེ་ཤེས་ཉེར་གཅིག་ཚར་བདུན་བཏོན་རྗེས་གླེགས་བམ་རིགས་ལྔར་གསལ་བ་འོད་དུ་ཞུ། གནས་འོག་མིན། བདག་སྟོན་པ་ཀུན་བཟང་། ཆོས་ཨ་ཏིའི་རྒྱུད། འཁོར་སེམས་ཅན་ཐམས་ཅད་སངས་རྒྱས་བྱང་སེམས་སུ་མོས་ནས། བདག་བསྐྱེད་ཀྱི་དུས་སྔགས་ཀྱིས་བསྒྲུབས་པའི་མེ་ཏོག་གིས་གཏོར་ཞིང་། རིགས་ལྔའི་རྩ་སྔགས་རྟེན་འབྲེལ་སྙིང་པོ་དང་བཅས་པ་བརྒྱ་རྩ་བརྒྱད་བརྗོད་ནས། འབྲུ་དང་། སྨན་དང་། རིན་པོ་ཆེ་མཎྜལ་ལན་གསུམ་ཕུལ་ཏེ། ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡི། །འགྲོ་ཀུན་རྣམ་དག་ཞིང་དུ་སྤྱོད་པར་ཤོག །ཨཱོཾ་(༥བ)


GLG025_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་རཊྵེཨཱཿཧཱུཾ། ཞེས་པ་དང་། མེ་ཏོག་ལ་སོགས་པ་ཕྱི་ནང་གི་མཆོད་པས་མཆོད་ལ། བླ་མ་དང་རིགས་ལྔའི་བསྟོད་པ་རྒྱས་པར་བྱས་ཏེ། མེ་ཏོག་གིས་སྙིམ་པ་བཀང་ལ་མགྲིན་གཅིག་ཏུ། གང་འདིར་བཅོམ་ལྡན་འདས་རིགས་ལྔའི་སངས་རྒྱས་སྲས་དང་བཅས་པ་དང་། བླ་མ་དང་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་དགོངས་སུ་གསོལ། ཆེ་གེ་མོ་བགྱི་བས་ཐོག་དྲངས་པའི་སེམས་ཅན་ཐམས་ཅད་སྨིན་པར་མཛད་དུ་གསོལ། གྲོལ་བར་མཛད་དུ་གསོལ། གང་བར་མཛད་དུ་གསོལ། རྒྱས་པར་མཛད་དུ་གསོལ། ཆེར་འཕེལ་བར་མཛད་དུ་གསོལ། ཞེས་པ་གསུམ་དང་། རྒྱུད་དང་བཟླས་རྗེས་རྣམས་ཚར་གཅིག་བརྗོད་པའམ། རྒྱུད་ཀྱི་སྙིང་པོ་ཚར་བདུན་བརྗོད་ལ། བཀྲ་ཤིས་ཀྱི་ལྷ་ཚོགས་དཔག་ཏུ་མེད་པས་བཀྲ་ཤིས་བརྗོད་པར་བསམས་ལ། མེ་ཏོག་འཐོར་རོལ་མོ་དཀྲོལ་ཞིང་མགྲིན་གཅིག་ཏུ། བདེ་གཤེགས་མི་འགྱུར་སྐུ་ལྔ་ལྷུན་གྱིས་གྲུབ། །ཡེ་ཤེས་ལྔ་ལྡན་འཕྲིན་ལས་ཕུན་སུམ་ཚོགས། །གདོད་མའི་མགོན་པོ་རིགས་ལྔའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་ཕུན་ཚོགས་ཤོག །འོག་མིན་ཡེ་ཤེས་བདེ་ཆེན་རྒྱ་མཚོའི་ཞིང་། །རྒྱལ་བ་རྒྱ་མཚོ་དཔག་མེད་ཚོགས་མངའ་པས། །འགྲོ་བའི་དོན་གཉིས་ལྷུན་གྱིས་གྲུབ་པ་ཡི། །བཀྲ་ཤིས་དམ་པ་དེས་ཀྱང་བདེ་ལེགས་ཤོག །བདེ་ཆེན་རིགས་འཛིན་བདེ་གཤེགས་འགྲོ་བའི་ཡབ། །རྣམ་སྨིན་ཚེ་དབང་ཕྱག་རྒྱ་ལྷུན་གྱིས་གྲུབ། །སོ་སོའི་སྐུ་དང་ཡེ་ཤེས་ཕུན་ཚོགས་པའི། །བཀྲ་ཤིས་དམ་པ་དེས་ཀྱང་བདེ་ལེགས་ཤོག །དགའ་རབ་རྡོ་རྗེ་ཤྲཱི་སིངྷ་དང་། །ཨྱོན་པདྨ་འཚོ་(༦ན)


