Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཚངས་སྲས་བཞད་པའི་རྡོ་རྗེའི་གསུང་འབུམ་ཐོར་བུ་ལས་དཔལ་ལྡན་འདོད་ཁམས་དབང་ཕྱུག་དམག་ཟོར་རྒྱལ་མོ་ལ་བསྟོད་པ་ནོར་བུ་དབང་གི་རྒྱལ་པོའི་དོ་ཤལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཚངས་སྲས་བཞད་པའི་རྡོ་རྗེའི་གསུང་འབུམ་ཐོར་བུ་ལས་དཔལ་ལྡན་འདོད་ཁམས་དབང་ཕྱུག་དམག་ཟོར་རྒྱལ་མོ་ལ་བསྟོད་པ་ནོར་བུ་དབང་གི་རྒྱལ་པོའི་དོ་ཤལ།next

ཚངས་སྲས་བཞད་པའི་རྡོ་རྗེའི་གསུང་འབུམ་ཐོར་བུ་ལས་དཔལ་ལྡན་འདོད་ཁམས་དབང་ཕྱུག་དམག་ཟོར་རྒྱལ་མོ་ལ་བསྟོད་པ་ནོར་བུ་དབང་གི་རྒྱལ་པོའི་དོ་ཤལ།


GLG025_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ཚངས་སྲས་བཞད་པའི་རྡོ་རྗེའི་གསུང་འབུམ་ཐོར་བུ་ལས་དཔལ་ལྡན་འདོད་ཁམས་དབང་ཕྱུག་དམག་ཟོར་རྒྱལ་མོ་ལ་བསྟོད་པ་ནོར་བུ་དབང་གི་རྒྱལ་པོའི་དོ་ཤལ་ཞེས་བྱ་བ་བཞུགས་སོ། །


GLG025_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ན་མ་མྶཱ་ར་སྭ་སྟ་ཡེ། འགྱུར་མེད་ཆོས་དབྱིངས་གསེར་ལྡན་ཡངས་པའི་དབུས། །གསང་གསུམ་མི་ཟད་ཡོན་ཏན་ལྷུན་པོའི་སྤོར། །འཇིགས་རུང་ལྷ་དབང་དཔུང་ཚོགས་འཕྲུལ་གྱི་སྒོས། །དགྲ་བགེགས་སྔོན་གྱི་ལྷ་རྣམས་འཇོམས་ལ་བསྟོད། །རབ་དམར་ཁྲག་གི་ན་ཀྲའི་གྲོང་ཁྱེར་ལས། །རབ་འཇིགས་འབབ་ལྡན་འཁྲིགས་ཤིང་ཆེན་འཁྲུགས་པ། །བར་མཐོ་སྲིད་རྩེར་འཕྱུང་ལྟའི་སྒྲ་ཆེན་པོས། །རབ་རྨོངས་བདུད་སྡེ་གདུང་པའི་ཅ་ཅོ་སྒྲོག །སྲ་བརྟན་འོད་སྲུངས་བྱིན་ཡང་གཡོ་བྱེད་པའི། །ཤུགས་དྲག་རྡུལ་གྱི་རྒྱལ་མཚན་འཚུབ་མ་ཡིས། །ས་འཛིན་དབང་པོ་འཇིག་ན་མི་རུང་ཞེས། །བཅུ་གཉིས་ཁྱིམ་གྱི་ཞགས་པས་རིང་དུ་བཅིངས། །མདོག་ལྔའི་འགྲོད་པའི་ཤུགས་ཀྱང་དུབ་བྱེད་ཅིང་། ཁྱུ་བདག་ལ་འགྲན་ཐེག་པའི་དབང་པོ་ལ། །འཕོང་གྲོགས་རུས་པའི་གཟེབ་དང་ཀ་ནེའི་སྒྲས། །ལེགས་སྤུད་མི་ཐོད་སྲབ་སྐྱོགས་རྣམ་པར་འཕྱང་། །ཀ་ཀ་ནི་ལའི་རྡུལ་རྩེགས་ལྷུན་པོ་ནི། །སྟང་ཟིལ་ལན་བརྒྱར་བྱུགས་ལ་སྣང་གཏེར་གྱི། །ཚ་ཟེར་གོས་ཀྱིས་ཀླུབས་ན་ཁྱོད་ཀྱི་སྐུའི། །ཆ་ཤས་ཙམ་ལ་འགྲན་པའི་དཔེ་རུ་བསྟན། །གཏུམ་དྲག་རབ་རྔམ་གཡར་ངོ་བསྟན་ཙམ་(༢ན)


