Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བརྟན་བཞུགས་ཀྱི་ཆོག་སྒྲིགས་རབ་བརྟན་རྡོ་རྗེའི་འཕྲེང་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབརྟན་བཞུགས་ཀྱི་ཆོག་སྒྲིགས་རབ་བརྟན་རྡོ་རྗེའི་འཕྲེང་བ།next

བརྟན་བཞུགས་ཀྱི་ཆོག་སྒྲིགས་རབ་བརྟན་རྡོ་རྗེའི་འཕྲེང་བ།


GLG025_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་བཞུགས་ཀྱི་ཆོག་སྒྲིགས་རབ་བརྟན་རྡོ་རྗེའི་འཕྲེང་བ་བཞུགས་སོ། །


GLG025_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་མྲྀ་ཏཱ་ཡུརྡཱི་རྒྷ་སྱ་སིདྡྷི་རསྟུ། འཆི་མེད་གྲུབ་པའི་དཔལ་སྟེར་ཚེ་དཔག་མེད། །གཉིས་མེད་ཚེ་དཔག་རིགས་འཛིན་པདྨ་འབྱུང་། །གཏེར་སྟོན་དངོས་གྲུབ་རྒྱལ་མཚན་བརྒྱུད་པར་བཅས། །མཁྱེན་བརྩེ་ནུས་པས་དོན་གཉིས་ལྷུན་གྲུབ་མཛོད། །རིགས་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་ཕྲུ་ཅན་གྱིས་ཟང་ཟང་ལྷ་བྲག་ནས་གདན་དྲངས་པའི་ཚེ་སྒྲུབ་ལོངས་སྐུ་མའི་སྒྲུབ་ཐབས་ལ་བརྟེན་པའི་ལས་བྱང་སྒྲུབ་མཆོག་སོགས་ཀྱི་སྐབས་ཉེ་བར་མཁོ་བར་མ་ཟད་དབང་ཚིག་བླ་མ་སྡེ་བདག་སོགས་ཀྱི་བརྟན་བཞུགས་ལའང་ཁ་བསྒྱུར་ཆོག་པའི་གསུང་རྒྱུན་རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན་གྱི་གསུང་ལས་ཉེ་བར་ཐོས་པ་ལྟར་ཆུ་བབས་སུ་བཀོད་པ་ནི། བླ་མ་དྲག་པོ་རྩལ་དང་གཏེར་སྲུང་རྣམས་ཀྱི་མཆོད་གཏོར་སྨན་རཀ་ཚོགས་རྫས། ཁྱད་པར་ཚེ་དཔག་མེད་ཀྱི་དཀྱིལ་འཁོར་རབ་རྡུལ་ཚོན། འབྲིང་རས་བྲིས། ཐ་མའང་ཚོམ་བུ་ལ་བརྟེན་པ། མཆོད་གཏོར་ལྔ་དམར་པོ། ཚེ་བུམ་མགུལ་ཆིངས་དཀར་པོ། ཚེ་འབྲང་། ཚེ་མདའ། སྙིང་པོ་ལྔ། ཚེ་(༢ན)


GLG025_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ཟན་ལྔ། ཚེ་ཆང་། བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྫས་བརྒྱད། སྟན་དཀར་རྡོ་རྗེའི་རི་མོ་ཅན། རོལ་མོ་སོགས་མཁོ་བའི་ཡོ་བྱད་ཐམས་ཅད་མངོན་པར་འདུ་བྱས་ཏེ་རིགས་འཛིན་བརྒྱུད་པའི་ཕྱག་ལེན་ལྟར་བཤམ། རྡོ་རྗེའི་མཆེད་ལྕམ་རྣམས་ཚོགས་གྲལ་ལ་འཁོད་ནས་ཐོག་མར་ཐུགས་སྒྲུབ་དྲག་པོ་རྩལ་གྱི་ལས་བྱང་གཞུང་བསྲང་། ཚོགས་ལ་སླེབས་པའི་མཚམས་སུ་སྤྱིར་རྙིང་མའི་དཀྱིལ་ཆོག་རྣམས་ལ་བདག་མདུན་སོ་སོར་མི་མཛད་པ་མང་ཡང་འདི་དང་ལྕགས་སྡོང་མ་གཉིས་ལ་བདག་མདུན་སོ་སོར་མཛད་པའི་ཕྱག་ལེན་འདུག་པས་ཚེའི་བར་ཆད་བསྲུང་པའི་ཕྱིར་མཚམས་བཅད་པ་ནི། ཧྲཱིཿ བདག་ཉིད་རྟ་མགྲིན་དམར་པོ་རབ་ཁྲོས་པ། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་སྡང་མིག་གཟིགས། །ཞལ་གདངས་མཆེ་གཙིགས་སྨིན་མ་སྨ་ར་འཁྱུག །དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་པ་ཡི། །སྤྱི་གཙུག་རྟ་མགོ་ལྗང་གུ་རྔོག་མ་དམར། །ཕྲུམ་ཕྲུམ་སེར་པོ་ཞུར་དཀར་རྟ་སྐད་འཚེར། །ཕྱག་གཡས་ཙནྡན་བེ་ཅོན་ནམ་མཁའ་ལ། །ཕྱར་ནས་གཟུགས་ཁམས་འདེགས་(༢བ)


GLG025_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་གཡོན་པ་ཡིས། །སྡིགས་མཛུབ་དང་བཅས་འདོད་ཁམས་ཟིལ་གྱིས་གནོན། །དུར་ཁྲོད་ཆས་བརྒྱད་སྦྲུལ་དང་རིན་ཅེན་རྒྱན། །རི་རབ་སྟེགས་བཅས་ཞབས་གཉིས་དོར་སྟབས་ཀྱིས། །པདྨ་ཟླ་ཉི་རུ་དྲ་བརྫིས་པའི་སྟེང་། །གར་དགུའི་ཉམས་ཀྱི་རོལ་པས་འགྱིང་པའི་སྐུ། །ཡེ་ཤེས་མེ་དཔུང་འབར་བའི་ཀློང་ན་བཞུགས། ཧྲཱིཿང་ནི་པདྨ་ཧེ་རུ་ཀའི༔ ཐུགས་ལས་སྤྲུལ་པའི་ཁྲོ་བོའི་རྒྱལ༔ རྟ་མགྲིན་དབང་གི་རྒྱལ་པོ་སྟེ༔ ཁྲོ་བོ་ཀུན་གྱི་ཕོ་ཉ་ཡིན༔ སྤྱི་གཙུག་རྟ་སྐད་ཐེངས་གསུམ་གྱིས༔ འཇིག་རྟེན་སྲིད་པའི་རྩེ་མོ་འདར༔ བར་དུ་ཧྲཱིཿཡི་རྔམ་སྒྲ་ཡིས༔ ལྷ་མིན་གནོད་སྦྱིན་སྲིན་པོ་བརྒྱལ༔ འོག་ཏུ་ཞབས་ཀྱིས་བྲོ་བརྡུང་པས༔ ས་གཞི་རྒྱ་མཚོ་འཆོལ་ཞིང་ལྡེག༔ སྐུ་ལ་བསྐལ་པའི་མེ་འབར་བས༔ དྲེགས་པ་སྡེ་བརྒྱད་མ་ལུས་བསྲེག༔ ང་ཉིད་དབང་གི་རྒྱལ་པོ་ཡིན༔ ང་ཡི་བཀའ་ལས་སུ་འདའ་བ༔ ཐལ་བ་བཞིན་དུ་བརླག་པར་བྱའོ༔ ཨཱོཾ་པདྨཱནྟ་ཀྲྀ་ཏ་མ་ཧཱ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧྲཱིཿདབང་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ༔ ཨ་ཡ་མ་ཙ་དུ་ནཱ་ག་ཕུ་ཏྲ་རགྨོ་ཡགྨོ་ཡགྴ༔ ཧཾ་ཤཱ་ན་སརྦ་དུ་ཥྚ་ན་མཱ་ར་ཡ་ཕཊ༔ སྐུ་ལས་མེ་འབར་འཇིག་རྟེན་ཁམས་ཀུན་བསྲེགས། །གནས་ལྔ་རྟ་མཆོག་འཇའ་འོད་ལྟར་འཁྲུགས་པས། །ཁྲོ་མཚོན་རྡོ་རྗེ་མེ་ཡི་གུར་ཁང་གི །སྲུང་བའི་འཁོར་ལོ་བར་མཚམས་མེད་པར་གྱུར༔ བདག་བསྐྱེད་ནི། ཨཱོཾ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། མ་བཅོས་ཤེས་པ་སོ་མའི་ངང་ཉིད་ལས། །རང་ཉིད་ཚེ་དཔག་མེད་མགོན་སྐུ་མདོག་དམར། །ཞལ་གཅིག་ཕྱག་གཉིས་ཞབས་གཉིས་སྐྱིལ་ཀྲུང་བཞུགས། །ཞལ་འཛུམ་ཤངས་(༣ན)