GLG025_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཡུམ་དང་བཅས། །དངོས་གྲུབ་སྣ་ཚོགས་འབར་བའི་སྤྲིན་འཕྲོ་བའི། །བཀྲ་ཤིས་དམ་པ་དེས་ཀྱང་བདེ་ལེགས་ཤོག །ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །ཞེས་པ་ལ་སོགས་པའི་ཤིས་པ་རྒྱ་ཆེ་བར་བརྗོད་པའི་ཚེ་ཕྱོགས་བཅུར་བཀྲ་ཤིས་ཀྱི་བདུད་རྩི་དང་འོད་ཟེར་གྱི་དྲ་བས་འཇིག་རྟེན་ཐམས་ཅད་གྲོལ་ཏེ་སངས་རྒྱས་ཀྱི་བྱང་ཆུབ་ལ་གནས་པར་བསམ་ཞིང་། ཨཱོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་བརྗོད་དབང་བསྐུར་ན། དབང་ཕྱུག་རབ་གནས་ཀྱི་ཆོ་ག་ཚར་གཅིག་བལྡབས་པར། གླེགས་བམ་རིགས་ལྔར་གསལ་བ་འོད་དུ་ཞུ་མི་བྱེད། དབང་གཞན་དང་མ་འབྲེལ་བར་བསྐུར་ན་ཁྲུས་ནས་དབྱུང་། བགེགས་བསྐྲད། རིན་ཆེན་སྨན་འབྲུའི་མེ་ཏོག་འཐོར། །གསོལ་བཏབ་སྒྱུ་འཕྲུལ་ལས། །སངས་རྒྱས་ཀུན་གྱི་གསང་བ་འཛིན། །རྡོ་རྗེ་བླ་མ་དགོངས་སུ་གསོལ། །ཡང་དག་དོན་གྱི་མཆོག་དམ་པ། །བདག་ལ་མངོན་དུ་འགྱུར་བར་མཛོད། །བླ་མ་ཀུན་བཟང་དང་། མདུན་གྱི་དཀྱིལ་འཁོར་རིགས་ལྔར་གསལ་བ་ལ་ཡན་ལག་བཅུ་པ་གང་འོས་བྱེད། དབང་གཞན་དང་འབྲེལ་ན་འདི་ཡན་མི་དགོས། དབང་དངོས་གཞིའི་སྐབས་དཔོན་སློབ་གཉིས་ཀས་རྒྱུད་ལྷར་བསམ། སློབ་མ་ཐ་མལ་དུ་གནས་པའི་གནས་ལྔར་རིམ་པ་བཞིན་ཨཱོཾ། ཏྲཱཾ། ཧཱུཾ། ཧྲཱིཿ ཨ་བསྒོམས་པའི་ཨཱོཾ་ལས་འོད་ཟེར་དཀར་པོ་འཕྲོས། ཕྱི་སྣོད་ཀྱང་ཨཱོཾ་དུ་གྱུར། ནང་བཅུད་ཀྱང་ཨཱོཾ། གསང་བ་རང་གི་ཕུང་ཁམས་སྐྱེ་མཆེད་ཀྱང་ཨཱོཾ་དུ་གྱུར་པ་ལ་རང་སྒྲ་དིར་སྒྲོག་པར་བསམས་ལ། ཨཱོཾ་བརྒྱ་འམ་ཉེར་གཅིག་བཟླ།དེས་མཚོན་ཏྲཱཾ་སོགས་གཞན་ལ་ཡང་འགྲེ། དེའི་ཚེ་སྣང་སྲིད་ལོངས་སྐུའི་ཞིང་(༦བ)


GLG025_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་སུ་བསམ་ཞིང་བླ་མས། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །འཁོར་འདས་སྣང་སྲིད་རང་གི་སེམས། །གདོད་ནས་མ་སྐྱེས་རྩ་བ་བྲལ། །སྟོང་གསལ་རིག་སྟོང་ཆོས་ཀྱི་སྐུ། །གང་ཤར་རང་གྲོལ་སྦྲུལ་མདུད་བཞིན། །སྤང་བླང་གཉིས་མེད་ཤེས་པར་གྱིས། །ཞེས་ངོ་སྤྲད་ལ། ཡང་། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །མིག་རྩེ་ནམ་མཁའི་ཁམས་སུ་ལྟོས། །རྣམ་པ་སྣ་ཚོགས་འོད་གསལ་ཞིང་། །ཐིག་ལེ་དབྱིངས་དང་ལུ་གུ་རྒྱུད། །དུས་གསུམ་རྒྱལ་བའི་གསང་ཆེན་དབང་། །དོན་གྱི་སྙིང་པོ་འདི་ཉིད་དོ། །ཞེས་པས་མངོན་སུམ་ངོ་སྤྲད་ལ། གླེགས་བམ་ལྷར་གསལ་བ་འོད་དུ་ཞུ། ཡིག་འབྲུ་འོད་ཟེར་གྱི་གོང་བུར་གྱུར་པ་ལ་རིན་པོ་ཆེའི་མཎྜལ་ཕུལ། སློབ་མའི་སྤྱི་བོར་ཨཱོཾ་གསལ་བཏབ། དཔྲལ་བར་རྒྱུད་བཞེས། རྒྱུད་ལས་འོད་ཟེར་བྱུང་བས་བླ་མ་དང་། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུའི་དབང་དང་བྱིན་རླབས་ཐམས་ཅད་ཐོབ་པར་བསམ་ལ། སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པུས་མིང་འདི་ཞེས་བྱ་བ་ལ་དབང་བསྐུར་ཞིང་བྱིན་གྱིས་བརླབ་ཏུ་གསོལ་ལོ། སྨོན་པར་མཛད་དུ་གསོལ་ལོ། །གྲོལ་བར་མཛད་དུ་གསོལ་ལོ། །གང་བར་མཛད་དུ་གསོལ་ལོ། །ཆེར་འཕེལ་བར་མཛད་དུ་གསོལ་ལོ། །རྒྱས་པར་མཛད་དུ་གསོལ་ལོ། །སྐུ་རྡོ་རྗེ་གཉིས་སུ་མེད་པའི་དངོས་གྲུབ་ཆེན་པོ་གྲུབ་པར་མཛད་དུ་གསོལ་ལོ། །ཨཱོཾ་གྷ་ཛ་ཀཱ་ཡ་ཨ་བྷིཥིཉྩ་ཨཱོཾ། དེ་བཞིན་དུ་སྨན་གྱི་མཎྜལ་ཕུལ་ནས་མགྲིན་པར་ཨཱཿགསལ་བཏབ། རྒྱུད་མགྲིན་པར་བཞག །རྒྱུད་ལས། འོད་ཟེར་བྱུང་བས་བླ་མ་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གསུང་གི་(༧ན)