GLG025_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། །སྲིད་གསུམ་རིགས་ལྡན་ཙིཏྟ་བཀས་གྱུར་ན། །ར་མ་ཎ་ཡིས་ནོར་སྦྱིན་གཅུང་པོ་དང་། །ལྔ་པའི་ལམ་དུ་གཏམ་སྨྲ་རྫུན་པའི་གཏམ། །དམར་སེར་གཙུག་ཕུད་འཁྱིལ་པའི་གཟི་འོད་ཀྱི། །ཚ་གདུང་འཇིགས་པས་འཕུར་བྱེད་ཚོགས་རྣམས་ཀུན། །བསྲུང་ཕྱིར་ཆུ་ཤེལ་དབང་པོའི་དཀྱིལ་འཁོར་གྱིས། །མངོན་པར་བརྒྱན་གྱི་ཟོལ་ལ་བསྟེན་པར་ངེས། །ཞལ་ཁྱིམ་འབྲས་ལྡན་དུས་ཀྱི་ཀུན་གསལ་དབུས། །སྣང་བྱེད་རྟ་བདུན་དཀྱིལ་འཁོར་མངོན་བསལ་ཟས། །ཇི་སྙེད་ཤེས་བྱའི་འདབ་སྟོང་བཞད་པ་ལས། །ལྐོག་གྱུར་ཐུན་གསུམ་མ་དེ་གང་དུ་བྲོས། །འདྲེན་བྱེད་འགྲམ་དཀྱུས་རབ་གསལ་བཞིན་སྣོད་ངོས། །ཐུན་མཚམས་སྒེག་མོ་འཁྱུག་པའི་གཟུགས་ཀྱི་འཕྲུལ། །འགོག་མེད་རྟག་ཏུ་ཤར་བའི་ལྕགས་ཀྱུ་ཡིས། །པི་ཤྭ་ཀརྨའི་ཡིད་ཀྱིས་ཁེངས་པ་ཕྲོགས། །མི་སྡུག་ཞལ་གྱི་ས་འཛིན་དཀར་པོ་ལས། །དམ་ཉམས་ཁྲག་གི་ཡན་ལག་བརྒྱད་ལྡན་ཆབ། །ཤུགས་དྲག་ཆེས་ཆེར་བབས་པའི་དབུ་ཕྲེང་གིས། །སོ་སྐྱེའི་གོས་སེར་འགྲོད་བྱེད་རྣམ་པར་བརླན། །རབ་གཙིགས་མཆེ་བའི་ཆུ་འཛིན་འཁྲིགས་པའི་དབུས། །གསུང་གི་ང་རོ་དབྱར་གྱི་(༢བ)


