Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བསུན་བཟློག་གི་ཆོག་སྒྲིགས་འཆི་བདག་གཡུལ་ལས་རྣམ་རྒྱལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབསུན་བཟློག་གི་ཆོག་སྒྲིགས་འཆི་བདག་གཡུལ་ལས་རྣམ་རྒྱལ།next

བསུན་བཟློག་གི་ཆོག་སྒྲིགས་འཆི་བདག་གཡུལ་ལས་རྣམ་རྒྱལ།


GLG025_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

བསུན་བཟློག་གི་ཆོག་སྒྲིགས་འཆི་བདག་གཡུལ་ལས་རྣམ་རྒྱལ་ཞེས་བྱ་བ་བཞུགས་སོ། །


GLG025_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་རྒྱ་མཚོའི་རིགས་བདག་ཐོད་ཕྲེང་རྩལ། །ཟབ་གཏེར་བསྟན་པའི་ཉི་མ་ཆོས་ཀྱི་དབང་། །དྲིན་ཅན་བློ་མཆོག་རྡོ་རྗེར་གུས་བཏུད་ནས། །བསུན་བཟློག་ལག་ལེན་འཁྲུགས་སྡེབས་འདི་ལྟར་རོ། །དེ་ལ་འདིར་མཁའ་འགྲོ་བསུན་བཟློག་གི་ཡི་གེ་གཏེར་ཁ་སྣ་ཚོགས་ནས་བྱུང་བའི་ནང་ཚན་གཏེར་ཁ་འོག་མའི་བླ་མ་སྤྲུལ་སྐུའི་སྒྲུབ་པའི་ལས་ཕྲན་ལས་བྱོན་པའི་བླ་མ་ཞི་བའི་ཆོས་སྡེར་བཞུགས་པ་གཙོ་བོར་བཀོད་པ་ལ་རབ་དཀྱིལ་འཁོར། འབྲིང་མདོས། ཐ་མ་གཏོར་མར་བརྟེན་པའི་རིམ་པ་མཐོང་བ་བརྒྱུད་པའི་ཕྱག་བཞེས་ལས་རྟོགས་པའི་དབང་དུ་བགྱིས་ཏེ་བདག་བསྐྱེད་དཀྱིལ་འཁོར་ལ་བརྟེན་པའི་སྤྲོས་པ་ཆེ་བའམ་བྲིས་ཐང་སྨན་རཀ་གཏོར་གསུམ་ཙམ་ལ་བརྟེན་པ་སོགས་ཇི་ལྟར་ཡང་བླ་མ་ཞི་དྲག་མཁའ་འགྲོ་བཀའ་བརྒྱད་ཀྱི་བྱེ་བྲག་སོགས་ཀྱི་ལས་གཞུང་བསྲང་བ་ནས་ཚོགས་ཐ་མའི་བར་སོང་རྗེས་མདུན་བསྐྱེད་ཀྱི་མཆོད་པ་དང་ཡས་རྣམས་ལ་དམིགས་ནས་སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབས། མདུན་བསྐྱེད་ཀྱི་ལྷ་རྣམས་སྤྱན་དྲང་ཞིང་མཆོད་པ་ནི། ཧོ། དགོངས་སུ་གསོལ། (༢ན)


GLG025_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་པ་མེད་པའི་དབྱིངས་མཐའ་བྲལ་རང་བཞིན་གྱི་ངང་ལས། ཀུན་རྫོབ་སྒྱུ་མ་ལྟ་བུ། ཐུགས་རྗེ་སྤྲུལ་པའི་སྐུ། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་དམ་པ་འདིར། སྤྱན་འདྲེན་བཞུགས་སུ་གསོལ་བ་ནི། བཅོམ་ལྡན་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ །རིགས་ལྔ་ཡབ་ཡུམ་སྲས་དང་བཅས་པ་དང་། །དཔལ་རྡོ་རྗེ་སེམས་དཔའ་དང་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་བཅས་ལ། དགའ་རབ་རྡོ་རྗེ་འཇམ་དཔལ་བཤེས་གཉེན། ཤྲཱི་སིང་ཧ། པདྨ་བཛྲ། ས་ར་ཧ། ཀླུ་སྒྲུབ་སྙིང་པོ། ཨིནྡྲ་བོ་དྷི་ལ་སོགས་རང་བཞིན་གྱི་གྲུབ་ཐོབ་བྱེ་བ་འབུམ་དང་། སངས་རྒྱས་མཁའ་འགྲོ། བཛྲ་རཏྣ་པདྨ་ལོ་ཀ །དྷ་ཀི་ལོ་ཀ ། སརྦ་ཌཱ་ཀི་ལ་སོགས་མཁའ་འགྲོ་བྱེ་བ་འབུམ་དང་། མ་གཅིག་དཔལ་ལྡན་ལྷ་མོ་ནག་མོ་འཁོར་ནག་མོ་བྱེ་བའི་ཚོགས་དང་། མགོན་པོ་ལེགས་ལྡན་སྲིད་པའི་ཕོ་རྒྱུད་དང་བཅས་པ་ཨ་ར་ལིའི་ཚོགས་མ་ལུས་པ་ཐམས་ཅད། ཀེང་རུས་གྲུ་གསུམ་མཐིང་ནག་འབར་བ་འདིར། །སྤྱན་འདྲེན་གཤེགས་ནས་བཞུགས་གསོལ། ཕྱག་འཚལ་ཞིང་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱིས་མཆོད། ཚོགས་(༢བ)


GLG025_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཏོར་མ་འབུལ་ཞིང་། སྡིག་པ་བཤགས། རྗེས་སུ་ཡི་རང་། ཆོས་ཀྱི་འཁོར་ལོ་བསྐོར། བསྐལ་བ་གྲངས་མེད་དུ་མི་འདའ་བར་བཞུགས་སུ་གསོལ། སྐྱབས་གསོལ་བྱང་ཆུབ་ཆེན་པོར་བསྔོ། ཧཱུཾ། བཅོམ་ལྡན་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ༔ ཡུམ་མཆོག་རྡོ་རྗེ་རྣལ་འབྱོར་མ༔ ཞི་བ་ལྷུན་གྲུབ་པདྨ་དང་༔ ཁྲོ་བོ་རྨད་དུ་བྱུང་བ་རྣམས༔ ཞལ་ཟས་ཚོགས་ཀྱི་མཆོད་པ་དང་༔ བྷ་ལིཾ་རྒྱན་གྱི་གཏོར་མ་དང་༔ རྣམ་ལྔའི་མཆོད་པ་འདི་བཞེས་ལཿ སྔགས་འཆང་རྣལ་འབྱོར་སྐུ་ཚེ་སྲིངསཿ དཔའ་བོ་མཁའ་འགྲོའི་བསུན་མ་བཟློག༔ ཧཱུཾ། བཅོམ་ལྡན་བུདྡྷ་ཧེ་རུ་ཀ༔ ཡུམ་མཆོག་བུདྡྷ་ཀྲོ་ཏི་ཤྭ་རི་མ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་དང་༔ བྷ་ལིཾ་རྒྱན་གྱི་གཏོར་མ་དང་༔ རྣམ་ལྔའི་མཆོད་པ་འདི་བཞེས་ལཿ སྔགས་འཆང་རྣལ་འབྱོར་སྐུ་ཚེ་སྲིངསཿ དཔའ་བོ་མཁའ་འགྲོའི་བསུན་མ་བཟློག༔ ཧཱུཾ། བཅོམ་ལྡན་བཛྲ་ཧེ་རུ་ཀ༔ ཡུམ་མཆོག་རྡོ་རྗེ་ཕག་མོར་བཅས༔ ཞལ་ཟས་ཚོགས་ཀྱི་མཆོད་པ་དང་༔ བྷ་ལིཾ་རྒྱན་གྱི་གཏོར་མ་དང་༔ རྣམ་ལྔའི་མཆོད་པ་འདི་བཞེས་ལཿ སྔགས་འཆང་རྣལ་འབྱོར་སྐུ་ཚེ་སྲིངསཿ དཔའ་བོ་མཁའ་འགྲོའི་བསུན་མ་བཟློག༔ ཧཱུཾ། བཅོམ་ལྡན་རཏྣ་ཧེ་རུ་ཀ༔ ཡུམ་མཆོག་རིན་ཆེན་མཁའ་འགྲོ་མ་༔ ཞལ་ཟས་ཚོགས་ཀྱི་མཆོད་པ་དང་༔ བྷ་ལིཾ་རྒྱན་གྱི་གཏོར་མ་དང་༔ རྣམ་ལྔའི་མཆོད་པ་འདི་བཞེས་ལཿ སྔགས་འཆང་རྣལ་འབྱོར་སྐུ་ཚེ་སྲིངསཿ དཔའ་བོ་མཁའ་འགྲོའི་བསུན་མ་བཟློག༔ ཧཱུཾ། བཅོམ་ལྡན་པདྨ་ཧེ་རུ་ཀ༔ ཡུམ་མཆོག་པདྨ་མཁའ་འགྲོ་མ༔(༣ན)


GLG025_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་ཟས་ཚོགས་ཀྱི་མཆོད་པ་དང་༔ བྷ་ལིཾ་རྒྱན་གྱི་གཏོར་མ་དང་༔ རྣམ་ལྔའི་མཆོད་པ་འདི་བཞེས་ལ༔ སྔགས་འཆང་རྣལ་འབྱོར་སྐུ་ཚེ་སྲིངསཿ དཔའ་བོ་མཁའ་འགྲོའི་བསུན་མ་བཟློག༔ ཧཱུཾ། བཅོམ་ལྡན་དཔལ་ཆེན་ཀརྨ་ཧེ་རུ་ཀ༔ ཡུམ་མཆོག་ལས་ཀྱི་མཁའ་འགྲོ་མ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་དང་༔ བྷ་ལིཾ་རྒྱན་གྱི་གཏོར་མ་དང་༔ རྣམ་ལྔའི་མཆོད་པ་འདི་བཞེས་ལཿ སྔགས་འཆང་རྣལ་འབྱོར་སྐུ་ཚེ་སྲིངས༔ དཔའ་བོ་མཁའ་འགྲོའི་བསུན་མ་བཟློག༔ ཧཱུཾ། བཅོམ་ལྡན་མགོན་པོ་ཚེ་དབང་འོད་དཔག་མེད༔ རྡོ་རྗེ་སེམས་དཔའ་ཐུགས་ཀྱི་ལྷ༔ རིན་ཆེན་འབྱུང་གནས་ཡོན་ཏན་མཛོད༔ རྣལ་འབྱོར་དམ་ཚིག་སྐུ་ཡི་གཏེར༔ དོན་ཡོད་གྲུབ་པ་འཕྲིན་ལས་བདག༔ ཕྱོགས་བཅུར་སངས་རྒྱས་ཐམས་ཅད་དང་༔ བྱང་ཆུབ་སེམས་དཔའ་ཆེན་པོའི་ཚོགས༔ ཞི་ཁྲོ་རྒྱལ་བ་རྒྱ་མཚོ་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་དང་༔ བྷ་ལིཾ་རྒྱན་གྱི་གཏོར་མ་དང་༔ རྣམ་ལྔའི་མཆོད་པ་འདི་བཞེས་ལ༔ སྔགས་འཆང་རྣལ་འབྱོར་སྐུ་ཚེ་སྲིངས༔ དཔའ་བོ་མཁའ་འགྲོའི་བསུན་མ་བཟློག༔ ཧཱུཾ། རྡོ་རྗེ་སེམས་དཔའ་དགའ་རབ་རྡོ་རྗེ་དང་༔ འཇམ་དཔལ་བཤེས་གཉེན་ཤྲཱི་སིང་ཧ་དང་༔ པདྨ་བཛྲ་ས་ར་ཧ་བ་དང་༔ ཨིནྡྲ་བོ་དྷི་ལ་སོགས་དང་༔ ཇི་སྙེད་བྱེ་བ་འབུམ་གྱི་ཚོགས་བཅས་རྣམས༔ གདན་པདྨ་འདི་རུ་བཞུགས་སུ་གསོལ༔ སྔགས་འཆང་བདག་ལ་བྱིན་གྱིས་རློབས༔ ཞལ་ཟས་ཚོགས་ཀྱི་མཆོད་པ་དང་༔ བྷ་ལིཾ་རྒྱན་གྱི་གཏོར་མ་དང་༔(༣བ)