GLG025_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བྱིན་རླབས་ཐམས་ཅད་ཐོབ་པར་བསམས་ལ་གོང་གི་ཚིག་རྣམས་བརྗོད། ཁྱད་པར་དུ་གསུང་རྡོ་རྗེ་གཉིས་སུ་མེད་པའི་དངོས་གྲུབ་ཆེན་པོ་གྲུབ་པར་མཛད་དུ་གསོལ་ལོ། །ཨཱོཾ་གྷ་ཛ་ཨ་བྷིཥིཉྩ་ཨཿ །འབྲུའི་མཎྜལ་ཕུལ་ལ། སྙིང་གར་ཧཱུཾ་གསལ་བཏབ། རྒྱུད་སྙིང་གར་བཞག །རྒྱུད་ལས་འོད་ཟེར་བྱུང་བས་བླ་མ་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀྱི་དབང་དང་བྱིན་རླབས་ཐམས་ཅད་ཐོབ་པར་བསམས་ལ་གོང་བཞིན། ཁྱད་པར་དུ་ཐུགས་རྡོ་རྗེ་གཉིས་སུ་མེད་པའི་དངོས་གྲུབ་ཆེན་པོ་གྲུབ་པར་མཛད་དུ་གསོལ་ལོ། །ཨཱོཾ་གྷ་ཛ་དྷརྨ་ཡ་ཨ་བྷིཥིཉྩ་ཧཱུཾ། དེ་ནས་དར་ཚོན་གྱིས་གྲིལ་ལ་ག་འུར་བཅུག་སྟེ། འདི་དབུགས་ལ་སླེབས་དགོས་པས་དྲོད་དང་མ་བྲལ་བར་རྟག་ཏུ་ཆོངས་ཤིག་ཅེས་བརྗོད་དོ། །དེའང་ལུས་ངག་ཡིད་གསུམ་གྱི་གནས་གསུམ་དུ་བཏགས་པས་སྐུ་གསུང་ཐུགས་གསུམ་དུ་གྲོལ་བར་བྱེད་ལ། སྐྱེས་པས་མཆན་ཁུང་གཡོན་དང་། བུད་མེད་ཀྱིས་གཡས་སུ་གདགས་སོ། སྔར་ལུང་ཐོབ་མྱོང་ན་སྙིང་པོ་གསུམ་བརྗོད། མ་ཐོབ་ན་བཏགས་གྲོལ་ཚར་གཅིག་ཀློག་གོ །དུས་གཞན་དུ་ཀློག་བའི་དུས་ཚིགས་རྣམ་པ་བརྒྱད་ལས། དང་པོ་ཉི་ཟླ་གཟས་འཛིན་པའི་ཚེ་ཕྱི་ནང་གི་མཆོད་པ་བཤམས་ལ། རང་ཉིད་རྣམ་སྣང་ཡབ་ཡུམ་མཐིང་ཁ་རྡོ་རྗེ་སྐྱིལ་ཀྲུང་ཅན་འཁོར་ལོ་རྩིབས་བརྒྱད་པ་བྱང་ཆུབ་མཆོག་གི་ཕྱག་རྒྱས་འཛིན་པར་བསྒོམས་པའི་ལྕེ་སྟེང་དུ་འཁོར་ལོ་དཀར་པོ་རྩིབས་བཞི་པ་ཨཱོཾ་གྱིས་མཚན་པ་བསྒོམས་ལ་བྱིན་པའི་དུས་སུ་བཀླག་སྟེ། དྲུག་གམ་དགུ་དག་ཅིང་གསལ་བར་བརྗོད་པའི་རང་སྒྲས་འཇིག་རྟེན་ཐམས་ཅད་ཁྱབ་ཅིང་འོད་ཟེར་གྱིས་སེམས་ཅན་ཐམས་ཅད་འཁོར་བ་ལས་གྲོལ་བར་བསམ་མོ། །ཉིན་མཚན་(༧བ)


GLG025_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལ་ཟིན་དུས་ཀྱི་ཟུག་པའི་ཚེ་དུད་འགྲོའི་རིགས་ལ་དེའི་ཁ་ཟས་དང་མཐུན་པའི་སྟོན་མོ་དང་། སྙོམ་པའི་ཆ་ལ་སྲོག་འདོན་དང་། འཁྲུག་པའི་ཚེ་ཆོས་ཉིད་ཀྱི་དོན་བསྒོམ་པར་བྱ་སྟེ། དེ་ཉིད་ལས། ཉི་ཟླ་གཟའ་ཡིས་ཟིན་དུས་ན། །འདི་ནི་ལན་དྲུག་དགུ་འམ་ནི། །འཁོར་ལོའི་ལྕེ་ཡིས་རབ་བརྗོད་ན། །དེའང་སྤྲུལ་པའི་སྐུ་དང་མཉམ། །འདི་དུས་སྲོག་འདོན་དགེ་བ་བྱ། །དུད་འགྲོའི་རིགས་ལ་སྟོན་མོ་བྱ། །ཆོས་ཉིད་དོན་ལ་བསྒོམ་པར་བྱ། །བཀླག་པར་བྱེད་པའི་དུས་ན་ཡིན། །སྲོག་འདོན་སྙོམས་པའི་དེ་ལའོ། །དུད་འགྲོ་ཟུང་པའི་དུས་ན་ཡིན། །བསྒོམ་པ་འཁྲུག་པའི་དུས་སུ་བྱ། །དེ་ལྟར་སུ་ཡིས་བྱས་པ་ཡང་། །སྤྲུལ་སྐུའི་ཡོན་ཏན་ཐོབ་པའོ། །ཞེས་སོ། །གཉིས་པ་ས་གཡོས་བྱུང་བའི་ཚེ་རང་ཉིད་མི་བསྐྱོད་པ་ཡབ་ཡུམ་དཀར་པོ་བདུད་འདུལ་གྱི་ཕྱོགས་ཀྱང་རྡོ་རྗེ་འཛིན་པར་བསམས་པའི་ལྗགས་ཀྱི་སྟེང་ན་རྡོ་རྗེ་རྩེ་གསུམ་པ་ཧཱུཾ་གིས་མཚན་པར་བསྒོམས་ནས། དྲུག་གམ་བདུན་བརྗོད་པའི་རང་སྒྲ་དང་འོད་ཟེར་གྱིས་གནོད་པ་དང་འཚེ་བ་ཐམས་ཅད་ཞི་ནས་རྣམ་པར་གྲོལ་བར་བསམས་པ་ནི་བྱེར་བའི་དུས་སུ་བྱ་ཞིང་། རྣལ་འབྱོར་པ་དམ་ཚིག་དང་ལྡན་པ་ལ་ཚོགས་ལོ་གྲངས་སྙོམས་པའི་དུས་སུ་བྱའོ། །དེའང་རྣལ་འབྱོར་ཕོ་མོ་ལོ་གྲངས་གཅིག་ལ་ཚོགས་བྱས་པས་ཚོགས་ལོ་གྲངས་འགྲུབ་བོ། །འཁྲུག་པའི་དུས་སུ་སྐྱེ་བོ་ལ་སྟོན་མོ་དང་ཟུག་པའི་ཚེ་སོ་སོའི་གནས་ནས་སྤྱན་དྲངས་པ་ཡིན། དེ་ཉིད་ལས། གལ་ཏེ་ས་གཡོས་བྱུང་བའི་ཚེ། །འདི་ཉིད་ལན་དྲུག་ལན་བདུན་ནམ། །ཡང་ན་ལན་ནི་ལྔ་འམ་གསུམ། །རྡོ་རྗེའི་ལྕེ་ཡིས་བཀླག་པར་བྱ། ཚོགས་ནི་རྣལ་འབྱོར་ལོ་ཡི་གྲངས། །འདི་ཡི་དུས་སུ་རབ་ཏུ་བཏང་། །དམ་ཚིག་(༨ན)