GLG025_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གཟེངས་མཐོ་སྤྱན་དཀྱུས་རིང་། །སྙན་གཤོག་རྒྱས་ཤིང་གནག་སྣུམ་ཐོར་ཚུགས་ཅན། །ཕྱག་གཡས་པདྨའི་སྡོང་པོ་ཐུགས་ཀར་འཛིན། །གཡོན་པ་མཉམ་གཞག་ཚེ་བུམ་དཀར་པོ་བསྣམས། །དབུ་རྒྱན་སྙན་རྒྱན་མགུར་ཆུ་དོ་ཤལ་འཕྲེང་། །དཔུང་རྒྱན་སེ་མོ་དོ་དང་ཕྱག་ཞབས་གདུབ། །དར་གྱི་ཅོད་པན་སྟོད་གཡོགས་གསང་བའི་གོས། །ཤམ་ཐབས་སྐ་རགས་ཞི་རྒྱན་བཅུ་གསུམ་སྤྲས། །མཉེན་ལྕུག་འཁྲིལ་ལྡེམ་གསལ་འཚེར་གཞོན་ནུའི་ཚུལ། །ལྷུན་སྡུག་གཟི་བྱིན་ཞི་བའི་ཚུལ་དགུའི་དང་། །ལྷན་ནེ་ལྷང་ངེ་ལྷམ་མེ་འོད་དུ་འབར། །ཐུགས་ཀར་ཟླ་སྟེང་ཧཱུཾ་ཡིག་དམར་པོ་ལས། །འོད་འཕྲོས་སེམས་ཅན་དོན་བྱས་རྒྱལ་ཀུན་མཆོད། །ཐུགས་དམ་རྒྱུད་བསྐུལ་བྱིན་རླབས་ཚུར་འདུས་ཐིམ། །སྐད་ཅིག་བྷྲུཾ་ལས་རིན་ཅེན་གཞལ་ཡས་ཁང་། །གྲུ་བཞི་སྒོ་བཞི་རྟ་བབས་དྲ་བ་དང་། །དྲ་ཕྱེད་ཤར་བུ་ལ་སོགས་རྒྱན་རྫོགས་དང་། །པདྨ་འདབ་བཞིའི་ལྟེ་བར་བདག་ཉིད་ནི། །ལྷར་གསལ་ངང་ནས་ཐུགས་ཀའི་ཧཱུཾ་དམར་ལས། །འོད་ཟེར་ཕྱོགས་བཅུར་འཕྲོས་པས་དུས་གསུམ་གྱི། །སངས་རྒྱས་སྲས་དང་བཅས་པ་མ་ལུས་པ། །འོག་མིན་གནས་ནས་སྤྱན་དྲངས་བདག་ལ་ཐིམ། །བདག་ཉིད་འོད་ལྔའི་རང་བཞིན་བཀྲག་མདངས་རྒྱས། །ཐུགས་ཀར་ཉི་ཟླའི་གའུ་སེན་གང་སྟེང་། །རིན་ཅེན་ལྔ་ལས་གྲུབ་པའི་རྩེ་ལྔ་པ། །ལྟེ་བའི་དབུས་སུ་ཡི་གེ་ཎི་ལྗང་གུ། ཁ་དོག་བཞི་ལྡན་ཧཱུཾ་གིས་རབ་བསྐོར་བ། །དེའི་ཕྱིར་རྡོ་རྗེའི་ལྟེ་བའི་མཐའ་སྐོར་དུ། །གསེར་གྱི་མདོག་ཅན་ཚེ་ཡི་སྙིང་པོས་བསྐོར། །དེ་ནས་ཚེ་གཟུངས་རྒྱུན་མི་ཆད་པར་བཟླ་ཞིང་དམིགས་པ་ལ་ནན་ཏན་བྱ། །རཾ་ལས་(༣བ)


GLG025_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

འོད་འཕྲོས་ཕྱོགས་བཞིའི་ཧཱུཾ་ལ་ཕོག །ཧཱུཾ་ལས་འོད་འཕྲོས་རྡོ་རྗེའི་རྩེ་ལ་ཕོག །རྡོ་རྗེ་ལས་འཕྲོས་སྔགས་ཀྱི་འཁོར་ལོར་ཕོག །དེ་ལས་འོད་འཕྲོས་རིན་ཅེན་ཟུར་བརྒྱད་ཐུགས། །དེ་ལས་སྣོད་བཅུད་འཇིག་རྟེན་ལ་ཕོག་པས། །ཚེ་ལ་གནོད་པའི་བར་ཆད་ཐམས་ཅད་བསྒྲལ། །བདག་ལ་ཕོག་པས་བཀྲག་མདངས་རྒྱས་པར་གྱུར། །ཞེས་དམིགས་པ་དང་བཅས་ཏེ་ཉམས་སུ་བླངས་པས་ཚེ་ཉི་ཟླ་དང་མཉམ་པ་ལྟ་བུར་འགྱུར་རོ། །མདུན་བསྐྱེད་ཀྱི་རིམ་པ་ནི། ཨཱོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱ་ཿསྭ་བྷཱ་བ་ཤུདྡྷོ྅ཧཾ། བྷྲཱུཾ་ཡིག་དཀར་པོ་འོད་དུ་ཞུ་བ་ལས། །ཚེ་བུམ་དབྱིངས་ཟླུམ་ལྟོ་ཆེ་མཆུ་འཕྱང་བ། ཁ་གཡེལ་ཞབས་ཞུམ་མགྲིན་ཕྲ་རྒྱན་གྱིས་སྤྲས། །འོད་ཟེར་ཁ་དོག་ལྔ་ལྡན་འཕྲོ་བར་གྱུར། །བྷྲཱུཾ་བི་ཤྭ་བི་ཤུདྡྷེ་བནྡྷ་ཙཀྲ་ཛྙཱ་ན་མཎྜལ་ཧཱུཾ། བུམ་ནང་ཨ་དཀར་ལས་བྱུང་བདུད་རྩིའི་ཆུ། །འཁྱིལ་སྟེང་རིན་ཅེན་ལས་གྲུབ་གཞལ་ཡས་ཁང་། །ཕྱོགས་བཞི་དཀར་སེར་དམར་ལྗང་དབུས་དམར་སྨུག །གྲུ་བཞི་སྒོ་བཞི་རྩིག་པ་ལྔ་ཡི་སྟེང་། །ཕ་གུ་སེར་པོ་དྲ་བ་དྲ་ཕྱེད་དང་། །མདའ་ཡབ་པུ་ཤུ་ཤར་བུ་རྟ་བབས་བཞི། །ཆོས་འཁོར་རི་དགས་སྣ་ཚོགས་རྒྱན་གྱིས་སྤྲས། །འདོད་པའི་སྣམ་བུར་ལྷ་མོ་མཆོད་པ་འབུལ། །དེ་དབུས་པདྨ་འདབ་བཞིའི་ལྟེ་བ་རུ། །ཧྲཱིཿ ཡིག་དཀར་ལས་མགོན་པོ་ཚེ་དཔག་མེད། །དཀར་པོ་ཞལ་གཅིག་ཕྱག་གཉིས་མཉམ་བཞག་གིས། །ཚེ་བུམ་འཛིན་ཞིང་རྡོ་རྗེ་སྐྱིལ་ཀྲུང་སྟེང་། །གོས་དཀར་ལྷ་མོ་པདྨའི་སྐྱིལ་ཀྲུང་གིས། །མཉམ་སྦྱོར་གཉིས་ཀ་ཞི་རྒྱན་བཅུ་གསུམ་སྤྲས། །ཞི་ཚུལ་དགུ་ལྡན་འགྱིང་བག་གར་གྱིས་བཞུགས། །ཤར་གྱི་འདབ་མའི་སྟེང་(༤ན)


