Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཁའ་འགྲོ་བསུན་བཟློག་གི་བཅས་བཤོམས་ཅི་འདོད་རྩེ་དགའ་གསར་གླུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཁའ་འགྲོ་བསུན་བཟློག་གི་བཅས་བཤོམས་ཅི་འདོད་རྩེ་དགའ་གསར་གླུ།next

མཁའ་འགྲོ་བསུན་བཟློག་གི་བཅས་བཤོམས་ཅི་འདོད་རྩེ་དགའ་གསར་གླུ།


GLG025_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་བསུན་བཟློག་གི་བཅས་བཤོམས་ཅི་འདོད་རྩེ་དགའ་གསར་གླུ་ཞེས་བྱ་བ་བཞུགས་སོ། །


GLG025_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་བསུན་བཟློག་ལ་རྒྱས་པ་དཀྱིལ་འཁོར་ལ་བརྟེན་ན། འོག་ནས་འབྱུང་བའི་ཡས་རྣམས་གཞུང་དང་དཔེ་རིས་གོ་བསྟུན་ཏེ་དཀྱིལ་འཁོར་གྱི་མཐའ་ལ་འགོད། བསྡུས་པ་གཏོར་མ་ལ་བརྟེན་ཀྱང་དབྱིབས་མཚུངས། འབྲིང་པོ་མདོས་ལ་བརྟེན་པ་འདི་ལག་ལེན་རྒྱས་བསྡུས་འཚམ་པའི་དབང་དུ་བྱས། རྒྱས་འབྲིང་བསྡུས་གསུམ་གང་ལ་ཡང་བདག་བསྐྱེད་སྔོན་དུ་འགྲོ་དགོས་པ་དྲི་མེད་བསུན་བཟློག་སོགས་ལ་མཁའ་འགྲོའི་དཀྱིལ་འཁོར་ལ་བརྟེན་པར་བཤད་ཀྱང་། གཏེར་ཁ་འོག་མ་དང་རཏྣ་གླིང་པ་སོགས་ལ་ཞི་ཁྲོ་ལྟ་བུར་བརྟེན་པ་དང་། བླ་མ་ཞི་དྲག་བཀའ་བརྒྱད་ཕུར་པ་སོགས་གང་འོས་ཞིག་འཐད་པར་བཤད་པས་ས་ཡུལ་གང་འོས་སུ་རྡུལ་ཚོན་དང་རས་བྲིས་ལྟ་བུའམ་མི་སྤྲོ་ན། སྐུ་རྟེན། སྨན་རག་གཏོར་གསུམ་མཆོད་པ་ཙམ་གྱིས་འཐུས། མཁའ་འགྲོ་ཆོས་སྐྱོང་གཏེར་སྲུང་གཞིས་བདག་རྣམས་ཀྱི་གཏོར་མ་དང་ཚོགས་འཁོར་བཤམ། མདུན་བསྐྱེད་ལ་རྡུལ་ཚོན་གྱི་རི་རབ་གླིང་བཞི་ཉི་ཟླ་སོགས་རྒྱས་བསྡུས་འཚམ་པ་བྲིས། དེའི་སྟེང་ཨན་བདར་ལྟ་བུའི་ཁར་ས་སྤྱིན་པོ་ལ་རི་རབ་བང་རིམ་བདུན་(༢ན)


GLG025_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེགས་སུ་བྱས་པའི་བང་རིམ་དང་པོའི་སྟེང་དུ་མཁའ་འགྲོའི་གཙོ་མོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་གྲི་གུག་འཕྱར་ཞིང་། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། དར་དམར་གྱི་སྟོད་གཡོགས་དང་སྟག་ཤམ། རུས་པ་དང་རིན་པོ་ཆེས་བརྒྱན་པ་ཐད་སྒ་མི་ལྤགས་ཀྱི་སྤུ་ལེན་གོང་རྨེད་སྲབ་མཐུར་སྦྲུལ་གྱིས་སྤྲས་པའི་བོང་བུའི་སྟེང་དུ་ཕྱེད་སྐྱིལ་གྱིས་བཞུགས་པ། དེའི་མདུན་དུ་མཁའ་འགྲོ་སྔོན་མོ་ཞལ་གཅིག་ཕྱག་གཉིས་གཡས་ཁྲམ་ཤིང་འཕྱར་ཞིང་གཡོན་ནད་རྐྱལ། དར་དམར་གྱི་སྟོད་གཡོགས་དང་རེ་ལྡེའི་ཤམ་ཐབས་ཞབས་གཉིས་ཕྱེད་སྐྱིལ་གྱིས་སྒ་སྲབ་སོགས་གོང་དང་འདྲ་བའི་དྲེའུ་ལ་ཞོན་པ། གཙོ་མོའི་རྒྱབ་ཏུ་མཁའ་འགྲོ་སྔོན་མོ་གཡས་རྡོ་རྗེས་མཚན་པའི་བེ་ཅོན། གཡོན་ཐོད་ཁྲག །དར་ལྗང་གི་སྟོད་གཡོགས་དང་དར་དམར་གྱི་ཤམ་ཐབས་ཅན། གོང་གི་ཆས་དང་མཚུངས་པའི་རྟ་ལ་ཞོན་པ། དེའི་མཐའ་སྐོར་དུ་གར་མཁན་བཅུ་གསུམ། བང་རིམ་གཉིས་པར་མཆོད་ལྷ་བཅུ་གསུམ། བང་རིམ་གསུམ་པར། རྨ་བྱ། བྱ་རྒོད། ཁྲ། བདུད་བྱ། ནེ་ཙོ། ཤང་ཤང་། (༢བ)