GLG025_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ལྔའི་མཆོད་པ་འདི་བཞེས་ལཿ སྔགས་འཆང་རྣལ་འབྱོར་སྐུ་ཚེ་སྲིངསཿ དཔའ་བོ་མཁའ་འགྲོའི་བསུན་མ་བཟློག༔ ཧཱུཾ། སངས་རྒྱས་བསྟན་པ་བསྲུང་མཛད་པའི༔ ཧེ་རུ་ཀ་ཡི་བཀའ་ཉན་དང་༔ ས་བརྒྱད་ནོན་པའི་སྲུང་མ་སྟེ༔ མ་གཅིག་ལྷ་མོ་ནག་མོ་ལ༔ སྲིད་གསུམ་ནག་མོའི་ཚོགས་ཀྱིས་བསྐོར༔ བྱང་ཤར་མཚམས་ནས་སྤྱན་འདྲེན་ནོ༔ རྫུ་འཕྲུལ་སྟོབས་ཀྱིས་གཤེགས་སུ་གསོལ༔ ནད་དང་རིམས་ཀྱི་བདག་མོ་ཁྱོད༔ མཐུ་སྟོབས་རྫུ་འཕྲུལ་བསམ་མི་ཁྱབ༔ ནག་མོ་བྱེ་བ་འབུམ་གྱིས་བསྐོར༔ མོ་རྒྱུད་ཆོས་ཀྱི་སྲུང་མ་རྣམས༔ བསུན་མ་བཟློག་ཕྱིར་གཤེགས་སུ་གསོལ༔ ཧཱུཾ། དུས་གསུམ་སངས་རྒྱས་བསྟན་པ་བསྲུང་༔ ལེགས་ལྡན་ནག་པོ་མགོན་པོ་སྟེ༔ མ་ཧཱ་ཀཱ་ལ་མཐུ་སྟོབས་ཅན༔ ནག་པོ་སྟོང་གི་ཚོགས་ཀྱིས་བསྐོར༔ ཤ་ཟ་འབུམ་ནི་ཕོ་ཉར་འགྱེད༔ མ་མོ་བྱེ་བ་ལས་ལ་འཁོལ༔ ལྷ་བདུད་དམག་དཔོན་མཐུ་སྟོབས་ཅན༔ དུར་ཁྲོད་གནས་ནས་གཤེགས་སུ་གསོལ༔ ཕོ་རྒྱུད་ཆོས་སྐྱོང་སྲུང་མ་རྣམས༔ མ་ཧཱ་ཀཱ་ལའི་བཀའ་བྱུང་གི༔ བསུན་མ་བཟློག་ཕྱིར་གཤེགས་སུ་གསོལ༔ ཧཱུཾ། སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨྱོན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ བྲན་དུ་ལྷ་སྲིན་སྡེ་བརྒྱད་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ རྣལ་འབྱོར་བདག་ལ་དབང་ཞིག་བསྐུར༔ བྱིན་(༤ན)


GLG025_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་མཐུ་ཡི་དངོས་གྲུབ་སྩོལ༔ དཔའ་བོ་མཁའ་འགྲོའི་བསུན་མ་བཟློག༔ ཀྱེ། ཡེ་ཤེས་དབྱིངས་ཀྱི་ཕོ་བྲང་ནས༔ ཡེ་ཤེས་མཁའ་འགྲོ་སྤྱན་འདྲེན་གཤེགས་སུ་གསོལ༔ གཉིས་མེད་མཁའ་ལྟར་དག་པའི་ཕོ་བྲང་ནས༔ མ་དང་མཁའ་འགྲོ་སྤྱན་འདྲེན་གཤེགས་སུ་གསོལ༔ མི་མངོན་དབྱིངས་ཀྱི་ཕོ་བྲང་ནས༔ དབྱིངས་ཀྱི་མཁའ་འགྲོ་གཤེགས་སུ་གསོལ༔ མཁའ་སྤྱོད་རྣམ་དག་གཞལ་ཡས་ནས༔ ལས་ཀྱི་མཁའ་འགྲོ་གཤེགས་སུ་གསོལ༔ འདོད་དགུ་ལྷུན་གྱིས་གྲུབ་པའི་ཕོ་བྲང་ནས༔ རིགས་ཀྱི་མཁའ་འགྲོ་ཡབ་ཡུམ་གཤེགས་སུ་གསོལ༔ དྲག་པོ་ཨེ་ཡི་གཞལ་ཡས་ནས༔ འཇིག་རྟེན་མཁའ་འགྲོ་གཤེགས་སུ་གསོལ༔ ཐོད་མཁར་འབར་བའི་གཞལ་ཡས་ནས༔ གིང་ཆེན་གིང་ཆུང་ལ་སོགས་ཏེ༔ དུར་ཁྲོད་བདག་པོ་སྤྱན་འདྲེན་གཤེགས་སུ་གསོལ༔ ཡེ་ཤེས་མཁའ་འགྲོ་གསན་ཅིང་དགོངས་སུ་གསོལ༔ མ་དང་མཁའ་འགྲོ་གསན་ཅིང་དགོངས་སུ་གསོལ༔ དབྱིངས་ཀྱི་མཁའ་འགྲོ་གསན་ཅིང་དགོངས་སུ་གསོལ༔ ལས་ཀྱི་མཁའ་འགྲོ་གསན་ཅིང་དགོངས་སུ་གསོལ༔ རིགས་ཀྱི་མཁའ་འགྲོ་གསན་ཅིང་དགོངས་སུ་གསོལ༔ འཇིག་རྟེན་མཁའ་འགྲོ་གསན་ཅིང་དགོངས་སུ་གསོལ༔ ཤ་ཟའི་མཁའ་འགྲོ་གསན་ཅིང་དགོངས་སུ་གསོལ༔ གིང་ཆེན་གིང་ཆུང་ལ་སོགས་གསན་ཅིང་དགོངས་སུ་གསོལ༔ དུར་ཁྲོད་བདག་པོ་འཁོར་བཅས་གསན་ཅིང་དགོངས་སུ་གསོལ༔ རིགས་ལྔའི་མཁའ་འགྲོ་གསན་ཅིང་དགོངས་སུ་གསོལ༔ དམ་ཚིག་མཁའ་(༤བ)


GLG025_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་གསན་ཅིང་དགོངས་སུ་གསོལ༔ བསྟན་སྲུང་མ་མགོན་གསན་ཅིང་དགོངས་སུ་གསོལ༔ མ་མོའི་ཚོགས་རྣམས་གསན་ཅིང་དགོངས་སུ་གསོལ༔ ༼ཀ༽ཞེས་མདུན་བསྐྱེད་གསལ་བཏབ་ཅིང་མཆོད་ནས་མཁའ་འགྲོའི་ཞུ་བ་དང་གནང་བ་བྱིན་པ་ལོགས་སུ་གསལ༔ ཞུ་ལན་ནི། རྡོ་རྗེ་སློབ་དཔོན་སོགས་ཀྱི་འདི་སྐད་དོ། །ཀྱེ། མཁའ་འགྲོའི་ཚོགས་རྣམས་སྙན་གསོན་དང་༔ རིགས་བཟང་ལྷ་ཡི་སྐྱེས་བུ་འདི༔ ཁྱེད་མཁའ་འགྲོའི་ཡུལ་དེར་ངེད་མི་གཏོང་༔ མཁའ་འགྲོའི་ཡུལ་ལས་སྡུག་པ་མེད༔ འཇའ་ཚོན་གུར་ཕུབ་ལེགས་རྒྱུ་མེད༔ ཡང་དག་བརྩིས་ན་ཡལ་ནས་འགྲོ༔ གཉིས་མེད་མཁའ་ལྟར་དག་པའི་ཕོ་བྲང་དེར༔ མེ་ཏོག་ཆར་རྒྱུན་འབབ་པ་ཡང་༔ ཡང་དག་བརྩིས་ན་ཡལ་རྒྱུ་ཡིན༔ མི་མངོན་དབྱིངས་ཀྱི་ཕོ་བྲང་ན༔ རིན་ཆེན་གསེར་གྱི་ལྡིང་ཁང་ཡང་༔ ཡང་དག་བརྩིས་ན་ཞིག་རྒྱུ་ཡིན༔ མཁའ་འགྲོ་བདེ་ཆེན་ཕོ་བྲང་ན༔ མཁའ་འགྲོའི་འདུ་ཚོགས་མང་པོ་ཡང་༔ ཚོགས་དཔོན་དབྱིངས་ནས་བྱེར་རྒྱུ་ཡིན༔ ཁྱེད་མཁའ་འགྲོའི་ཡུལ་ལས་སྡུག་པ་མེད༔ རིགས་བཟང་ལྷ་ཡི་དཔའ་བོ་འདི༔ ཁྱེད་མཁའ་འགྲོའི་ཡུལ་དུ་མི་གཏོང་ཁྱེད་རང་གཤེགས༔ ༼ཁ༽ཀྱེ། མཁའ་འགྲོའི་ཚོགས་རྣམས་སྙན་གསོན་དང་༔ འདོད་དགུ་ལྷུན་གྱིས་གྲུབ་པའི་ཕོ་བྲང་ན༔ ཡིད་འོང་གཏེར་གྱི་ལོངས་སྤྱོད་ཀྱང་༔ ཡང་དག་བརྩིས་ན་སྒྱུ་མ་ཡིན༔ དྲག་པོ་ཨེ་ཡི་གཞལ་ཡས་ཀྱི༔ ཐོད་པའི་སྐུ་མཁར་བརྩེགས་ལེགས་ཀྱང་༔ ཡང་དག་བརྩིས་ན་ཞེ་སྡང་ཡིན༔ མི་ལྤགས་བླ་བྲེ་ཡོལ་པ་ཡང་༔ ཡང་དག་བརྩིས་ན་གཏི་མུག་ཡིན༔ ཚིལ་ཆེན་མར་མེ་(༥ན)


GLG025_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་གསལ་ཡང་༔ ཡང་དག་བརྩིས་ན་ཕྲག་དོག་ཡིན༔ ཤ་ཆེན་གཏོར་མ་སྤུངས་པ་ཡང་༔ ཡང་དག་བརྩིས་ན་ང་རྒྱལ་ཡིན༔ རཀྟའི་མཚོ་མོ་འཁྱིལ་བ་ཡང་༔ ཡང་དག་བརྩིས་ན་འདོད་ཆགས་ཡིན༔ རུས་པའི་རྒྱན་ཆ་མང་པོ་ཡང་༔ ཡང་དག་བརྩིས་ན་གནད་མེད་ཡིན༔ ཚིལ་ཆེན་དྲི་གསུར་མནམ་པ་ཡང་༔ ཡང་དག་བརྩིས་ན་ཞིམ་རྒྱུ་མེད༔ དྲི་ཞིམ་སྤོས་དུད་སྣ་ཚོགས་ཀྱང༔ ཡང་དག་བརྩིས་ན་ན་བུན་ཡིན༔ ཁྱེད་མཁའ་འགྲོའི་ཡུལ་ལས་སྡུག་པ་མེད༔ མཁའ་འགྲོའི་ཡུལ་ལས་ངན་པ་མེད༔ མཁའ་འགྲོའི་ཡུལ་དེ་དགའ་རྒྱུ་མེད༔ མཁའ་འགྲོའི་ཡུལ་དེ་སྤྲོ་རྒྱུ་མེད༔ ངེད་བོད་ཀྱི་ཡུལ་ལས་དགའ་བ་མེད༔ བོད་ཀྱི་ཡུལ་ལས་སྐྱིད་པ་མེད༔ ཅི་བསམ་དངོས་སུ་འགྲུབ་པ་ཡོད༔ ཟས་ནོར་ལོངས་སྤྱོད་བྱས་པས་ཆོག༔ དུངས་པ་ཡིད་ཀྱིས་བླངས་པས་ཆོག༔ རིགས་བཟང་ལྷ་ཡི་སྐྱེས་བུ་འདི༔ ཁྱེད་མཁའ་འགྲོའི་ཡུལ་དེར་ངེད་མི་གཏོང་༔ རྒྱན་གྱི་གཏོར་མ་འདི་བཞེས་ལས༔ རང་རང་གནས་སུ་ད་གཤེགས་ཤིག༔ ༼ག༽ཀྱེ། དཔའ་བོ་མཁའ་འགྲོའི་ཚོགས་རྣམས་སྙན་གསོན་དང་༔ དུར་ཁྲོད་དབྱིངས་ཀྱི་ཕོ་བྲང་ན༔ དཔའ་བོའི་བྲོ་བརྡུང་མཚར་རྒྱུ་མེད༔ དཔའ་མོའི་གར་བྱེད་ལེགས་རྒྱུ་མེད༔ བྱ་ངང་པའི་སྐད་དེ་སྙན་རྒྱུ་མེད༔ ངུར་པའི་སྐད་ལ་སྤྲོ་རྒྱུ་མེད༔ དར་དཀར་རྒྱལ་མཚན་ལེགས་རྒྱུ་མེད༔ དར་ནག་རུ་མཚོན་འཇིགས་རྒྱུ་མེད༔ རྐང་གླིང་སྨྱུག་གླིང་སྙན་རྒྱུ་མེད༔ གསེར་གྱི་ཉི་མ་དྲོ་རྒྱུ་མེད༔ དུང་གི་ཟླ་བ་དཀར་རྒྱུ་མེད༔ སྐར་ཕྲན་ཚོམ་བུ་ལེགས་རྒྱུ་མེད༔ ཁྱེད་མཁའ་འགྲོའི་ཡུལ་དེ་སྐྱིད་རྒྱུ་མེད༔ མཁའ་འགྲོའི་(༥བ)