GLG025_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ལྡན་རྣལ་འབྱོར་པ། །ཚོགས་ཀྱི་སྟོན་མོ་འདི་བཞིན་བྱ། །བཀླག་པ་འབྱུང་བ་བྱེད་དུས་སུ། །ཚོགས་ནི་སྙོམས་པའི་དུས་ན་བྱ། །སྟོན་མོ་དེ་བཞིན་འཁྲུག་པའི་དུས། །རྣལ་འབྱོར་བ་ནི་ཟུག་པ་ཡི། །དུས་ན་སོ་སོའི་གནས་ནས་བོད། །འདི་ལྟར་འབྱུང་བའི་ཁྱད་པར་ལས། །རྣལ་འབྱོར་དེ་ནི་ཐར་ལམ་དུ། །ཡང་དག་ངེས་པར་འཇུག་པ་ཡིན། །རྡོ་རྗེ་འཆང་བ་རྣམས་དང་ནི། །སྐལ་བ་ཡང་དག་མཉམ་པའོ། །གསུམ་པ་འོད་ཀྱི་སྣང་བ་བྱུང་བའི་ཚེ་རང་ཉིད་རིན་ཆེན་འབྱུང་ལྡན་ཡབ་ཡུམ་སེར་པོ་མཆོག་སྦྱིན་གྱིས་ཕྱག་རྒྱས་རིན་ཆེན་བཟུང་བར་བསྒོམས་པའི་ལྕེ་སྟེང་དུ་དུང་བསམ་པ་ལས་ལན་ལྔ་འམ་གསུམ་མམ་གཅིག་ཏུ་བརྗོད་པའི་རང་སྒྲ་དང་། འོད་ཀྱི་ནམ་མཁའ་དབྱིངས་ཀུན་ཁྱབ་པས་འདོད་དགུ་གྲུབ་ཅིང་གྲོལ་བར་བསམས་ཏེ་སྙོམས་པའི་དུས་སུ་བྱའོ། །བྱེད་པའི་ཚེ་རླུང་བསྒོམ་ཞིང་འཁྲུག་པའི་ཚེ་རྣལ་འབྱོར་མ་དགུའམ་བཅུ་གཅིག་ལ་ཚོགས་དང་སྟོན་མོ་བྱའོ། །སྔ་མ་ལས། འོད་ཀྱི་སྣང་བ་འབྱུང་བའི་ཚེ། །ལན་ལྔ་གསུམ་དང་ལན་གཅིག་ཏུ། །དུང་གི་ལྕེ་ཡིས་བཀླག་པར་བྱ། །རྣལ་འབྱོར་མ་ནི་དམ་ཚིག་ཅན། །དགུའམ་བཅུ་གཅིག་མན་ཆད་ལ། །བཟའ་བཏུང་རྩུབ་པའི་སྟོན་མོ་བྱ། །བཀླག་པ་སྙོམས་པའི་དུས་ན་ཡིན། །རླུང་ནི་བྱོན་པའི་དུས་ན་ཡིན། །སྟོན་མོ་འཁྲུག་པའི་དུས་ནའོ། །འདི་ལྟར་བྱས་པའི་རྣལ་འབྱོར་བ། །སྤྲུལ་པའི་སྐུ་དང་ཡོད་མཉམ་མོ། །ཞེས་སོ། །བཞི་པ་སྒྲ་བྱུང་བའི་ཚེ་རང་ཉིད་འོད་དཔག་མེད་ཡབ་ཡུམ་དམར་པོ་མཉམ་བཞག་གི་སྟེང་ན་པདྨ་འདབ་མ་བརྒྱད་པ་འཛིན་པའི་ལྕེ་སྟེང་དུ་པདྨ་བསྒོམས་ཏེ། བྱེར་བའི་ཚེ་ལན་ལྔ་(༨བ)