GLG025_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ཁྭ་ཏ། བྱ་ནག །གོང་མོ། ཁྱིམ་བྱ། བྱ་གླག །སེ་མོ། བྱ་རོག་གིས་མཚོན་པའི་སྒྲོ་གཤོག་ནག་ཤས་ཆེ་བའི་རིགས། བང་རིམ་བཞི་པར་སེང་གེ །སྟག །གཟིག །གཡི། དོམ། དྲེད། སྤྱང་ཀི །སྦྲེ། སྲེ་མོང་། ཕག །ཅེ་སྤྱང་། འཕར་བ། ཝ་སོགས་ཁ་དོག་དམར་ཤས་ཆེ་བའི་གཅན་གཟན་གྱི་རིགས། བང་རིམ་ལྔ་པར་མར་མེ་དང་ལྷ་བཤོས་སྤེལ་མ་བཅུ་གསུམ། བང་རིམ་དྲུག་པར་འབྲུག །གླང་། རྟ། རྐྱང་། དྲེའུ། བོང་བུ། གཙོད། གཡག །ར་ལུག །བྱི་བ། ཤ་བ། དགོ་བ། བང་རིམ་བདུན་པར་སྟག་དང་མདའ་དར་སྤེལ་བ་བཅུ་གསུམ་རེ། ཁོར་ཡུག་ཏུ་རྟ། དྲེའུ། གླང་པོ་སོགས་སྲོག་ཆགས་སྣ་ཚོགས་ལ་ཁལ་བཀལ་བ་དང་། ཕྱེ་སྣ་ཚོགས་ལས་བྱས་པའི་ངར་མི་རྣམས་བཅུ་གསུམ་རེ། འབྲུ་སྣ། ཇ་སྣ། རས་སྣ། དར་སྣ། སྨན་སྣ། ཟས་སྣ། རིན་པོ་ཆེ་སྣ་ལྔ། ལྷོ་རྫས། བྱང་རྫས། སྤོས་སྣ། གསུར་སྣ། མི་རྟ་གླང་སེང་རྨ་བྱ་སོགས་ཀྱིས་གཙོས་པའི་ཤ་སྣའི་རིགས། ཁྲག་སྣ། ར་རྒྱ་བོའི་ཁྲག་མཚལ་བྱ་དམར་པོ། བསེ་བྱད་ཁྲ་བོ་དང་སྔོན་བཏགས་པ། འབྲང་རྒྱས་དབུས་སྐྱུ། ཏིང་ལོ། སྨན་པ། མཁྲིས་པ། བྱ་ནག་སྒོ་ང་། བཀྲ་ཤིས་རྫས་རྟགས་སོགས་ཡས་ཀྱི་རིགས་ཚོགས་ཚད། ལྕགས་རི་ལ་ཕོ་གདོང་། མོ་གདོང་བཅུ་གསུམ་རེ། ཉི་ཟླ་འཇའ་རིས། ཁྲམ་རིས། ཤིང་གྲི་ཡུལ་མཁར་རིས། རྣམ་རྒྱང་། མདའ་འཕང་བཅུ་གསུམ་རེ་འགོད་པ་རྒྱས་པའི་ལུགས་ཡིན་ཅིང་། འབྲིང་ལ་བདུན། བསྔུ་ན་གསུམ་བྱེད་པར་བཤད། ལྕགས་རིའི་ཚབ་ལ་(༣ན)