GLG025_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་དུ་དགའ་རྒྱུ་མེད༔ རྒྱན་གྱི་གཏོར་མ་འདི་བཞེས་ལས༔ དེ་བས་ཁྱེད་རང་གཤེགས་པ་ཞུ༔ ༼ང༽ཀྱེ། མཁའ་འགྲོའི་ཚོགས་རྣམས་སྙན་གསོན་དང་༔ ཁྱེད་ཨྱོན་ཡུལ་ན་ཡ་མཚན་པ༔ བདུད་རྩིའི་རྒྱ་མཚོ་ཆེ་བ་ཡང་༔ ཡང་དག་བརྩིས་ན་ཞིམ་རྒྱུ་མེད༔ བདུད་རྩིའི་ཟས་ཀྱི་ལོངས་སྤྱོད་ཀྱང་༔ ཡང་དག་བརྩིས་ན་འཕེལ་རྒྱུ་མེད༔ ཡེ་ཤེས་དབྱིངས་ཀྱི་ཕོ་བྲང་དེར༔ ཐེངས་གཅིག་བཞུགས་པ་སྐྱིད་རྒྱུ་མེད༔ མེ་ཏོག་མནྡ་ར་བ་དེ༔ ལན་ཅིག་མཐོང་བས་དགའ་རྒྱུ་མེད༔ མཛེས་པའི་ཡིད་འོང་སྣ་ཚོགས་ཀྱང་༔ སྐད་ཅིག་དྲན་པས་དགའ་རྒྱུ་མེད༔ ཁྱེད་མཁའ་འགྲོའི་ཡུལ་ལས་སྡུག་པ་མེད༔ འཐབ་རྩོད་གནས་ལས་ཐར་དུས་མེད༔ ཤ་ཆེན་ཟས་ཀྱང་ཞིམ་རྒྱུ་མེད༔ རཀྟའི་མཚོ་མོ་ཞིམ་རྒྱུ་མེད༔ རིགས་བཟང་ལྷ་ཡི་སྐྱེས་བུ་འདི༔ ཁྱེད་མཁའ་འགྲོའི་ཡུལ་དེར་མི་གཏོང་ངོ་༔ རིན་ཆེན་དངུལ་གྱི་སྐུ་མཁར་ལ༔ ཁ་བད་དུང་ལས་བྱས་པ་ཡང་༔ ཡང་དག་བརྩིས་ན་འདུས་བྱས་ཡིན༔ རིན་ཆེན་ཟངས་ཀྱི་སྐུ་མཁར་དེ༔ བྱུ་རུ་ཁ་བད་བྱས་ན་ཡང་༔ བལྟས་པས་ངོ་མཚར་ཆེ་རྒྱུ་མེད༔ ཁྱེད་ཨྱོན་ཡུལ་ལ་སྨོན་རྒྱུ་མེད༔ ངེད་བོད་ཀྱི་ཡུལ་ལས་དགའ་བ་མེད༔ ཅི་བྱེད་རང་དབང་ཐོབ་པས་སྐྱིད༔ རིགས་བཟང་ལྷ་ཡི་སྐྱེས་བུ་འདི༔ ཁྱེད་མཁའ་འགྲོའི་ཡུལ་དུ་མི་གཏོང་ངོ་༔ རྒྱན་གྱི་གཏོར་མ་འདི་བཞེས་ལ༔ རང་རང་གནས་སུ་ད་བཞུད་ཅིག༔ ༼ཅ༽ཀྱེ། མཁའ་འགྲོའི་ཚོགས་རྣམས་སྙན་གསོན་དང་༔ བྱ་རིགས་སྐད་སྙན་འདི་ན་ཡོད༔ གཅན་གཟན་སྣ་ཚོགས་འདི་ན་ཡོད༔ རྒྱན་ཆ་སྣ་ཚོགས་འདི་ན་ཡོད༔ ཐོད་པ་ལྟག་སྤྲོད་འདི་ན་ཡོད༔ དུང་ཆེན་(༦ན)


GLG025_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་གླིང་འདི་ན་ཡོད༔ སིལ་སྙན་སྒྲ་སྙན་འདི་ན་ཡོད༔ ཡིད་འོང་དཀོར་མཛོད་འདི་ན་ཡོད༔ ཁྱེད་མཁའ་འགྲོའི་ཡུལ་ལ་སྨོན་རྒྱུ་མེད༔ ཁྱེད་མཁའ་འགྲོའི་ཡུལ་དེར་ངེད་མི་འགྲོ༔ རིགས་བཟང་ལྷ་ཡི་སྐྱེས་བུ་འདི༔ དཔའ་བོའི་ཕོ་ཉ་བྱེད་མི་ཁོམ༔ དཔའ་མོའི་ཚོགས་དཔོན་བྱེད་མི་ཁོམ༔ ཁྱེད་མཁའ་འགྲོའི་ཡུལ་དེར་ངེད་མི་གཏོང་༔ རྒྱན་གྱི་གཏོར་མ་འདི་བཞེས་ལ༔ ཁྱེད་རང་གནས་སུ་ད་བཞུད་ཅིག༔ ༼ཆ༽ཀྱེ། དཔའ་བོ་མཁའ་འགྲོའི་ཚོགས་རྣམས་སྙན་གསོན་དང་༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ ཤ་ཁྲག་རུས་པའི་གླུད་བཟང་འབུལ༔ རིན་ཆེན་འབྲུ་ཡི་ཕྱེ་དཀར་ལ༔ གཞི་མདོ་གཙང་མའི་ཆུ་ཡིས་བྲན༔ དྲག་པོའི་གཏོར་མ་ཟུར་གསུམ་བཅོས༔ དམར་ཚོགས་ཤ་རུས་རི་ལྟར་སྤུངས༔ བདུད་རྩི་སྨན་གྱི་རྒྱ་མཚོ་དང་༔ དར་ཚོན་སྣ་ལྔའི་རྒྱན་གྱིས་བརྒྱན༔ མཚན་ལྡན་ཤུག་པའི་བྱང་བུ་ལ༔ བྱ་བཟང་དཀར་མོའི་སྤུ་ཡིས་བརྒྱན༔ འདོད་ཡོན་ལྔ་རུ་བྱིན་གྱིས་བརླབས༔ དཔའ་བོ་མཁའ་འགྲོའི་ཚོགས་ལ་གླུད་དུ་འབུལ༔ མཉེས་ཤིང་ཚིམ་པར་མཛད་དུ་གསོལ༔ ཚེ་ཡི་དུས་ལ་བབས་ན་ཡང་༔ ལོ་གསུམ་བར་དུ་བཤོལ་ཐོབ་ཅིག༔ རྐྱེན་ངན་ཐམས་ཅད་བཟློག་ཏུ་གསོལ༔ གླུད་འདི་བཞེས་ལ་དགྱེས་པར་མཛོད༔ བུ་ལོན་ལན་ཆགས་བྱང་བར་མཛོད༔ ཕྱིན་ཆད་གནོད་པ་མ་བྱེད་ཅིག༔ ༼ཇ༽སྔོན་གྱི་བསུན་མ་རྣམས་ལ། ཀྱེ། བསུན་མའི་ཚོགས་རྣམས་སྙན་གསོན་དང་༔ སངས་རྒྱས་དགོངས་པ་ལས་བྱུང་བའི༔ སྐུ་གླུད་རིན་ཆེན་རྒྱན་ཅན་འདི༔ མཁའ་དང་དབྱིངས་ལས་འདས་པ་མེད༔ (༦བ)


GLG025_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་དཔེས་རབ་བརྒྱན་གཟི་བརྗིད་འབར༔ རྡོ་རྗེ་འཆང་དང་ཞལ་མི་གཉིས༔ ཡོན་བདག་འདི་ཡི་སྐུ་ཚད་ཡིན༔ ངོ་མཚར་ཅན་གྱི་གླུད་འདི་འབུལ༔ རྒྱུ་སྦྱོར་ཡོན་བདག་ཆེ་གེ་ཡི༔ འགྲོ་དོན་བསྟན་པ་རྒྱས་པ་དང་༔ སེམས་ཅན་མྱང་འདས་དབྱིངས་སུ་བཀོད༔ ཇི་སྲིད་འཁོར་བ་མ་སྟོངས་བ༔ གཟུགས་སྐུ་ཡུལ་འདིར་བཞུགས་པར་ཞུ༔ མཁའ་འགྲོའི་དར་ལམ་གཅོད་པ་ནི༔ དཔལ་ལྡན་བླ་མ་འདི་ཉིད་ཀྱི། རྒྱལ་པོ་སོགས་སྐྱེ་བོ་མཆོག་དམན་རྣམས་སྐབས་ཐོབ་སྦྱར། ལག་ཏུ་གྲི་ཐོགས་ལ་འདི་སྐད་དོ། ཧཱུཾ། ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ༔ རྡོ་རྗེ་གདན་ནས་སྐུ་བསྐྱོད་ལ༔ དཀར་མོ་དུང་གི་ཐོར་ཚུགས་ཅན༔ གནས་བཟང་དུར་ཁྲོད་ཉམས་རེ་དགའཿ གོས་བཟང་གཡང་གཞི་བརྗིད་རེ་ཆེ༔ སྐྱོགས་བཟང་བྷན་དྷ་མཚན་རེ་བཟང་༔ སྐྱེམས་བཟང་རཀྟ་བཅུད་རེ་ཆེ༔ ཟས་བཟང་མཾ་ས་རོ་རེ་བདའ༔ དམ་ཚིག་བསྲུང་ཞིང་མཁའ་ལ་འགྲོ༔ ཕྱག་ན་ཤེལ་གྱི་རལ་གྲི་བསྣམས༔ ཤར་ཕྱོགས་དར་ལམ་དཀར་པོ་ཆོད༔ ཧཱུཾ། ལྷོ་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ༔ སེར་མོ་གསེར་གྱི་ཐོར་ཚུགས་ཅན༔ དུར་ཁྲོད་གནས་ནས་སྐུ་བསྐྱོད་ལ༔ གནས་བཟང་དུར་ཁྲོད་ཉམས་རེ་དགའ༔ གོས་བཟང་གཡང་གཞི་བརྗིད་རེ་ཆེ༔ སྐྱོགས་བཟང་བྷན་དྷ་མཚན་རེ་བཟང་༔ སྐྱེམས་བཟང་རཀྟ་བཅུད་རེ་ཆེ༔ ཟས་བཟང་མཾ་ས་རོ་རེ་བདའ༔ དམ་ཚིག་བསྲུང་ཞིང་མཁའ་ལ་འགྲོ༔ ཕྱག་ན་གསེར་གྱི་རལ་གྲི་བསྣམས༔ ལྷོ་ཡི་དར་ལམ་སེར་པོ་ཆོད༔ ཧཱུཾ། ནུབ་ཕྱོགས་པདྨ་རིགས་ཀྱི་མཁའ་འགྲོ་མ༔ དམར་མོ་ཟངས་ཀྱི་ཐོར་ཚུགས་ཅན༔ དུར་ཁྲོད་གནས་ནས་སྐུ་(༧ན)