GLG025_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

རྔ་གསངས་དང་། །རོ་འཛིན་མཇུག་བརྒྱ་རབ་འཁྱུག་རིགས་སྔགས་ཀྱི། །རྡོ་རྗེའི་ཟེགས་མས་ལོག་འདྲེན་བྲག་རི་འཇོམ། །འཛམ་བུ་ན་ད་ལས་གྲུབ་རྣ་རྒྱན་སྟེང་། །གཙུག་ཕུད་ལྔ་བ་འཁྱིལ་པའི་རྣམ་འགྱུར་གྱིས། །ས་གསུམ་དྲེགས་ལྡན་གཉིས་འཐུང་དབང་པོའི་ཚོགས། །འཇིགས་ཏེ་ལྔ་པའི་གྲོང་དུ་བྲོས་ཀྱིས་དོགས། །གཡོན་ཕྱོགས་ཐོས་འཛིན་དབང་པོ་མཛེས་བྱེད་པའི། །རླུང་གི་ཟས་ཅན་སྨྲ་བའི་འདབ་སྟེགས་ལས། །མི་ཟད་ཧ་ལའི་ཞགས་པས་བཅིངས་དོགས་ནས། །སྦྱིན་སྐྱེས་སྟོབས་ལྡན་ས་བོན་སྐྱབས་སུ་བསྟེན། །ཅོད་པན་རབ་དཀར་ཐོད་སྐམ་ལྔ་ཡི་ཕྲེང་། །མི་སྡུག་ཨཎྜའི་སྲད་བུ་ལ་བརྒྱུས་ཏེ། །ཡིད་འོང་སྣ་ཚོགས་རིན་ཆེན་ཕྲེང་བ་ཡི། །བཀོད་ལེགས་འདྲེན་བྱེད་དགའ་སྟོན་ཨེ་མ་མཚར། །འབྲུག་སྒྲ་མངལ་འཛིན་ལུས་འདེགས་ལས་གྲུབ་པའི། །རྣམ་བཀྲ་ངག་གི་མཚོན་ཆའི་རྫིང་རིང་རྒྱན། །ནོར་བུའི་ཏོག་གིས་མཚན་པར་རྒྱུ་སྐར་ཚོགས། །བལྟ་ཕྱིར་ལྷ་ཡི་ལམ་ལས་འོངས་པ་འདྲ། གནམ་ལྕགས་རྡོ་རྗེ་འབར་བའི་འཆང་བཟུང་ཅན། །བདུད་དཔུང་ཕྱེ་མར་འཐག་པའི་དབྱིག་པ་ནི། །འཛིན་བྱེད་གཡས་པར་མཁའ་ལ་ཕྱར་ཙམ་གྱིས། །ས་གསུམ་མ་ལུས་གཅིག་ཅར་འདར་བར་ངེས། །ལོག་འདྲེན་མགོ་བོ་བྲེགས་པའི་ཀ་པཱ་ལར། །དམར་ནག་ཁྲག་གིས་རབ་གང་ཕྱག་གཡོན་གྱིས། །ཞལ་དུ་བཏབ་པས་གངྒ་མ་གཉིས་ལ། །ཡན་ལག་མཆོག་དང་མི་ལྡན་གཏམ་གྱིས་རྫུ། །རྣམ་མང་གདུལ་བྱའི་བློ་ཡི་མེ་(༣ན)


GLG025_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ལོང་ངོས། །སྣ་ཚོགས་སྤྲུལ་བསྒྱུར་སྟོན་པའི་གཟུགས་སྐུའི་ཁྱོན། །ཚད་མས་གཞལ་ནས་མིན་འདི་ཞིང་བསལ་གྱིས། །ཚད་ལྡན་སྟོན་གྱི་གོས་སུ་རུང་བ་མཚར། །གང་གི་བྱམས་བརྩེའི་བཅུ་གཉིས་བདག་པོ་ཡིས། །ལུས་ཅན་སྦྲང་རྩིའི་རྒྱལ་མཚན་སྐྱོང་སྟོན་ཡང་། །རེ་སྟས་སྦགས་པའི་བམ་ཆེན་མགོ་རློན་གྱི། །མཁའ་དབང་གྲངས་ལྡན་འཕྲེང་འདི་བཞད་གད་རྒྱུ། །བསུས་ཁྱིམ་འཇིགས་བྲལ་རབ་མཐའི་བ་གམ་ལ། །ལེགས་བྲིས་དཔུང་ཚོགས་རྣམ་བཞིའི་གནས་བཅས་ནས། །བཅུད་བྲལ་མིང་གི་ལྷག་མར་གཏང་བའི་ཚུལ། །གསལ་བར་སྟོན་ཕྱིར་ནམ་མཁའི་ནོར་བུས་བརྒྱན། །ཕྱི་ནང་གསལ་འགྲིབ་མེད་པའི་ཡེ་ཤེས་སྐུར། རབ་བཀྲ་སྟག་ལྤགས་དར་ནག་ལྷུབ་ལྷུབ་དང་། །འཁྱོག་འགྲོ་ཟུང་གི་གསེར་ག་བདུན་པ་ཡིས། །མངོན་པར་བརྒྱན་པའི་བྱེད་པོ་སུ་ཞིག་ཡིན། ཁྲམ་ཤིང་ཤོ་དྷེ་མཚོན་གྱི་དྲུ་གུ་སོགས། །འཇིགས་རུང་ཤ་ཀྲའི་དཔལ་མགྲིན་སྣང་བྱེད་མེས། །དགྲ་བགེགས་ཆུ་སྲིན་རྒྱལ་མཚན་ཅན་གྱི་ལུས། །ལྷག་མར་བསྲེག་པའི་གུལ་བྱུང་སྟོབས་ནི་རྨད། །རྐྱང་སེར་རིགས་གཉིས་སྟེང་དུ་ཞབས་པད་ཟུང་། །སྐྱིལ་ཀྲུང་ཕྱེད་པའི་ཚུལ་གྱིས་མཁའ་དབྱིངས་ལ། །མངོན་པར་འཕགས་པའི་ཤུགས་དྲག་གར་ཉམས་ཀྱིས། །རྒྱ་ཆེན་སྲིད་གསུམ་ཚད་ཀྱིས་འཇལ་བ་བཞིན། ཁྱོད་སྐུ་རབ་དངས་ལྷ་ཡི་ལམ་ཡངས་པར། མཚན་དཔེའི་གཟི་བྱིན་དབང་གཞུས་ལེགས་སྤྲས་ན། །རིན་ཆེན་རུས་(༣བ)