GLG025_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

འམ་དྲུག་གམ་བདུན་དུ་བརྗོད་པས་སྣང་སྲིད་འཁོར་འདས་ཐམས་ཅད་རིག་པའི་དབང་དུ་འདུས་ཤིང་། རང་སྒྲ་དང་འོད་ཀྱིས་སེམས་ཅན་ཐམས་ཅད་སྨིན་གྲོལ་དུ་བསམ་མོ། །སྙོམས་པ་ལ་དཀོན་མཆོག་གི་དྲུང་དུ་མཆོད་པ་དང་། དགེ་སློང་རྣམ་དག་ལ་སྟོན་མོ་ཟུག་པའི་ཚེ་བྱ་བ་ནི། དེ་ལས། སྒྲ་ནི་བྱུང་བའི་དུས་ན་ཡང་། །ལན་ནི་དྲུག་དང་བདུན་དང་ལྔར། །པདྨའི་ལྕེ་ཡིས་བཀླག་པར་བྱ། །འདི་དུས་ལྷ་ལ་མཆོད་པ་འབུལ། །དགེ་སློང་ཚུལ་ཁྲིམས་ལྡན་པ་ལ། །ཆོས་དང་ལྡན་པའི་སྟོན་མོ་བྱ། །བཀླག་པར་བྱེད་པའི་དུས་ན་ཡིན། །མཆོད་པ་དེ་བཞིན་སྙོམས་པ་ལ། །དགེ་སློང་ཟུག་པའི་དུས་ནའོ། །འདི་ལྟར་སུ་ཡིས་བྱས་པ་དེ། །འདི་ཡང་སྤྲུལ་པའི་སྐུ་དང་མཉམ། །ཞེས་སོ། །ལྔ་པ་སད་སེར་བྱུང་བའི་ཚེ། རང་ཉིད་དོན་ཡོད་གྲུབ་པ་ཡབ་ཡུམ་ལྗང་གུ་སྐྱབས་སྦྱིན་གྱིས་རྡོ་རྗེ་རྒྱ་གྲམ་བཟུང་པའི་ལྕེ་སྟེང་དུ་རལ་གྲི་བསམས་ཏེ། ཟུག་པའི་དུས་སུ་ལན་ཅི་འགྲུབ་བརྗོད་པའི་རང་སྒྲ་དང་འོད་ཀྱི་སྣང་སྲིད་གང་ཞིང་། བར་ཆད་ཞི་ནས་འདོད་པའི་དོན་གྲུབ་པར་བསམ་མོ། །སྙོམ་པའི་ཚེ་རོལ་མོ་སིལ་སྙན་གྱི་མཆོད་པ་དང་། །རྣལ་འབྱོར་བ་ལྔའམ་བཅོ་ལྔ་གྱེར་དུས་བོས་ཏེ། །འཁྲུག་དུས་སྟོན་མོ་བྱའོ། །སྔ་མ་ལས། སད་ཀྱིས་རྒྱལ་ཁམས་ཁྱབ་པའི་ཚེ། །རལ་གྲིའི་ལྕེ་ཡིས་འདི་བརྗོད་ན། །སངས་རྒྱས་ཡོན་ཏན་འདི་ཡིས་ཐོབ། །འདི་དུས་སྒྲ་ཡི་མཆོད་པ་བྱ། རྣལ་འབྱོར་ལྔའམ་བཅོ་ལྔ་ལ། །ཚོགས་ཀྱི་སྟོན་མོ་ལན་བདུན་བྱ། །བཀླག་པ་ཟུག་པའི་དུས་ན་ཡིན། །མཆོད་པ་སྙོམས་པའི་ཚེ་ནའོ། །བྱེར་བ་ལ་ནི་རྣལ་འབྱོར་བོད། །འཁྲུག་པའི་ཚེ་ན་སྟོན་མོ་བྱ། །འདི་ལྟར་སུ་ཡིས་བྱས་པ་ལ། །སྤྲུལ་པའི་སྐུ་ཡི་ཡོན་ཏན་ཐོབ། །དྲུག་པ་རིམས་དང་(༩ན)


GLG025_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ཡམས་ནད་བྱུང་བའི་ཚེ་དོན་ཡོད་གྲུབ་པ་སྔར་བཞིན་བསྒོམས་པའི་ལྕེ་སྟེང་དུ་ལྕགས་ཀྱུ་བསམས་ཏེ་དེ་ལས་འོད་ཟེར་གྱི་ཚོགས་ཚད་མེད་པ་བསམ་ལ། འཁྲུག་པའི་ཚེ་དགུ་འམ་བཅུ་གཅིག་གམ་བཅུ་དགུ་བརྗོད་པའི་རང་སྒྲ་དང་འོད་ཟེར་གྱིས་ནད་རིམས་ཞི་ནས་སེམས་ཅན་ཐམས་ཅད་སངས་རྒྱས་པར་བསམ་མོ། །སྙོམས་པའི་དུས་སུ་མི་རྟོག་པ་བསྒོམ་ཞིང་། །བྱེར་དུས་བྱིས་པའི་སྟོན་མོ་བྱ་བ་ཡང་། །དེ་ལས། རིམས་དང་ཡམས་ནད་བྱུང་བའི་ཚེ། །དགུ་དང་བཅུ་གཅིག་བཅུ་དགུར་ནི། །ལྕགས་ཀྱུའི་ལྕེ་ཡིས་བརྗོད་པར་བྱ། །འདི་དུས་མི་རྟོག་བསྒོམ་པར་བྱ། །བྱིས་པ་དགུའམ་བཅོ་བརྒྱད་ལ། །སྟོན་མོ་བྱ་བ་རབ་ཏུ་བསྔགས། །བཀླག་པ་འཁྲུག་པའི་དུས་ན་ཡིན། །བསྒོམ་པ་སྙོམས་པའི་དུས་ནའོ། །བྱིས་པ་བྱེར་པའི་དུས་ནའོ། །སྟོན་མོ་ཟུག་པ་ཉིད་ལ་བྱ། །དེ་ལྟར་བྱས་པའི་སྐྱེས་མཆོག་ནི། །འདི་ལ་སྤྲུལ་སྐུའི་ཡོན་ཏན་ཐོབ། །ཅེས་སོ། །བདུན་པ་མུ་གེ་བྱུང་བའི་ཚེ་ཀུན་བཟང་ཡབ་ཡུམ་མཐིང་ཁ་མཉམ་བཞག་ལས་འོད་ཟེར་འཕྲོ་བའི་ལྕེ་སྟེང་དུ་ཟླ་ཕྱེད་རྡོ་རྗེ་རྩེ་གསུམ་པ་གྱེས་པའི་རྣམ་པར་བསམ་སྟེ། བྱེད་དུས་གཉིས་སམ་གསུམ་མམ་ལྔ་བརྗོད་པའི་འོད་དང་སྒྲས་འཚེ་བ་ཞི་ཞིང་བྱང་ཆུབ་ཀྱི་གོ་འཕང་ཐོབ་པར་བསམ་མོ། །སྙོམས་པ་ལ་དྲིས་མཆོད་ཅིང་། འཁྲུག་པ་ལ་བཤན་པའམ་མུ་སྟེགས་བོས་ཏེ་ཟུག་པ་ལ་སྟོན་མོ་བྱ་བ་ནི། དེ་ལས། མུ་གེ་དག་ནི་བྱུང་བའི་ཚེ། ཁ་ཊྭཱཾ་ལྕེ་ཡིས་འདི་བརྗོད་ན། །སྤྲུལ་སྐུའི་ཡོན་ཏན་འཛིན་པ་ཡིན། །ལན་ནི་ལྔའམ་གསུམ་གཉིས་ཏེ། །འདི་དུས་དྲི་ཡི་མཆོད་པ་བྱ། །བཤན་པ་འམ་ནི་མུ་སྟེགས་ལ། སྟོན་མོ་བྱ་བར་རབ་ཏུ་བསྔགས། །བཀླག་པ་བྱེར་པའི་དུས་ན་བྱ། །མཆོད་པ་སྙོམས་(༩བ)