GLG025_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ལཱ་སྱ་མ། །དཀར་མོ་མེ་ལོང་ཤེལ་གྱི་བུམ་པ་བསྣམས། །ལྷོ་ཡི་འདབ་མར་མཱ་ལྱཱ་སྔོན་མོ་ནི། །རཏྣའི་ཕྲེང་བ་མཐིང་གི་བུམ་པ་བསྣམས། །ནུབ་ཀྱི་འདབ་མར་གཱི་ཏཱི་དམར་མོ་ནི། །པི་ཝཾ་བརྡུང་ཞིང་བྱུ་རུའི་བུམ་པ་བསྣམས། །བྱང་གི་འདབ་མར་ནིརྟི་ལྗང་གུ་མ། །གར་གྱི་ཕྱག་རྒྱ་དབང་སྔོན་བུམ་པ་བསྣམས། །ཤར་ལྷོའི་གྲུ་ཆད་དྷཱུ་པེ་དཀར་མོ་ནི། །སྤོས་ཀྱི་ཁང་པ་དུང་གི་བུམ་པ་བསྣམས། །ལྷོ་ནུབ་གྲུ་ཆད་པུཥྤེ་སེར་མོ་ནི། །མེ་ཏོག་གཞོང་པ་གསེར་གྱི་བུམ་པ་བསྣམས། །ནུབ་བྱང་གྲུ་ཆད་ཨཱ་ལོ་ཀེ་དམར་མོ། །མར་མེའི་ཀོང་བུ་བྱུ་རུའི་བུམ་པ་བསྣམས། བྱང་ཤར་གྲུ་ཆད་གནྡྷེ་ལྗང་གུ་མ། །དུང་ཆོས་ཨིནྡྲ་ནཱི་ལའི་བུམ་པ་བསྣམས། །ཤར་སྒོར་དཀར་མོ་སྒེག་མོ་ལྕགས་ཀྱུ་ཐོགས། །ལྷོ་སྒོར་སེར་མོ་སྒེག་བྱེད་ཞགས་པ་ཐོགས། །ནུབ་སྒོར་དམར་མོ་དབང་སྡུད་ལྕགས་སྒྲོག་ཐོགས། །བྱང་སྒོར་ལྗང་མོ་མགྱོགས་བྱེད་དྲིལ་བུ་ཐོགས། །ལྷ་མོ་བརྒྱད་པོ་ཞི་མཛེས་སེམས་སྐྱིལ་དང་། །སྒོ་སྲུང་བཞི་པོ་ཕྱག་གཡོན་བུམ་པ་བསྣམས། །ཅུང་ཟད་ཁྲོ་ཉམས་བརྐྱང་བསྐུམ་ཚུལ་བཞུགས་པ། །བཅུ་གཉིས་པོ་རྣམས་སྤྱན་གཉིས་གནག་སྣུམ་གྱི། །རལ་པའི་ཐོར་ཚུགས་ལྷག་མ་ཐུར་དུ་འཕྱང་། །རིན་ཅེན་རྒྱན་སྤྲས་དར་གྱི་སྟོད་གཡོགས་དང་། །ཤམ་ཐབས་སྐུ་ལས་འོད་ཟེར་དུ་མ་འཕྲོས། །སྤྱན་དྲང་བ་ནི། ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས༔ བདེ་བ་ཅན་གྱི་ཞིང་ཁམས་ནས༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སྔོན་ཚེ་ཐུགས་དམ་ཞལ་བཞེས་བཞིན༔ བདག་གི་གནས་འདིར་གཤེགས་སུ་གསོལ༔ ཨེ་ཧྱེ་ཧི་བྷ་ག་ཝན། མ་ཧཱ་ཀ་རུ་ཎི་ཀ་དྲྀ་(༤བ)


GLG025_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ཤྱ་ཧོཿ ཛཿཧཱུཾ་བཾ་ཧོཿ སྤྱན་དྲངས་ནས་བུམ་ནང་གི་ལྷ་ལ་བསྟིམ་མོ། །དེ་ནས། བཅོམ་ལྡན་མགོན་པོ་ཚེ་དཔག་མེད། ཡེ་ཤེས་ཆེན་པོ་གསལ་བའི་སྐུ༔ ཐུགས་རྗེས་འགྲོ་བའི་དོན་མཛད་པའི༔ མགོན་པོ་ཁྱེད་ལ་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོ༔ ཞེས་ཕྱག་འཚལ་ལོ། །མཆོད་པ་འབུལ་བ་ནི། བདེ་བར་གཤེགས་སོ་ཚེ་དཔག་མེད༔ ཡེ་ཤེས་ཆེན་པོ་གསུང་གི་ལྷ༔ ཚེ་ཡི་ལྷ་ཚོགས་ཐམས་ཅད་ལ༔ ཀུན་བཟང་མཆོད་སྤྲིན་སྣ་ཚོགས་འབུལ༔ ཨརྒྷཾ་བདུག་སྤོས་མེ་ཏོག་དང་༔ མར་མེ་དྲི་ཆབ་མཆོད་པར་འབུལ༔ བྷ་ལིཾ་ཏ་ཡི་གཏོར་མ་འདི༔ འདོད་ཡོན་དྲུག་ཏུ་བྱིན་བརླབས་པ༔ ཡེ་ཤེས་ལྷ་ཚོགས་རྣམས་ལ་འབུལ༔ བསྙེན་པ་བྱ་བ་ནི། ཨཱོཾ་བཛྲ་ཛྙཱ་ན་ཨ་ཡུ་བ་ཤེ །ཧཱུཾ་བྷྲཱུཾ་ཎི་ཛཿ ཐུགས་ལས་འོད་འཕྲོས་བུམ་ནང་ལྷ་ཚོགས་མཆོད། །བདུད་རྩི་ཚུར་འདུས་ལུས་ཀྱི་ནང་ཀུན་གང་། །འོད་ཟེར་ཕར་འཕྲོས་ཡབ་ཡུམ་སྦྱོར་མཚམས་ནས། །བྱང་སེམས་དྲངས་ཏེ་རང་གི་ཐུགས་ཀར་ཐིམ། །ཟག་པ་མེད་པའི་བདེ་ཆེན་ཏིང་འཛིན་རྒྱས། །གོས་དཀར་ཉི་ཟླའི་སྟེང་དུ་ཚེའི་རང་བཞིན། དཀར་འཚེར་སྣུམ་འདྲིལ་དཀྱིལ་དུ་ཎི་ལྗང་གུ། །ཞལ་ནས་ཨཱ་ཡུ་རྫྙཱ་ན་བྷྲཱུཾ་ཞེས་སྒྲོག །ཐུགས་ནས་ལྷ་མོ་བཞི་དང་འོད་ཟེར་འཕྲོས། །ཨཱོཾ་ཨ་མུ་ཧ་ཧོཿ ལྷ་མི་སྡེ་བརྒྱད་རྣམས་ཀྱི་ཆེ་བཀྲག་དང་༔ ས་ཆུ་མེ་རླུང་འབྱུང་བའི་བཅུད་རྣམས་བསྡུས༔ ས་མ་ཡ་བྷོ་དྷི་ཙིཏྟ་བཛྲ་ཨཾ་ཀུ་ཤ་ཛ༔ ཆོས་སྐྱོང་གཏེར་སྲུང་འགོ་པའི་ལྷ་རྣམས་ཀྱིས༔ འཇིག་རྟེན་ཁམས་ཀྱི་ཚེ་ཡི་དངོས་གྲུབ་ཁུག༔ ཨཱོཾ་བཛྲ་ཨཱ་ཡུཿ ཤེ་ཨ་ཨ། (༥ན)