GLG025_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྲང་འགྲོའི་ཆུ་ཁུར་གྱི། །སྣ་ཚོགས་རྒྱན་གྱིས་སྤུད་ལ་མཚར་དུ་ཅི། །མིག་གིས་བལྟ་བར་བཟོད་དཀའི་དྲག་མོའི་སྐུར། །བསྟན་པ་ཙམ་གྱིས་སྟོབས་ལྡན་དྲེགས་པའི་ཚོགས། །སྙེམས་པ་བཏང་ནས་ཁྱོད་ཀྱི་བྲན་བགྱི་ན། །སྟོང་གསུམ་མི་མཇེད་བདག་པོ་གང་དུ་མཆིས། །རབ་དཀར་རི་དྭགས་རྒྱན་གྱིས་སྭ་བའི་ལུས། །མཛེས་སྡུག་ཆ་ཤས་རྫོགས་ལ་སྲེད་བྲལ་ཞེས། །མི་སྡུག་སྣང་གཏེར་གཟུགས་སྐུའི་དཀྱིལ་འཁོར་གྱིས། །ལོག་འདྲེན་སྲ་སྨོས་ཚལ་ཀུན་གཅིག་ཅར་ཟུམ། །སེང་གེ་མོའི་བུའི་སྟོབས་ཀྱང་ཟིལ་གནོན་པའི། །མིག་སྨན་འབུམ་སྡེའི་མདངས་ཅན་འཇིགས་གཟུགས་ལ། །སྐྲག་སྟེ་ཆོས་ཀུན་སྟོང་པའི་མཁར་བྲོོས་པས། །ཡེ་ཤེས་མེ་ལྕེ་འབར་བས་རྗེས་སུ་སྙེགས། །ཐོས་འཛིན་བདུད་རྩིའི་ལང་ཚོ་འཆི་མེད་དབྱངས། །སྙན་བརྗིད་ཡན་ལག་དྲུག་ཅུའི་ཕུལ་བྱུང་གསུང་། །འཇིགས་རུང་ང་རོ་དྲག་པོས་བདུད་སྡེའི་སྙིང་། །དུམ་བུར་གས་ཀྱང་རྣ་བའི་ཁུང་བུ་འགེབས། །ཆོས་དབྱིངས་འདམ་སྐྱེས་རྫིང་བུའི་བ་གམ་དབུས། །གང་ཐུགས་དཔལ་ཁྱིམ་ཟེའུ་འབྲུའི་སྒྱུ་རྩལ་སྤྱོད། །བདེ་ཆེན་བུང་བའི་རི་དྭགས་མིག་ཅན་མ། །ལིང་གཅུགས་གྲོགས་སུ་བཀུག་སྟེ་རྩེ་དགར་རོལ། །རབ་འབྱམས་དུས་གསུམ་རྒྱལ་བ་མ་ལུས་པའི། །གསང་གསུམ་ལས་བྱུང་མཁྱེན་བརྩེ་ནུས་མཐུའི་ཚོགས། གཅིག་བསྡུས་གང་གི་ཡོན་ཏན་ཕུང་པོའི་ཁུར། །གྲག་པའི་གསེར་ལྡན་ལུས་ནི་ཨེ་མ་བསྲ། །ལས་བཞིའི་འཕྲིན་ལས་བཅུ་གཉིས་བདག་པོ་ཡིས། །གང་འཚམས་ལེགས་བྲིས་ལམ་གྱི་ཁྱོན་ཡངས་པར། །འོངས་པས་ལས་ལྡན་སྣང་གསལ་རབ་རྒྱས་ཤིང་། །དགྲ་བགེགས་འབྱུང་པོའི་སྤྱི་ཚོགས་ཕྱེ་མར་མཛད། །ཐུབ་བསྟན་ཟླ་བའི་མ་མའི་བཅུད་ཀྱི་ཕུལ། །རྡོ་རྗེ་ཐེག་པའི་ཟིལ་མདངས་ཀཱ་ལ་ཤར། །འཁུ་བའི་སེམས་འཆང་བདུད་དཔུང་སྦྱིན་སྐྱེས་ཚོགས། །འཇོམ་མཛད་མགྲིན་སྔོན་ལྷག་པའི་ལྷ་དེར་བསྟོད། །གཙུག་ཕུད་མགྲིན་པར་ཅོ་འདྲིའི་(༤ན)