GLG025_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱོད་ལ༔ གནས་བཟང་དུར་ཁྲོད་ཉམས་རེ་དགའ༔ གོས་བཟང་གཡང་གཞི་བརྗིད་རེ་ཆེ༔ སྐྱོགས་བཟང་བྷན་དྷ་མཚན་རེ་བཟང་༔ སྐྱེམས་བཟང་རཀྟ་བཅུད་རེ་ཆེ༔ ཟས་བཟང་མཾ་ས་རོ་རེ་བདའ་༔ དམ་ཚིག་བསྲུང་ཞིང་མཁའ་ལ་འགྲོ༔ ཕྱག་ན་ཟངས་ཀྱི་རལ་གྲི་བསྣམས༔ ནུབ་ཀྱི་དར་ལམ་དམར་པོ་ཆོད༔ ཧཱུཾ། བྱང་ཕྱོགས་ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ༔ སྔོན་མོ་གཡུ་ཡི་ཐོར་ཚུགས་ཅན༔ དུར་ཁྲོད་གནས་ནས་སྐུ་བསྐྱོད་ལ༔ གནས་བཟང་དུར་ཁྲོད་ཉམས་རེ་དགའ༔ གོས་བཟང་ཞིང་ཆེན་བརྗིད་རེ་ཆེ༔ སྐྱོགས་བཟང་བྷན་དྷ་མཚན་རེ་བཟང་༔ སྐྱེམས་བཟང་རཀྟ་བཅུད་རེ་ཆེ༔ ཟས་བཟང་མཾ་ས་རོ་རེ་བདའ༔ དམ་ཚིག་བསྲུང་ཞིང་མཁའ་ལ་འགྲོ༔ ཕྱག་ན་གཡུ་ཡི་རལ་གྲི་ཐོགས༔ བྱང་གི་དར་ལམ་སྔོན་པོ་ཆོད༔ ཧཱུཾ། དབུས་ཕྱོགས་བུདྡྷ་རིགས་ཀྱི་མཁའ་འགྲོ་མ༔ སྨུག་མོ་མཆོང་གི་ཐོར་ཚུགས་ཅན༔ དུར་ཁྲོད་གནས་ནས་སྐུ་བསྐྱོད་ལ༔ གནས་བཟང་དུར་ཁྲོད་ཉམས་རེ་དགའ༔ གོས་བཟང་ཞིང་ཆེན་བརྗིད་རེ་ཆེ༔ སྐྱོགས་བཟང་བྷན་དྷ་མཚན་རེ་བཟང་༔ སྐྱེམས་བཟང་རཀྟ་བཅུད་རེ་ཆེ༔ ཟས་བཟང་མཾ་ས་རོ་རེ་བདའ༔ དམ་ཚིག་བསྲུང་ཞིང་མཁའ་ལ་འགྲོ༔ ཕྱག་ན་མཆོང་གི་རལ་གྲི་ཐོགས༔ དབུས་ཀྱི་དར་ལམ་སྣ་ལྔ་ཆོད༔ ཁྱེད་ཅག་གཞན་དང་མི་འདྲ་ཡི༔ ཁྱེད་ཅག་གཞན་དང་འདྲ་རྒྱུ་ལ༔ སྔོན་ཚེ་དཔལ་གྱི་དམ་མནོས་པས༔ དཔལ་གྱི་གཏོར་ལེན་སྲུང་མ་ཡིན༔ དེ་ནས་སློབ་དཔོན་པདྨ་ཡིས༔ དམ་ལ་བཏགས་པའི་གཏོར་ལེན་ཡིན༔ ད་ལྟ་རྣལ་འབྱོར་(༧བ)


GLG025_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་གིས༔ ཐུགས་ལ་བཏགས་པའི་གཏོར་ལེན་ཡིན༔ བཀའ་ལ་བཏགས་སོ་བཀའ་རྟགས་ཀྱིས༔ དམ་ལ་བཏགས་སོ་དམ་ཚིག་སྐོངས༔ ཐུགས་ལ་བཏགས་སོ་ཐུགས་དམ་བཞེས༔ མདོས་དང་གཏོར་མ་འདི་བཞེས་ལ༔ མཁའ་འགྲོའི་དར་ལམ་བརྐྱང་བ་ཆོད༔ ནད་སྣ་རིམས་སྣ་དགྲ་ལ་སྒྱུར༔ བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ ཅེས་བརྗོད། ཕུད་གཏོར་ལ་དར་ལམ་བཅད་དོ༔ ས་མ་ཡ། རྒྱ་རྒྱ་རྒྱ། དེ་ནས་དར་ལམ་སྡུད་པ་ལ༔ ལག་ཏུ་གསེར་སྐྱེམས་ཐོགས་ལ་འདི་སྐད་དོ༔ ཧཱུཾ། ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ༔ མི་སྡུག་སྤྲུལ་པའི་གཟུགས་སྟོན་ཅིང་༔ སྐྱེ་འགྲོ་དམ་ཚིག་ཉམས་ཆགས་ཤོར༔ ཁྱེད་ཀྱི་བཀའ་ཆད་བར་ཆད་བཏང་༔ གཟུང་འཛིན་དར་གྱི་ཐག་པ་བཏགས༔ ཆོ་འཕྲུལ་བཀའ་ཆད་མ་བཏང་བར༔ ཕུད་དང་གཏོར་མ་འདི་བཞེས་ལ༔ ཤར་ཕྱོགས་དར་ལམ་དཀར་པོ་སྡུས༔ ཤར་གྱི་དལ་ཁ་བསྒྱུར་དུ་གསོལ༔ ཧཱུཾ། ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ༔ མི་སྡུག་སྤྲུལ་པ་ཅིར་ཡང་སྟོན༔ སྐྱེ་འགྲོ་ཡོངས་ལ་ནད་ཆར་འབེབས༔ དམ་ཚིག་སྤང་བླང་ཤོར་བ་ལ༔ ནད་རིགས་གདུག་པ་སྣ་ཚོགས་བཏང་༔ གཟུང་འཛིན་དར་གྱི་མདུད་པས་བཅིངས༔ ཕུད་དང་གཏོར་མ་འདི་བཞེས་ལ༔ ལྷོ་ཕྱོགས་དར་ལམ་སེར་པོ་སྡུས༔ ནད་ཁ་རིམས་ཁ་ཕྱི་ལ་སྒྱུར༔ ལྷོ་ཡི་དལ་ཁ་བསྒྱུར་དུ་གསོལ༔ ཧཱུཾ། ནུབ་ཕྱོགས་པདྨ་རིགས་ཀྱི་མཁའ་འགྲོ་མ༔ ཐུགས་ཀྱི་སྤྲུལ་པ་སྣ་ཚོགས་སྟོན༔ ཉམས་ཆགས་ཤོར་བའི་གང་ཟག་ལ༔ འཐིབས་ནད་སྨྱོ་བའི་ནད་ཀྱང་བཏང་༔ དར་གྱི་མདུད་(༨ན)


GLG025_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

པ་དམ་པོས་བཅིངས༔ རི་ལྟར་སྤུངས་པའི་གཏོར་མ་བཞེས༔ བར་གཅོད་བདུད་དུ་མ་འབབ་པར༔ ནུབ་ཕྱོགས་དར་ལམ་དམར་པོ་བསྡུས༔ བར་ཆད་རྐྱེན་ངན་བཟློག་ཏུ་གསོལ༔ ཧཱུཾ། བྱང་ཕྱོགས་ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ༔ ཁྲོས་པའི་ཆ་ལུགས་ཅིར་ཡང་སྟོན༔ དམ་ཚིག་གཉན་པོ་ཉམས་པ་ལ༔ བྱིངས་རྨུགས་ལྐུགས་པའི་ནད་ཀྱང་བཏང་༔ དར་གྱི་རྒྱ་མདུད་ཐེག་པ་བཏགས༔ འབྱོར་པར་བཤམས་པའི་མཆོད་པ་བཞེས༔ བྱང་ཕྱོགས་དར་ལམ་སྔོན་པོ་སྡུས༔ བདུད་མོའི་ཆོ་འཕྲུལ་དགྲ་ལ་སྒྱུར༔ ཧཱུཾ། དབུས་སུ་བུདྡྷ་རིགས་ཀྱི་མཁའ་འགྲོ་མ༔ ཡེ་ཤེས་ཐུགས་ལ་རྟོག་པ་མི་མངའ་ཡང་༔ སྐུ་ཡི་སྤྲུལ་པ་ཕྱོགས་བཅུར་འགྱེད༔ སེམས་ཅན་སྐྱེ་འགྲོ་ཉོན་མོངས་ལ༔ གདུག་པའི་དམུགས་གཟའ་བྱིང་འཐིབས་བཏང་༔ དར་གྱི་ཐག་པ་བཏགས་པ་འདི༔ ཕུན་སུམ་ཚོགས་པའི་བཀའ་གཏོར་འབུལ༔ མཁའ་འགྲོའི་བཀའ་ཆད་མ་འབེབས་ཤིག༔ དར་ཐག་རིན་ཆེན་སྣ་ལྔ་སྡུས༔ བར་ཆད་ཆོ་འཕྲུལ་ཕྱི་ལ་སྒྱུར༔ ཞེས་དར་ལམ་སྡུད་པར་བྱ་བའི་ཏི་ཀའོ༔ དེ་ནས་ཕུད་ཐོགས་ལ༔ དར་ལམ་བསྒྱུར་པར་བྱ་སྟེ༔ བྷྱོ༔ ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ༔ ཕུད་དང་གཏོར་མ་འདི་བཞེས་ཤིག༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ བར་ཆད་སོལ་ལ་དངོས་གྲུབ་སྩོལ༔ དར་ལམ་བརྐྱང་བ་ད་སྒྱུར་ཞིག༔ བྷྱོ༔ ལྷོ་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ༔ ཕུད་དང་གཏོར་མ་འདི་བཞེས་ཤིག༔ དངོས་གྲུབ་ཆར་ལྟར་དབབ་ཏུ་གསོལ༔ རྐྱེན་དང་བར་ཆད་ཁྱོད་ཀྱིས་གསོལ༔ དར་ལམ་བརྐྱང་བ་ད་(༨བ)


GLG025_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུར་ཞིག༔ བྷྱོ༔ ནུབ་པདྨ་རིགས་ཀྱི་མཁའ་འགྲོ་མ༔ ཕུད་དང་གཏོར་མ་འདི་བཞེས་ཤིག༔ ཕྱི་ནང་གསང་བའི་བར་ཆད་སོལ༔ མཁའ་འགྲོའི་དར་ལམ་ད་སྒྱུར་ཞིག༔ བྷྱོ༔ བྱང་ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ༔ ཕུད་དང་གཏོར་མ་འདི་བཞེས་ཤིག༔ མཁའ་འགྲོ་བདུད་དུ་མ་འབབ་པར༔ དར་ལམ་བརྐྱང་བ་ད་སྒྱུར་ཞིག༔ བྷྱོ༔ དབུས་སངས་རྒྱས་རིགས་ཀྱི་མཁའ་འགྲོ་མ༔ ཕུད་དང་གཏོར་མ་འདི་བཞེས་ཤིག༔ མི་མཐུན་རྐྱེན་དང་བར་ཆད་སོལ༔ དར་ལམ་བརྐྱང་བ་ད་སྒྱུར་ཞིག༔ ཚོགས་ལ་ལོངས་སྤྱོད་༔ མཁའ་འགྲོ་ལྔའི་བརྟན་བཞུགས་ནི༔ ཀྱེ༔ ཤར་གྱི་གླིང་འདི་ཅིའི་དང་གླིང་༔ ཤར་གྱི་གླིང་ནི་མེ་ཏོག་གླིང་༔ མེ་ཏོག་རང་ཡང་དཀར་པོའི་གླིང་༔ མཁའ་འགྲོའི་རིགས་ནི་ཅིའི་དང་རིགས༔ མཁའ་འགྲོའི་རིགས་ནི་རྡོ་རྗེ་རིགས༔ སྐུ་མདོག་དཀར་གསལ་མདངས་དང་ལྡན༔ རང་རང་དཔའ་བོ་ཡབ་དང་བཅས༔ ཕྱག་གི་གར་སྟབས་ལིངས་སེ་ལིང་༔ རུས་པའི་རྒྱན་དྲུག་སིལ་ལི་ལི༔ ཞབས་ཀྱི་བྲོ་བརྡུང་ཁྲིགས་སེ་ཁྲིག༔ འཁོར་ཀྱང་རང་འདྲ་འབུམ་ཕྲག་སྟེ༔ དཔའ་བོ་ཁྱེད་ཞིང་གདན་འདྲེན་ཡིན༔ གུ་རུ་བཛྲ་ཐོད་ཕྲེང་རྩལ༔ ཞི་བའི་འཕྲིན་ལས་མཐར་ཕྱིན་ཅིང་༔ རྡོ་རྗེ་སློབ་དཔོན་བཀའ་གཉན་པས༔ ད་ནི་མི་ཡི་ཡུལ་དུ་བཞུགས༔ མཁའ་འགྲོ་རྣམས་ལ་དེ་བཟླས་ནས༔ སྤུན་ཚོ་མི་སྡོད་ལོག་ནས་འགྲོ༔ ཤར་གྱི་ཕྱོགས་ནས་ཚེ་བཀུག་ནས༔ ཚེ་དར་འདི་ཕྱག་ཏུ་འཛིན་པར་ཞུ༔ ཚེ་ཆང་འདི་ཞལ་དུ་གསོལ་བ་ཞུ༔ འོ་སྐོམ་ཐུགས་ལ་བསྟིམ་པར་ཞུ༔ སྐུ་ཚེ་མི་འགྱུར་བརྟན་པར་བཞུགས༔ ལོ་བརྒྱའི་བར་དུ་(༩ན)