GLG025_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་བ་མེད་པ་ཚེ་ཡི་རང་བཞིན་གྱི། །དཀར་ལ་འོད་དུ་འཚེར་བའི་རྣམ་པ་ཅན། །སྐར་ཆེན་ཐང་ལ་ཕེབས་པ་ལྟ་བུ་ཞིག །ཚེ་ཡི་རྫས་རྣམས་ཀུན་ལ་ཐིམ་པར་གྱུར། །ཅེས་དམིགས་པའི་རིམ་པ་རྣམས་ལ་ནན་ཏན་དུ་བྱའོ། །དེ་ནས་གཟུངས་ཐག་ནས་བཟུང་ལ་ལྷ་བསྐུལ་པ་ནི། བཅོམ་ལྡན་ཡེ་ཤེས་མགོན་པོ་ཚེ་དཔག་མེད༔ ཐུགས་རྗེའི་དབང་གིས་འགྲོ་བའི་དོན་ལ་བྱོན། །མཁའ་དབྱིངས་རྣམ་དག་ཡུམ་གྱི་གཞལ་ཡས་སུ༔ བྱང་ཆུབ་སེམས་ཀྱི་བདུད་རྩི་འོད་དུ་འཕྲོ༔ ཚེ་དང་གཡང་སྤེལ་དབང་དང་བྱིན་ཕོབ་ཅིག །ཨཱོཾ་བཛྲ་ཛྙཱ་ན་ཨཱ་ཡུཿཤེ་ཧཱུཾ་བྷྲཱུཾ་ཎི་ཛ༔ ཞེས་བརྗོད་ཅིང་ཚེ་བཀུག་ལ་བསྟིམ་མོ། ཧཱུཾ། ཤར་གྱི་ཕྱོགས་ནས་ཚེ་འགུགས་མ༔ ལཱ་སྱེ་དཀར་མོ་ཚེ་ཡི་བདག༔ ཕྱག་ན་ཤེལ་གྱི་བུམ་པ་བསྣམས༔ བུམ་པའི་ནང་ནི་གཞལ་ཡས་ཁང་༔ ཕྱི་ནང་མེད་པར་གསལ་ལེར་གསལ༔ གཟུངས་ཐག་རྡོ་རྗེའི་ཚ་ཚ་འཕྲོ༔ པདྨ་མེ་ཏོག་མདངས་དང་ལྡན༔ ཤར་གྱི་ཕྱོགས་ནས་ཚེ་ཁུག་ཅིག༔ ཨཱོཾ་༴ ཧཱུཾ། ལྷོ་ཡི་ཕྱོགས་ནས་ཚེ་འགུགས་མ༔ མཱ་ལེ་སྔོན་མོ་ཚེ་ཡི་བདག༔ ཕྱག་ན་གསེར་གྱི་བུམ་པ་བསྣམས༔ བུམ་པའི་ནང་ནི་གཞལ་ཡས་ཁང་༔ ཕྱི་ནང་མེད་པར་གསལ་ལེར་གསལ༔ གཟུངས་ཐག་རྡོ་རྗེའི་ཚ་ཚ་འཕྲོ༔ པདྨའི་མེ་ཏོག་མདངས་དང་ལྡན༔ ལྷོ་ཡི་ཕྱོགས་ནས་ཚེ་ཁུག་ཅིག༔ ཨཱོཾ་༴ ཧཱུཾ། ནུབ་ཀྱི་ཕྱོགས་ནས་ཚེ་འགུགས་མ༔ གཱི་ཏི་དམར་པོ་ཚེ་ཡི་བདག༔ ཕྱག་ན་མཆོང་གི་བུམ་པ་བསྣམས༔ བུམ་པའི་ནང་ནི་གཞལ་ཡས་ཁང་༔ ཕྱི་ནང་མེད་པར་གསལ་ལེར་(༥བ)


GLG025_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

གསལ༔ གཟུངས་ཐག་རྡོ་རྗེའི་ཚ་ཚ་འཕྲོ༔ པདྨའི་མེ་ཏོག་མདངས་དང་ལྡན༔ ནུབ་ཀྱི་ཕྱོགས་ནས་ཚེ་ཁུག་ཅིག༔ ཨཱོཾ་༴ ཧཱུཾ། བྱང་གི་ཕྱོགས་ནས་ཚེ་འགུགས་མ༔ ནི་རྟི་ལྗང་གུ་ཚེ་ཡི་བདག༔ ཕྱག་ན་གཡུ་ཡི་བུམ་པ་བསྣམས༔ བུམ་པའི་ནང་ནི་གཞལ་ཡས་ཁང་༔ ཕྱི་ནང་མེད་པར་གསལ་ལེར་གསལ༔ གཟུངས་ཐག་རྡོ་རྗེའི་ཚ་ཚ་འཕྲོ༔ པདྨའི་མེ་ཏོག་མདངས་དང་ལྡན༔ བྱང་གི་ཕྱོགས་ནས་ཚེ་ཁུག་ཅིག༔ ཨཱོཾ་༴ ཧཱུཾ། ལུས་ཀྱི་ཤ་ཡི་ཁམས་ཉམས་ན༔ འབྱུང་བ་ས་ཡི་བཅུད་བསྡུས་ལ༔ སངས་རྒྱས་སྤྱན་གྱིས་ཚེ་ཁུག་ཅིག༔ བདག་ལ་ཚེ་ཡི་དངོས་གྲུབ་སྩོལ༔ ཨཱོཾ་༴ ཧཱུཾ། ལུས་ཀྱི་ཁྲག་གི་ཁམས་ཉམས་ན༔ འབྱུང་བ་ཆུ་ཡི་བཅུད་བསྡུས་ལ༔ མཱ་མ་ཀི་ཡིས་ཚེ་ཁུག་ཅིག༔ བདག་ལ་ཚེ་ཡི་དངོས་གྲུབ་སྩོལ༔ ཨཱོཾ་༴ ཧཱུཾ། ལུས་ཀྱི་དྲོད་ཀྱི་ཁམས་ཉམས་ན༔ འབྱུང་བ་མེ་ཡི་བཅུད་བསྡུས་ལ༔ གོས་དཀར་མོ་ཡི་ཚེ་ཁུག་ཅིག༔ བདག་ལ་ཚེ་ཡི་དངོས་གྲུབ་སྩོལ༔ ཨཱོཾ་༴ ཧཱུཾ། ལུས་ཀྱི་དབུགས་ཀྱི་ཁམས་ཉམས་ན༔ འབྱུང་བ་རླུང་གི་བཅུད་བསྡུས་ལ༔ དམ་ཚིག་སྒྲོལ་མས་ཚེ་ཁུག་ཅིག༔ བདག་ལ་ཚེ་ཡི་དངོས་གྲུབ་སྩོལ༔ ཨཱོཾ་༴ ཧཱུཾ། འབྱུང་བ་ས་ཡི་ཞིང་ཁམས་ནས༔ རྡོ་རྗེ་ཚེ་མཆོག་འགུགས་པའི་ལས་མཛད་མ༔ དཀར་མོ་མགྱོགས་མ་ཞི་བྱེད་འོད་འཕྲོའི་ཚོགས༔ འགྲོ་བ་ཡོངས་ཀྱི་ཚེ་ལ་དབང་སྒྱུར་ལ༔ ཤར་ཕྱོགས་སྣོད་བཅུད་ཀུན་གྱི་ཚེ་ཁུག་ཅིག༔ ཨཱོཾ་༴ ཧཱུཾ། འབྱུང་བ་ཆུ་ཡི་༴ རིན་ཅེན་༴ སྔོན་མོ་མགྱོགས་མ་རྒྱས་བྱེད་༴ འགྲོ་བ་༴ ལྷོ་ཕྱོགས་༴ ཨཱོཾ་༴ ཧཱུཾ། འབྱུང་བ་མེ་ཡི་༴ པདྨ་༴ དམར་མོ་མགྱོགས་མ་དབང་(༦ན)