GLG025_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

པད་གདན་ལ། །མངོན་པར་ཆགས་པས་འཁྱུད་ལྟའི་ཚེས་བདག་སྟེང་། །སྣ་ཚོགས་རྒྱན་གྱིས་སྤུད་འདྲའི་ཀེ་ལ་ཤར། །གར་དགུའི་རྣམ་འགྱུར་སྟོན་པ་ཡོད་དམ་སྙམ། །ཡིད་ལ་དཔྱང་ཐག་འཛིན་པའི་གང་གི་སྐུ། །ཞལ་ཁྱིམ་དྲི་བཟང་ཁང་པ་རྒྱས་པའི་དབུས། །ཚེམས་ཀྱི་ཟེའུ་འབྲུ་རབ་འཁྲིགས་བུང་བའི་སྤྲིན། །དཀར་དམར་མདངས་སོགས་མ་འདྲེས་ཡིད་དུ་འོང་། །ཨུཏྤལ་འདབ་ལྟར་མཉེན་འཇམ་ཕྱག་ཟུང་གིས། །འདབ་ལྡན་མེལ་ཚེ་དར་གྱི་ཕང་ཕུང་ཅན། །བཀོད་ལེགས་གུཉྩ་ནམ་གྱི་ཡོལ་གོའི་ནང་། །ཡིད་འོང་རིན་ཆེན་ཕྱུར་བུར་གཏམས་པ་འཛིན། །མཚན་བཟང་ལང་ཚོའི་གཟི་ལྡན་ཁྱོད་ཀྱི་སྐུ། །འཆི་མེད་རྫས་ཀྱིས་ནད་གསུམ་ལྷབ་ལྷུབ་དང་། །རྩེ་ཕྲན་སེན་མོ་རོ་སོགས་རིན་ཆེན་ཕྲས། །ལེགས་པར་སྤྲས་པའི་རྒྱན་གྱིས་རྣམ་པར་མཛེས། །ཆགས་བྲལ་ཆོས་ཀྱི་སྤྲིན་གྱི་མཁའ་དབྱིངས་ལ། །གང་གི་གསང་གསུམ་རྟ་ལྗང་མངོན་རྫོགས་ཀྱང་། །འགྲོ་ཀུན་པད་དཀར་ལ་ཆགས་ཞབས་ཟུང་བ། །འོད་སྟོང་སྐྱིལ་ཀྲུང་ལས་ཅན་འདབ་བརྒྱ་བཞད། །རིགས་གཉིས་སྔོན་འགྲོ་འཇིགས་རུང་མུན་པའི་མདོག །འབོད་གྲོགས་ཟག་དུང་ན་ཀྲའི་སྤྱི་བོ་ཅན། །མངོན་པར་འགྱིངས་པས་དགྲ་དཔུང་གནམ་འཕྱོའི་ཚོགས། །བསུས་ཁྱིམ་ལྔ་པའི་གློང་དུ་འཇུག་ལས་གང་། །འཕྲོག་བྱེད་གདོང་ཅན་དམར་ནག་ཤ་ཟའི་གཟུགས། །བསྲ་བརྟན་ནོར་འཛིན་ལྟོ་བར་འགྲོད་བྱེད་ཟུང་། །ཤུགས་དྲག་སྟོབས་ཀྱིས་བསྡབས་པས་ས་གསུམ་ཡང་། །འཇིག་སྙམ་ཚངས་འཇོམས་ལུས་མེད་ཚུལ་གྱིས་གནས། །དྲི་བཞོན་འཁྲུག་པའི་བགྲང་བྱའི་ཆོ་འཕྲུལ་གྱིས། །ས་གསུམ་འགེང་མཛད་ཆུ་འཛིན་སྟུག་པོའི་ངོས། །བྱེད་པོས་རླུང་གི་རྒྱལ་མཚན་བྱུགས་འདྲའི་མདོག །སྟོབས་འགྲོའི་སྟེང་དུ་འཇིགས་རུང་གར་གྱིས་རོལ། །(༤བ)


