Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་ལྡན་དམག་ཟོར་མའི་མངའ་གསོལ་བསམ་དོན་ལྷུན་གྲུབ་མ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་ལྡན་དམག་ཟོར་མའི་མངའ་གསོལ་བསམ་དོན་ལྷུན་གྲུབ་མ།next

དཔལ་ལྡན་དམག་ཟོར་མའི་མངའ་གསོལ་བསམ་དོན་ལྷུན་གྲུབ་མ།


GLG025_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་དམག་ཟོར་མའི་མངའ་གསོལ་བསམ་དོན་ལྷུན་གྲུབ་མ་བཞུགས་སོ། །


GLG025_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

བསམས་པའི་དོན་ཀུན་ལྷུན་གྱིས་གྲུབ་པའི་དཔལ། །ཡིད་བཞིན་དབང་གི་རྒྱལ་པོ་ལྷག་པའི་ལྷ། །འདོད་ཁམས་དབང་ཕྱུག་དཔལ་ལྡན་དམག་ཟོར་མས། །ཕུན་ཚོགས་བཀྲ་ཤིས་དགའ་སྟོན་རྒྱས་པར་མཛོད། །མཁས་དང་གྲུབ་པའི་འཁོར་ལོས་སྒྱུར་པའི་དཔལ། །དངོས་བརྒྱུད་རིགས་འཛིན་རྡོ་རྗེ་སློབ་དཔོན་དང་། །ཀུན་བཟང་བདེ་བ་ཆེན་པོ་རོ་གཅིག་པ། །དངོས་གྲུབ་ཡོངས་ཀྱི་བྱེད་པོར་མངའ་གསོལ་ལོ། །བླ་མེད་སྐུ་བཞིའི་ངོ་བོ་རྫོགས་སངས་རྒྱས། །དེའི་གསུང་ཆགས་བྲལ་ཉེར་ཞི་དམ་པའི་ཆོས། །འཛིན་མཛད་ཐེག་པ་གསུམ་གྱི་དགེ་འདུན་ཏེ། །སླུ་མེད་སྐྱབས་མཆོག་ངོ་བོར་མངའ་གསོལ་ལོ། །བདེ་ཆེན་རབ་རྒྱས་སྟོང་ཉིད་སྙིང་རྗེའི་ཉམས། །ཤེས་རབ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མར། །རྣམ་རོལ་དཔལ་ཆེན་འཇམ་དཔལ་གཤིན་རྗེ་དང་། །མཉམ་སྦྱོར་དཀྱིལ་འཁོར་གཙོ་མོར་མངའ་གསོལ་ལོ། །གསལ་སྟོང་འཛིན་མེད་རང་སེམས་རྣལ་འབྱོར་མ། །གྲངས་མེད་རྣམ་བཞིའི་དཔའ་མོར་ཡོངས་ཤར་བའི། །འཇིག་རྟེན་འདས་དང་མ་འདས་ཌཱ་ཀི་མ། །མཁའ་འགྲོ་ཀུན་གྱི་དབང་མོར་མངའ་གསོལ་ལོ། །ཕྱི་ནང་གྲུབ་མཐའ་སྨྲ་བ་ཐུན་མོང་གི །(༢ན)


