Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འདོད་ཁམས་དབང་ཕྱུག་རེ་མ་ཏཱི་དགྱེས་པ་བསྐྱེད་པར་བྱེད་པའི་མདོས་ཀྱི་ཕྲིན་ལས་གྱེར་སྒོམ་རྡོ་རྗེའི་སྒྲ་དབྱངས།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའདོད་ཁམས་དབང་ཕྱུག་རེ་མ་ཏཱི་དགྱེས་པ་བསྐྱེད་པར་བྱེད་པའི་མདོས་ཀྱི་ཕྲིན་ལས་གྱེར་སྒོམ་རྡོ་རྗེའི་སྒྲ་དབྱངས།next

འདོད་ཁམས་དབང་ཕྱུག་རེ་མ་ཏཱི་དགྱེས་པ་བསྐྱེད་པར་བྱེད་པའི་མདོས་ཀྱི་ཕྲིན་ལས་གྱེར་སྒོམ་རྡོ་རྗེའི་སྒྲ་དབྱངས།


GLG025_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཁམས་དབང་ཕྱུག་རེ་མ་ཏཱི་དགྱེས་པ་བསྐྱེད་པར་བྱེད་པའི་མདོས་ཀྱི་ཕྲིན་ལས་གྱེར་སྒོམ་རྡོ་རྗེའི་སྒྲ་དབྱངས་བཞུགས་སོ། །


GLG025_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ནམཿཤྲཱི་མཱཾ་དེ་ཝྱཻ་སརྦ་སིདྡྷི་པྲ་ཡ་ཙྪ། རབ་དཀར་དགེ་ལེགས་ཆུ་གཏེར་ཆེ་ལས་དོན་གཉིས་བུམ་བཟང་ཟ་མ་ཏོག །མཆོག་ཐུན་དངོས་གྲུབ་འཆི་མེད་བདུད་རྩི་སྐལ་བཟང་ཡོངས་ལ་སྩོལ་མཁས་པའི། །དངོས་དང་བརྒྱུད་པའི་བླ་མའི་ཚོགས་ཀུན་གཅིག་བསྡུས་བདག་ཉིད་རྡོ་རྗེ་འཛིན། །འཁོན་སྟོན་ཆོས་རྗེ་ཡབ་སྲས་གཙུག་ཏུ་བསྟེན་ནོ་འཛུམ་ཞལ་ལྷུག་པར་སྟོན། །བདེ་གཤེགས་ཞི་ཁྲོའི་དཀྱིལ་འཁོར་ཀུན་གྱི་མཐུ་སྟོབས་ནུས་པ་མ་ལུས་པ། །གཅིག་ཏུ་རབ་བསྡུས་ཕྲིན་ལས་དབང་ཕྱུག་རྡོ་རྗེ་གཞོན་ནུ་ཁྲོ་བོའི་དབང་། ཁྲོ་བཅུ་ཕྲ་ཕྱག་སྒོ་མ་ཕུར་སྲུང་བཀའ་ཉན་ལས་བྱེད་ཚོགས་རྣམས་ཀྱིས། །ནག་ཕྱོགས་བདུད་སྡེའི་དཔུང་ཚོགས་ཆོམས་ལ་དངོས་གྲུབ་མ་ལུས་ཆར་ལྟར་ཕོབ། །རྒྱལ་བའི་བསྟན་པ་སྤྱི་དང་ཁྱད་པར་ཉི་མའི་གཉེན་གྱི་རིང་ལུགས་མཆོག །བསྲུང་བར་ཞལ་བཞེས་བསྟན་སྲུང་གཙོ་མོ་དཔལ་ལྡན་དམག་དང་ཟོར་གྱི་ལྷ། །རིགས་འཛིན་སྔགས་འཆང་བུ་ལྟར་སྐྱོང་ཞིང་དགྲ་བགེགས་ཕྱེ་མར་འཐག་མཛད་པ། །འདོད་ཁམས་དབང་ཕྱུག་བཀའ་སྡོད་བཅས་པས་ཕྲིན་ལས་རྣམ་བཞི་ལྷུན་གྱིས་སྒྲུབས། །མཐུ་སྟོབས་རྡོ་རྗེ་ཐོག་གི་རྗེས་འགྲོ་ལ། །མྱུར་མགྱོགས་གློག་གིས་འགྲན་པར་བཟོད་མིན་པའི། །ལྷ་མཆོག་མ་མོའི་དབང་ཕྱུག་རེ་མ་ཏཱིའི། །དགྱེས་བསྐྱེད་མདོས་ཀྱི་རིམ་པ་འདྲི་བྱེད་ན། །ཇི་ལྟར་བསམས་(༢ན)


GLG025_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡིད་ཀྱི་རེ་བ་ཀུན། །ཐོགས་པ་མེད་པར་ལྷུན་གྱིས་རབ་གྲུབ་ཅིང་། །མི་མཐུན་ཕྱོགས་རྣམས་ཐལ་བར་རློག་པ་ཡི། །འཕྲིན་ལས་གཡེལ་མེད་བསྒྲུབ་པའི་གྲོགས་མཛོད་ཅིག །དེའང་དུས་གསུམ་རྒྱལ་བ་ཀུན་གྱི་བསྟན་པ་བསྲུང་བའི་གཙོ་མོ་འདོད་ཁམས་དབང་ཕྱུག་དམག་ཟོར་རྒྱལ་མོ་མདོས་ཀྱི་སྒོ་ནས་དགྱེས་པ་སྐྱེད་པར་བྱེད་པའི་ཕྲིན་ལས་ཀྱི་རིམ་པ་བྲི་བ་ལ། སྔོན་དུ་འགྲོ་བ། དངོས་གཞི། རྗེས་ཀྱི་རིམ་པ་དང་གསུམ་ལས། དང་པོ་མཆོད་གཏོར། སྨན་རཀ །མདོས་ཀྱི་བཅའ་གཞི་སོགས་ལག་ལེན་མཐའ་དག་བླ་མའི་མན་ངག་ཕྱག་བཞེས། མཐོང་བརྒྱུད། ཡིག་ཆུང་། དཔེ་རིས་སོགས་སྒོ་བསྟུན་དགོས་ཤིང་། ཁོ་བོས་ཟུར་དུ་བྱས་པའི་ལག་ལེན་གསལ་བྱེད་ཆོས་སྲུང་དགྱེས་པའི་སྒྲ་དབྱངས་ལ་བློ་ལྡན་རྣམས་ཞིབ་མོར་དཔྱོད་པ་གནད་དུ་ཆེ། ལག་ལེན་མན་ངག་ཅུང་ཟད་ཙམ་ཡང་མ་ཤེས་པར་རོལ་མོ་ཙམ་དཀྲོལ་རྒྱུ་ཡོད་པ་རྒྱུ་མཚན་དུ་བྱས་ཏེ། ཆོས་སྲུང་བསྟེན་པར་རློམ་པའི་བསྟན་འཛིན་གྱི་གཟུགས་བརྙན་ཅན་རྣམས་ཀྱི་སྤྱོད་ཚུལ་རང་རེའི་ལུགས་འདི་ལ་ཡེ་མ་ཤོར་བ་གལ་ཆེ། གཉིས་པ་ནི། དཔལ་ཆེན་རྡོ་རྗེ་གཞོན་ནུའི་འཕྲིན་ལས་ཀྱིས་གཞུང་བསྲངས། ཆོས་སྐྱོང་འདིའི་བསྐང་གསོ་བཟླས་པ་ཡན་དང་། ཨེ་ཀ་ཛཱ་ཊཱི་སོགས་གཏེར་སྲུང་སྡེ་བརྒྱད། དཀར་བདུད་ཕུར་སྲུང་གི་གསོལ་མཆོད། གཞན་ཡང་རྒྱུན་དུ་(༢བ)


GLG025_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་ཆོས་སྐྱོང་རྣམས་དང་། གཞི་བདག་གི་གཏོར་མ་རྣམས་ཕུལ་གྲུབ་རྗེས། བསྟོད་པ་ཅི་རིགས་དང་ཚོགས་ཐོག་མཐའ་བར་གསུམ་སོང་མཚམས། མདོས་གྱེར་བ་ལ། བྱིན་གྱིས་བརླབ་པ་ནི། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། ནམ་མཁའ། རླུང་། ཆུ། མེ་ལ་སྟེ་འབྱུང་བ་རིམ་བརྩེགས་ཀྱི་དཀྱིལ་འཁོར་གྱི་སྟེང་དུ་བསྐང་མདོས་རི་རབ་བང་རིམ་བཞི་པ། རིན་པོ་ཆེ་སྣ་བཞི་ལས་གྲུབ་པ། སྟེང་གི་དབུས་དང་ཕྱོགས་བཞིར་རིན་པོ་ཆེ་དང་ཐོད་པ་ལས་གྲུབ་པའི་གཞལ་ཡས་ཁང་མཛེས་ཤིང་ཡིད་དུ་འོང་པ་ཕྱི་རོལ་གྱི་རྨང་དུ་གསེར་གྱི་རི་བདུན། རོལ་པའི་མཚོ་བདུན། གླིང་བཞི་ལྕགས་རི་མུ་ཁྱུད་ཀྱིས་བསྐོར་བ་དང་བཅས་པར་གྱུར། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། རི་རབ་ཀྱི་སྟེང་གི་གཞལ་ཡས་ཁང་གི་ནང་དུ་ཁྲག་ཞག་འཁྲུག་པའི་རྒྱ་མཚོ་ཆེན་པོའི་དབུས་སུ་ཞེས་པ་ནས། དབུ་ལ་རྨ་བྱའི་གདུགས་ཕུབ་པ། དྲེའུའི་སྔོན་དུ་ཆུ་སྲིན་གདོང་ཅན་མཐིང་ནག་ཞགས་པ་དང་མཐུར་སྣ་འཛིན་པ། མི་ལྤགས་ཀྱི་ན་བཟའ་གསོལ་བ། སླད་ཀྱི་རྗེས་འབྲང་སེང་གེའི་གདོང་པ་ཅན་དམར་ནག་གྲི་གུག་དང་ཐོད་ཁྲག་འཛིན་པ། གཙོ་མོའི་ཕོ་བྲང་གི་ཕྱོགས་བཞིའི་མདུན་གྱི་མཁར་དུ་བདུད་མོ་རེ་མ་ཏཱི་མཐིང་ནག་གཡས་རལ་གྲི་དང་གཡོན་ཐོད་ཁྲག་འཛིན་པ། མི་ལྤགས་དང་དར་ནག་གི་གོས་གྱོན་ཞིང་བོང་བུ་གྭ་པ་ལ་བཅིབས་པ། གཡས་ཀྱི་མཁར་དུ་ནད་ཀྱི་བདག་མོ་མཐིང་ནག་གཡས་ཤོ་རྡེ་དང་གཡོན་བྱང་དམར་འཛིན་པ། དར་ནག་དང་རེ་བའི་གོས་གྱོན་ཞིང་དྲེའུ་ལ་བཅིབས་པ། རྒྱབ་ཀྱི་མཁར་དུ་སྐྱི་མཐིང་མ་ནག་མོ་གཡས་མི་སྙིང་དང་གཡོན་སྡིགས་མཛུབ་མཛད་པ། མི་ལྤགས་དང་སྟག་ལྤགས་གྱོན་ཞིང་ཤ་བ་ལ་བཅིབས་པ། གཡོན་གྱི་མཁར་དུ་ཁྲི་སྨན་ས་ལེ་མ་དཀར་མོ་ཕྱག་གཉིས་ཀྱིས་ཆུ་སྲིན་གྱི་པགས་པ་ནམ་མཁའ་ལ་འཕྱར་ཞིང་དར་དཀར་གྱི་ཐོད་དང་གོས་གྱོན་པ། (༣ན)