GLG025_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་ཁྲིད་རྣམ་རྒྱལ་མདའ་འཕང་ཤིང་བྱང་སོགས་བཙུགས་ན་མཛེས་ཤིང་། ཟུར་བཞིར་འཕན་གདུགས། རྒྱལ་མཚན། མི་ལྤགས་ཀྱི་གཡང་གཞི་སོགས་འཛུགས། སྒྲོམ་ཁྲི་མི་བྱེད་ན་ལྕགས་རིའི་ཕྱོགས་མཚམས་གང་འོས་སུ་འཛུགས། མདོས་ཀྱི་གཡས་སུ་ཤ་སྣའི་གཏོར་མར་ཤ་རྫར་དང་། གཡོན་དུ་ཁྲག་སྣ་ཚོགས་ཀྱི་གཏོར་མ་རྒྱན་མེད་གཉིས་ཀར་གྲི་ལམ་དང་དམར་རྩི། གཏོར་ཟོར་ཁྲག་ཟོར་བཤན་པའི་མདའ་ཟོར། ཁྲག་ཟོར་དང་ཡུགས་སའི་མེ་ཟོར་ཁྲག་ཟོར་དང་དམེ་པོའི་རྡོ་ཟོར། ཁྲག་ཟོར་དང་ཡུངས་ཟོར། སྨན་རཀ །ཆུ་གཉིས་སྔོན་དུ་འགྲོ་བའི་ཕྱི་ནང་གི་མཆོད་པ་ཚར་རེ། རྡོ་རྗེ་མཁའ་འགྲོ་ཐད་ཀྱི་གང་འོས་སུ་ཅོག་ཙེའི་སྟེང་དུ་མཁའ་འགྲོ་འབུལ་གཏོར་ལྔ་དཀྱིལ་ནག་མཐའ་དམར་རྒྱན་གང་ལེགས་ཀྱི་མདུན་དུ་གླུད་ཆུང་རེ། བསྒྲུབ་བྱའི་ལུས་སྤོས་ཆུས་བཀྲུས་ལ་འབྲུ་ལྔའི་ཕྱེ་ལ་བརྫིས་པ་ལུས་ཚད་ཙམ་མམ། ཆུང་ན་ཁྲུ་གང་ཙམ། མདོས་གཞུང་གཞན་ནས་འབྱུང་བ་ལྟར་གླུད་རྫས་ནམ་མཁའ་རྒྱང་བུ་ཕོ་གདོང་མོ་གདོང་སོགས་ཚང་པའི་མཐར་གླུད་བྲན་བཅུ་གཉིས་ཀྱིས་བསྐོར་བ། ཁམ་སའི་བུད་མེད་བཞིས་ཟུར་བཞི་ནས་འདེབས་པའི་ཚུལ་བྱེད། དེའི་ཕྱི་རོལ་གྱི་ཤར་དུ་སེང་གདོང་དཀར་མོ། ལྷོར་ཕག་གདོང་སེར་མོ། ནུབ་ཏུ་ཁྱི་གདོང་དམར་མོ། བྱང་དུ་སྤྱང་གདོང་ལྗང་གུ་རྣམས་ཀྱི་ཕྱག་གཡས་ན་གདུགས་དང་། གཡོན་ན་རྒྱལ་མཚན། ཤར་ལྷོ་སྟག་གདོང་མ། ལྷོ་ནུབ་ཏུ་འུག་གདོང་མ། ནུབ་བྱང་དུ་ཁྱི་གདོང་མ། བྱང་ཤར་དུ་ཕག་གདོང་མ་སོ་སོའི་རང་མདོག་གཡས་གླིང་བུ་དང་། གཡོན་(༣བ)