GLG025_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་གཟེགས་མ་འཕྲིན་ལས་ཕོ་ཉ་ཅན། །རྣམ་འགྱུར་གྲངས་མེད་སྟོན་པའི་བྱི་རུའི་རི། །ངོ་མཚར་ཡིད་ལ་འགོད་པའི་ཁྱོད་ཀྱི་སྐུ། །ཆུ་གླང་གདན་ལ་མི་སྡུག་རྣམ་འགྱུར་ཚུལ། །གར་དགུའི་ཉམས་ལྡན་རི་སྐྱེས་ས་འཛིན་ལ། །འཁུ་བའི་ཁྱོད་སྐུ་ཕྱོགས་ཀྱི་རྭ་ལྡན་སྟེང་། །མངོན་པར་འཕགས་པའི་གཟི་འོད་མ་བཟོད་པར། །པད་གཉེར་གླིང་བཞི་བསྐོར་བའི་རྫས་ལ་བསྟེན། །ཐུན་གསུམ་དུས་ཀྱི་མཁའ་གང་སྟུག་པོའི་དབུས། །སྤྲིན་གྱི་ལྕུག་མ་འཁྱུག་ལྟའི་གཟུགས་ཀྱི་སྐུ། །མི་སྡུག་སྟེང་དུ་གཏུམ་དྲག་བརྔམ་ཚུལ་གྱིས། །ལོག་འདྲེན་དགྲ་སྡེའི་མགོ་བོ་ཅིག་ཅར་འགེམས། །སྣ་ཚོགས་ལས་བཞིའི་འཕྲིན་ལས་མེལ་ཚེའི་ངོམ། །བརྗོད་བྲལ་རྣམ་འགྱུར་གྲངས་མེད་སྟོན་པའི་སྐུ། །མཐུ་སྟོབས་རྫུ་འཕྲུལ་དཔག་དཀའ་སྲིད་གསུམ་ལ། །དབང་བསྒྱུར་བཀའ་སྡོད་དམ་ཅན་ཚོགས་ལ་བསྟོད། །གང་གི་ཐུགས་རྗེའི་རྒྱུ་སྐར་མུ་ཁྱུད་ཀྱིས། །མི་མཐུན་ཉེར་འཚེའི་ཀུན་ཁེབས་སྟུག་པོ་ཡི། །དཔུང་ཚོགས་མ་ལུས་འཇོམས་པའི་སྒྱུ་འཕྲུལ་གྱིས། །རབ་འབྱམས་ཞི་བའི་ལས་ཀུན་འགྲུབ་པར་མཛོད། །མི་ཟད་གསང་གསུམ་ཟླ་བའི་མ་མ་ལས། །ལེགས་འོངས་ཁྱེད་ཐུགས་རྟ་བདུན་དཀྱིལ་འཁོར་གྱིས། །ལུགས་ཟུང་མཐུན་རྐྱེན་འོད་སྟོང་འབར་བ་ཡིས། །རབ་འབྱམས་རྒྱས་པའི་ལས་ཀུན་འགྲུབ་པར་མཛོད། །གྲངས་མེད་མཛད་པའི་ཡིད་བཞིན་དབང་གི་རྒྱལ། །ཤུགས་དྲག་གསོལ་འདེབས་བ་ཤིའི་ཐབས་མཁས་གོས། །ཇི་སྙེད་སྲིད་གསུམ་རྒྱལ་མཚན་རྩེར་བཀོད་པའི། །རབ་འབྱམས་དབང་གི་ལས་ཀུན་འགྲུབ་པར་མཛོད། །དཔག་དཀར་ནུས་མཐུའི་ཕྱུགས་བདག་འདབ་ལྡན་ཅན། །རྫས་སྔགས་ཏིང་འཛིན་གནམ་རུའི་འཁྲུལ་འཁོར་གྱིས། །དགྲ་བགེགས་བཅུད་བྲལ་གྲོང་ཁྱེར་མཐར་བྱེད་པའི། །རབ་འབྱམས་མངོན་སྤྱོད་ལས་(༥ན)