GLG025_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ནག་ལ་བཅིབས་པ། གཞལ་ཡས་ཁང་གི་མདུན་གྱི་གཡས་ཟུར་གྱི་མཁར་དུ་དཔྱིད་ཀྱི་རྒྱལ་མོ་མཐིང་ནག་གཡས་སྤུ་གྲི་དང་གཡོན་ཐོད་ཁྲག་འཛིན་ཅིང་མི་ལྤགས་གྱོན་པ་དྲེའུ་ལ་བཅིབས་པ། རྒྱབ་ཀྱི་གཡས་ཟུར་གྱི་མཁར་དུ་དབྱར་གྱི་རྒྱལ་མོ་དམར་ནག་གཡས་ལྕགས་ཀྱུ་དང་གཡོན་ཐོད་ཁྲག་འཛིན་པ་ཆུ་དར་གྱོན་ཞིང་ཆུ་གླང་ལ་བཅིབས་པ། རྒྱབ་ཀྱི་གཡོན་ཟུར་གྱི་མཁར་དུ་སྟོན་གྱི་རྒྱལ་མོ་སེར་མོ་གཡས་ཟོར་བ་དང་གཡོན་ཐོད་ཁྲག་འཛིན་པ་རྨ་བྱའི་སྒྲོ་ཐུལ་གྱོན་ཞིང་ཤ་བ་ལ་བཅིབས་པ། མདུན་གྱི་གཡོན་ཟུར་གྱི་མཁར་དུ་དགུན་གྱི་རྒྱལ་མོ་མཐིང་ནག་གཡས་ཁྲམ་ཤིང་དང་གཡོན་ཐོད་ཁྲག་འཛིན་པ་རྔ་མོ་གྭ་པ་ལ་བཅིབས་པ། བང་རིམ་གཉིས་པའི་མདུན་ངོས་ཀྱི་མཁར་དུ་བཀྲ་ཤིས་ཚེ་རིང་མ་དཀར་མོ་རྡོ་རྗེ་དང་བུམ་པ་འཛིན་པ་སེང་གེ་ལ་བཅིབས་པ། མཐིང་གི་ཞལ་བཟང་མ་སྔོན་མོ་བ་དན་དང་མེ་ལོང་འཛིན་ཅིང་རྐྱང་ལ་བཅིབས་པ། མི་གཡོ་བློ་བཟང་མ་སེར་མོ་ཟས་ཀྱི་གཞོང་པ་དང་ནེའུ་ལེ་འཛིན་པ་སྟག་ལ་བཅིབས་པ། ཅོད་པན་མགྲིན་བཟང་མ་དམར་མོ་ནོར་བུ་དང་གཏེར་གྱི་སྒྲོམ་བུ་འཛིན་པ་ཤ་བ་ལ་བཅིབས་པ། ལྟད་དཀར་འགྲོ་བཟང་མ་ལྗང་གུ་དཱུརྦ་དང་སྦྲུལ་ཞགས་འཛིན་པ་འབྲུག་ལ་བཅིབས་པ། ལྔ་གའང་ཁྲོ་ཆགས་སྒེག་པའི་ཉམས་ལྡན། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། གཡས་ཀྱི་མཁར་དུ་རྡོ་རྗེ་ཀུན་གྲགས་མ་སྔོན་མོ་སྦྲུལ་ནག་སྟོང་གི་ཐུལ་བ་དང་གཡག་ལྤགས་རློན་པའི་ཤམ་ཐབས་ཅན། བྱ་རྒོད་ཀྱི་ཕུར་བུ་འཛིན་པ། གཡུ་འབྲུག་ལ་བཅིབས་པ། རྡོ་རྗེ་གཡའ་མ་སྐྱོང་སྔོན་མོ་གཡག་ལྤགས་རློན་པའི་ན་བཟའ་དང་། ཁྱུང་གཤོག་སྟོང་གི་ཤམ་ཐབས་ཅན། ཟངས་ཀྱི་ཕུར་བུ་འཛིན་པ། དྲེལ་རྟ་རྐང་གསུམ་ལ་བཅིབས་པ། རྡོ་རྗེ་ཀུན་བཟང་མ་དཀར་མོ་སེང་གེའི་གཡང་གཞི་གསོལ་ཞིང་རྡོ་རྗེ་རྩེ་ལྔ་བསྣམས་པ་སེང་གེ་ལ་བཅིབས་པ། རྡོ་རྗེ་བགེགས་(༣བ)


GLG025_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གཙོ་སྔོན་མོ་གླང་ནག་སྟོང་གི་ན་བཟའ་དང་། ཁྱུང་གཤོག་སྟོང་གི་ཤམ་ཐབས་ཅན་ལྕགས་ཕུར་འཛིན་ཅིང་གསེར་ཤ་ཡུ་མོ་ལ་བཅིབས་པ། རྒྱབ་ཀྱི་མཁར་དུ་རྡོ་རྗེ་སྤྱན་གཅིག་མ་དཀར་མོ་དུང་གི་ཁུ་འཕང་གི་ན་བཟའ་ལ་གཡུའི་སྐ་རགས་བཅིངས་པ། ཁྲག་གི་རྐྱལ་པ་འཛིན་ཞིང་དུང་ཤ་དཀར་པོ་ལ་བཅིབས་པ། རྡོ་རྗེ་དཔལ་གྱི་ཡུམ་སེར་མོ་མི་ལྤགས་ཀྱི་ན་བཟའ་དང་། མི་སྙིང་ཁུག་པའི་ཤམ་ཐབས་ཅན། དུག་མདའ་ལྟོར་ནག་འཛིན་ཅིང་ཁྱུང་ལ་བཅིབས་པ། རྡོ་རྗེ་ཀླུ་མོ་དཀར་མོ་མི་མགོ་བརྩེགས་པའི་ཐུལ་པ་གྱོན་ཞིང་ཞིང་དབྱུག་འཛིན་པ། ཕག་རྒོད་ནག་པོ་ལ་བཅིབས་པ། རྡོ་རྗེ་དྲག་མོ་རྒྱལ་ལྗང་གུ་གཡག་ལྤགས་སྟོང་གི་སློག་པ་དང་། ཁྱུང་གཤོག་སྟོང་གི་ཤམ་ཐབས་ཅན། མཆོག་ཕུར་འཛིན་ཅིང་། འབྲོང་རྭ་དགུ་ལ་བཅིབས་པ། གཡོན་གྱི་མཁར་དུ་རྡོ་རྗེ་དཔལ་མོ་ཆེ་ནག་མོ་སེང་ལྤགས་སྟོང་གི་སློག་པ་དང་། སྦྲུལ་ནག་གཏམས་པའི་ཤམ་ཐབས་ཅན། ཁྲག་གི་བུམ་པ་འཛིན་ཅིང་ཀོང་རྟ་དཀར་པོ་ལ་བཅིབས་པ། རྡོ་རྗེ་སྨན་གཅིག་མ་དམར་མོ་གྱི་ལིང་དཀར་པོའི་སྟོད་གཡོགས་དང་། སྟག་ལྤགས་སྟོང་གི་ཤམ་ཐབས་ཅན། བ་སོའི་ཕུར་པ་འཛིན་ཅིང་དྲེལ་ནག་ཁ་སེར་ལ་བཅིབས་པ། རྡོ་རྗེ་གཡའ་མོ་སིལ་དམར་ནག་སྦྲུལ་ནག་གཏམས་པའི་གཡང་གཞི་གསོལ་ཞིང་སེང་ལྡེང་གི་ཕུར་བ་འཛིན་པ། གནའ་བ་ཡུ་མོ་ལ་བཅིབས་པ། རྡོ་རྗེ་དྲིལ་བུ་གཟུགས་ལེགས་མ་སྔོན་མོ་སྤྱང་ཀིའི་སློག་པ་དང་། མི་རྩིབ་བརྒྱུས་པའི་ཤམ་ཐབས་ཅན། ཅང་ཏེའུ་དང་གླིང་བུ་འཛིན་པ། གཡུའི་སེང་གེ་ལ་བཅིབས་པ། གཙོ་འཁོར་དེ་དག་གི་བཀའ་ཉན་ལས་བྱེད་ཕོ་ཉ་སྡེ་བརྒྱད་དྲེགས་པའི་དམག་ཚོགས་བསམ་གྱིས་མི་ཁྱབ་པར་གྱུར། ཨོཾ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། ཕྱི་ནང་གསང་བའི་མཆོད་པ་སྤྱན་གཟིགས་མཐུན་པའི་རྫས་རྣམས་ཀྱི་མ་དག་དངོས་འཛིན་ཐམས་ཅད་རང་གི་ཐུགས་ཀ་ནས་སྤྲོས་པའི་རཾ་(༤ན)