GLG025_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་འཛིན་པས་བསྐོར་བ་རྣམས་སྟན་དཀར་པོའི་སྟེང་དུ་འཇོག །མཁའ་འགྲོ་བརྟན་བཞུགས་ལ་དགོས་པའི་ཕོད་མདའ་དར་ཁ་དོག་སྣ་ལྔ་གང་རུང་རེ་བཏགས་པ། དངུལ་ཕོར་རམ་དཀར་ཡོལ་ཚེ་ཆང་གིས་བཀང་བར་མར་གྱི་ཟེ་པྲོག་སྦྲན་པ་ལྔ། ཕྱེ་མར་ལྔ། ཚེ་དཔག་མེད་ཀྱི་སྐུ། ཚེ་མདོ། པད་སྤུངས། དུང་དཀར། ཕུར་པ། མཁའ་འགྲོ་ལྔ་རྒྱན་དང་ལྡན་པ། དར་ལམ་ཁ་དོག་ལྔ། རྐང་གླིང་། རོལ་མོ། རྡོ་རྗེ་སློབ་དཔོན་གྱི་མདུན་དུ་རྡོར་དྲིལ། ཐོད་རྔ། སྨན་རཀ །གཡབ་དར་སོགས་མཁོ་བའི་ཡོ་བྱད་རྣམས་འདུ་བགྱིས། ཚོགས་ཐ་མ་ཡན་སོང་ནས། བསངས་གཞུང་ལས་བྱུང་བ་ལྟར་སྔགས་དྲུག་ཕྱག་རྒྱ་དྲུག་གིས་མདོས་ཡས་མཆོད་སོགས་ཡོ་བྱད་ཐམས་ཅད་བྱིན་གྱིས་བརླབས་རྗེས། ཧོ། དགོངས་སུ་གསོལ་ནས། མ་མོའི་ཚོགས་རྣམས་གསན་ཅིང་དགོངས་སུ་གསོལ་གྱིས་བར་སོང་ནས། བརྟན་བཞུགས་འབུལ་ཡུལ་གང་ཡིན་ཁྲིར་སྤྱན་དྲངས། མཁའ་འགྲོ་དང་དར་ལམ་བསྒྲིགས། ཞུ་བ་ཞུ་ལན་ཀ་ཐོ་ལྟར་དཔེ་ནང་བཞིན་བཏང་ཐོག་སྟེང་ནས་མཁའ་འགྲོས་གནང་བ་སྦྱིན། རྡོ་རྗེ་སློབ་དཔོན་སོགས་ཀྱི་གླུད་ཅུང་ཟད་འདེགས་པ་དང་བཅས་བསུན་མའི་ཚོགས་རྣམས་ཞེས་སོགས་ཀྱིས་གླུད་བསྔོ། རྡོ་རྗེ་སློབ་དཔོན་གྱིས་གྲི་ཐོགས་ལ་དར་ལམ་རྣམས་རིམ་པར་བཅད་པའི་མཐར་བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད་ཅེས་ཕུད་གཏོར། དར་ལམ་སྡུད་པར་སོ་སོའི་ཚིག་དང་བསྟུན་པའི་གཏོར་མ་གདེང་ཙམ་དང་ཕུད་གཏོར། དར་ལམ་བསྒྱུར་བ་ལ་སོ་སོའི་མཇུག་ཏུ་གསེར་སྐྱེམས་གཏོར་ཞིང་གཏོར་མ་ཕྱིར་དོར། མཁའ་འགྲོ་(༤ན)


GLG025_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ནང་དུ་འོངས་ཏེ་ཚོགས་ལ་རོལ། ཤར་གྱི་གླིང་འདི་ཅིའི་དང་གླིང་ཞེས་སོགས་མཁའ་འགྲོ་སོ་སོའི་བརྟན་བཞུགས་དང་། རྡོ་རྗེ་སློབ་དཔོན་གྱི་སྐུ་འབུལ་བ་སོགས་ལྔ་པོ་སྤེལ་མར་མཛད། དེ་ནས་མདོས་གྱེར་བཟློག་གི་གཞུང་ཕྱག་རྒྱ་སྟོང་ཉིད་ཆེན་པོ་ཞེས་པ་ནས། སྣང་སྲིད་ལྷ་འདྲེའི་ལམ་བསྟན་སྡང་པའི་དགྲ་ལ་བསྟན་གྱི་བར་སོང་རྗེས་གསེར་སྐྱེམས་གཏོར། དེ་དག་གོང་གི་ཚིག་རྣམས་སུ་ཐོད་རྔ། མི་རྐང་། དུང་ཆེན་གསུར་དུད་གཏོང་བ་སོགས་བྱེད་ཐུབ་པ་རྣམས་ཚིག་དང་བསྟུན་སྟེ་མཛད་སྲོལ་འདུག །ལྷག་མ་དང་ཆད་ཐོ་འབུལ། མདོས་དང་ཟོར་རྣམས་རོལ་མོ་དང་བཅས་ཏེ་ཕྱིར་བཏང་། ཚེ་ཆོག་ལ་བརྟེན་པའི་བརྟན་བཞུགས་འབུལ་ལོ། །མཁའ་འགྲོ་བསུན་བཟློག་གི་བཅས་བཤོམས་ཅི་འདོད་རྩེ་དགའ་གསར་གླུ་ཞེས་པའང་ཟ་ཧོར་བནྡེས་བྲིས།། །།སརྦ་མངྒ་ལཾ།


previousམཁའ་འགྲོ་བསུན་བཟློག་གི་བཅས་བཤོམས་ཅི་འདོད་རྩེ་དགའ་གསར་གླུ།next