GLG025_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་པར་བཞུགས༔ དེའི་རྗེས་རྡོ་རྗེ་སློབ་དཔོན་གྱིས་ཚེ་དཔག་མེད་ཀྱི་སྐུ་སོགས་རིམ་བཞིན་ཐོགས་ལ༔ ཀྱེ༔ སེམས་ཅན་ཀུན་གྱི་མགོན་གྱུར་བླ་མ་རྗེ༔ ཨྱོན་མཁའ་སྤྱོད་གནས་སུ་མི་བཞུད་པར༔ འགྲོ་བའི་དོན་དུ་བོད་ཡུལ་བཞུགས་པར་ཞུ༔ བུ་སློབ་གདུལ་བྱ་སྨིན་གྲོལ་མཛད་པར་ཞུ༔ འཆི་མེད་གྲུབ་པའི་སྐུ་རྟེན་འདི་བཞེས་ལ༔ འཆི་མེད་རིགས་འཛིན་ངང་ལ་བཞུགས་སུ་གསོལ༔ ཀྱེ༔ ལྷོ་ཡི་གླིང་འདི་ཅིའི་དང་གླིང་༔ ལྷོ་ཡི་གླིང་ནི་མེ་ཏོག་གླིང་༔ མེ་ཏོག་རང་ཡང་སེར་པོའི་གླིང་༔ མཁའ་འགྲོའི་རིགས་ནི་ཅིའི་དང་རིགས༔ མཁའ་འགྲོའི་རིགས་ནི་རིན་ཆེན་རིགས༔ སྐུ་མདོག་སེར་གསལ་མདངས་དང་ལྡན༔ རང་རང་དཔའ་བོ་ཡབ་དང་བཅས༔ ཕྱག་གི་གར་སྟབས་ལིངས་སེ་ལིང་༔ རུས་པའི་རྒྱན་དྲུག་སིལ་ལི་ལི༔ ཞབས་ཀྱི་བྲོ་བརྡུང་ཁྲིགས་སེ་ཁྲིག༔ འཁོར་ཀྱང་རང་འདྲ་འབུམ་ཕྲག་སྟེ༔ དཔའ་བོ་ཁྱེད་ཞིང་གཞན་གདན་འདྲེན་ཡིན༔ གུ་རུ་རཏྣ་ཐོད་ཕྲེང་རྩལ༔ རྒྱས་པའི་འཕྲིན་ལས་མཐར་ཕྱིན་ཅིང་༔ རྡོ་རྗེ་སློབ་དཔོན་བཀའ་གཉན་པས༔ ད་ནི་མི་ཡི་ཡུལ་དུ་བཞུགས༔ མཁའ་འགྲོ་རྣམས་ལ་དེ་བཟླས་ནས༔ སྤུན་ཚོ་མི་སྡོད་ལོག་ནས་འགྲོ༔ ལྷོ་ཡི་ཕྱོགས་ནས་ཚེ་བཀུག་ནས༔ ཚེ་དར་འདི་ཕྱག་ཏུ་འཛིན་པར་ཞུ༔ ཚེ་ཆང་འདི་ཞལ་དུ་གསོལ་བར་ཞུ༔ འོ་སྐོམ་ཐུགས་ལ་བསྟིམ་པར་ཞུ༔ སྐུ་ཚེ་མི་འགྱུར་བརྟན་པར་བཞུགས༔ ལོ་བརྒྱའི་བར་དུ་བརྟན་པར་བཞུགས༔ ཀྱེ༔ སེམས་ཅན་ཀུན་གྱི་མགོན་གྱུར་བླ་མ་རྗེ༔ ཨྱོན་མཁའ་སྤྱོད་གནས་སུ་མ་བཞུད་པར༔ (༩བ)


GLG025_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བའི་དོན་དུ་བོད་ཡུལ་བཞུགས་པར་ཞུ༔ བུ་སློབ་གདུལ་བྱ་སྨིན་གྲོལ་མཛད་པར་ཞུ༔ ཚེ་མཐའ་ཡས་པའི་གསུང་རྟེན་འདི་བཞེས་ལ༔ འཆི་མེད་རིགས་འཛིན་ངང་ལ་བཞུགས་སུ་གསོལ༔ ཀྱེ༔ ནུབ་ཀྱི་གླིང་འདི་ཅིའི་དང་གླིང་༔ ནུབ་ཀྱི་གླིང་ནི་མེ་ཏོག་གླིང་༔ མེ་ཏོག་རང་ཡང་དམར་པོའི་གླིང་༔ མཁའ་འགྲོའི་རིགས་ནི་ཅིའི་དང་རིགས༔ མཁའ་འགྲོའི་རིགས་ནི་པདྨའི་རིགས༔ སྐུ་མདོག་དམར་གསལ་མདངས་དང་ལྡན༔ རང་རང་དཔའ་བོ་ཡབ་དང་བཅས༔ ཕྱག་གི་གར་སྟབས་ལིངས་སེ་ལིང་༔ རུས་པའི་རྒྱན་དྲུག་སིལ་ལི་ལི༔ ཞབས་ཀྱི་བྲོ་བརྡུང་ཁྲིགས་སེ་ཁྲིག༔ འཁོར་ཀྱང་རང་འདྲ་འབུམ་ཕྲག་སྟེ༔ དཔའ་བོ་ཁྱེད་ཞིང་གཞན་གདན་འདྲེན་ཡིན༔ གུ་རུ་པདྨ་ཐོད་ཕྲེང་རྩལ༔ དབང་གི་འཕྲིན་ལས་མཐར་ཕྱིན་ཅིང་༔ རྡོ་རྗེ་སློབ་དཔོན་བཀའ་གཉན་པས༔ ད་ནི་མི་ཡི་ཡུལ་དུ་བཞུགས༔ མཁའ་འགྲོ་རྣམས་ལ་དེ་བཟླས་ནས༔ སྤུན་ཚོ་མི་སྡོད་ལོག་ནས་འགྲོ༔ ནུབ་ཀྱི་ཕྱོགས་ནས་ཚེ་བཀུག་ནས༔ ཚེ་དར་འདི་ཕྱག་ཏུ་འཛིན་པར་ཞུ༔ ཚེ་ཆང་འདི་ཞལ་དུ་གསོལ་བར་ཞུ༔ འོ་སྐོམ་ཐུགས་ལ་བསྟིམ་པར་ཞུ༔ སྐུ་ཚེ་མི་འགྱུར་བརྟན་པར་བཞུགས༔ ལོ་བརྒྱའི་བར་དུ་བརྟན་པར་བཞུགས༔ ཀྱེ༔ སེམས་ཅན་ཀུན་གྱི་མགོན་གྱུར་བླ་མ་རྗེ༔ ཨྱོན་མཁའ་སྤྱོད་གནས་སུ་མ་བཞུད་པར༔ འགྲོ་བའི་དོན་དུ་བོད་ཡུལ་བཞུགས་པར་ཞུ༔ བུ་སློབ་གདུལ་བྱ་སྨིན་གྲོལ་མཛད་པར་ཞུ༔ མི་འགྱུར་ཆོས་སྐུའི་ཐུགས་རྟེན་འདི་ལ་བཞེས་ལ༔ འཆི་མེད་རིགས་འཛིན་ངང་ལ་བཞུགས་སུ་གསོལ༔ ཀྱེ༔ བྱང་(༡༠ན)


GLG025_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

གི་གླིང་འདི་ཅིའི་དང་གླིང་༔ བྱང་གི་གླིང་ནི་མེ་ཏོག་གླིང་༔ མེ་ཏོག་རང་ཡང་ལྗང་གུའི་གླིང་༔ མཁའ་འགྲོའི་རིགས་ནི་ཅིའི་དང་རིགས༔ མཁའ་འགྲོའི་རིགས་ནི་ལས་ཀྱི་རིགས༔ སྐུ་མདོག་ལྗང་གསལ་མདངས་དང་ལྡན༔ རང་རང་དཔའ་བོ་ཡབ་དང་བཅས༔ ཕྱག་གི་གར་སྟབས་ལིངས་སེ་ལིང་༔ རུས་པའི་རྒྱན་དྲུག་སིལ་ལི་ལི༔ ཞབས་ཀྱི་བྲོ་བརྡུང་ཁྲིགས་སེ་ཁྲིག༔ འཁོར་ཀྱང་རང་འདྲ་འབུམ་ཕྲག་སྟེ༔ དཔའ་བོ་ཁྱེད་ཞིང་གཞན་གདན་འདྲེན་ཡིན༔ གུ་རུ་ཀརྨ་ཐོད་ཕྲེང་རྩལ༔ དྲག་པོའི་འཕྲིན་ལས་མཐར་ཕྱིན་ཅིང་༔ རྡོ་རྗེ་སློབ་དཔོན་བཀའ་གཉན་པས༔ ད་ནི་མི་ཡི་ཡུལ་དུ་བཞུགས༔ མཁའ་འགྲོ་རྣམས་ལ་དེ་བཟླས་ནས༔ སྤུན་ཚོ་མི་སྡོད་ལོག་ནས་འགྲོ༔ བྱང་གི་ཕྱོགས་ནས་ཚེ་བཀུག་ནས༔ ཚེ་དར་འདི་ཕྱག་ཏུ་འཛིན་པར་ཞུ༔ ཚེ་ཆང་འདི་ཞལ་དུ་གསོལ་བར་ཞུ༔ འོ་སྐོམ་ཐུགས་ལ་བསྟིམ་པར་ཞུ༔ སྐུ་ཚེ་མི་འགྱུར་བརྟན་པར་བཞུགས༔ ལོ་བརྒྱའི་བར་དུ་བཞུགས་པར་ཞུ༔ ཀྱེ༔ སེམས་ཅན་ཀུན་གྱི་མགོན་གྱུར་བླ་མ་རྗེ༔ ཨྱོན་མཁའ་སྤྱོད་གནས་སུ་མ་བཞུད་པར༔ འགྲོ་བའི་དོན་དུ་བོད་ཡུལ་བཞུགས་པར་ཞུ༔ བུ་སློབ་གདུལ་བྱ་སྨིན་གྲོལ་མཛད་པར་ཞུ༔ གཡས་འཁྱིལ་ཡོན་ཏན་རྟེན་མཆོག་འདི་བཞེས་ལ༔ འཆི་མེད་རིགས་འཛིན་ངང་ལ་བཞུགས་སུ་གསོལ༔ ཀྱེ༔ དབུས་ཀྱི་གླིང་འདི་ཅིའི་དང་གླིང་༔ དབུས་ཀྱི་གླིང་ནི་མེ་ཏོག་གླིང་༔ མེ་ཏོག་རང་ཡང་མཐིང་ཁའི་གླིང་༔ མཁའ་འགྲོའི་རིགས་ནི་ཅིའི་དང་རིགས༔ མཁའ་འགྲོའི་རིགས་ནི་བུདྡྷའི་རིགས༔ སྐུ་མདོག་མཐིང་གསལ་མདངས་དང་ལྡན༔ རང་རང་དཔའ་བོ་ཡབ་དང་བཅས༔ (༡༠བ)