GLG025_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཡེ་ཤེས་ཀྱི་མེས་བསྲེགས། ཡཾ་ལས་ཆོས་ཉིད་ཀྱི་རླུང་གིས་གཏོར། ཁཾ་ལས་མཚན་མེད་ཀྱི་ཆུས་བཀྲུས། ཨོཾ་གྱིས་ཇི་ལྟར་འདོད་པའི་ལོངས་སྤྱོད་ལྔར་གྱུར་པ། ཨཱ་ཡིས་ནམ་མཁའི་ཁམས་གང་བ་དཔལ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ལྟར་ཁྱབ། ཧཱུཾ་གིས་བླ་ན་མེད་པའི་བདུད་རྩིའི་རང་བཞིན་ཟད་མི་ཤེས་པར་སྤེལ། སྭཱས་གཟུགས་བརྙན་ཐམས་ཅད་མཚན་དང་དཔེ་བྱད་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་དང་ལྡན་པ། ཧཱས་འདོད་ཁམས་ཀྱི་དབང་ཕྱུག་རེ་མ་ཏཱི་འཁོར་དང་བཅས་པའི་སྐུ་གསུང་ཐུགས་དང་གཉིས་སུ་མེད་པའི་བདེ་བ་ཆེན་པོའི་རང་བཞིན་དུ་རོལ་པའི་ཐུགས་དམ་གཉན་པོ་སྐོང་པའི་ནུས་ལྡན་དུ་གྱུར། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། རལ་གྲི་ཕུར་པ་ལ་སོགས་པའི་མཚོན་ཆ་དང་། ནད་རྐྱལ། ཤོ་རྡེ། བྱང་དམར། དྲུ་བུ། ཁྲམ་ཤིང་། སྐམ་གཤེར་གྱི་ཐུན་ལ་སོགས་པ་རྣོ་པའི་ངར་དང་དུག་གི་དཔལ་དང་ལྡན་པ། བཏབ་པ་ཙམ་གྱིས་དགྲ་བགེགས་རྩད་ནས་གཅོད་པའི་ནུས་པ་དང་ལྡན་པར་གྱུར། སྔགས་དྲུག་དང་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབ་བོ། །སྤྱན་འདྲེན་པ་ནི། སྤོས་སྦྱོར་བསྲེགས། གཡབ་དར་དང་བཅས་ཏེ། བྷྱོཿ དཔལ་ལྡན་ཀུན་ཏུ་བཟང་མོ་ཁྲོས་པའི་གར། །གཤིན་རྗེའི་ལྕམ་གཅིག་དཔལ་ལྡན་རེ་མ་ཏཱི། །རིགས་འཛིན་དགྲ་ལྷ་འདོད་ཁམས་དབང་ཕྱུག་མ། །བདེ་ཆེན་ཆོས་ཀྱི་དབྱིངས་ནས་སྐུ་བཞེངས་ཤིག །དམ་ཉམས་དགྲ་བགེགས་གཤེད་མ་མཐུ་རྩལ་ཅན། །མ་མོ་ནག་མོ་དྲེགས་པ་ཀུན་གྱི་གཙོ། །དམག་ཟོར་རྒྱལ་མོ་འཁོར་དང་བཅས་པ་རྣམས། །མུ་ལེ་དིང་གི་ཕོ་བྲང་ནས་བཞེངས་ཤིག །ང་ནི་དཔལ་ཆེན་རྡོ་རྗེ་གཞོན་ནུ་སྟེ། ཁྲོ་རྒྱལ་དབང་པོའི་བཀའ་ལས་མ་འདའ་བར། །བསྟན་སྲུང་གཙོ་མོ་དམ་ཚིག་ཉེར་དགོངས་ལ། །གསང་ཆེན་སྒྲུབ་པའི་གནས་འདིར་དམ་ལ་འདུས། །(༤བ)


GLG025_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

བྷྱོ། ཕྱོགས་ཕྱོགས་དག་ཀྱང་ཕ་གི་ན། །ཉི་མ་བྱང་ཤར་ཕ་གི་ན། །བྲག་དང་ཆུ་འཐབ་ཕར་འདས་ན། །མུ་ལེ་དིང་གི་ནང་ཤེད་ན། །རླུང་ནག་འཚུབ་མའི་གུར་གྱི་ནང་། །མེ་རི་རབ་ཏུ་འབར་བའི་དབུས། ཁྲག་ཞག་འཁྲུག་པའི་རྒྱ་མཚོའི་ཀློང་། །བསེ་མཁར་དུར་ཁྲོད་རྒྱན་ལྡན་ནས། །དམག་ཟོར་རྒྱལ་མོ་གཤེགས་སུ་གསོལ། །རེ་ཏཱི་ནད་བདག་གཤེགས་སུ་གསོལ། །བྲན་གཡོག་མཆེད་བཞི་གཤེགས་སུ་གསོལ། །དུས་བཞིའི་ལྷ་མོ་གཤེགས་སུ་གསོལ། །མཁའ་འགྲོ་མཆེད་ལྔ་གཤེགས་སུ་གསོལ། །བདུད་མོ་མཆེད་བཞི་གཤེགས་སུ་གསོལ། །གནོད་སྦྱིན་མཆེད་བཞི་གཤེགས་སུ་གསོལ། །སྨན་མོ་མཆེད་བཞི་གཤེགས་སུ་གསོལ། །བཀའ་ཉན་འཁོར་ཚོགས་གཤེགས་སུ་གསོལ། །དམ་ཅན་རྒྱ་མཚོའི་ཚོགས་དང་བཅས། །ཐུགས་དམ་ཅན་དུ་འདྲ་ལགས་ཀྱང་། །དམག་ཟོར་རྒྱལ་མོ་སྣ་ལ་སྤྱོན། །ནག་མོ་གློག་ལྟར་འཁྱུག་ཅིང་སྤྱོན། །དམག་ཟོར་རྒྱལ་མོ་ད་ཚུར་སྤྱོན། །གདུང་སེམས་ཅན་ཁྱོད་ད་ཚུར་སྤྱོན། །ནག་མོའི་ཚོགས་ཀྱིས་སྟེང་ཁམས་ཁོང་། ཁམས་གསུམ་མ་ལུས་དབང་དུ་སྡུས། །བྷྱོཿ ཞིང་ཆེན་ལ་སོགས་གོས་ཀྱི་གཡབ་བཏང་ཡང་། །གཟིགས་པ་ལྟར་ཡང་མ་གཅིག་མི་མཛད་ན། །དཔལ་ལྡན་ལྷ་མོ་ཁྱོད་ནི་སྤྱན་རེ་བརྟུལ། །དར་ནག་གཡབ་མོ་གཡབ་ཀྱི་ད་ཚུར་སྤྱོན། །རྐང་གླིང་ལ་སོགས་སྙན་པའི་སྒྲ་བསྒྲགས་ཀྱང་། །གསན་པ་ལྟར་ཡང་མ་གཅིག་མི་མཛད་ན། །དཔལ་ལྡན་ལྷ་མོ་ཁྱོད་ནི་རི་སྙན་རེ་སྲ། །མི་རྒན་གླིང་བུ་འབུད་ཀྱི་ད་ཚུར་སྤྱོན། །ཚིལ་ཆེན་ལ་སོགས་སྤོས་ཀྱི་དུད་བཏང་ཡང་། །སྣོམ་པ་ཙམ་ཡང་མ་གཅིག་མི་མཛད་ན། །དཔལ་ལྡན་ལྷ་མོ་ཁྱོད་ནི་(༥ན)


GLG025_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ཤངས་རེ་བརྟུལ། །གསུར་ཆེན་དུད་པ་འཐུལ་གྱིས་ད་ཚུར་སྤྱོན། །དམ་ཉམས་དགྲ་བགེགས་སྒྲོལ་ཞེས་ལས་བཅོལ་ཡང་། །དགོངས་པ་ལྟར་ཡང་མ་གཅིག་མི་མཛད་ན། །དཔལ་ལྡན་ལྷ་མོ་ཁྱོད་ནི་ཐུགས་རེ་གཡེལ། །ཐུགས་དམ་ཐུགས་རྗེས་དགྲ་བགེགས་མྱུར་དུ་སྒྲོལ། །རཀྟ་རེ་མ་ཏཱི་ཨེ་ཧྱེ་ཧི། ཕྱི་མཆོད་ནི། བདག་གིས་དངོས་བཤམས་ཡིད་ཀྱིས་སྤྲུལ་པ་ལས། །ཞེས་པ་ནས། སྤཪྴ་པྲ་ཏཱི་ཙྪ་ཧཱུཾ་སྭཱ་ཧཱ། ཞེས་པའི་བར་བརྗོད། ནང་མཆོད་ནི། དགྲ་བགེགས་སྙིང་ཁྲག་ལ་སོགས་བསྐྱིལ་པ་ཡི། །དམར་ཆེན་ཁྲག་གི་རྒྱ་མཚོའི་མཆོད་ཡོན་འདི། །འདོད་ཁམས་དབང་ཕྱུག་འཁོར་དང་བཅས་ལ་འབུལ། །འཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་མཛོད། །ཚིག་ཕྱི་མ་འདི་གཉིས་འགྲེ། ཀཱ་ལི་དེ་ཝཱི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་ཡེ་སྭཱ་ཧཱ། མིག་ལྕེ་རྣ་བ་སྣ་དང་སྙིང་གི་ཚོགས། །སྤུངས་པའི་དགྲ་བགེགས་དབང་པོའི་མེ་ཏོག་འདི།༴༴།ཤ་ཆེན་ཚིལ་ཆེན་གུ་གུལ་ལ་སོགས་པ། །སྦྱར་བའི་བདུག་སྤོས་ནམ་མཁའི་ཁྱོན་གང་འདི།༴༴།ཚིལ་དང་རྐང་མར་ཞག་མཚོར་འཁྱིལ་པའི་དབུས། །རོ་སྐྲའི་སྡོང་བུ་ལ་སྦར་མར་མེ་འདི།༴༴།རཀྟའི་རྦ་རླབས་ཆལ་ཆིལ་འཁྲུག་པ་ལ། །ཞག་གི་སྤྲིས་མ་ཆགས་པའི་དྲི་ཆབ་འདི།༴༴།འབྲུ་སྣ་ལྔ་དང་ཤ་ཁྲག་རུས་པ་ཡི། །ཕུང་པོར་སྤུངས་པའི་ཞལ་ཟས་དམ་པ་འདི།༴༴།མི་རྐང་གླིང་བུ་རྫ་རྔ་སིལ་སྙན་སོགས། །སྙན་བརྗིད་སྣ་ཚོགས་རོལ་མོའི་མཆོད་པ་འདི།༴༴།སྨན་མཆོད་ནི། བྷྱོཿ ཕྲ་མོ་སྦོམ་པོ་ལས་བྱུང་བའི། །ཞེས་སོགས་དང་། རཀྟ་ནི། བྷྱོ༔ ཆུ་དང་མ་འདྲེས་དངས་མའི་ཁྲག །ཅེས་སོགས་དང་། གཏོར་མ་ནི། ཤ་ཁྲག་ལ་སོགས་བདུད་རྩི་ལྔ་དང་སྦྱར། །ཞེས་སོགས་ཀྱིས་དཀྱུས་བཞིན་འབུལ། །བསྟོད་པ་ནི། བྷྱོཿ རྒྱལ་བ་ཀུན་གྱི་ཡུམ་གཅིག་དབྱངས་ཅན་མ། །མི་བསྲུན་དགྲ་སྡེའི་གཤེད་དུ་ཁྲོ་མོའི་སྐུར། །སྟོན་