GLG025_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་འགྲུབ་པར་མཛོད། ཁྱད་པར་བདག་ཡིད་མཁའ་ལྡིང་རྒྱལ་མཚན་ཅན། །འདོད་དོན་ས་མནྟ་ཀ་ནོར་བུ་མཆོག །ལས་བཞིའི་ཏིམྦུའི་ན་ཆུང་ཐབས་ཀྱི་རྒྱུས། །ཐོགས་མེད་ཡིད་བཞིན་འགྲུབ་པའི་འཕྲིན་ལས་མཛོད། །དཔལ་སྟུག་བསྟན་པ་ཡོངས་འདུ་ས་བརྟོལ་ལ། །ཐུན་མོང་ཐེག་པའི་ཡལ་འདབ་རབ་རྒྱས་ཤིང་། །ངེས་གསང་བླ་མེད་གང་བུས་གཡུར་ཟ་བའི། །རིག་འཛིན་འཆི་མེད་དགའ་སྟོན་རྒྱས་གྱུར་ཅིག །ཅེས་དཔལ་ལྡན་འདོད་ཁམས་དབང་ཕྱུག་དམག་ཟོར་རྒྱལ་མོ་ལ་བསྟོད་པ་ནོར་བུ་དབང་གི་རྒྱལ་པོའི་དོ་ཤལ་ཞེས་བྱ་བ་འདི་ཡང་། རང་ཉིད་ལྷག་པའི་ལྷ་མོར་མི་ཕྱེད་དད་པའི་ཤུགས་ཀྱིས་མངོན་པར་བསྐུལ་ཞིང་། རབ་འབྱམས་སྨྲ་བ་ངག་དབང་བསོད་ནམས་རྣམ་རྒྱལ་དང་། རིག་བྱེད་པ་བློ་བཟང་འཇམ་དཔལ་སོགས་ཀྱིས་མཚམས་སྦྱར་བ་ལ་བརྟེན་ནས། ཚངས་སྲས་བཞད་པའི་རྡོ་རྗེ་ཡི་ས་ཡོས་སྤྲད་དུས་ཀྱི་ཟླ་བའི་དཀར་ཕྱོགས་བཟང་པོ་གཉིས་པར། ཀུན་མཁྱེན་བུ་རམ་ཤིང་པ་བལྟམས་པའི་དུས་ཆེན་གྱི་ཉིན། འཆི་མེད་སྐྱེད་ཚལ་ས་ལ་འཕོས་འདྲའི་དགའ་ལྡན་ཕོ་བྲང་གི་གཟིམས་ཆུང་མངོན་པར་དགའ་བར་སྦྱར་བའོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །རྒྱལ་བ་གཉིས་པའི་མཛད་པའི་རྒྱ་མཚོ་ལས། །དམག་ཟོར་ལྷ་མོ་བསྟོད་པའི་རབ་བྱེད་འདི། །བློ་གྲོས་རྒྱལ་མཚན་དད་པས་པར་དུ་བསྒྲུབས། །དགེ་དེས་རྟག་ཏུ་རྒྱལ་བ་དགྱེས་བྱེད་ཤོག །མངྒ་ལཾ།།


previousཚངས་སྲས་བཞད་པའི་རྡོ་རྗེའི་གསུང་འབུམ་ཐོར་བུ་ལས་དཔལ་ལྡན་འདོད་ཁམས་དབང་ཕྱུག་དམག་ཟོར་རྒྱལ་མོ་ལ་བསྟོད་པ་ནོར་བུ་དབང་གི་རྒྱལ་པོའི་དོ་ཤལ།next