GLG025_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

གདུལ་བྱའི་སྣང་ངོར་ཚངས་པའི་སྲས་མོའི་ཚུལ། །འཛིན་མཛད་ཤེས་རབ་སྣང་བའི་དཔལ་སྟེར་བ། །དབྱངས་ཅན་ངག་གི་ལྷ་མོར་མངའ་གསོལ་ལོ། །མགོ་རློན་རྒྱུ་མའི་འཕྲེང་བའི་ག་ཤ་ཅན། །དགྲ་བོའི་སྙིང་ཁྲག་དྲོན་མོ་བཏུངས་པས་ཀྱང་། །མ་ངོམས་སྲོག་དབུགས་ལེན་ལ་རིངས་པ་ཡི། །བསྟན་སྲུང་ཡོངས་ཀྱི་རྗེ་མོར་མངའ་གསོལ་ལོ། །ཕུར་པ་ཕྱག་རྡོར་རྟ་མགྲིན་ལ་སོགས་པས། །གསང་བའི་མཚན་གྱི་ཆེ་བར་མངའ་གསོལ་ལོ། །རྒྱ་གར་ཧོར་དང་རྒྱ་ནག་བོད་ཡུལ་སོགས། །དགོན་གནས་ཀུན་གྱི་བདག་མོར་མངའ་གསོལ་ལོ། །ལྷ་ཀླུ་གནོད་སྦྱིན་བདུད་སྲིན་གཤིན་རྗེ་སོགས། །སྡེ་བརྒྱད་དྲེགས་པའི་བཙུན་མོར་མངའ་གསོལ་ལོ། །འཇིགས་རུང་རླུང་ནག་འཚུབ་མའི་གུར་ཁྱིམ་གྱིས། །གྲངས་མེད་སྤྲུལ་པ་འགྱེད་པར་མངའ་གསོལ་ལོ། །རླུང་གི་ཤུགས་ལྡན་རྐྱང་སེར་དྲེའུ་ཡིས། །སྟོང་གསུམ་སྐད་ཅིག་བསྐོར་བར་མངའ་གསོལ་ལོ། ཁྲམ་བམ་ནག་པོ་བདུད་ཀྱི་མཚོན་ཆ་ཡིས། །དགྲ་བོ་ཁྲམ་ལ་འདེབས་པར་མངའ་གསོལ་ལོ། །རྣོན་པོ་མཚོན་གྱི་དྲུ་གུ་སྔོ་དམར་གྱིས། །དགྲ་བགེགས་སྲོག་རྩ་གཅོད་པར་མངའ་གསོལ་ལོ། །བཏབ་པས་འཕུང་ནུས་(༢བ)


GLG025_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

བཙན་ཤོ་དཀར་དམར་གྱིས། །དགྲ་བོ་ཁ་ཕུང་གཏོང་བར་མངའ་གསོལ་ལོ། །ནད་ཀྱི་རྒྱ་མཚོ་འཁྱིལ་བའི་རྫིང་བུ་ཡིས། །དགྲ་ཡུལ་ནད་ཀྱིས་བརླག་པར་མངའ་གསོལ་ལོ། །སྦྲུལ་ཞགས་ཀྱིས་བཅིངས་ནད་ཀྱི་རྐྱལ་པ་ཡིས། །དགྲ་བོ་རིམས་ཀྱིས་འཕུང་བར་མངའ་གསོལ་ལོ། །མིག་སྨན་ལྟར་ནག་རེ་བའི་སྟོད་གཡོགས་ཀྱིས། །མངོན་སྤྱོད་འཕྲིན་ལས་སྒྲུབ་པར་མངའ་གསོལ་ལོ། །སྙན་གཡས་གདོང་ལྔའི་དབང་པོའི་གད་རྒྱངས་ཀྱིས། །དགྲ་བགེགས་གླང་ཆེན་འདུལ་བར་མངའ་གསོལ་ལོ། །གཡོན་པ་ལྟོ་འགྲོ་འཁྱིལ་པའི་དུག་རླངས་ཀྱིས། །དམ་ཉམས་དགྲ་བོ་འཆིང་བར་མངའ་གསོལ་ལོ། །འཇའ་ཚོན་ལྟར་བཀྲ་རྨ་བྱའི་སྒྲོ་གདུགས་ཀྱིས། །དཔོན་སློབ་དགོན་གནས་སྐྱོང་བར་མངའ་གསོལ་ལོ། །གཙུག་རུམ་ཉི་ཟླའི་དཀྱིལ་འཁོར་འོད་སྣང་གིས། །ལེགས་ཉེས་སོ་སོར་འབྱེད་པར་མངའ་གསོལ་ལོ། །རྡོ་རྗེས་མཚན་པའི་བེ་ཅོན་འབར་བ་ཡིས། །དགྲ་བགེགས་ཐལ་བར་བརླག་པར་མངའ་གསོལ་ལོ། །དགྲ་བགེགས་སྙིང་ཁྲག་གིས་གང་ཀ་པཱ་ལས། བདེ་ཆེན་བཅུད་ཀྱིས་ཚིམ་པར་མངའ་གསོལ་ལོ། །མིག་སྨན་ལྟར་གནག་འཇིགས་རུང་སྲིན་མོའི་སྐུས། །ལོག་འདྲེན་ཐལ་བར་རློག་པར་མངའ་གསོལ་ལོ། །ཉི་མ་འབུམ་ལས་ལྷག་པའི་གཟི་བརྗིད་ཀྱིས། །ཕྱོགས་ལས་རྣམ་པར་རྒྱལ་པར་མངའ་གསོལ་ལོ། །དམར་ཟླུམ་སྤྱན་གསུམ་ཕྱོགས་བཅུར་བགྲད་པ་ཡིས། །དུས་གསུམ་སྒྲིབ་མེད་གཟིགས་པར་མངའ་གསོལ་ལོ། །དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ་ཡིས། །སྟེང་གི་ལྷ་རྣམས་འདུལ་བར་མངའ་གསོལ་ལོ། །སྨིན་མ་སྨ་ར་གློག་ལྟར་འཁྱུག་པ་ཡིས། །སྡེ་བརྒྱད་འབྱུང་པོ་འདུལ་བར་མངའ་གསོལ་ལོ། །(༣ན)