GLG025_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་འདོད་པ་ཁམས་ཀྱི་དབང་ཕྱུག་ལ། །སྙིང་ནས་འདུད་དོ་མཆོག་ཐུན་དངོས་གྲུབ་སྩོལ། །རླུང་ནག་དྲག་ཏུ་འཚུབ་པའི་གུར་ཁྱིམ་ནང་། །རབ་དམར་ཁྲག་ཞག་རྦ་ཀློང་འཁྲུག་པའི་སྟེང་། །སྦྲུལ་དང་སྲིན་པོའི་སྒ་སྲབ་གོང་རྨེད་ཅན། །རྐྱང་སེར་དྲེའུའི་སྟེང་ན་ཕྱེད་སྐྱིལ་བཞུགས། །མིག་སྨན་བརྩེགས་པའི་ས་འཛིན་དབང་པོ་ལ། །ཉིན་བྱེད་འབུམ་གྱིས་འཁྱུད་པའི་སྲིན་མོའི་གཟུགས། །བསྐལ་པའི་མེ་དཔུང་དབུས་ན་མངོན་པར་འགྱིང་། །རབ་བརྗིད་དུར་ཁྲོད་ཆོས་ཀྱིས་རྣམ་པར་བརྒྱན། །སྣ་ཚོགས་མཚོན་ཆ་གདུག་ཅན་སྙིང་ལ་གཟིར། །ཧ་ཧའི་གད་བརྒྱངས་སྲིད་གསུམ་མ་ལུས་གཡོ། །སྤྲུལ་པ་ཡང་སྤྲུལ་བྱེ་བ་ཕྱོགས་བཅུར་འགྱེད། ཁམས་གསུམ་ཀུན་ལས་རྣམ་རྒྱལ་ཁྱོད་ལ་བསྟོད། །དམག་ཟོར་ལྷ་མོ་འཁོར་དང་བཅས་རྣམས་ཀྱིས། །ནད་གདོན་ཀུན་ཞི་ཚེ་དང་བསོད་ནམས་རྒྱས། །མི་ནོར་དབང་སྡུད་དགྲ་བགེགས་ཚར་གཅོད་པའི། །འཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་མཛོད། །བཤགས་པ་ནི། བྷྱོཿ རྡོ་རྗེ་འཆང་དང་ལྭ་བ་དམར་པོ་སོགས། །ཞེས་སོགས་བྱ། མ་མོའི་ལྷ་བགྱེད་པ་ནི། ཧཱུཾ། མ་ནི་རྒྱལ་བ་ཀུན་གྱི་མཁའ། །མོ་ནི་སྲིད་པ་གསུམ་གྱི་ཀློང་། །མ་ནི་སྐྱེ་བ་མེད་པའི་མཁའ། །མོ་ནི་འགག་པ་མེད་པའི་ཀློང་། །མ་ནི་ཚངས་དབྱངས་ལྡན་པའི་མཁའ། །མོ་ནི་ཐེག་ཆེན་སྟོན་པའི་ཀློང་། །མ་ནི་སྤྲོས་བྲལ་དབྱིངས་ཀྱི་མཁའ། །མོ་ནི་སེམས་ཀྱི་དབྱིངས་ཀྱི་ཀློང་། །མ་ནི་ཐབས་ཆེན་སྟོན་པའི་མཁའ། །མོ་ནི་ཤེས་རབ་ཆགས་མེད་ཀློང་། །མ་ནི་འཕྲིན་ལས་རྒྱ་ཆེན་མཁའ། །མོ་ནི་བདེ་བ་སྟེར་བའི་ཀློང་། །མ་ནི་ཆོས་སྐུ་དོན་དམ་མཁའ། །མོ་ནི་གཟུགས་སྐུ་སྣ་ཚོགས་ཀློང་། །འགྲོ་ལ་ཕན་དང་བདེ་འབྱུང་པའི། །མཁའ་ཀློང་གཉིས་སུ་བདག་སྒོམས་ཤིག །ཁྲོ་བོའི་ང་རྒྱལ་བསྐྱེད་པ་ནི། ཧཱུཾ། ང་ནི་ཁྲག་འཐུང་ཁྲོ་བོ་ཀུན་གྱི་གཙོ། །ང་ནི་དབང་ཕྱུག་མ་མོ་(༦ན)


GLG025_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་རྗེ། །ང་ནི་ལྷ་སྲིན་སྡེ་བརྒྱད་བྲན་དུ་འཁོལ། །ང་ནི་དེང་འདིར་ཕྲིན་ལས་རྣམ་བཞི་འཚོལ། །སྲིད་པའི་ཆེ་བཙན་ཐམས་ཅད་བཀའ་ལ་ཉན། །ནད་བདག་མ་མོས་རིམས་ཁ་དགྲ་ལ་སྒྱུར། །བྱད་ཕུར་དུས་མིན་འཆི་སོགས་འགལ་རྐྱེན་བཟློག །ཞི་རྒྱས་དབང་དྲག་བཅོལ་བའི་ལས་ཀུན་སྒྲུབས། །བསྒྲལ་མཆོད་འབུལ་བ་ལ་ཐོག་མར་བསྐུལ་བ་ནི། རི་རབ་ལྷུན་པོ་དང་དཔལ་ལྡན་གཉན་རེ་མ་རྣམས་བྱ། དེ་ནས་གསེར་སྐྱེམས་ནི། བཀའ་དྲིན་འཁོར་མེད་རྩ་བརྒྱུད་བླ་མ་དང་། །དངོས་གྲུབ་ཀུན་སྩོལ་རྡོ་རྗེ་ཕུར་པའི་ལྷ། །འཕྲིན་ལས་སྒྲུབ་མཛད་འདོད་ཁམས་དབང་ཕྱུག་མ། །གསེར་སྐྱེམས་འདི་བཞེས་བཅོལ་པའི་ལས་ཀུན་སྒྲུབས། །རེ་ཏཱི་ནད་གཏོང་བྲན་གཡོག་རྣམ་པ་བཞི། །དུས་བཞིའི་ལྷ་མོ་ཚེ་རིང་མཆེད་ལྔ་དང་། །བསྟན་མ་བཅུ་གཉིས་འཁོར་ཚོགས་རྒྱ་མཚོར་བཅས། །གསེར་སྐྱེམས་༴ ཚེ་རབས་དུ་མར་བསྟེན་པའི་དམ་ཅན་ཚོགས། །ཕ་མེས་བརྒྱུད་ནས་འགོ་བའི་སྲུང་མ་དང་། །དྲེགས་པ་སྡེ་བརྒྱད་ཕུར་སྐྱོང་གཏེར་སྲུང་རྣམས། །གསེར་སྐྱེམས་༴ དེ་ནས་འབྲུབ་ཁུང་ཉ་བོ་སོགས་བསྐྱེད་དེ་དགུག་གཞུག་བྱས་རྗེས། དཔྲལ་བ་ནས་སྤྲུལ་བུད་མེད་དཀར་མོའི་ཚོགས། །ལྕགས་ཀྱུ་འཛིན་བྱེད་དགྲ་བགེགས་བླ་ཚེ་ཁུག །མགྲིན་པ་ནས་སྤྲུལ་བུད་མེད་དམར་མོའི་ཚོགས། །ཞགས་པ་འཛིན་པས་དམ་ཉམས་དགྲ་བགེགས་ཆིངས། །ཐུགས་ཀ་ནས་སྤྲུལ་བུད་མེད་ནག་མོའི་ཚོགས། །ལྕགས་སྒྲོག་འཛིན་པས་དམ་ཉམས་དགྲ་བགེགས་སྡོམས། །ལྟེ་བ་ནས་སྤྲུལ་བུད་མེད་སེར་མོའི་ཚོགས། །དྲིལ་བུ་འཛིན་པས་དམ་ཉམས་དགྲ་བགེགས་མོས། །གསང་གནས་ནས་སྤྲུལ་ལས་བྱེད་ཕོ་ཉའི་ཚོགས། །དགྲ་བོ་ལྷ་དང་ཕྲོལ་ལ་བདུད་དང་སྤྲོད། །གཟུ་དཔང་ནི། རྩ་བ་གསུམ་གྱིས་དཀྱིལ་འཁོར་ལྷ་ཚོགས་དང་། །ཆོས་སྲུང་སྡེ་བརྒྱད་དྲེགས་པའི་དམག་(༦བ)