GLG025_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གི་གར་སྟབས་ལིངས་སེ་ལིང་༔ རུས་པའི་རྒྱན་དྲུག་སིལ་ལི་ལི༔ ཞབས་ཀྱི་བྲོ་བརྡུང་ཁྲིགས་སེ་ཁྲིག༔ འཁོར་ཀྱང་རང་འདྲ་འབུམ་ཕྲག་སྟེ༔ དཔའ་བོ་ཁྱེད་ཞིང་གཞན་གདན་འདྲེན་ཡིན༔ གུ་རུ་བུདྡྷ་ཐོད་ཕྲེང་རྩལ༔ ཞི་རྒྱས་དབང་དྲག་འཕྲིན་ལས་མཐར་ཕྱིན་ཅིང་༔ རྡོ་རྗེ་སློབ་དཔོན་བཀའ་གཉན་པས༔ ད་ནི་མི་ཡི་ཡུལ་དུ་བཞུགས༔ མཁའ་འགྲོ་རྣམས་ལ་དེ་བཟླས་ནས༔ སྤུན་ཚོ་མི་སྡོད་ལོག་ནས་འགྲོ༔ དབུས་ཀྱི་ཕྱོགས་ནས་ཚེ་བཀུག་ནས༔ ཚེ་དར་འདི་ཕྱག་ཏུ་འཛིན་པར་ཞུ༔ ཚེ་ཆང་འདི་ཞལ་དུ་གསོལ་བར་ཞུ༔ འོ་སྐོམ་ཐུགས་ལ་བསྟིམ་པར་ཞུ༔ སྐུ་ཚེ་མི་འགྱུར་བརྟན་པར་བཞུགས༔ ལོ་བརྒྱའི་བར་དུ་བརྟན་པར་བཞུགས༔ ཀྱེ༔ སེམས་ཅན་ཀུན་གྱི་མགོན་གྱུར་བླ་མ་རྗེ༔ ཨྱོན་མཁའ་སྤྱོད་གནས་སུ་མ་བཞུད་པར༔ འགྲོ་བའི་དོན་དུ་བོད་ཡུལ་བཞུགས་པར་ཞུ༔ བུ་སློབ་གདུལ་བྱ་སྨིན་གྲོལ་མཛད་པར་ཞུ༔ ཕུར་པ་འཕྲིན་ལས་རྟེན་མཆོག་འདི་བཞེས་ལ༔ འཆི་མེད་རིགས་འཛིན་ངང་ལ་བཞུགས་སུ་གསོལ༔ སྔགས་པ་ལ། མཐུ་སྟོབས་ནུས་རྩལ་ལྡན་པའི་སྔགས་འཆང་ཁྱེད༔ ཨྱོན་མཁའ་སྤྱོད་གནས་སུ་མ་བཞུད་པར༔ འགྲོ་བའི་དོན་དུ་བོད་ཡུལ་བཞུགས་པར་ཞུ༔ བུ་སློབ་གདུལ་བྱ་སྨིན་གྲོལ་མཛད་པར་ཞུ༔ སྐྱེས་པ་ལ། རིགས་བཟང་ལྷ་སྲས་དཔའ་མཛངས་སྐྱེས་བུ་ཁྱེད༔ ༴༴སྡེ་རིགས་འཁོར་བཅས་སྐྱོང་བར་མཛད་དུ་གསོལ༔ བུད་མེད་ལ། རིགས་ལྡན་ལྷ་ཡི་སྲས་མོ་དམ་པ་ཁྱེད༔ ༴༴བུ་ནོར་ལོངས་སྤྱོད་སྤེལ་བར་མཛད་དུ་གསོལ༔ ཞེས་སོགས་རིག་པས་དཔྱད་ནས་འདོན་པ་བསྒྱུར༔ དེ་ནས་མདོས་གྱེར་བ་ནི། ཀྱེ། ཕྱག་རྒྱ་སྟོང་ཉིད་ཆེན་པོ་འདིས༔ ཡེ་ཤེས་མཁའ་འགྲོའི་བསུན་མ་བཟློག༔ (༡༡ན)


GLG025_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

བྱམས་དང་སྙིང་རྗེའི་སེམས་བསྐྱེད་ཀྱིས༔ དབྱིངས་ཀྱི་མཁའ་འགྲོའི་བསུན་མ་བཟློག༔ བསྟོད་བསྐུལ་འཕྲིན་ལས་སྣ་ཚོགས་ཀྱིས༔ དཔའ་བོ་མཁའ་འགྲོའི་བསུན་མ་བཟློག༔ དར་སྣ་ལྔ་ཡི་མཆོད་པ་ཡིས༔ རིགས་ཀྱི་མཁའ་འགྲོའི་བསུན་མ་བཟློག༔ ཐོད་པ་ལྟག་སྤྲོད་རྔ་སྒྲ་ཡིས༔ རྡོ་རྗེ་མཁའ་འགྲོའི་བསུན་མ་བཟློག༔ རིན་ཆེན་སྣ་ལྔའི་རྒྱན་ཆ་འདིས༔ རིན་ཅེན་མཁའ་འགྲོའི་བསུན་མ་བཟློག༔ ཤ་ཆེན་སྤོས་ཀྱི་བྷ་ལིཾ་འདིས༔ པདྨ་མཁའ་འགྲོའི་བསུན་མ་བཟློག༔ སྨན་སྣ་ཚང་བའི་དམ་རྫས་འདིས༔ ལས་ཀྱི་མཁའ་འགྲོའི་བསུན་མ་བཟློག༔ མཆོད་པའི་བྱེ་བྲག་སྣ་ཚོགས་ཀྱི༔ སངས་རྒྱས་མཁའ་འགྲོའི་བསུན་མ་བཟློག༔ རྐང་གླིང་སྐད་དང་སྒྲ་དབྱངས་ཀྱིས༔ རིགས་ལྔ་མཁའ་འགྲོའི་བསུན་མ་བཟློག༔ ཤ་སྣ་ཚང་བའི་གཏོར་མ་འདིས༔ འཇིག་རྟེན་མཁའ་འགྲོའི་བསུན་མ་བཟློག༔ ཁྲག་སྣ་ཚང་བའི་གཏོར་མ་འདིས༔ ཤ་ཟ་མཁའ་འགྲོའི་བསུན་མ་བཟློག༔ ཚིལ་ཆེན་གསུར་གྱི་དུད་པ་འདིས༔ གིང་ཆེ་གིང་ཆུང་ལ་སོགས་དང་༔ དུར་ཁྲོད་བདག་པོའི་བསུན་མ་བཟློག༔ དུང་ཆེན་རྐང་གི་གླིང་བུ་དང་༔ མཚན་ལྡན་གསང་བའི་རྔ་ཆུང་འདིས༔ སྣ་ཚོགས་མཁའ་འགྲོའི་བསུན་མ་བཟློག༔ མི་ལྤགས་ཞིང་ཆེན་གཡང་གཞི་འདིས༔ མ་མོ་མཁའ་འགྲོའི་བསུན་མ་བཟློག༔ རྒྱ་མ་ར་ཡི་གསུར་དུད་འདིས༔ དགྲ་ལྷའི་རྒྱལ་པོའི་བསུན་མ་བཟློག༔ བསེ་བྱང་ཁྲ་ཕོ་དར་བརྒྱན་འདིས༔ རྒྱལ་པོ་རྣམས་ཀྱི་བསུན་མ་བཟློག༔ གླང་ཆེན་ཁྱུང་དང་སེང་གེ་འབྲུག༔ རྩལ་ཆེན་སེང་གེ་ལ་སོགས་ཀྱིས༔ ལྷ་ཡི་རྒྱལ་པོའི་བསུན་མ་(༡༡བ)


GLG025_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག༔ མཚལ་བྱ་ལ་སོགས་སྐད་སྙན་བྱ་རིགས་ཀྱིས༔ གཉན་གྱི་རྒྱལ་པོའི་བསུན་མ་བཟློག༔ སྐྱུང་ཁ་རོག་པོ་ལ་སོགས་པ༔ གཤོག་ནག་བྱ་རིགས་ཐམས་ཅད་ཀྱིས༔ བདུད་ཀྱི་རྒྱལ་པོའི་ཆད་པ་བཟློག༔ རྟ་རྐྱང་དྲེའུ་ལ་སོགས་པ༔ རྡོག་རིགས་སེམས་ཅན་ཐམས་ཅད་ཀྱིས༔ དམུ་ཡི་རྒྱལ་པོའི་བསུན་མ་བཟློག༔ སྟག་གཟིག་གུང་ལ་སོགས་པ་ཡི༔ གཅན་གཟན་རི་བཀྲ་ཐམས་ཅད་ཀྱིས༔ གནོད་སྦྱིན་རྒྱལ་པོའི་བསུན་མ་བཟློག༔ ཝ་དང་འཕར་བ་ལ་སོགས་པ༔ གཅན་གཟན་དམར་པོ་ཐམས་ཅད་ཀྱིས༔ བཙན་གྱི་རྒྱལ་མོའི་བསུན་མ་བཟློག༔ དར་སྣ་བ་དན་སྣ་ཚོགས་དང་༔ ནག་པོའི་རྒྱན་ཆ་སྣ་ཚོགས་ཀྱིས༔ སྲིན་པོའི་རྒྱལ་པོའི་བསུན་མ་བཟློག༔ ཤ་བ་དགོ་བ་ལ་སོགས་པ༔ རི་དྭགས་གཟུགས་བརྙན་སྣ་ཚོགས་འདིས༔ ས་བདག་རྒྱལ་པོའི་བསུན་མ་བཟློག༔ གཡག་ལུག་ར་གསུམ་ལ་སོགས་པ༔ ནོར་ཕྱུགས་གཟུགས་བརྙན་སྣ་ཚོགས་འདིས༔ ཡུལ་གྱི་རྒྱལ་པོའི་བསུན་མ་བཟློག༔ ཉི་ཟླ་འཇའ་ཚོན་བྲིས་པ་འདིས༔ གཟའ་བདུད་ཆེན་པོའི་བསུན་མ་བཟློག༔ འབྲང་རྒྱས་ཏིང་ལོ་ཞལ་དཀར་འདིས༔ སྨན་ཕྲན་རྣམས་ཀྱི་བསུན་མ་བཟློག༔ གསེར་གཡུ་རིན་ཆེན་ཁལ་བཀལ་འདིས༔ དཀོར་བདག་རྣམས་ཀྱི་བསུན་མ་བཟློག༔ ཤ་ཁྲག་དམར་གྱི་གཏོར་མ་འདིས༔ སྨན་མོ་གངས་སྨན་མཚོ་སྨན་དང་༔ ནགས་སྨན་ས་ཡི་ལྷ་མོ་དང་༔ ལྕགས་ཀྱི་ལྷ་མོ་མེའི་ལྷ་མོ་དང་༔ འབྱུང་བཞི་ལྷ་མོའི་བསུན་མ་བཟློག༔ རི་རབ་རྩེ་ལ་བཞུགས་པ་ཡི༔ ལྷ་ཆེན་ཚངས་པ་ལ་སོགས་ཏེ༔ ལྷའི་སྡེ་ཚོགས་རྣམས་ཀྱི་བསུན་མ་བཟློག༔ ལྷ་ཡི་གཡུལ་ངོ་(༡༢ན)


GLG025_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ད་སྒྱུར་ཞིག༔ རི་རབ་རྩ་བར་བཞུགས་པ་ཡི༔ ས་བདག་གཙང་ཀུན་བསུན་མ་བཟློག༔ ལྷ་ཆེན་གཡུལ་ངོ་ད་སྒྱུར་ཞིག༔ རྒྱུ་སྦྱོར་ཡོན་གྱི་བདག་པོ་འདིའི༔ ཤ་ཡི་བསུན་མ་ད་སྒྱུར་ཞིག༔ ཁྲག་གི་བསུན་མ་ད་སྒྱུར་ཞིག༔ རུས་པའི་བསུན་མ་ད་བཟློག་ཅིག༔ དབང་པོ་ལྔ་ཡི་བསུན་མ་ད་བཟློག་ཅིག༔ རྣམ་ཤེས་གསལ་བའི་སྒྲོན་མེ་ད་སྤོར་ཞིག༔ མི་མཐུན་རྐྱེན་རྣམས་བཟློག་ཏུ་གསོལ༔ མོ་ངན་མཚན་རྩུབ་ཐམས་ཅད་བཟློག༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་བཟློག༔ བན་བྱད་བོན་བྱད་སྔགས་བྱད་བཟློག༔ ལོ་ཟླ་ཞག་ཀེག་ཐམས་ཅད་བཟློག༔ གློ་བུར་བརྒྱད་ཅུ་རྩ་གཅིག་བཟློག༔ ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་བཟློག༔ ནད་རིགས་བཞི་བརྒྱ་རྩ་བཞི་བཟློག༔ དུས་མིན་འཆི་བ་རྣམ་བརྒྱད་བཟློག༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་བཟློག༔ རྩིས་ཀྱི་རྡེའུ་ནག་པོ་བཟློག༔ མོ་ངན་རྨི་ལམ་ངན་པ་བཟློག༔ མི་ནག་སྐྱེ་བོའི་ཡ་ག་བཟློག༔ བྲན་འཁོལ་ངན་པའི་དམོད་མཆུ་བཟློག༔ ཕོ་བདུད་དལ་ཁ་གཡས་སུ་སྒྱུར༔ མོ་བདུད་དལ་ཁ་གཡོན་དུ་སྒྱུར༔ སྤྱི་བདུད་དལ་ཁ་མཁའ་ལ་སྒྱུར༔ ངན་བཅུ་སྡིག་བཅུ་ཐམས་ཅད་སྒྱུར༔ མོ་ངན་པྲ་ངན་ཐམས་ཅད་སྒྱུར༔ སྡང་བའི་དགྲ་དང་གནོད་པའི་བགེགས་ལ་བཟློག༔ བྷྱོ་བྷྱོ་བཟློག་བཟློག༔ ངར་མི་དང་བཅས་ཏེ་མདོས་གཏོང་བ་ནི། ཧཱུཾ ནམ་མཁའ་གཡུ་ཡི་ལྡིང་ཁང་ནས༔ ཉི་འོད་འབར་བའི་སྨན་གཅིག་མ༔ བཞེངས་ཤིག་བཞེངས་ཤིག་དབྱིངས་ནས་བཞེངས༔ བསྐུལ་ལོ་བསྐུལ་ལོ་ཐུགས་དམ་བསྐུལ༔ དགོངས་ཤིག་དགོངས་ཤིག་ཐུགས་དམ་དགོངས༔ འབོད་པའི་འགྲོ་བ་གྲངས་མང་ཡང་༔ ཧ་ཅང་ཉོན་མོངས་མ་(༡༢བ)