GLG025_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་ལའོ། །སྡིག་ཅན་འཁྲུག་པ་ཉིད་ལ་སྟེ། །སྟོན་མོ་དེ་བཞིན་ཟུག་པ་ལའོ། །འདིས་ཀྱང་སྤྲུལ་སྐུའི་ས་བོན་འཇོག །ཅེས་སོ། །བརྒྱད་པ་ཕྱུགས་ནད་བྱུང་བའི་ཚེ་ཀུན་ཏུ་བཟང་མོ་ཡབ་དང་མཚུངས་པར་བསྒོམས་ལ་ཟུག་དུས་བརྒྱད་དམ་བཅུ་དྲུག་ཏུ་བརྗོད་པའི་འོད་དང་རང་སྒྲས་འཇིག་རྟེན་གྱི་ཕྱུགས་ནད་ལ་སོགས་པ་ཞི་ནས་སངས་རྒྱས་ཐོབ་པར་བསམ་མོ། །བྱེར་དུས་མར་མེས་མཆོད་ཅིང་། སྙོམས་དུས་དགྲ་བཅོམ་པ་འམ། མེད་ན་རྩ་བའི་བླ་མ་སྤྱན་དྲངས་ལ། །འཁྲུག་དུས་སྟོན་མོ་བྱ་བ་ནི། དེ་ཉིད་ལས། རྒྱལ་ཁམས་ཕྱུགས་ནད་བྱུང་བའི་ཚེ། །རང་བྱུང་ཆེན་པོའི་ཡི་གེ་འདི། །ལན་བརྒྱད་དམ་ནི་བཅུ་དྲུག་ཏུ། །རྩེ་གསུམ་ལྕེ་ཡིས་འདི་བརྗོད་ཅིང་། །འདི་དུས་ཨཱ་ལོ་ཀེ་མཆོད་བྱ། །དགྲ་བཅོམ་པ་དག་བདུན་ལ་ཡང་། །སྟོན་མོ་བྱ་བར་རབ་ཏུ་བསྔགས། བཀླག་པ་ཟུག་པ་ཉིད་ལ་ཡིན། །མཆོད་པ་བྱེར་བ་ཉིད་ལ་བྱ། །དགྲ་བཅོམ་སྙོམས་པའི་དུས་ན་བོད། །འཁྲུག་པ་ལ་ནི་སྟོན་མོ་བྱ། །འདི་ལྟར་བྱས་པའི་སྐྱེས་བུ་ནི། །སྤྲུལ་པའི་ས་བོན་ངེས་པར་འཇོག །འདི་ལ་ཐེ་ཚོམ་བྱ་མི་རུང་། །ངེས་པར་འབྲས་བུ་དམ་པ་ཐོབ། །ཅེས་སོ། །དེའང་བྱེར་བ་དང་ཟུག་པ་ལ་སོགས་པའི་དུས་ནི། སྐབས་འདིར་ཉིན་མཚན་ཕྲུགས་གཅིག་གིས་བརྩི་བ་ཡིན་ཏེ། དེའང་ཉིན་དུས་ཀྱི་ནམ་ལངས་ནས་དྲོས་པོ་ཆེའི་བར་དུ་བྱེད་པའོ། །དེ་ནས་གུང་ལ་མ་སླེབ་པར་ཟུག་པའོ། །གུང་མཐིང་པོ་ནི་སྙོམས་པའོ། །གྲིབ་བསིལ་ཕེབས་ནས་ཉི་མ་ནུབ་པའི་བར་ནི་འཁྲུག་པའོ། །མཚན་དུས་ཀྱི་སྲོད་བྱེར་བ། སྲོད་ཡོལ་ཟུག་པ་ནམ་ཕྱེད་སྙོམས་པ་ཐོ་རངས་འཁྲུག་པའོ། །དེ་ལྟར་ཉིན་མཚན་གྱི་ཆ་གང་ལ་རྟགས་དེ་ནམ་བྱུང་བའི་བྱེར་ཟུག་གི་རིམ་པ་དང་སྦྱར་ལ་ཀློག་པ་དང་། བསྒོམ་པ་དང་། བོད་(༡༠ན)


GLG025_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། ཚོགས་ཀྱི་སྟོན་མོ་རྣམས་བྱ་བ་ཡིན་ནོ། །འདི་དག་གི་སྒོམ་རིགས་ནི་གནད་ཡིག་ལས་བྱུང་བ་བཞིན་བཀོད་དོ། །གཞན་ཡང་ཉ་སྟོང་ཚེས་བརྒྱད་དང་། ཚེས་བཅུ་ཉི་ཤུ་ལྔའི་ཉིན་མཚན་ལ་ཚོགས་དང་གཏོར་མ་བཤམས་ཏེ། རྣལ་འབྱོར་བ་དམ་ཚིག་ཅན་རྣམས་འདུས་ནས་བཀླགས་ཏེ། ཚོགས་ལ་རོལ་བས་སྣང་བའི་འཕེལ་ཚད་དང་། རྟོགས་པ་དང་ཏིང་ངེ་འཛིན་སྐྱེ་ཞིང་། ཉམས་ཆགས་ཐམས་ཅད་བསྐང་བ་དང་། བསམ་པའི་དོན་ཐམས་ཅད་འགྲུབ་པའི་དུས་བཟང་པོ་ལ་བཀླགས་པར་བྱ། བཀླག་ཐབས་ནི་བི་མ་ལའི་ཡང་ཏིག་གི་རྒྱབ་ཡིག་ལས་ཤེས་པར་བྱ། ཕན་ཡོན་ནི། ལུས་ལ་བཅངས་པ་ཙམ་གྱིས་དགེ་བ་བྱེ་བ་འབུམ་དུ་འགྱུར་དུ་འཕེལ་ཞིང་། ནད་དང་གདོན་དང་བར་ཆད་གང་གིས་ཀྱང་མི་ཚུགས་པ་དང་། གང་དུ་བཞུགས་ཚད་མཆོད་རྟེན་དུ་འགྱུར་པས་འགྲོ་བ་དེ་ཉིད་ལ་མཁའ་འགྲོ་ལ་སོགས་པ་རྣམས་ཀྱིས་མཆོད་ཅིང་དངོས་གྲུབ་སྟེར་བ་དང་། ཕས་ཀྱི་རྒོལ་བས་མི་ཚུགས་པ་དང་། ཡེ་ཤེས་ཀྱི་སྣང་བ་གོང་དུ་འཕེལ་བས། རིག་པའི་གཏན་སྲིད་ཟིན་པ་དང་། །བར་དོར་རང་ངོ་ཤེས་པ་དང་། །སངས་རྒྱས་ཀྱི་བྱང་ཆུབ་འགྲུབ་པ་ལ་སོགས་པ་སྟེ། སངས་རྒྱས་སྲས་གཅིག་ལས། འདི་ཡང་འགྲོ་བ་སངས་རྒྱས་ཡིན། །ཞེས་པ་དང་། དུས་གནད་ངེས་པ་ལས། འདི་ཉིད་བཅངས་པ་ཙམ་གྱིས་ཀྱང་། །སངས་རྒྱས་ཉིད་དུ་འགྱུར་བ་ལ། །ཐེ་ཚོམ་བྱ་བར་ཅི་ཞིག་དགོས། །ཞེས་སོ། །གཞན་ཡང་རྣལ་འབྱོར་པ་ལས་གཞན་པས་བཅངས་ཀྱང་གྲོལ་ནུས་ཏེ། དེ་ཉིད་ལས། བྱོལ་སོང་གཟུགས་སམ་བུད་མེད་དམ། །སྐྱེ་བ་དམན་པའི་སེམས་ཅན་གྱིས། །འདི་དང་བྲལ་བ་མ་བྱས་ན། །ངེས་པར་སྐུ་གསུམ་འབྲས་བུ་ཐོབ། །ཅེས་པ་(༡༠བ)