GLG025_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ལ། །ཟོལ་མེད་སྙིང་ནས་ར་མདའ་སྦྲོན་བྱེད་ན། །བདེན་རྫུན་བཤགས་ཕྱེ་བརྣག་པའི་དགྲ་བགེགས་སྒྲོལ། །འཁོར་བར་ཡིད་འབྱུང་སྙིང་ནས་དམ་ཆོས་སེམས། །འགྲོ་ཀུན་མར་ཤེས་བྱང་ཆུབ་སེམས་རྒྱུད་འབྱོངས། །གསང་ཆེན་ཆོས་ལ་སྤྱོད་པའི་རིགས་འཛིན་ལ། །གནོད་པའི་དགྲ་བགེགས་ཐུལ་ཞིག་སྲུང་མའི་ཚོགས། །དཀའ་བ་ཁྱད་བསད་བླ་མ་ཡུན་དུ་བསྟེན། །མན་ངག་ཇི་བཞིན་བསྙེན་སྒྲུབ་མཐའ་རུ་ཕྱིན། །ཆོས་སྲུང་འབྲལ་མེད་བསྟེན་པའི་རིགས་༴ གནོད་༴ རྒྱལ་བའི་བསྟན་བཤིག་བླ་མའི་སྐུ་ལ་བསྡོ། །རིགས་འཛིན་སྒོས་དགྲ་འགྲོ་བའི་བདེ་སྐྱིད་འཇིག །བདེན་མེད་གདུག་ཅན་དགྲ་འདི་ཡལ་བོར་ན། །སྲོག་འཕྲོག་བཤན་པའི་མིང་ཡང་ངོ་རེ་གནོང་། །རྒྱལ་བའི་སྤྱན་སྔར་བསྟན་པ་བསྲུང་ངོ་ཞེས། །དྲག་པོའི་རྣམ་པར་རོལ་ལ་དགོས་པ་ཅི། །དེ་ཕྱིར་གཟུགས་བྱང་མིང་རུས་བཏབ་པའི་དགྲ། །ལོ་ཟླ་ཞག་ཏུ་མ་བཞག་སྙིང་ཁྲག་འཐུང་། །གཡབ་དར་དང་བཅས། བསྟན་པའི་གདུག་ཅན་དགྲ་བོ་འདི། །སྒྲོལ་ཕྱིར་སྤྲུལ་པ་གྲངས་མེད་པ། །སྟོན་ཅིག་འདོད་ཁམས་དབང་ཕྱུག་མ། །དམག་ཟོར་རྒྱལ་མོ་ད་ཚུར་སྦྱོན། །བྲན་གཡོག་དམག་སོགས་ད་ཚུར་སྦྱོན། །དུས་བཞིའི་ལྷ་མོ་༴ བསྟན་མ་བཅུ་གཉིས་མ་༴ དམ་ཅན་རྒྱ་མཚོ་༴ དེ་ནས་འདོན་གྱི་རོལ་མོ་བསྒྱུར་ཏེ། པད་སྒོར་འཁྱིལ་ཉལ་ཡན་གྱི་འཆམས་རྣམས་གྲུབ་རྗེས། །བྷྱོ༔ བདུད་མོ་ནག་མོ་རེ་མ་ཏཱིས། །རལ་གྲིས་དགྲ་བོའི་ལུས་ལ་བསྣུན། །ནད་ཀྱི་བདག་མོས་ཤོ་རྡེ་དང་། །བྱང་དམར་དཀྱུས་སུ་དགྲ་བགེགས་ཆུག །ཁྲི་སྨན་ས་ལེས་མཚོན་རྣོན་གྱིས། །དམ་ཉམས་དགྲ་བོའི་གནས་གསུམ་བསྣུན། །མ་གཅིག་སྐྱི་མཐིང་གཡའ་མ་སྐྱོང་། །ཐུན་གྱི་ཆར་པ་དགྲ་ལ་ཕོབ། །བྷྱོཿ དཔྱིད་ཀྱི་རྒྱལ་མོ་མཐིང་ནག་གིས། །སྤུ་གྲི་རྣོན་པོས་ཡན་ལག་གཏུབས། །དབྱར་གྱི་རྒྱལ་མོ་དམར་ནག་གིས། །(༧ན)


GLG025_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཀྱུས་དགྲ་བོའི་ནང་ཁྲོལ་དྲོངས། །མ་ཡམས་ནག་མོ་མཐུ་རྩལ་ཅན། །གྲི་གུག་འབར་བས་མགོ་བོ་ཁོས། །ཆུ་སྲིན་ཀླུ་མོ་རེ་མ་ཏཱིས། །དུག་ཁྲག་ནད་ཀྱིས་སྨྱོ་རུ་ཆུག །བྷྱོཿ སྟོན་གྱི་རྒྱལ་མོ་སེར་འོད་ཀྱིས། །ཟོར་བ་རྣོན་པོས་མགོ་ལུས་ཕྲོལ། །དགུན་གྱི་རྒྱལ་མོ་མུན་པའི་མདོག །ཁྲམ་ཤིང་ནག་པོ་དགྲ་བོར་ཐོབ། །བསྟན་མ་བཅུ་གཉིས་མཐུ་རྩལ་ཅན། །སྣ་ཚོགས་མཚོན་ཆས་ཕྱེ་མར་ཐོགས། །འདོད་ཁམས་དབང་ཕྱུག་རེ་མ་ཏཱིས། །ཕུར་བུ་སྙིང་ལ་ཐོབ་ལ་སོང་། །སྟོབ་པ་ནི། བྷྱོ༔ དཔལ་ལྡན་ལྷ་མོ་བཀའ་ཉན་སྲུང་མའི་ཚོགས། །གནམ་ས་གདངས་པ་ཙམ་གྱི་ཞལ་ནང་དུ། །དམ་ཉམས་དགྲ་བོ་བསྐྲལ་བའི་ཤ་དར་ཁྲག །མ་ལུས་སྟོབ་པོ་དགྱེས་པ་ཆེན་པོས་རོལ། །ཨོཾ་ཀཱ་ལི་དེ་ཝཱི་ས་པ་ར་མ་ཧཱ་མཾ་ས་སོགས་བརྗོད། མདོས་དངོས་གཞི་གྱེར་བ་ནི། བྷྱོཿ དཔལ་ལྡན་ལྷ་མོ་རེ་མ་ཏཱི། །མ་གཅིག་སྲིད་པའི་རྒྱལ་མོ་ཁྱོད། །འོད་སྲུང་བསྟན་པ་ནུབ་ཁ་རུ། །རྒྱལ་བ་ཤཱཀྱ་ཐུབ་པ་དང་། །སྨོན་ལམ་གཅིག་ཏུ་བཏབ་པའི་མཐུས། །ཤཱཀྱའི་བསྟན་དང་བསྟན་འཛིན་ཀུན། །སྲུང་སྐྱོབ་མཐུ་སྟོབས་མི་བཟད་པས། །འགྲོ་བའི་དོན་ལ་རབ་ཏུ་བརྩོན། །སྐུ་ནི་ཀུན་ཏུ་བཟང་མོ་སྟེ། །གསུང་ནི་སྒྲ་དབྱངས་བརྗོད་འདས་མ། །ཐུགས་ནི་སྨྲ་བསམ་སྤྱི་ལས་འདས། །ཀུན་གྱི་ཡུམ་ཆེན་འདིར་གཤེགས་ཤིག །ཁྱོད་ཀྱི་ཐུགས་དམ་གཉན་སྐྱོང་གི །མདོས་བདག་ཆེན་མོས་མདོས་བཞེས་ཤིག །གླུད་བདག་ཆེན་མོས་གླུད་འདི་ལོང་། །བཅོལ་བའི་འཕྲིན་ལས་བསྒྲུབ་པར་མཛོད། །བྷྱོཿ རི་ཡི་རྒྱལ་པོ་རི་རབ་འདི། །ཀེ་ཀེ་རུ་དང་བཻ་ཌཱུཪྻ། །པདྨ་རཱ་ག་བཙོ་མ་གསེར། །རྒྱུ་ནི་རིན་ཆེན་གཞི་ལས་གྲུབ། །ལྷ་མིའི་འདོད་ཡོན་ཀུན་དང་ལྡན། །བསེ་མཁར་རྒྱ་ཕུབས་ལྕོག་གིས་མཛེས། །རྔམ་བརྗིད་ཕོ་བྲང་གནས་ཀྱི་རྟེན། །རི་རབ་ལྕགས་རི་ནག་(༧བ)