GLG025_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

སྡུད་༴ འགྲོ་བ་༴ ནུབ་༴ ཨཱོཾ་༴ ཧཱུཾ། འབྱུང་བ་རླུང་༴ འཕྲིན་ལས་༴ ལྗང་མོ་མགྱོགས་མ་གྲུབ་བྱེད་༴ འགྲོ་བ་༴ བྱང་༴ ཨཱོཾ་༴ ཞེས་ཚེ་འགུགས་པའི་ཆོ་ག་བྱ། ཚེ་བསྟིམ་པ་ནི། ཧཱུཾ། སྲིད་པ་གསུམ་གྱི་ཚེ་བཀུག་རྣམས༔ ཡི་གེ་བྷྲཱུཾ་ལ་བསྟིམ་པར་བྱ༔ བྷྲཱུཾ་དེ་འོད་དུ་ཞུ་བ་ལས༔ ཚེ་ཡི་བུམ་པ་ཉིད་ལ་བསྟིམ༔ བུམ་པའི་ནང་གི་འོད་ཟེར་རྣམས༔ འབྱུང་བའི་སྙིང་པོ་ལྔ་ལ་བསྟིམ༔ སྙིང་པོ་ལྔ་ཡི་བཀྲག་མདངས་རྣམས༔ ལྷ་ཡི་སྙིང་པོ་ལྔ་ལ་བསྟིམ༔ ཨཱོཾ་ཨཱཿཧཱུཾ་སྭཱ་ཧཱ། ཡི་གེ་དཔའ་བོ་འབྲུ་ལྔ་པོ༔ བདག་གི་སྙིང་གར་ཐིམ་པ་ཡིས༔ སྙིང་ནང་འོད་ཀྱི་ཁང་བུར་གྱུར༔ ས་མ་ཡ་ཏིཥྛ་ལྷན། ཚོགས་མཆོད་ཐུགས་སྒྲུབ་གཞུང་ལྟར་དང་། ཨཱོཾ་ཨཱཿཧཱུཾ་ཨཱ་ཡུ་རྫྙཱ་ན་དེ་ཝ་ཌཱ་ཀཱི་ནི་མ་ཧཱ་བྷ་ལིཾ་ཏ་ཁཱ་ཧི། ཞེས་འབུལ། དམག་ཟོར་མ། བཀའ་སྲུང་བརྒྱད་མཆོད། རྒྱལ་བཙན་གཞི་བདག་གི་གཏོར་མ་རྣམས་བསྔོ། དེ་ནས་བརྟན་བཞུགས་དངོས་བྱ་བ་ནི། གང་ལ་བྱ་བའི་ཡུལ་དེ་རོལ་མོ་དང་བཅས་ཏེ་གནས་ཁང་དུ་གདན་དྲངས། གདན་ཁྲི་ལ་བཞུགས་སུ་གསོལ། བསུན་བཟློག་རྒྱས་པ་མེད་པའི་དུས་ལྷ་བཙུན་ཀུན་བཟང་རྣམ་རྒྱལ་གྱི་རིགས་ལྔའི་བསུན་བཟློག་གསང་མཆོད་གདོད་དབྱིངས་མ་ལེན། བརྟན་བཞུགས་འབུལ་ཡུལ་དེ་སྭ་བྷཱ་ཝས་སྦྱངས། སེང་ཁྲི་རྡོ་རྗེས་མཚན་པའི་གདན་སྟེང་དུ། ཧྲཱིཿ ལས་རྡོ་རྗེ་སློབ་དཔོན་ཚེ་དཔག་མེད། །དཀར་པོ་ཞལ་གཅིག་ཕྱག་གཉིས་ཚེ་བུམ་བསྣམས། །གོས་དཀར་ཡུམ་དང་གཉིས་སུ་མེད་པར་གྱུར། །བརྟན་བཞུགས་ཀྱི་ཡུལ་དཀྱིལ་འཁོར་གྱི་གཙོ་བོར་བྱེད་པ་སྔོན་ཆད་ཕྱག་ལེན་གྱི་རྒྱུན་ལ་མི་འདུག་ཀྱང་བྱས་ན་འབྲེལ་(༦བ)


GLG025_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་ཤིང་ལེགས་པར་མངོན་ལ། དེ་ལྟར་ལེགས་ཞེས་འཇམ་དབྱངས་ཆོས་ཀྱི་རྒྱལ་པོ་ཡང་གསུང་། རིགས་འཛིན་བརྒྱུད་པ་བསྐུལ་བ་ནི། གནས་འོག་མིན་ཆོས་ཀྱི་དབྱིངས་ནས་རང་གི་སྤྱི་གཙུག་ཡན་ཆད་བླ་མ་བརྒྱུད་པས་ཁེངས་པར་བསམས་ཤིང་། དེ་ཐམས་ཅད་ཀྱི་ཕྱག་ན་ཚེའི་བུམ་པ་རེ་བསྣམས་པ། འཁོར་མཁའ་འགྲོ་མང་པོ་ལུས་ཀྱི་གར་བེད་ཤིགས་སེ་ཤིག༔ ངག་གི་འཛབ་དང་སྙིང་པོ་དིར་རི་རི་འདྲེན་པར་བསམས་ལ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་གསོལ་བ་འདི་ལྟར་གདབ་བོ། །ཨཱོཾ་རྡོ་རྗེ་འཆང་གནས་གསར་བའི་ཕྱག་ལེན་ལ་མི་མཛད་ཀྱང་བཀྲ་བཟང་པའི་ལུགས་ལ་འདུག་པ་འཐད་ལེགས་སུ་སྤྲུལ་སྐུ་གཏེར་བདག་གླིང་པ་གསུང་། ཨཱཿཧཱུཾ། ཨཱོཾ་བཛྲ་ཛྙཱ་ན་ཨཱཿཡུཿཤེ་ཧཱུཾ་བྷྲཱུཾ་ཎི་ཛཿ འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །ཡེ་ཤེས་སྣང་བ་ལམ་མེ་པ། །ཀུན་ཏུ་བཟང་པོའི་དུས་ལ་བབ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །ཨཱོཾ་ཨཱཿཧཱུཾ་ཨཱོཾ་བཛྲ་ཛྙཱ་ན་ཨཱཿཡུཿཤེ་༴ པདྨ་དབང་གི་ཞིང་ཁམས་ནས། །ཡེ་ཤེས་ཡེ་ཤེས་འབྱུང་གནས་ཆེ། །སྣང་བ་མཐའ་ཡས་༴ འཆི་མེད་༴ ཨཱོཾ་༴ བདེ་བ་ཅན་གྱི་ཞིང་ཁམས་ནས། །འཆི་མེད་དབང་པོ་ལྷའི་བླ་མ། །ཚེ་དཔག་མེད་མགོན་༴ འཆི་མེད་༴ ཨཱོཾ་༴ འཛམ་བུ་གླིང་གི་གནས་བརྒྱད་ནས། །དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །པདྨ་འབྱུང་གནས་༴ འཆི་མེད་༴ ཨཱོཾ་༴ རིགས་འཛིན་ཚེ་ཡི་ཞིང་ཁམས་ནས། །གསུམ་རིག་གཙང་མ་དག་པ་སྟེ། །པདྨ་སཾ་བྷའི་༴ འཆི་མེད་༴ ཨཱོཾ་༴ རིགས་འཛིན་ཚེ་ཡི་ཞིང་ཁམས་ནས། །མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང་། །བློ་ལྡན་མཆོག་སྲེད་༴ འཆི་མེད་༴ ཨཱོཾ་༴ རིགས་འཛིན་ཚེ་ཡི་ཞིང་ཁམས་ནས། །འཁོར་ལོས་སྒྱུར་བ་སྟོབས་པོ་ཆེ། །པདྨ་རྒྱལ་པོའི་༴ འཆི་མེད་༴ ཨཱོཾ་༴ རིགས་འཛིན་ཚེ་ཡི་ཞིང་ཁམས་ནས། །ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན། །ཤཱཀྱ་སེང་གེའི་དུས་༴ འཆི་མེད་༴ ཨཱོཾ་༴ རིགས་འཛིན་ཚེ་(༧ན)