GLG025_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

དང་། གལ་ཏེ་བྱོལ་སོང་མགུལ་དུ་འདི། །བཏགས་ན་དེ་ཉིད་ཀྱང་གྲོལ་ན། །འགྲོ་བ་མི་རྣམས་སྨོས་ཅི་དགོས། །ཞེས་སོ། །འདི་སུ་ལ་སྣང་བ་དེ་ཉིད་སྐལ་ལྡན་གྲོལ་བའི་རིགས་ཅན་ཡིན་ཏེ། དགའ་དང་འགའ་ལས་ཐམས་ཅད་ལ་སྣང་བའང་བསོད་ནམས་ཀྱིས་བསགས་པ་ལ་མི་ཤོང་བས་མི་སྣང་བ་ཡིན་པར། དེ་ཉིད་ལས། དེ་ཡི་ཕྱིར་ན་གསང་ཚིག་འདི། །ཐུན་མོང་ཉིད་དུ་འཕྲད་པ་མིན། །རིགས་ལྡན་སྐྱེས་བུ་སྐལ་ཚེ་བས། །འགའ་ལ་འདི་ཉིད་སྣང་བ་ལས། །ཀུན་གྱིས་མཐོང་བ་མ་ཡིན་ནོ། །ཞེས་སོ། །འདི་ཉིད་འཕྲད་པའི་སེམས་ཅན་དེ་གཟུགས་བརྙན་ཅིག་འདུག་ཀྱང་རེ་ཞིག་ལས་ཀྱིས་དེ་ལྟར་འགྱུར་མོད། རིག་པའི་ངོ་བོ་འགྲོ་བ་བཟང་ངན་གང་དུའང་མ་གྲུབ་པས་ལས་འདི་དང་ཕྲད་པས་གྲོལ་ནས་རིག་པ་བཞི་ལ་གྲོལ་བ་ཡིན་ནོ། །བླུན་པོ་ཁ་ཅིག་དུད་འགྲོ་ལ་བཏགས་པས་གྲོལ་ན་དང་ཆ་བྱད་དེ། སེམས་ཅན་ཐམས་ཅད་ལ་བཏགས་པས་ཆོག་མོད། གྲོལ་བའི་རྟགས་ཅི་ཡོད། ལུས་ནི་མ་འགྱུར་བར་འདུག །ཟེར་བ་ནི་ལོག་ལྟ་བདུད་ཆོས་མཁན་ཚིག་ཙམ་ཤེས་པ་སྐལ་མེད་རྟོོག་གེ་བའི་རིགས་ཡིན་ཏེ་ཡང་དག་པའི་རྒྱུད་ཆེན་པོར་ངེས་པའི་དོན་དུ་གསུངས་ལ། དཀོན་མཆོག་བརྩེགས་པ་ལས། རིགས་སྔགས་དང་། སྨན་དང་། མཁྱུད་དཔྱད་དང་། རྟེན་ཅིང་འབྲེལ་པར་འབྱུང་པའི་མཐུ་ནི་བསམ་གྱིས་མི་ཁྱབ་བོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་དང་ཏིང་ངེ་འཛིན་དང་རྫུ་འཕྲུལ་གྱི་སྤྱོད་ཡུལ་ནི་བསམ་གྱིས་མི་ཁྱབ་བོ། །ཞེས་གསུངས་པས། རྡོ་རྗེ་འཆང་གིས་ཐབས་ཁྱད་པར་ཅན་ཟབ་མོའི་རྟེན་འབྲེལ་འདི་ཉིད་བླ་ན་མེད་པའི་རིག་སྔགས་སུ་མཛད་པས་གྲོལ་ངེས་པ་ཡིན་ནོ། །སངས་རྒྱས་ཀྱི་ཐབས་ནི་ཚད་མེད་དེ་བཏགས་པས་གྲོལ་པ་ཡང་མཁྱེན་དགོས་སོ། །མ་མཁྱེན་ན་སངས་(༡༡ན)