GLG025_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

པོས་བསྐོར། །གླིང་བཞི་གླིང་ཕྲན་རྣམ་བཀྲ་བ། །འདོད་ཁམས་དབང་ཕྱུག་མ་ལ་འབུལ། །རེ་ཏཱི་ནད་བདག་གཉིས་ལ་འབུལ། །གཡོག་མོ་བཀའ་ཉན་བཞི་ལ་འབུལ། །སྤྲུལ་པ་དུས་བཞིའི་ལྷ་མོར་འབུལ། །མཁའ་འགྲོ་ཚེ་རིང་མཆེད་ལྔར་འབུལ། །བསྟན་མ་བཅུ་གཉིས་ཚོགས་ལ་འབུལ། །འཁོར་ཚོགས་དམ་ཅན་རྒྱ་མཚོར་འབུལ། །བཞེས་ནས་རྣལ་འབྱོར་བདག་ཅག་གིས། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །ཕོ་བྲང་སྟེང་ན་འཇའ་ཚོན་ལྟར། །རྣམ་པར་བཀྲ་བའི་གདུགས་དང་ཏོག །རི་རབ་སྟེང་ན་མཐིང་ནག་གི །ནམ་མཁའ་འཇའ་རིས་རྒྱང་བུ་གཅིག །བང་རིམ་གཉིས་པའི་ཕྱོགས་རྣམས་སུ། །ནམ་མཁའ་བཅུ་གཉིས་རྩེ་མོ་ལ། །རྨ་བྱའི་སྒྲོ་ཕོད་དག་གིས་མཛེས། །རྒྱང་བུ་བཅུ་གཉིས་རྩེ་མོ་ལ། །བྱ་ཕོའི་སྒྲོ་ཕོད་དག་གིས་མཛེས། །རྩེ་མོར་མཁའ་ལྡིང་ནག་མོ་ནི། །བཅུ་གསུམ་འཕུར་མཁས་ལིངས་སེ་ལིང་། །གསུང་སྙན་དེ་ནི་སྐྱུར་རུ་རུ། །སྤྱན་རྩ་དེ་ནི་ཧྲིགས་སེ་ཧྲིག །འདོད་ཁམས་དབང་ཕྱུག་མ་ལ་འབུལ། །རེ་ཏཱི་ནད་བདག་གཉིས་ལ་འབུལ། །གཡོག་མོ་བཀའ་ཉན་བཞི་ལ་འབུལ། །སྤྲུལ་པ་དུས་བཞིའི་ལྷ་མོར་འབུལ། །མཁའ་འགྲོ་ཚེ་རིང་མཆེད་ལྔར་འབུལ། །བསྟན་མ་བཅུ་གཉིས་ཚོགས་ལ་འབུལ། །འཁོར་ཚོགས་དམ་ཅན་རྒྱ་མཚོར་འབུལ། །བཞེས་ནས་རྣལ་འབྱོར་བདག་ཅག་གིས། །བཅོལ་པའི་འཕྲིན་ལས་གྲུབ་པར་མཛོད། །བང་རིམ་གསུམ་པའི་ཕྱོགས་རྣམས་སུ། །རྟ་དྲེལ་རྒྱུག་ཅིང་གཡག་རྒོད་དང་། །ལུག་འཚེར་བྱ་ལྡིང་ཁྱི་སེང་འཕྱོ། །ཉི་ཟླ་བེ་ཅོན་ཐོད་ཁྲག་དང་། །ནད་རྐྱལ་ཤོ་རྡེ་བྱང་དམར་དང་། །མཚོན་དུ་ཁྲམ་ཤིང་རེ་བའི་གོས། །མི་གླང་སྟག་ལྤགས་ཐོད་རློན་དང་། །རུས་པ་སྦྲུལ་རྒྱན་བྱུག་པའི་རྫས། །སྒ་སྲབ་རླུང་ནག་འཚུབ་མའི་གུར། །སྲ་བའི་གོ་ཆ་རྣོ་བའི་མཚོན། །མདའ་དང་དར་གྱི་ཅོད་པན་ཅན། །སྦྲུལ་ཞགས་མི་སྙིང་རྨ་བྱའི་གདུགས། །རྒྱལ་སྲིད་བདུན་དང་འདོད་ཡོན་ལྔ། །བཀྲ་ཤིས་རྟགས་བརྒྱད་ལ་སོགས་པ། །མཐུན་པའི་དམ་རྫས་ཚོགས་རྣམས་ཀུན། །འདོད་ཁམས་དབང་ཕྱུག་མ་ལ་འབུལ། །རེ་ཏཱི་ནད་བདག་གཉིས་ལ་འབུལ། །གཡོག་མོ་(༨ན)


GLG025_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་ཉན་བཞི་ལ་འབུལ། །སྤྲུལ་པ་དུས་བཞིའི་ལྷ་མོར་འབུལ། །མཁའ་འགྲོ་ཚེ་རིང་མཆེད་ལྔར་འབུལ། །བསྟན་མ་བཅུ་གཉིས་ཚོགས་ལ་འབུལ། །འཁོར་ཚོགས་དམ་ཅན་རྒྱ་མཚོར་འབུལ། །བཞེས་ནས་རྣལ་འབྱོར་བདག་ཅག་གིས། །བཅོལ་པའི་འཕྲིན་ལས་གྲུབ་པར་མཛོད། །གཞན་ཡང་འབུལ་བའི་མཐུན་རྫས་ནི། །ལྷ་ཡི་ཆད་པ་བཟློག་པའི་ཁྲམ། །བདུད་ཀྱི་ཆད་པ་བཟློག་པའི་ཁྲམ། །མ་མོའི་དལ་ཡམས་༴ ཀླུ་ཡི་མནན་གཏད་༴ བཙན་གྱི་རྒྱུ་སྲང་༴ གཤིན་རྗེའི་འཁོར་ལོ་༴ རྒྱལ་པོའི་སྨྱོ་འབོག་༴ གཟའ་ཡི་ཀི་ཀང་༴ བྱད་ཟོར་རྦོད་གཏོང་༴ བལ་མོའི་ཁྲག་ཟོར་༴ འདོད་ཁམས་༴ རེ་ཏཱི་༴ གཡོག་མོ་༴ སྤྲུལ་པ་༴ མཁའ་འགྲོ་༴ བསྟན་མ་༴ འཁོར་ཚོགས་༴ བཞེས་ནས་༴ བཅོལ་པའི་༴ བང་རིམ་བཞི་བའི་ཕྱོགས་རྣམས་སུ། །མདའ་ཁྲ་དང་ནི་འཕང་ཁྲ་དག །རེ་རེ་བཅུ་གསུམ་གྲངས་ཚང་ཞིང་། །ཤིང་གྲི་ཡུལ་མཁར་རི་མོ་ཅན། །ཕོ་གདོང་སྟག་ཆས་རི་མོ་ཅན། །མོ་གདོང་དང་འཕན་༴ ཕོ་གདོང་ལིངྒ་༴ མོ་གདོང་གླང་གི་༴ ཕོ་གདོང་ནོར་བུའི་༴ མོ་གདོང་མཁར་ཐབས་༴ སྤྱན་གཟིགས་དཀོར་ནོར་ལོངས་སྤྱོད་སོགས། །ཀུན་ཀྱང་བཅུ་གསུམ་གྲངས་ཚང་པ། །བདག་དང་རྒྱུ་སྦྱོར་གླུད་ཀྱི་ཚད། །འདོད་ཁམས་༴ རེ་ཏཱི་༴ གཡོག་མོ་༴ སྤྲུལ་པ་༴ མཁའ་འགྲོ་༴ བསྟན་མ་༴ འཁོར་ཚོགས་༴ བཞེས་ནས་༴ བཅོལ་པའི་༴ གཞན་ཡང་མཐུན་པའི་དམ་རྫས་ནི། །ཤ་ཁྲག་དམར་གྱི་གཏོར་མ་དང་། །རྩ་བརྒྱད་སྟོང་སྦྱར་བདུད་རྩི་སྨན། །དམར་ཆེན་རཀྟའི་ཨརྒྷཾ་དང་། །གཏོར་མ་འབྲང་རྒྱས་སྨན་ལེའི་ཚོགས། ཁྲག་དང་མཁྲིས་པ་ཤ་དང་ཆང་། །བྱ་མོ་ནག་མོ་གསེར་མིག་མ། །རམས་སྐག་མཚལ་སྤོས་མེ་ཏོག་སོགས། །བཙོད་དང་ཞུན་མཁན་ནས་འབྲས་གྲོ། །དམར་ཆེན་ཁྲག་གི་དབུས་སྐྱུ་དང་། །ངར་མི་ཁྲག་གི་ཀོང་བུ་སོགས། །གཙོ་འཁོར་སོ་སོའི་མཐུན་པའི་རྫས། །མ་(༨བ)


GLG025_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་མེད་པར་རབ་བཤམས་པ། །འདོད་ཁམས་༴ རེ་ཏཱི་༴ གཡོག་མོ་༴ སྤྲུལ་པ་༴ མཁའ་འགྲོ་༴ བསྟན་མ་༴ འཁོར་ཚོགས་༴ བཞེས་ནས་༴ བཅོལ་པའི་༴ འཕྲིན་ལས་བཅོལ་ཞིང་བཟློག་བསྒྱུར་བྱ་བ་ནི། བྷྱོཿ རྩ་བརྒྱུད་བླ་མ་ཐམས་ཅད་དང་། །པདྨ་ཐོད་ཕྲེང་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་པའི། །དམ་ལ་དགོངས་ཏེ་གླུད་བཞེས་ཤིག །བདག་ལ་བལྟོས་པའི་ཡོན་བདག་འདི། །སྔོན་གྱི་ལས་ཀྱི་འཕྲོ་ཆུངས་ཏེ། །དུས་ལ་བབ་ཅིང་ཚེ་ཟད་ཀྱང་། །ལོ་བརྒྱའི་བར་དུ་བཤོལ་ཐོབ་ཅིག །རྣལ་འབྱོར་ང་ཡི་བཀའ་མ་བཅག །མ་མོའི་ཐུགས་དམ་འདིས་སྐོངས་ལ། །ནད་གདོན་དགྲ་བགེགས་ཞི་བར་མཛོད། །ཚེ་དང་དཔལ་འབྱོར་རྒྱས་པར་མཛོད། །བྷྱོཿ དཔལ་ལྡན་གཉན་གྱི་རེ་མ་ཏཱི། །ཁྱོད་ཀྱི་ལག་པ་གཡས་པ་ན། །བདུད་ཀྱི་ཁྲམ་བམ་གནམ་ལ་འཕྱར། །སྐྱེ་འགྲོ་གཟུགས་སུ་སྣང་བ་ཀུན། །སང་ཕོད་དིང་སང་སུ་འཆི་ཡང་། །དོ་གཅིག་ཁྱོད་ཀྱི་བྲམ་ལ་འདེབས། །བདག་དང་རྒྱུ་སྦྱོར་ཡོན་བདག་འདི། །གལ་ཏེ་ཁྲམ་ལ་བཏབ་ཟིན་ན། །མཐུན་པའི་དམ་རྫས་འདི་བཞེས་ལ། ཁྲམ་ཁ་ཕྱིས་ཤིག་རེ་མ་ཏཱི། །ཟློག་བྱེད་མ་ཡི་དུས་ལ་བབ། །སྒྱུར་བྱེད་མ་ཡི་དུས་ལ་བབ། །བྷྱོཿ དཔལ་ལྡན་གཉན་གྱི་རེ་མ་ཏཱི། ཁྱོད་ཀྱི་ལག་པ་གཡོན་པ་ན། །བཙན་གྱི་ཤོ་རྡེ་དཀར་ནག་འགྱེད། །སྐྱེ་འགྲོ་གཟུགས་སུ་སྣང་བ་ཀུན། །སང་ཕོད་དིང་སང་སུ་འཆི་ཡང་། །དོ་གཅིག་ཁྱོད་ཀྱིས་ཤོ་ལ་འགོད། །བདག་དང་རྒྱུ་སྦྱོར་ཡོན་བདག་འདི། ཁྱོད་ཀྱིས་ཤོ་ལ་བཀོད་ཟིན་ན། །མཐུན་པའི་དམ་རྫས་འདི་བཞེས་ལ། །ཤོ་རྡེ་དཀར་ནག་དེ་སྤོས་ཤིག །ཟློག་བྱེད་མ་ཡི་དུས་ལ་བབ། །སྒྱུར་བྱེད་མ་ཡི་དུས་ལ་བབ། །བྷྱོཿ དཔལ་ལྡན་གཉན་གྱི་རེ་མ་ཏཱི། ཁྱོད་ཀྱི་མཆན་ཁུང་གཡོན་པ་ན། །ནད་ཀྱི་རྐྱལ་པ་སྔོ་དམར་སྦེད། །སྦྲུལ་ནག་ལྔ་བརྒྱའི་ཁ་ཆིངས་ཅན། །སྐྱེ་འགྲོ་གཟུགས་སུ་སྣང་བ་ཀུན། །སང་ཕོད་དིང་སང་སུ་འཆི་ཡང་། །དོ་གཅིག་ཁྱོད་ཀྱིས་ནད་ལ་འདེབས། །བདག་དང་(༩ན)