GLG025_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེད་ཅིག༔ བོས་ནས་ཐུགས་ལོག་མ་མཛད་ཅིག༔ གསངས་ནས་ལེ་ལོ་མ་མཛད་ཅིག༔ ལས་ཀྱི་བསུན་མ་བཟློག་ཏུ་གསོལ༔ ལྷ་ཀླུ་སྡེ་བརྒྱད་ལ་སོགས་པ༔ འཆི་བདག་གཤིན་རྗེའི་བསུན་མ་བཟློག༔ བསྟན་མ་ཡོངས་ཀྱི་གཙོ་མོ་སྟེ༔ དམག་གི་རྒྱལ་མོ་ཆེན་མོ་སྟེ༔ དམ་ལ་གནས་ཤིང་འཕྲིན་ལས་མཛོད༔ ཞལ་ཟས་ཚོགས་ཀྱི་མཆོད་པ་བཞེས༔ ཧཱུཾ། གངས་ཀྱི་ཡུམ་ཆེན་གཡུ་བུན་མ༔ མ་མོ་ཡོངས་ཀྱི་བསུན་མ་བཟློག༔ ལྷོ་ཡི་སྐྱི་མཐིང་གཡའ་མ་སྐྱོང་༔ བཙན་གྱི་རྒྱལ་པོའི་བསུན་མ་བཟློག༔ ཁ་རག་ཁྱུང་བཙུན་དཔལ་གྱི་ཡུམ༔ བདུད་གྱི་རྒྱལ་པོའི་བསུན་མ་བཟློག༔ བྱང་གི་གསེར་མཐིང་གཡུ་བུན་མ༔ གཤིན་རྗེའི་རྒྱལ་པོའི་བསུན་མ་བཟློག༔ གངས་དཀར་ཤ་མེད་སྨན་གཅིག་མ༔ སྨན་གྱི་རྒྱལ་མོའི་བསུན་མ་བཟློག༔ བྱང་གི་བྱང་ཐང་ཏིང་མོ་སྨན༔ འབྲོག་སྲིན་རྒྱལ་མོའི་བསུན་མ་བཟློག༔ མོ་བཙུན་ཁུག་ཆོས་གཡར་མོ་བསིལ༔ ཀླུ་ཡི་རྒྱལ་མོའི་བསུན་མ་བཟློག༔ དཔལ་ཆེན་གསང་བའི་གྲོགས་མཆོག་མ༔ རི་ཡི་རྒྱལ་པོའི་བསུན་མ་བཟློག༔ ཀྱི་མཐིང་གངས་ཀྱི་ར་མོ་སྨན༔ ཤ་ཟ་རོ་ཡི་བསུན་མ་བཟློག༔ བསྟན་མ་བཙུན་མོ་ར་མོ་སྨན༔ མ་བསངས་རྒྱལ་མོའི་བསུན་མ་བཟློག༔ ཀོང་བཙུན་དེ་མོ་བོད་ཁམས་སྐྱོང་༔ མ་བདུད་རྒྱལ་མོའི་བསུན་མ་བཟློག༔ ལེགས་སྦྱོར་གསེར་ཐང་ཡི་གེ་སྨན༔ དམུ་བདུད་རྒྱལ་མོའི་བསུན་མ་བཟློག༔ བ་སྤུའི་བུ་མོ་སི་ལ་མ༔ གངས་ཀྱི་རྒྱལ་མོའི་བསུན་མ་བཟློག༔ ན་ར་ཤེལ་གྱི་སྨན་གཅིག་མ༔ མ་བསངས་ཡོངས་ཀྱི་བསུན་མ་བཟློག༔ མི་གཡོ་བརྟན་པའི་ས་འཛིན་མ༔ བགེགས་ཀྱི་རྒྱལ་མོའི་བསུན་མ་བཟློག༔ (༡༣ན)


GLG025_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

འཛམ་གླིང་བསྟན་པའི་བསྟན་མ་དང་༔ བོད་ཁམས་བསྐྱངས་པས་སྐྱོང་མ་དང་༔ པདྨ་འབྱུང་གནས་ཕོ་ཉ་སྟེ༔ རྐྱེན་རྣམས་བཟློག་པའི་མཐུ་མོ་ཆེ༔ དམག་དཔུང་བསྐྱེད་ལ་བར་ཆད་སོལ༔ བྱད་ཁ་ཕུར་ཁ་བཟློག་པ་དང་༔ སྣང་སྲིད་ལྷ་འདྲེའི་བསུན་མ་བཟློག༔ ཞལ་ཟས་ཚོགས་ཀྱི་མཆོད་པ་བཞེས༔ འཕྲིན་ལས་རྣམ་བཞི་གྲུབ་པར་མཛོད༔ བྷྱོ་བྷྱོ། ཡང་ཅིག་བསུན་མ་བཟློག་པ་ནི༔ མ་མོ་མཁའ་འགྲོའི་རྒྱལ་མོ་སྟེ༔ དཀར་མོ་སྤྱན་གཅིག་མ་ཡི་བསུན་མ་བཟློག༔ ནག་མོ་རལ་གཅིག་མ་ཡི་བསུན་མ་བཟློག༔ སློབ་དཔོན་སྲུང་མའི་བསུན་མ་བཟློག༔ སྔགས་པ་ཀུན་གཞིའི་བསུན་མ་བཟློག༔ བྷྱོ༔ ཡང་ཅིག་བསུན་མ་བཟློག་པ་ནི༔ ཆོས་སྐྱོང་སྲུང་མའི་བསུན་མ་བཟློག༔ མ་མོའི་བསུན་མ་བཟློག་ཏུ་གསོལ༔ ལས་ཀྱི་མ་མོ་ཆེན་མོ་བཞིའི་བསུན་མ་བཟློག༔ དབང་གི་རྒྱལ་མོ་བཞི་ཡི་བསུན་མ་བཟློག༔ དམ་ལ་གནས་པའི་མ་མོ་བཞིའི་བསུན་མ་བཟློག༔ ཡིད་ལ་སྐྱེས་པའི་མཁའ་འགྲོ་བཞིའི་བསུན་མ་བཟློག༔ ད་རེས་ལྷ་མོ་དབུགས་འཕྲོག་བཞིའི་བསུན་མ་བཟློག༔ དགྲ་བོའི་སྙིང་འཕྲོག་མ་མོ་བཞིའི་བསུན་མ་བཟློག༔ ལས་ཀྱི་མ་མོ་མཁའ་འགྲོའི་བསུན་མ་བཟློག༔ བསྟན་སྐྱོང་རྣམས་ཀྱི་བསུན་མ་བཟློག༔ སྟེང་ཕྱོགས་ལྷ་ཡི་བསུན་མ་བཟློག༔ འོག་ཕྱོགས་ཀླུ་ཡི་བསུན་མ་བཟློག༔ བར་སྣང་གཉན་གྱི་བསུན་མ་བཟློག༔ སྒྲུབ་པའི་མ་ཚོགས་བསུན་མ་བཟློག༔ གིང་ཆེན་མཆོག་གི་བསུན་མ་བཟློག༔ དབང་ཕྱུག་མ་ཚོགས་བསུན་མ་བཟློག༔ མ་མོ་དྲུག་ཅུ་རྩ་བཞིའི་བསུན་མ་བཟློག༔ འབར་མ་(༡༣བ)


GLG025_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་མོ་བརྒྱད་ཀྱི་བསུན་མ་བཟློག༔ སྲིད་པའི་མ་མོ་བརྒྱད་ཀྱི་བསུན་མ་བཟློག༔ ལས་ཀྱི་སྲིང་མོ་ཆེན་མོ་བཞིའི་བསུན་མ་བཟློག༔ བསྟན་སྐྱོང་མ་མོ་འཁོར་དང་བཅས༔ ལས་ཀྱི་བསུན་མ་བཟློག་ཏུ་གསོལ༔ ཚོགས་དང་གཏོར་མ་འདི་བཞེས་ལས༔ བྱད་ཁ་རྦོད་གཏོང་བསུན་མ་བཟློག༔ འབྱུང་བ་ལྔ་ཡི་བསུན་མ་བཟློག༔ བླ་མ་ཡི་དམ་ལྷ་ཡི་བསུན་མ་བཟློག༔ དཔའ་བོ་མཁའ་འགྲོ་དམ་ཅན་དང་༔ སྲུང་མ་རྣམས་ཀྱི་བསུན་མ་བཟློག༔ སྣང་སྲིད་མ་མོའི་བསུན་མ་བཟློག༔ འདོད་ཡོན་མཆོད་པ་འབུལ་ལགས་ཀྱི༔ སེམས་ངང་ནམ་མཁའ་ཤ་དང་ས༔ ཁྲག་དང་ཆུ་སེར་དྲོད་དང་མེ༔ དབུགས་རླུང་འབྱུང་ལྔའི་མཆོད་པ་འབུལ༔ དྲི་ཆེན་དྲི་ཆུ་བྱང་ཆུབ་སེམས༔ ཤ་ཁྲག་ལ་སོགས་མཆོད་པར་འབུལ༔ མི་རྟ་གླང་སེང་རྨ་བྱའི་ཤ༔ ཤ་ཆེན་ལྔ་ཡི་མཆོད་པ་འབུལ༔ གཟུགས་སྣང་གྲགས་པའི་མེ་ཏོག་དང་༔ དགེ་སྡིག་ལ་སོགས་མཆོད་པར་འབུལ༔ དགའ་བ་ཉམས་ཀྱི་མཆོད་པ་འབུལ༔ ཡོན་ཆབ་མེ་ཏོག་བདུག་སྤོས་དང་༔ སྣང་གསལ་དྲི་ཆབ་ཞལ་ཟས་དང་༔ སྒྲ་སྙན་ལ་སོགས་མཆོད་པར་འབུལ༔ དུང་ཆེན་ཁ་སྦྱོར་དུང་ཆེན་དང་༔ ཤ་ཆེན་ཚིལ་ཆེན་སྤོས་རྣམས་དང་༔ དུར་ཁྲོད་ཆེན་པོའི་ས་གཞི་དང་༔ དབང་པོ་ལྔ་ཡི་མེ་ཏོག་བཀོད༔ སྐོང་ཞིག་དུར་ཁྲོད་གཞལ་ཡས་སུ༔ ཚིལ་ཆེན་ཞུན་མར་མར་མེས་གཏམས༔ མཚན་ལྡན་བཀྲ་ཤིས་ཀ་པཱ་ལར༔ གཏོར་མ་ཡེ་ཤེས་བདུད་རྩིར་གྱུར༔ བྷན་དྷ་ཉི་ཤུའི་དཀྱིལ་འཁོར་དུ༔ ཤ་ཆང་ཁུར་བ་ལ་སོགས་པ༔ རོ་བརྒྱ་ལྡན་པའི་ཚོགས་འཁོར་བཤམས༔ མཚན་ལྡན་རྡོ་རྗེ་ཀ་པཱ་ལར༔ འབྲུ་བཅུད་ཨ་མྲྀ་ཏ་ཡིས་བཀང་༔ རྩ་བརྒྱད་སྟོང་ལ་(༡༤ན)