GLG025_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཐམས་ཅད་མཁྱེན་པ་མ་ཡིན་པའི་སྐྱོན་དུ་འགྱུར་རོ། །གྲོལ་བ་སེམས་གྲོལ་བ་སྟེ། གཤིས་རིག་པའི་ངང་དུ་ཕྱིན་པ་ཡིན་མོད། ལུས་དེ་སྔར་དང་མི་འདྲ་བར་འགྲོ་གར་དགོས། དགྲ་བཅོམ་པ་རྣམས་ཀྱང་གྲོལ་བ་ཡིན་མོད། ལུས་འགྱུར་བར་མ་གསུངས་ལ། རྒྱན་ཡོད་མེད་གཉིས་སུ་གསུངས་པས། གྲོལ་བ་ལ་ད་ལྟ་རྫུ་འཕྲུལ་དངོས་སུ་སྟོན་ནུས་པས་ཀྱང་མ་ཁྱབ་བོ། །དཔེར་ན་ཕྱིན་ཅི་ལོག་གི་ཀླན་ཀ་ཁྱི་ཟུག་པ་སྤང་པའི་འོས་མ་ཡིན་ཀྱང་། སྐལ་ལྡན་ཁ་ཅིག་ཚིག་དེས་མགོ་འཁོར་ནས་ཐེ་ཚོམ་ཟ་བ་བཟློག་པའི་དགོས་པ་ཡོད་དོ། །ངེས་པའི་དོན་ལ་ཡིད་ཆེས་ནས་བསོད་ནམས་ཚད་མེད་པའི་ཕྱིར་རོ། །ཡེ་ཤེས་གྲུབ་པའི་རྒྱུད་ལས། ཆོས་ལ་སྡང་བ་ངེས་གསལ་བ། །བསོད་ནམས་འབྲས་བུ་གཏིང་དཔག་མེད། །ཅེས་པ་ལྟར་ཡིན་ནོ། །དེའི་ཕྱིར་འདི་ཉིད་འཆི་དུས་སུ་ལུས་ལ་ཡོད་པའི་སེམས་ཅན་དེ་སྡིག་ཅན་ཡིན་ལས་ཟད་ནས་འཁོར་བའི་ཁ་མི་བརྒྱུད་པར་གྲོལ་ཏེ། དུས་གནད་ངེས་པ་ལས། ནམ་ཞིག་འཆི་བའི་དུས་ཀྱི་ཚེ། །འདི་ཉིད་ལུས་ལ་གནས་པ་ལ། །རིགས་དྲུག་སྐྱེ་བ་རྣམ་བཞི་ཡི། །གྲོང་ཁྱེར་དུ་ནི་འཇུག་མི་སྲིད། ཅེས་སོ། །དེའང་གཞན་ལ་གསངས་ནས་བཅངས་པས་ཕན་ཡོན་ཆེན་པོ་ཐོབ་སྟེ། དེ་ཉིད་ལས། གལ་ཏེ་འདི་ཉིད་སྣང་བའི་མིས། །འདི་ཉིད་ཡོད་པར་སུས་གཞན་ལ། །སྨྲ་བར་བྱེད་པའི་མི་དེ་ཡིས། །རང་གི་འབྲས་བུ་བཀླག་པར་བྱེད། །དེ་ཡི་ཕྱིར་ན་རང་བྱུང་གི །ཡི་གེ་འདི་ནི་ཡོད་པ་ཡི། །ཚིག་གི་ཟུར་ཙམ་བརྗོད་མི་བྱ། །མ་གསངས་དངོས་གྲུབ་མི་འབྱུང་ལ། །གསངས་པས་དངོས་གྲུབ་ཕུན་སུམ་ཚོགས། །ཞེས་གསུངས་སོ། །བཀྲ་ཤིས་པའི་ཚིགས་སུ་བཅད་པས་མེ་ཏོག་འཐོར། (༡༡བ)


GLG025_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

རབ་གནས་དབང་བསྐུར་འཇུག་པ་བདེ་བར་བྱེད་ན། བདག་མདུན་གཉིས་ཀ་ཀུན་བཟང་དམ་རྡོར་སེམས་གཙོ་རྐྱང་གིས་འཐུས་པར་མཛད་པའི་ཕྱག་ལེན་ཡོད་དོ། །ཨ་ཏིའི་གདམས་པ་ཉམས་སུ་བསྟར་བ་ཡི། །སྐལ་ལྡན་གདུལ་བྱའི་ལམ་གྱི་ཆ་རྐྱེན་དུ། །མ་བསྒོམས་སངས་རྒྱས་ཆོས་ལྔའི་ནང་ཚན་གྱི། །བཏགས་གྲོལ་རྒྱུད་དྲུག་ཀུན་བཟང་དགོངས་པའི་བཅུད། །མཚམས་མེད་ལ་སོགས་སྡིག་ལྟུང་ཁུར་པོ་ཆེས། །མནར་ཡང་འདི་ཕྲད་ངན་སོང་ལྟ་ཅི་སྨོས། །སྲིད་མཚོའི་མཐའ་བྲལ་ཐར་པའི་གླིང་བགྲོད་གཏམ། །མ་དང་མཁའ་འགྲོའི་གྲོང་དུ་དར་དིར་གླེང་། །བསོད་ནམས་བྱས་འདིའི་མཐོ་རིས་ཆུ་གཙང་གིས། །རིགས་དྲུག་རྒྱུད་ལ་གོས་པའི་ལས་ཉོན་དྲི། །ཉེར་བཀྲུས་སེམས་ཉིད་དོན་གྱི་རྡོ་རྗེ་སེམས། །མངོན་སུམ་རང་ངོ་འཕྲོད་པའི་བཀྲ་ཤིས་ཤོག །ཅེས་བཏགས་གྲོལ་གྱི་དབང་བསྐུར་དང་རབ་གནས་ཀྱི་ཆོག་སྒྲིགས་མུ་ཐི་ལའི་འཕྲེང་བ་ཞེས་པ་འདི་ནི་མཁའ་འགྲོ་ཡང་ཏིག་གི་གཞུང་གཙོ་བོར་བཟུང་བླ་མ་ཡང་ཏིག་ནས་ཀྱང་ཁ་བཀང་སྟེ་པདྨའི་གདུང་འཚོབ་ཆོས་རྒྱལ་གཏེར་བདག་གླིང་པའི་གསུང་རྒྱུན་ལྟར་འཁྲུག་བསྡེབས་སུ་ཟ་ཧོར་གྱི་བནྡེ་གང་ཤར་རང་གྲོལ་གྱིས་ལྕགས་བྱ་ཧོར་ཟླ་བརྒྱད་པའི་གྲལ་ཚེས་ལ་སྦྱར་བའི་ཡི་གེ་པ་ནི་རིག་བྱེད་དུ་མ་ལ་བློ་གྲོས་ཀྱི་སྣང་བ་དཀར་བ་མཐར་རྒྱས་པ་བློ་བཟང་དབང་པོས་བགྱིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།


previousབཏགས་གྲོལ་གྱི་དབང་བསྐུར་དང་རབ་གནས་ཀྱི་ཆོག་སྒྲིགས་མུ་ཐི་ལའི་འཕྲེང་བ།next