GLG025_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གདངས་མཆེ་གཙིགས་ང་རོ་དྲག་པོ་ཡིས། །བསྟན་པའི་རུ་དྲ་འདུལ་བར་མངའ་གསོལ་ལོ། །ཐོད་སྐམ་རིན་ཅེན་ལྔ་ཡིས་དབུ་བརྒྱན་པས། །རིགས་བདག་རྡོ་རྗེ་གཞོན་ནུར་མངའ་གསོལ་ལོ། ཁྲག་འཛག་མི་མགོ་ལྔ་བཅུའི་དོ་ཤལ་གྱིས། །དགྲ་བགེགས་རྩད་ནས་གཅོད་པར་མངའ་གསོལ་ལོ། །ཞིང་ལྤགས་སྟག་ཤམ་རུས་པའི་རྒྱན་ཆ་ཡིས། །དཔལ་ཆེན་དཀྱིལ་འཁོར་སྲུང་མར་མངའ་གསོལ་ལོ། །བྱུག་པའི་རྫས་གསུམ་སྐུ་ལ་ཉེར་སྦགས་པས། །མཐུ་སྟོབས་གཟི་བྱིན་བསྐྱེད་པར་མངའ་གསོལ་ལོ། །རལ་གྲི་མགོ་རློན་ཁྲག་འཛག་ཕྱག་མཚན་གྱིས། །མཐུ་སྟོབས་རྡོ་རྗེའི་ཐོག་ལྟར་མངའ་གསོལ་ལོ། །དར་ནག་གསེར་གྱི་ཐིག་ལེའི་གོས་བཟང་གིས། །འཕྲིན་ལས་ཐོགས་མེད་བསྒྲུབ་པར་མངའ་གསོལ་ལོ། །དུག་སྦྲུལ་ལས་གྲུབ་སྲབ་འཐུར་གོང་རྨེད་ཀྱིས། །འོག་གི་ཀླུ་རྣམས་འདུལ་བར་མངའ་གསོལ་ལོ། །ས་གཞི་ཁྲག་ཞག་རྒྱ་མཚོའི་རླབས་འཁྲུག་པས། གདུག་པའི་ས་བདག་འདུལ་བར་མངའ་གསོལ་ལོ། །མཚན་ལྡན་ཕྱི་ནང་གསང་བའི་རྟེན་རྣམས་ཀྱིས། །མི་འབྲལ་རྟག་ཏུ་འགྲོགས་པར་མངའ་གསོལ་ལོ། །སྲ་ཞིང་རྣོ་བའི་རྡོ་རྗེའི་གོ་མཚོན་གྱིས། །རང་བསྲུང་གནོད་བྱེད་འཇོམས་པར་མངའ་གསོལ་ལོ། །ཡིད་འོང་འདོད་ཡོན་ལྔ་དང་ཉེར་སྤྱོད་ཀྱིས། །ཞི་བའི་འཕྲིན་ལས་བསྒྲུབ་པར་མངའ་གསོལ་ལོ། །ཕུན་ཚོགས་བཀྲ་ཤིས་རྟགས་བརྒྱད་སྤྱན་གཟིགས་ཀྱིས། །རྒྱས་པའི་འཕྲིན་ལས་བསྒྲུབ་པར་མངའ་གསོལ་ལོ། །རྒྱལ་སྲིད་སྣ་བདུན་མཚར་དུ་དངར་བ་ཡིས། །དབང་གི་འཕྲིན་ལས་བསྒྲུབ་པར་མངའ་གསོལ་ལོ། །ཕུལ་བྱུང་ནང་གི་མཆོད་པའི་ཚོགས་རྣམས་ཀྱིས། །དྲག་པོའི་འཕྲིན་ལས་(༣བ)