GLG025_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་སྦྱོར་ཡོན་བདག་འདི། །གལ་ཏེ་ནད་ལ་བཏབ་སྲིད་ན། །མཐུན་པའི་དམ་རྫས་འདི་བཞེས་ལ། །ནད་ཁ་སྒྱུར་གཅིག་རེ་མ་ཏཱི། །དལ་ཡམས་སྒྱུར་ཅིག་རེ་མ་ཏཱི། །ཟློག་བྱེད་མ་ཡི་དུས་ལ་བབ། །སྒྱུར་བྱེད་མ་ཡི་དུས་ལ་བབ། །བྷྱོཿ ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ། །འབྲས་བུ་གསང་སྔགས་ཆོས་དར་ཏེ། །གསང་སྔགས་བོན་ལྟར་གྱེར་པའི་དུས། །དགེ་སྡིག་འཆོལ་པར་སྤྱོད་པའི་ཚེ། །རྣལ་འབྱོར་ཡོངས་ཉམས་མ་མོ་འཁྲུགས། །ཐུགས་དང་འགལ་པའི་རྟགས་བསྟན་པ། །འཛམ་བུ་གླིང་གི་དབུས་ཕྱོགས་ནས། །བུད་མེད་ནག་མོ་བསམ་མི་ཁྱབ། ཁ་རླངས་ནག་པོ་བཏང་བའི་ཚེ། །མཁའ་ལ་ནད་ཀྱི་སྤྲིན་ཕུང་ཆགས། །བཞི་བརྒྱ་རྩ་བཞིའི་ནད་རྣམས་བྱུང་། །ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་བྱུང་། །དུས་མིན་འཆི་བ་རྣམ་བརྒྱད་བྱུང་། །གསང་སྔགས་སྤྱོད་པ་གྲངས་མེད་ཡང་། །གཞུང་བཞིན་སྤྱོད་པའི་རྣལ་འབྱོར་ང་། །བཀའ་ལྟར་སྤྱོད་པའི་དབང་ཕྱུག་བདག །མན་ངག་ཐུགས་ཀྱི་རྒྱུད་བསྐུལ་ཏེ། །དཔལ་ཆེན་བདུད་རྩི་རྣམ་ལྔས་མཆོད། །མ་སྲིང་དམར་ཆེན་ཚོགས་ཀྱིས་མཆོད། །གསུར་ཆེན་དུད་པ་རྒྱུན་མི་གཅོད། །དབང་ཕྱུག་ཕུ་ནས་ཁུས་འདེབས་ན། །དཔལ་ལྡན་མདའ་ནས་སྙན་མ་སྲ། །རི་ཀླུངས་མེད་པར་ཁུ་ཡིས་ཐོབ། །དབང་ཕྱུག་མདའ་ནས་གཡབ་དོར་གྱི། །དཔལ་ལྡན་ཕུ་ནས་སྤྱན་མ་བརྟུལ། །ནག་མོའི་ཚོགས་ཀྱིས་སྟོང་ཁམས་གང་། །སྔོན་ནས་སྲིང་མོ་ཕུར་པའི་ལྷ། །ད་ལྟ་དཔལ་ལྡན་རེ་མ་ཏཱི། །ལྷ་སྲིན་ཀུན་གྱི་གཤེད་བྱེད་མ། །སྐྱེ་འགྲོ་ཀུན་གྱི་བདུད་གཅོད་མ། །དགྲ་བོ་ཀུན་གྱི་སྙིང་འབྱིན་མ། །བགེགས་ཀུན་ཐལ་བར་རློག་བྱེད་མ། །མ་ཡི་ནང་ནས་མ་གཅིག་མ། །སྲིང་གི་ནང་ནས་སྲིང་གཅིག་མ། །མཐུན་པའི་མདོས་གླུད་འདི་བཞེས་ལ། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །ནད་གདོན་ཆགས་ཆེ་ཉམ་ང་བཟློག །ཡུལ་ཕྱོགས་(༩བ)


GLG025_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ས་ཕྱོགས་འདི་དག་གི །ནད་རིམས་དུས་ཀྱི་འཁྲུག་པ་བཟློག །བཟློག་བསྒྱུར་ཕྲིན་ལས་དུས་ལ་བབ། །བྷྱོཿ ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །གསང་སྔགས་བོན་གྱེར་དགེ་སྡིག་འཆོལ། །དེ་ཚེ་སྲིད་པའི་མ་མོ་ཁྲོས། །མ་མོ་ཁྲོས་པའི་རྟགས་བསྟན་པ། །འཛམ་བུ་གླིང་གི་དབུས་ཕྱོགས་ནས། །བུད་མེད་ནག་མོས་སྟོང་ཁམས་གང་། ཁ་རླངས་ནག་པོ་བཏང་པའི་ཚེ། །ནད་ཀྱི་ན་བུན་སྤྲིན་དུ་ཆགས། །དེ་ཚེ་ནད་ཀྱི་བསྐལ་བ་དང་། །འབྲུམ་པ་དཀར་ནག་ལྷོག་པ་དང་། །སྐྲངས་ནད་བལ་ལྡག་གཡན་པ་བྱུང་། །ནད་ཀྱང་མ་མོ་ཁྱོད་ཀྱི་ནད། །རིམས་ཀྱང་མ་མོ་ཁྱོད་ཀྱི་རིམས། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །ནད་ཁ་ཆོད་ལ་རིམས་ཁ་སྒྱུར། །བར་གཅོད་མི་མཐུན་ཕྱོགས་རྣམས་ཀུན། །སྡང་བའི་དགྲ་ཡི་སྟེང་དུ་བཟློག །བཟློག་བསྒྱུར་ཕྲིན་ལས་དུས་ལ་བབ། །བྷྱོཿ ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །གསང་སྔགས་བོན་གྱེར་དགེ་སྡིག་འཆོལ། །དེ་ཚེ་སྲིད་པའི་མ་མོ་ཁྲོས། །མ་མོ་ཁྲོས་པའི་རྟགས་བསྟན་པ། །འཛམ་བུ་གླིང་གི་ཤར་ཕྱོགས་ནས། །བུད་མེད་དཀར་མོས་སྟོང་ཁམས་གང་། ཁ་རླངས་དཀར་པོ་བཏང་པའི་ཚེ། །ནད་ཀྱི་ན་བུན་སྤྲིན་དུ་ཆགས། །དེ་ཚེ་ནད་ཀྱི་བསྐལ་བ་དང་། །མཛེ་ནད་ཤུ་བ་གཡན་པ་དང་། །གློ་གཟེར་སྐྱ་རྦབ་རླུང་ནད་འབྱུང་། །ནད་ཀྱང་མ་མོ་ཁྱོད་ཀྱི་ནད། །རིམས་ཀྱང་མ་མོ་ཁྱོད་ཀྱི་རིམས། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །ནད་ཁ་ཆོད་ལ་རིམས་ཁ་སྒྱུར། །བར་གཅོད་མི་མཐུན་ཕྱོགས་རྣམས་ཀུན། །སྡང་བའི་དགྲ་ཡི་སྟེང་དུ་བཟློག །བཟློག་བསྒྱུར་ཕྲིན་ལས་དུས་ལ་བབ། །བྷྱོཿ ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །གསང་སྔགས་བོན་གྱེར་དགེ་སྡིག་འཆོལ། །དེ་ཚེ་སྲིད་པའི་མ་མོ་ཁྲོས། །མ་མོ་ཁྲོས་པའི་རྟགས་བསྟན་པ། །འཛམ་བུ་གླིང་གི་ལྷོ་ཕྱོགས་ནས། །བུད་མེད་སེར་མོས་སྟོང་ཁམས་གང་། ཁ་རླངས་སེར་པོ་བཏང་པའི་ཚེ། །ནད་ཀྱི་ན་བུན་སྤྲིན་དུ་ཆགས། །དེ་ཚེ་ནད་ཀྱི་བསྐལ་བ་དང་། །མཁྲིས་པ་ཤ་ཡ་མིག་སེར་དང་། །རྒྱ་ནད་ཤ་སེར་ནད་རྣམས་འབྱུང་། །ནད་ཀྱང་མ་མོ་ཁྱོད་ཀྱི་ནད། །རིམས་ཀྱང་མ་མོ་ཁྱོད་ཀྱི་རིམས། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །ནད་ཁ་ཆོད་ལ་རིམས་ཁ་སྒྱུར། །བར་གཅོད་མི་མཐུན་ཕྱོགས་རྣམས་ཀུན། །སྡང་བའི་དགྲ་ཡི་སྟེང་དུ་བཟློག །བཟློག་བསྒྱུར་ཕྲིན་ལས་དུས་ལ་བབ། །བྷྱོཿ ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །གསང་སྔགས་བོན་གྱེར་དགེ་སྡིག་འཆོལ། །དེ་ཚེ་སྲིད་པའི་མ་མོ་ཁྲོས། །མ་མོ་ཁྲོས་པའི་རྟགས་བསྟན་པ། །འཛམ་བུ་གླིང་གི་ནུབ་ཕྱོགས་ནས། །བུད་མེད་དམར་མོས་སྟོང་ཁམས་གང་། ཁ་(༡༠ན)