GLG025_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་ཞིང་ཁམས་ནས། །ཉི་མ་འཆར་ཀའི་དཀྱིལ་ལྟར་མཛེས། །ཉི་མ་འོད་ཟེར་༴ འཆི་མེད་༴ ཨཱོཾ་༴ རིགས་འཛིན་ཚེ་ཡི་ཞིང་ཁམས་ནས། །བདག་མེད་སེང་གེའི་སྒྲ་དང་ལྡན། །སེང་གེ་སྒྲ་སྒྲོག་༴ འཆི་མེད་༴ ཨཱོཾ་༴ རིགས་འཛིན་ཚེ་ཡི་ཞིང་ཁམས་ནས། །རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །རྡོ་རྗེ་གྲོ་ལོད་༴ འཆི་མེད་༴ ཨཱོཾ་༴ རིགས་འཛིན་ཚེ་ཡི་ཞིང་ཁམས་ནས། །ཆོས་དབྱིངས་སྣང་བ་ཟད་མི་ཤེས། །མཁའ་འགྲོ་འཚོ་རྒྱལ་༴ འཆི་མེད་༴ ཨཱོཾ་༴ རིགས་འཛིན་ཚེ་ཡི་ཞིང་ཁམས་ནས། །སྨོན་ལམ་ཡེ་ཤེས་རྒྱ་མཚོ་སྟེ། །གཏེར་སྟོན་ཡབ་སྲས་༴ འཆི་མེད་༴ ཨཱོཾ་༴ རིགས་འཛིན་ཚེ་ཡི་ཞིང་ཁམས་ནས། །ཐེག་པ་མཆོག་གསུམ་སྟོན་པ་པོ། །རྡོ་རྗེའི་མཚན་ཅན་༴ འཆི་མེད་༴ ཨཱོཾ་༴ རིགས་འཛིན་ཚེ་ཡི་ཞིང་ཁམས་ནས། །བྱམས་ཆེན་རང་བཞིན་དཔག་ཏུ་མེད། །བྱམས་པ་བཤེས་གཉེན་༴ འཆི་མེད་༴ ཨཱོཾ་༴ རིགས་འཛིན་ཚེ་ཡི་ཞིང་ཁམས་ནས། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །སངས་རྒྱས་དཔལ་བཟང་༴ འཆི་མེད་༴ ཨཱོཾ་༴ རིགས་འཛིན་ཚེ་ཡི་ཞིང་ཁམས་ནས། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །ཆོས་རྒྱལ་བསོད་ནམས་༴ འཆི་མེད་༴ ཨཱོཾ་༴ རིགས་འཛིན་ཚེ་ཡི་ཞིང་ཁམས་ནས། །ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས། །སངས་རྒྱས་བསྟན་པའི་༴ འཆི་མེད་༴ ཨཱོཾ་༴ རིགས་འཛིན་ཚེ་ཡི་ཞིང་ཁམས་ནས། །ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ། དཀོན་ཅོག་བཟང་པོའི་༴ འཆི་མེད་༴ ཨཱོཾ་༴ རིགས་འཛིན་ཚེ་ཡི་ཞིང་ཁམས་ནས། །མགོན་པོ་རིགས་མཆོག་ཆེན་པོ་སྟེ། །ཚར་ཆེན་ཆོས་རྗེའི་༴ (༧བ)


GLG025_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་མེད་༴ ཨཱོཾ་༴ རིགས་འཛིན་ཚེ་ཡི་ཞིང་ཁམས་ནས། །སྔགས་མཆོག་སྔགས་བདག་རིག་སྔགས་རྒྱལ། །མཁྱེན་བརྩེའི་དབང་ཕྱུག་༴ འཆི་མེད་༴ ཨཱོཾ་༴ རིགས་འཛིན་ཚེ་ཡི་ཞིང་ཁམས་ནས། །བླ་མ་གསང་སྔགས་ཆེ་བའི་མཆོག །དབང་ཕྱུག་རབ་བརྟན་༴ འཆི་མེད་༴ ཨཱོཾ་༴ རིགས་འཛིན་ཚེ་ཡི་ཞིང་ཁམས་ནས། །མགོན་པོ་ས་བཅུའི་དབང་ཕྱུག་སྟེ། །བསོད་ནམས་མཆོག་ལྡན་༴ འཆི་མེད་༴ ཨཱོཾ་༴ རིགས་འཛིན་ཚེ་ཡི་ཞིང་ཁམས་ནས། །མཆོག་གི་དང་པོ་སྐུ་གསུམ་འཆང་། །ཆོས་དབྱིངས་རང་གྲོལ་༴ འཆི་མེད་༴ ཨཱོཾ་༴ རིགས་འཛིན་ཚེ་ཡི་ཞིང་ཁམས་ནས། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །པདྨ་འཕྲིན་ལས་༴ འཆི་མེད་༴ ཨཱོཾ་༴ རིགས་འཛིན་ཚེ་ཡི་ཞིང་ཁམས་ནས། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཏེར་བདག་གླིང་པའི་༴ འཆི་མེད་༴ ཨཱོཾ་༴ རིགས་འཛིན་ཚེ་ཡི་ཞིང་ཁམས་ནས། །སངས་རྒྱས་ལྔ་བདག་ཅོད་པཎ་ཅན། །ཟིལ་གནོན་བཞད་རྩལ་༴ འཆི་མེད་༴ ཨཱོཾ་༴ རིགས་འཛིན་ཚེ་ཡི་ཞིང་ཁམས་ནས། །རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ། །སྒོ་མ་བཞི་ཡི་༴ འཆི་མེད་༴ ཨཱོཾ་༴ རིགས་འཛིན་ཚེ་ཡི་ཞིང་ཁམས་ནས། །ཤུགས་ཆེན་མགྱོགས་པ་ཆེན་པོ་སྟེ། །ཕོ་ཉ་མེད་པའི་༴ འཆི་མེད་༴ ཨཱོཾ་༴ རིགས་འཛིན་ཚེ་ཡི་ཞིང་ཁམས་ནས། །དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན། །ཚེ་ཡི་ལྷ་ཚོགས་༴ འཆི་མེད་༴ ཞེས་བྱིན་དབབ་པོ། །དེ་ནས་ཚེ་འབྲང་ཕྱག་ཏུ་ཕུལ་ཏེ། ཧཱུཾ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་ནི་སྐྱེ་ཤི་འདུ་འབྲལ་མེད༔ མི་འགྱུར་མི་ཤིགས་ཡེ་ཤེས་སྐུ༔ སངས་རྒྱས་སྐུ་ཡི་ཚེ་དབང་འདི༔ རྗེ་བཙུན་བླ་མ་ཐུགས་རྗེ་ཅན༔ འགྲོ་དོན་མཛད་ཕྱིར་འབུལ་ལགས་ཀྱི༔ སྐུ་ཡི་ཚེ་དབང་བརྟན་གྱུར་ནས༔ སྐུ་ནི་བརྟན་པར་བཞུགས་སུ་གསོལ༔ (༨ན)