GLG025_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་བའི་སྨན༔ མཆོད་པ་རྒྱ་ཆེན་ཁྱེད་ལ་འབུལ༔ ཐབས་དང་ཤེས་རབ་དཀྱིལ་འཁོར་དུ༔ རྣལ་འབྱོར་ཕོ་མོ་ཐམས་ཅད་ཀྱིས༔ ཚངས་པའི་སྒྲ་དབྱངས་སྙན་པར་གྱེར༔ གསུང་དབྱངས་སྙན་ངག་དྲུག་ཅུའི་སྒྲ༔ མཆོད་པ་རྒྱ་ཆེན་ཁྱེད་ལ་འབུལ༔ ཧཱུཾ༔ མཆོད་པའི་ལྷ་མོ་ཐམས་ཅད་ཀྱི༔ གར་སྟབས་ཕྱི་ནང་མཆོད་པ་འབུལ༔ རིན་ཆེན་ཁང་པ་ཡངས་བརྩིགས་དང་༔ རིན་ཆེན་གསེར་གྱི་བུམ་པ་དང་༔ ཡིད་བཞིན་ནོར་བུ་རིན་ཆེན་དང་༔ རྒྱལ་སྲིད་རིན་ཆེན་སྣ་བདུན་དང་༔ བཀྲ་ཤིས་རྫས་བརྒྱད་མཆོད་པའི་ཚོགས༔ གདུགས་དང་རྒྱལ་མཚན་བ་དན་དང་༔ བླ་བྲེ་དར་འཕན་ལྡ་ལྡི་དང་༔ མཆོད་པའི་སྤྲིན་ཕུང་ཇི་སྙེད་དང་༔ བླ་མ་ཡི་དམ་དཀོན་མཆོག་དང་༔ མཁའ་འགྲོའི་འཁོར་ཚོགས་རྣམས་ལ་འབུལ༔ ལྷ་ཀླུ་སྡེ་བརྒྱད་ལ་སོགས་པ༔ འཆི་བདག་གཤིན་རྗེའི་བསུན་མ་བཟློག༔ མི་དང་མི་མིན་ལ་སོགས་ཏེ༔ བྱད་ཁ་ཕུར་ཁ་ཟོར་ཁ་རྣམས༔ བྱད་མ་རྦོད་གཏོང་མཁན་ལ་བཟློག༔ རྨི་ལམ་མཚན་ལྟས་ངན་པ་བཟློག༔ མདོས་ལམ་འཐེན་ཞིང་ཁ་བསྒྱུར་ལ་ལམ་བསྟན་པ་ནི། ཀྱེ། དགོངས་ཤིག་གནས་མཆོག་དམ་པ་འདིར༔ དཔའ་བོ་དཔའ་མོ་འཁོར་དང་བཅས༔ སྔགས་འཆང་རྣལ་འབྱོར་སྐུ་ཚེ་སྲིངས༔ བསུན་མ་བཟློག་ཕྱིར་དངོས་གྲུབ་ཞུ༔ ད་ནི་གཤེགས་ཤིག་གཤེགས་རེ་རན༔ ད་ནི་བཞུགས་པའི་ཡུན་མ་རིང་༔ ཉི་མ་ནུབ་ཕྱོགས་ཕ་གི་ན༔ མ་སྲིང་མཁའ་འགྲོ་འབོད་པ་དིར་རི་རི་༔ ལྷ་བྱ་སིལ་སྙན་ཁྲོལ་ལོ་ལོ༔ དཔའ་བོ་མཁའ་འགྲོའི་ཚོགས་རྣམས་ཀྱིས༔ གླུ་ལེན་གར་བྱེད་ཁྱུགས་མ་ཁྱུག༔ དཔའ་བོའི་བྲོ་བརྡུང་ཁྲིགས་སེ་ཁྲིག༔ དཔའ་མོའི་(༡༤བ)


GLG025_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

བཤུག་གླུ་ཀྱུར་རུ་རུ༔ མཁའ་འགྲོའི་བརྡ་སྐད་དིར་རི་རི༔ གནས་མཆོག་དེ་ནི་ཉམས་རེ་དགའ༔ གནས་མཆོག་དེ་ནི་དང་རེ་སྤྲོ༔ གནས་མཆོག་དེ་ནི་དྲི་རེ་ཞིམ༔ མ་སྲིང་མཁའ་འགྲོའི་ཚོགས་རྣམས་ད་བཞུད་འཚལ༔ རང་རང་གཞལ་ཡས་ཁང་དུ་གཤེགས༔ ཁྱོད་རང་གཞལ་ཡས་ཁང་དུ་སྤྱོད༔ སྐྱེལ་ལོ་ཁྱེད་རང་གནས་ལ་སྐྱེལ༔ ཁྱེད་རང་བཞུད་པའི་བཤུལ་ལམ་དེར༔ དྲི་བཟང་དེ་ནི་སྨན་གྱི་ཡུལ༔ དྲི་བཟང་སྤོས་དུད་ཆིལ་ལི་ལི༔ འཇའ་ཚོན་སྣ་ལྔ་སྤུངས་སེ་སྤུང༔ དར་ཟབ་སྣ་ཚོགས་ལྷུབས་སེ་ལྷུབ༔ ད་ནི་ཁྱོད་རང་གནས་སུ་གཤེགས༔ ད་གཤེགས་ད་ནི་བཞུད་རེ་རན༔ ཁྱེད་རང་བཞུད་པའི་བཤུལ་ལམ་དེར༔ གཤེགས་སོ་གཤེགས་སོ་ཤར་ར་ར༔ ཁྱོད་ཅག་མ་སྲིང་མཁའ་འགྲོ་རྣམས༔ རང་རང་སོ་སོའི་གནས་སུ་གཤེགས༔ ཀྱེ། མཁའ་འགྲོའི་ལམ་བསྟན་ནུབ་ཏུ་བསྟན༔ ཉི་མ་ནུབ་ཕྱོགས་ཕ་གི་ན༔ དུར་ཁྲོད་གླིང་མཆོག་ཉམས་རེ་དགའ༔ བམ་ཆེན་མི་རོ་དབངས་ཆེ་ཐོབ༔ ཚིལ་ཆེན་མར་མེ་འོད་རེ་གསལ༔ རཀྟའི་རྒྱ་མཚོ་མདངས་རེ་ཆེ༔ རྐང་གླིང་དུམ་ཆེན་སྐད་རེ་སྙན༔ ཞིང་ལྤགས་གཡང་གཞི་གོས་རེ་དྲོ༔ ཐོད་པའི་སྐུ་མཁར་བརྗིད་རེ་ཆེ༔ མཁའ་འགྲོའི་བརྡ་སྐད་དིར་རི་རི༔ དཔའ་བོའི་གར་བྱེད་ཁྱུགས་སེ་ཁྱུག༔ དཔའ་མོའི་གླུ་ལེན་ཙེར་རེ་རེ༔ སྨན་སྤོས་དད་པ་ཆིལ་ལི་ལི༔ ཤིང་ཏོག་མེ་ཏོག་བཀྲགས་མདངས་ལྡན༔ གསུང་སྙན་སྒྲ་དབྱངས་དིར་རི་རི༔ མཛེས་པའི་བྱ་རིགས་གྱ་མ་གྱུ༔ གཙང་པོའི་ཆུ་འབབ་མེར་རེ་རེ༔ ཞལ་ཟས་ཚོགས་ཆེན་སྤུངས་སེ་སྤུང་༔ དར་གྱི་ཅོད་པན་པུར་རུ་རུ༔ ན་བཟའ་དར་དཔྱངས་ལྷུབས་སེ་ལྷུབ༔ གཡུ་ཡི་(༡༥ན)


GLG025_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེ་ཐིབས་སེ་ཐིབ༔ དེ་འདྲའི་གནས་མཆོག་ཉམས་རེ་དགའ༔ མཁའ་འགྲོའི་ལམ་བསྟན་དེ་རུ་བསྟན༔ ད་ནི་གཤེགས་ཤིག་གཤེགས་རེ་རན༔ མཁའ་འགྲོའི་བརྡ་སྐད་དིར་རི་རི༔ ཌཱ་མ་རུ་དེ་ཁྲོལ་ལོ་ལོ༔ དུང་དང་པི་ཝང་སྐད་རེ་སྙན༔ རྒྱན་ཆ་མང་པོ་སིལ་ལི་ལི༔ དེ་འདྲའི་གནས་སུ་ད་གཤེགས་ཤིག༔ རྐྱང་སེར་རླུང་ལ་ཆིབས་ནས་གཤེགས༔ བྱ་རྒྱལ་ཁྱུང་ལ་ཆིབས་ནས་ད་གཤེགས་ཤིག༔ རྟ་དྲེལ་བོང་གསུམ་ཆིབས་ནས་ད་གཤེགས་ཤིག༔ སྟག་དང་གཟིག་ལ་ཆིབས་ལ་ད་གཤེགས་ཤིག༔ དོམ་དང་དྲེད་ལ་ཆིབས་ལ་ད་གཤེགས་ཤིག༔ ཁྱི་དང་སྤྱང་ཀིར་ཆིབས་ལ་ད་གཤེགས་ཤིག༔ མཁའ་འགྲོའི་ལམ་བསྟན་ཨྱོན་ཡུལ་དུ་བསྟན༔ སྣང་སྲིད་ལྷ་འདྲེའི་ལམ་བསྟན་སྡང་བའི་དགྲ་ལ་བསྟན༔ ཞེས་བརྗོད་ཅིང་གསེར་སྐྱེམས་གཏོར། ལྷག་མ་དང་ཆད་མཐོ་བཏང་། ཕྱི་རོལ་ནུབ་ཕྱོགས་ཀྱི་རི་ནག་པོའི་རྩེར་ཕྱིན་ལ་ཟོར་འཕང་བ་གཞན་ན་གསལ༔ དེ་ནས་བསྟན་མ་བསྐྱང་། མེ་ཆུས་རྒྱས་འདེབས་ཤིང་སྲུང་འཁོར་བསྒོམ༔ ནང་དུ་ལོག་སྒོ་དྲུང་དུ་བྲོ་བརྡུང་། ཚེ་ཆོག་དང་འབྲེལ་པའི་བརྟན་བཞུགས་གྲུབ་ནས་བདག་བསྐྱེད་མཇུག་ཆོག་སོགས་སྤྱི་ལྟར་རོ། །མཆོག་དམན་བར་པའི་སྐྱེ་དགུ་དུས་མིན་དུ། །བསུན་མའི་ཕོ་ཉ་བཟློག་པར་བྱེད་པའི་ཐབས། །རིགས་འཛིན་ཞལ་ལུང་ཕྱག་བཞེས་མ་ཉམས་པ། །བཀོད་འདིས་འགྲོ་ཀུན་རྡོ་རྗེ་ལྟར་བརྟན་ཤོག །དམར་སེར་ཅན་ཞེས་པ་མེ་སྦྲུལ་ཆུ་སྟོད་ཟླ་བར་ཕན་བདེ་ལེགས་བཤད་གླིང་སྤྱི་ཚོགས་ཀྱིས་ཡོ་བྱད་བསྡུས་ཏེ་ཚེ་ཆོག་ཞག་བདུན་དང་འབྲེལ་པའི་རིང་འཚོའི་རྟེན་འབྲེལ་བསྒྲིགས་ཚེ་མཆོད་དཔོན་(༡༥བ)


GLG025_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ངག་དབང་ཤེས་རབ་ཀྱིས་གྲ་ཚང་དུ་གསེར་ཞོ་སྟོང་ལ་བསྐོར་བའི་སྤྱི་རྫས་འབུལ་བ་དང་བསུན་མ་བཟློག་གི་དགོས་བྱེད་རྣམས་བསྒྲིགས་ནས་དོན་གཉེར་ཆེན་པོས་བསྐུལ་བར་བརྟེན་བསུན་བཟློག་གི་ཆོག་སྒྲིགས་འཆི་བདག་གཡུལ་ལས་རྣམ་རྒྱལ་ཞེས་པ་འདི་ནི་ཟ་ཧོར་གྱི་བནྡེ་ཟིལ་གནོན་བཞད་པ་རྩལ་གྱིས་སྦྱར་བའི་ཡི་གེ་པ་ནི་རིགས་འཛིན་གྱི་བཙུན་པ་འཇམ་དབྱངས་གྲགས་པས་བགྱིས་པ་དགེ་ལེགས་སུ་གྱུར་ཅིག །སརྦ་མངྒ་ལཾ།


previousབསུན་བཟློག་གི་ཆོག་སྒྲིགས་འཆི་བདག་གཡུལ་ལས་རྣམ་རྒྱལ།next