GLG025_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པར་མངའ་གསོལ་ལོ། །གསང་བ་མཉམ་སྦྱོར་བདེ་བ་ཆེན་པོ་ཡིས། །མཆོག་གི་དངོས་གྲུབ་སྩོལ་བར་མངའ་གསོལ་ལོ། །མདོར་ན་བླ་མ་ཡི་དམ་མཁའ་འགྲོ་སོགས། །རྩ་གསུམ་ཀུན་གྱི་མཁྱེན་བརྩེ་ནུས་མཐུའི་དཔུང་། །གཅིག་ཏུ་རབ་བསྡུས་བསྟན་སྲུང་དབང་པོའི་མཆོག །བསམ་འཕེལ་ཡིད་བཞིན་ནོར་བུར་མངའ་གསོལ་ལོ། །དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོའི་བར། །དམག་ཟོར་ལྷ་ཁྱེད་རྒྱལ་བ་མ་ལུས་པའི། །ངོ་བོར་ཡིད་ཆེས་གཏན་གྱི་སྐྱབས་ཞུ་ན། །འབྲལ་མེད་ལྷག་པའི་ལྷ་རུ་མངའ་གསོལ་ལོ། །བདག་ཅག་མི་ནོར་དགོན་གནས་སྡེར་བཅས་པ། །འདོད་ཁམས་དབང་ཕྱུག་ཁྱོད་ལ་གཉེར་དུ་གཏད། །བརྣག་པའི་དགྲ་བགེགས་རྡུལ་དུ་རློག་པ་དང་། །མཐུན་པའི་ལེགས་ཚོགས་འཕེལ་བར་མངའ་གསོལ་ལོ། །ལྷག་པའི་ལྷ་ངོ་མཁའ་ལྟར་མངོན་མཐོ་ཞིང་། །མཐུ་སྟོབས་གཟི་བརྗིད་ཉི་མའི་འོད་ལྟར་འབར། །འཕྲིན་ལས་མ་ལུས་རྡོ་རྗེའི་ཕ་ལམ་ལྟར། །གང་ལ་ཐོགས་མེད་འགྲུབ་པར་མངའ་གསོལ་ལོ། །དཀར་ཕྱོགས་རྒྱལ་པའི་བ་དན་སྲིད་རྩེར་བསྒྲེང་། །ནག་པོ་བདུད་ཀྱི་རུ་དར་ས་ལ་བསྙལ། །ཆོས་སྲིད་ལུགས་གཉིས་རྫ་རྔ་སྲིད་རྩེར་བསྒྲགས། །བཀྲ་ཤིས་ཕུན་སུམ་ཚོགས་པར་མངའ་གསོལ་ལོ། །དངོས་གྲུབ་གཏེར་གྱུར་རྩ་བརྒྱུད་བླ་མ་དང་། །བྱིན་རླབས་སྩོལ་མཛད་དཔལ་ཆེན་ཕུར་པའི་ལྷ། །འཕྲིན་ལས་ཐོགས་མེད་དམག་ཟོར་རྒྱལ་མོ་ཡིས། །བདག་སོགས་འདོད་པའི་རེ་བ་སྐོང་གྱུར་ཅིག །ཅེས་འདོད་ཁམས་ཀྱི་དབང་ཕྱུག་དཔལ་ལྡན་དམག་ཟོར་རྒྱལ་མོ་ལྷ་ངོ་བསྟོད་ཅིང་མངའ་གསོལ་བྱ་བའི་རིམ་པ་བསམ་དོན་ལྷུན་གྲུབ་མ་ཞེས་བྱ་བ་འདི་ནི། ཆུ་སྦྲུལ་ཧོར་ཟླ་བཞི་པའི་ནང་དུ་(༤ན)


GLG025_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་སྒྲུབ་དང་མདོས་བསྐང་གི་སྐབས་བྱེད་དགོས་པའི་མཚན་མ་མཐོང་བ་ལ་བརྟེན་ནས་ཟ་ཧོར་གྱི་བནྡེས་པ་སངས་ནམ་གྲུའི་འགྲུབ་སྦྱོར་གྱི་ཉིན་ཏལ་ཁར་སྦྱར་བའི་ཡི་གེ་པ་ནི་འཇམ་དཔལ་ལོ། །མངྒ་ལཾ།། །།


previousདཔལ་ལྡན་དམག་ཟོར་མའི་མངའ་གསོལ་བསམ་དོན་ལྷུན་གྲུབ་མ།next