GLG025_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ལ་དབང་པའི་རིགས་འཛིན་དུ༔ རྗེ་བཙུན་བླ་མ་བརྟན་པར་བཞུགས༔ ཧཱུཾ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་ནི་མི་གཡོ་གསལ་ལ་དངས༔ རང་སྣང་ཡེ་ཤེས་ཆེན་པོའི་ངང་༔ རང་གྲོལ་ཐུགས་ཀྱི་དགོངས་པ་འདི༔ རྗེ་བཙུན་༴ འགྲོ་དོན་༴ ཐུགས་ཀྱི་༴ ཐུགས་ནི་༴ ཚེ་ལ་༴ རྗེ་བཙུན་༴ ཧཱུཾ། དུས་གསུམ་༴ ཡོན་ཏན་ནོར་བུ་རིན་པོ་ཆེ༔ དགོས་འདོད་ཐམས་ཅད་འབྱུང་བའི་གནས༔ ཡེ་ཤེས་རྒྱས་པའི་དབང་མཆོག་འདི༔ རྗེ་བཙུན་༴ འགྲོ་དོན་༴ ཡོན་ཏན་༴ ཡོན་ཏན་༴ ཚེ་ལ་༴ རྗེ་བཙུན་༴ ཧཱུཾ། དུས་གསུམ་༴ གསུང་ནི་མི་འགག་སྙན་གདངས་ཆེ༔ འཛིན་མེད་མ་ཆགས་པདྨའི་སྒྲ༔ བདེ་གཤེགས་གསུང་གི་ངོ་བོ་འདི༔ རྗེ་བཙུན་༴ འགྲོ་དོན་༴ གསུང་གི་༴ གསུང་ནི་༴ ཚེ་ལ་༴ རྗེ་བཙུན་༴ ཧཱུཾ། དུས་གསུམ་༴ འཕྲིན་ལས་མཛད་པ་བསམ་མི་ཁྱབ༔ ཡེ་ཤེས་འཕྲིན་ལས་གྲུབ་པའི་རྩལ༔ ཐུགས་རྗེ་སྤྲུལ་པའི་མཛད་པ་འདི་རྗེ་བཙུན་༴ འགྲོ་དོན་༴ འཕྲིན་ལས་༴ འཕྲིན་ལས་༴ ཚེ་ལ་༴ རྗེ་བཙུན་༴ རྒྱས་པར་སྤྲོ་ན་ཚེ་འབྲང་ལྔ་དང་༔ བསྡུ་ན་གཅིག་པ་ལན་ལྔར་འབུལ་ལོ། །སྙིང་པོ་ལྔ་ཕྱག་ཏུ་ཕུལ་ཏེ། སྙིང་པོ་ལྔ་ཡི་བཀྲག་མདངས་རྣམས༔ ལྷ་ཡི་སྙིང་པོ་ལྔ་ལ་ཐིམ༔ ཡི་གེ་འབྲུ་ལྔ་དཔའ་བོ་ལྔ༔ རྗེ་བཙུན་ཐུགས་ཀར་ཐིམ་པ་ཡིས༔ ཚེ་ཡི་འོད་ཀྱི་གོང་བུར་གྱུར༔ ཨཱོཾ་ཨཱཿཧཱུཾ་སྭཱ་ཧཱ། ས་མ་ཡ་ཏི་ཥྛ་ལྷན། ཞེས་བརྗོད་ཅིང་ཚེ་ཐམས་ཅད་ཡིག་འབྲུ་ལྔར་གྱུར་ནས་ཐུགས་ཀར་བསྟིམ་མོ། །ཚེ་སྦ་ཞིང་རྒྱས་བཏབ་པ་ནི། ཧཱུཾ། འཆི་མེད་ཚེ་ཡི་རང་བཞིན་ནི༔ ཡེ་ཤེས་(༨བ)


GLG025_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་ཡི་ངོ་བོ་སྟེ༔ འོད་ལྔ་གསལ་ལ་མདངས་དང་བཅས། །མི་ཡི་ཚེ་ནི་སྣུམ་ལ་འདྲིལ༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་ཡི། །ཐུགས་ཀྱི་ཀློང་དུ་སྦ་བར་བྱ༔ མི་དམིགས་སྟོང་པའི་གོ་ཆ་ལ༔ སུས་ཀྱང་གནོད་པར་བྱ་བ་མིན༔ ཅེས་སྟོང་པའི་ངང་ལ་དར་ཅིག་བཞག་གོ །ཚེ་བསྲུང་བ་ནི། དཔྲལ་བའི་དབུས་སུ་རྟ་མགྲིན་དམར་པོ་ནི༔ ཞལ་གཅིག་ཕྱག་གཉིས་བེ་ཅོན་སྡིགས་མཛུབ་མཛད། ཧྲཱིཿཔདྨཱ་ནྟ་ཀྲྀ་ཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུཾ་བཛྲ་ཀྲོ་དྷ་རཀྵ་རཀྵ་ཧཱུཾ༔ ལུས་མགོ་མཇུག་རྡོ་རྗེའི་གོ་ཁྲབ་ཏུ་གྱུར། ནང་གི་རྩ་སྒོ་བསྲུང་བ་ནི། ཧཱུཾ། ཙིཏྟ་གསང་བའི་སྒོ་སྲུང་ནི༔ དབང་གི་རྒྱལ་པོ་རྟ་མགྲིན་ཏེ༔ ཚེ་སྲོག་བར་ཆད་བསྲུང་བར་མཛོད༔ འཆི་བདག་བདུད་ཀྱི་སྒོ་ཆོད་ལ༔ ཚེ་བདག་ཆེན་པོར་བཞུགས་སུ་གསོལ༔ ཨཱོཾ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་བ་ཧཱུཾ༔ བཛྲ་རཀྵ་རཀྵ་ཧཱུཾ༔ དབང་གྲུབ་ནས་དངོས་གྲུབ་བླང་བ་ནི། བུམ་ཆུ་ཕྱག་ཏུ་ཕུལ་ནས། བཀྲ་ཤིས་འོད་གསལ་སོགས་ཚིགས་བཅད་དངས་མ་བཅུད་འདྲེན་ལས་བླངས་པའི་མཐར། ཀཱ་ཡ་སིདྡྷི་ཨཱོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུཾ། ཚེ་ཟན་ཕུལ་ཏེ། ཧཱུཾ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ༔ ཅི་འདོད་རྩོལ་བ་མེད་པ་བཞིན༔ ལྷུན་གྲུབ་ཚེ་དབང་རིགས་འཛིན་ལ༔ ཚེ་ཡི་ལོངས་སྤྱོད་འདི་ཕུལ་བས༔ ཕུན་སུན་ཚོགས་པའི་དངོས་གྲུབ་ཤོག༔ ཚེ་ཆང་ཕུལ་ཏེ། ཧཱུཾ། ཡིད་བཞིན་ནོར་བུ་རིན་ཅེན་ལ༔ ལོངས་སྤྱོད་ངང་གིས་འབྱུང་བ་བཞིན༔ ལྷུན་གྲུབ་ཚེ་དབང་རིགས་འཛིན་ལ༔ ཚེ་བཅུད་དངོས་གྲུབ་འདི་ཕུལ་བས༔ རྩོལ་(༩ན)


GLG025_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

བ་མེད་པའི་དངོས་གྲུབ་ཤོག༔ ཚེ་རིལ་ཕུལ་ཏེ། ཧཱུཾ། དམག་དཔོན་ནོར་བུ་རིན་ཅེན་གྱིས༔ ཕས་ཀྱི་དགྲ་དཔུང་འཇོམས་པ་བཞིན༔ ལྷུན་གྲུབ་ཚེ་དབང་རིགས་འཛིན་ལ༔ ཚེ་ཡི་རིལ་བུ་འདི་ཕུལ་བས༔ དགྲ་བགེགས་དཔུང་འཇོམས་དངོས་གྲུབ་ཤོག༔ རྒྱས་པར་སྤྲོ་ན། བཀྲ་ཤིས་རྟགས་བརྒྱད་རྣམས་རིམ་གྱིས་ཕུལ་ཏེ། རིན་ཅེན་ཏོག་མཛེས་ལྷ་རྫས་གདུགས་དཀར་འདི༔ རྡོ་རྗེ་སློབ་དཔོན་བསྐལ་བརྒྱར་རྟག་བཞུགས་ནས༔ ཟབ་རྒྱས་ཆོས་འཁོར་བསྐོར་ཕྱིར་འབུལ་ལགས་ན༔ བརྩེ་བས་བཞེས་ཏེ་འདོད་པའི་འབྲས་བུ་སྩོལ༔ ཚིག་ལྷག་མ་གསུམ་འོག་མ་རྣམས་ལ་འགྲེ ། ཀུན་གསལ་འདྲེན་བྱེད་ལྡན་པའི་གསེར་ཉ་འདི༔༴༴ འཆི་མེད་བདུད་རྩིས་གང་བའི་བུམ་བཟང་འདི༔༴༴ ཡིད་འོང་འདབ་སྟེང་འཛུམ་པའི་པདྨ་འདི༔ ༴༴བཀྲ་ཤིས་གཡས་སུ་འཁྱིལ་པའི་དུང་དཀར་འདི༔༴༴ དགེ་མཚན་རི་མོ་བཀྲ་བའི་དཔལ་བེའུ་འདི༔༴༴ ལུགས་གཉིས་སྲིད་རྩེར་བསྒྲེང་པའི་རྒྱལ་མཚན་འདི༔༴༴ གླིང་བཞི་ཀུན་ལ་དབང་སྒྱུར་འཁོར་ལོ་འདི༔༴༴ ཞེས་དང་། རྒྱལ་སྲིད་བདུན་ལ། ཕྱོགས་ལས་རྣམ་པར་རྒྱལ་པའི་འཁོར་ལོ་འདི༔༴༴ འདོད་པའི་རེ་བ་སྐོང་བའི་ནོར་བུ་འདི༔༴༴ རྨད་བྱུང་བདེ་བ་སྟེར་བའི་བཙུན་མོ་འདི༔༴༴ ཆོས་སྲིད་དོན་གཉིས་ལྷུན་གྲུབ་བློན་པོ་འདི༔༴༴ སྟོང་གསུམ་སྐད་ཅིག་བསྐོར་ནུས་གླང་པོ་འདི༔༴༴ ཅང་ཤེས་རླུང་གི་ཤུགས་ལྡན་རྟ་མཆོག་འདི༔༴༴ ཕ་རོལ་དགྲ་དཔུང་འཇོམས་པའི་དམག་དཔོན་འདི༔༴༴ ཞེས་དང་། བཀྲ་ཤིས་རྫས་བརྒྱད་ཚིག་(༩བ)


GLG025_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་ལྷུག་སྤྱི་འགྲོ་ལྟར་འབུལ། འདི་རྣམས་གཏེར་གཞུང་དངོས་སུ་མི་གསལ་ཀྱང་བརྟན་བཞུགས་གཞན་འགར་སྣང་ཞིང་ལེགས་པའི་ཆ་ལག་ཏུ་འགྱུར་བས་བཀོད་པ་ཡིན་ནོ། །དེ་རྗེས་བསམས་པ་ལྷུན་གྲུབ་མ། ཚིགས་བཅད་སྨོན་ལམ་གྱི་རིགས་དང་། ཚོགས་ལྷག་སོགས་གོང་དུ་མ་སོང་ན་དཀྱུས་ལྟར་དང་། དཀྱིལ་འཁོར་བསྡུ་སྐབས་ལས་བྱང་ཡོངས་རྫོགས་མཇུག་ཆོག་ཆ་ཚང་བ་མཛད་དོ། །དེ་ལྟར་མཆོག་གི་རྡོ་རྗེ་སློབ་དཔོན་སོགས། །མི་འགྱུར་སེང་གེའི་ཁྲི་ལ་ཞབས་བརྟན་པའི། །ཐབས་ཚུལ་ཡིད་བཞིན་དབང་གི་རྒྱལ་པོ་འདི། །ཁོ་བོའི་བློ་གྲོས་རྒྱལ་མཚན་རྩེར་བཀོད་དོ། །དགེ་དེས་རབ་འབྱམས་རྒྱལ་བའི་སྤྱི་གཟུགས་ཀུན། །ཕན་བདེའི་དཔལ་འབྱོར་རྒྱས་པའི་འཕྲིན་ལས་ཅན། །དང་པོའི་མགོན་པོ་འགྲོ་བའི་བསོད་ནམས་ཀྱི། །ཞིང་གྱུར་སྲིད་མཐའི་བར་དུ་བརྟན་གྱུར་ཅིག །ཅེས་ལྷ་བྲག་གཏེར་བྱོན་ནང་ལོངས་སྤྱོད་རྫོགས་སྐུ་ལ་བརྟེན་ནས་འཕྲིན་ལས་དང་སྒྲུབ་ཐབས་ཀྱི་འགྲེལ་བ་པད་འཕྲེང་གཉིས་བསྡེབས་པར། དྲིན་ཅན་རྩ་བའི་བླ་མ་ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་ཕྱག་ལེན་གྱིས་ཁ་བཀང་ནས་བརྟན་བཞུགས་སུ་བྱ་བའི་རིམ་པ་རབ་བརྟན་རྡོ་རྗེའི་འཕྲེང་བ་འདི་ཉིད་སྔོན་ནས་རེག་ཟིག་ཏུ་བྱས་ཀྱང་སྣང་ལ་མ་ངེས་ཀྱི་ཆད་ལྷག་ཁ་ཤས་བྱུང་འདུག་པར་གཏེར་གཞུང་དང་རིགས་འཛིན་སངས་རྒྱས་དཔལ་བཟང་གི་ཕྲིན་གཞུང་ཚེ་དབང་སོགས་ཆོག་སྒྲིགས་ཀྱི་རིགས་རྣམས་ལ་ཞིབ་མོར་དཔྱད། མཆོག་གི་སྤྲུལ་སྐུ་རིགས་འཛིན་མངའ་རིས་པ་(༡༠ན)


GLG025_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་སོགས་ཕྱོགས་འདི་ལ་ཚད་མར་གྱུར་པའི་དམ་པ་རྣམས་ཀྱི་བཞེད་སྲོལ་གྱིས་བརྒྱན་ཏེ། རང་གི་བརྗེད་བྱང་དང་། རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པའི་ཞལ་འདོན་སོགས་སུ་འཇུག་པ་བདེ་བའི་ཆེད་དུ་ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་བློ་བཟང་ཚེ་རིང་ངོ་།། །།


previousབརྟན་བཞུགས་ཀྱི་ཆོག་སྒྲིགས་རབ་བརྟན་རྡོ་རྗེའི་འཕྲེང་བ།next