GLG025_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

རླངས་དམར་པོ་བཏང་པའི་ཚེ། །ནད་ཀྱི་ན་བུན་སྤྲིན་དུ་ཆགས། །དེ་ཚེ་ནད་ཀྱི་བསྐལ་བ་དང་། ཁྲག་ནད་གཟེར་ཐབས་ལེའུ་བརྒན་དང་། །རྒྱུ་གཟེར་ཁྲག་སྐྱུག་མཁལ་ནད་འབྱུང་། །ནད་ཀྱང་མ་མོ་ཁྱོད་ཀྱི་ནད། །རིམས་ཀྱང་མ་མོ་ཁྱོད་ཀྱི་རིམས། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །ནད་ཁ་ཆོད་ལ་རིམས་ཁ་སྒྱུར། །བར་གཅོད་མི་མཐུན་ཕྱོགས་རྣམས་ཀུན། །སྡང་བའི་དགྲ་ཡི་སྟེང་དུ་བཟློག །བཟློག་བསྒྱུར་ཕྲིན་ལས་དུས་ལ་བབ། །བྷྱོཿ ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །གསང་སྔགས་བོན་གྱེར་དགེ་སྡིག་འཆོལ། །དེ་ཚེ་སྲིད་པའི་མ་མོ་ཁྲོས། །མ་མོ་ཁྲོས་པའི་རྟགས་བསྟན་པ། །འཛམ་བུ་གླིང་གི་བྱང་ཕྱོགས་ནས། །བུད་མེད་སྔོན་མོས་སྟོང་ཁམས་གང་། ཁ་རླངས་སྔོན་པོ་བཏང་པའི་ཚེ། །ནད་ཀྱི་ན་བུན་སྤྲིན་དུ་ཆགས། །དེ་ཚེ་ནད་ཀྱི་བསྐལ་བ་དང་། །བལ་ནད་སྨྱོ་འབོག་རིམས་ནད་དང་། །བླ་རྡོལ་སྨྱོ་སོགས་སྣ་ཚོགས་འབྱུང་། །ནད་ཀྱང་མ་མོ་ཁྱོད་ཀྱི་ནད། །རིམས་ཀྱང་མ་མོ་ཁྱོད་ཀྱི་རིམས། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །ནད་ཁ་ཆོད་ལ་རིམས་ཁ་སྒྱུར། །བར་གཅོད་མི་མཐུན་ཕྱོགས་རྣམས་ཀུན། །སྡང་བའི་དགྲ་ཡི་སྟེང་དུ་བཟློག །བཟློག་བསྒྱུར་ཕྲིན་ལས་དུས་ལ་བབ། །བྷྱོཿ ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །གསང་སྔགས་བོན་གྱེར་དགེ་སྡིག་འཆོལ། །དེ་ཚེ་སྲིད་པའི་མ་མོ་ཁྲོས། །མ་མོ་ཁྲོས་པའི་རྟགས་བསྟན་པ། །འཛམ་བུ་གླིང་གི་དབུས་ཕྱོགས་ནས། །བུད་མེད་སྨུག་མོས་སྟོང་ཁམས་གང་། ཁ་རླངས་སྨུག་པོ་བཏང་པའི་ཚེ། །མཚོན་གྱི་ན་བུན་སྤྲིན་དུ་ཆགས། །དེ་ཚེ་ནད་ཀྱི་བསྐལ་བ་དང་། །གཡུལ་འཁྲུག་འཐབ་རྩོད་སྣ་ཚོགས་པས། །གྲངས་མེད་མཚོན་ཆའི་འཁོར་ལོ་འབྱུང་། །དུས་འཁྲུག་མ་མོ་ཁྱོད་ཀྱི་འཕྲུལ། །མཚོན་ཀྱང་མ་མོ་ཁྱོད་ཀྱི་མཚོན། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །མཚོན་ཁ་ཆོད་ལ་དམག་ཁ་སྒྱུར། །བར་གཅོད་མི་མཐུན་ཕྱོགས་རྣམས་ཀུན། །སྡང་བའི་དགྲ་ཡི་སྟེང་དུ་བཟློག །བཟློག་བསྒྱུར་ཕྲིན་ལས་དུས་ལ་བབ། །སྲིད་གསུམ་བདག་མོ་མཐུ་སྟོབས་ཅན། །སོགས་དང་། ལྷུན་གྲུབ་ཆོས་དབྱིངས་མ། འདོད་ཁམས་དབང་ཕྱུག་མ་དང་ཆར་སྤྲིན་ལྟར་སྔོ་མ་བྱ། བྷྱོཿ མཐིང་ནག་མུན་པའི་མདོག་ཅན་སྲིན་མོའི་གཟུགས། །མི་ལྤགས་དར་ནག་གོས་གྱོན་བོང་བུ་བཅིབས། །རལ་གྲིས་དགྲ་སྲོག་གཅོད་ཅིང་ཐོད་ཁྲག་ནང་། ཁྲག་འཐུང་བདུད་མོ་རེ་མ་ཏཱི་ལ་བསྟོད། །དར་ནག་རེ་བའི་གོས་གྱོན་དྲེའུ་བཅིབས། །ཕུང་བྱེད་ཤོ་རྡེ་ནག་པོ་དགྲ་ལ་འགྱེད། །བྱང་དམར་སྟོང་གི་དཀྱུས་ལ་དགྲ་བགེགས་འཇུག །སྲོག་འཕྲོག་ནད་ཀྱི་(༡༠བ)


GLG025_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མོ་ཁྱོད་ལ་བསྟོད། །མི་བཟད་སྲོག་ལ་དབང་བྱེད་ཁྲོ་མོའི་གཟུགས། །གཡང་གཞི་སྟག་ལྤགས་གྱོན་ཞིང་ཤ་བ་བཅིབས། །དོན་སྙིང་ཁྲག་གིས་སྦགས་པ་ཞལ་དུ་གསོལ། །སྐྱི་མཐིང་ནག་མོ་ཁྱོད་ལ་བདག་བསྟོད་དོ། །སྐུ་མདོག་རབ་དཀར་རེས་འགའ་སྨུག་པོར་སྟོན། །དར་དཀར་གོས་གྱོན་སོ་བྱ་རོག་པོ་བཅིབས། །ཆུ་སྲིན་གདུག་པའི་པགས་པ་མཁའ་ལ་འཕྱར། །འཁྲི་སྨན་ས་ལེ་དཀར་མོ་ཁྱོད་ལ་བསྟོད། །དཔལ་ལྡན་བཀྲ་ཤིས་ཚེ་རིང་མཆེད་ལྔ་དང་། །བོད་ཁམས་སྐྱོང་བའི་བསྟན་མ་བཅུ་གཉིས་སོགས། །རྣལ་འབྱོར་བུ་བཞིན་སྐྱོང་པའི་མཐུ་རྩལ་ཅན། །འཁོར་ཚོགས་དམ་ཅན་རྒྱ་མཚོའི་ཚོགས་ལ་བསྟོད། །འཆི་མེད་མཆོག་སྩོལ་མ་བྱ། གླུད་གཏོང་བ་ནི། བཛྲ་ཨ་མྲི་ཏས་བསངས། །སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་མཛེས་ཤིང་ཡིད་དུ་འོང་པའི་ངར་གླུད། །ལུས་ངག་ཡིད་གསུམ་ཕུང་པོ་ཁམས་སྐྱེ་མཆེད། ཚེ་སྲོག་དབུགས་དབང་པོ་ལྔ་སོགས་ཚང་ཞིང་། དར་ཟབ་ཀྱི་གོས། རིན་པོ་ཆེའི་རྒྱན་གྱིས་སྤྲས་པ་འདོད་ཡོན་ལྔས་ཁྱད་པར་དུ་བྱས་པ་གྱུར། སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབས་ཏེ། རིན་ཆེན་འབྲུ་ཚོགས་ལས་གྲུབ་པའི། །མཛེས་ཤིང་ཡིད་འོང་ངར་གྱི་མི། །རྩ་བ་འབུ་ཡིས་མ་ཟོས་ཤིང་། །རྩེ་མོ་སད་ཀྱིས་མ་ཁྱེར་པ། །ཞོ་ཤའི་སྙིང་ལ་དུང་དཀར་རུས། །མུ་ཏིག་ཀླད་པ་ཟེར་མོའི་སྐྲ། །ཞོ་ཤའི་མཁལ་མ་མར་གྱི་མདོངས། །ལུང་ཐང་མིག་ལ་མགྲོན་བུའི་སོ། །རྐང་པ་གཡས་པ་ཐབས་ཆེན་ལྕགས། །གཡོན་པ་ཤེས་རབ་ཟངས་ལ་བྱས། །ལག་པ་གཡས་པ་རིན་ཅེན་གསེར། །གཡོན་པ་དེ་ནི་གཡུ་ལ་བྱས། །ལུས་ནི་རྒྱན་དང་གོས་ཀྱིས་མཛེས། །སྨྲ་མཁས་པ་དེ་ངག་རེ་འཇམ། །ཡིད་ནི་རྟོག་ཅིང་དཔྱོད་པ་བཀྲ །བླ་ཚེ་སྲོག་གསུམ་དབུགས་དང་ལྡན། །ཕུང་པོ་ལྔ་དང་དབང་པོ་ལྔ། (༡༡ན)


GLG025_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ཆེན་བཅོ་བརྒྱད་སྐྱེ་མཆེད་ནི། །བཅུ་གཉིས་པོ་ཡང་མ་ལུས་ཚང་། །སྦྱིན་བདག་རྐེ་ནས་རྒྱན་བཀྲོལ་ཏེ། །མགུལ་པར་བརྒྱན་པས་འཚེར་རོ་རེ། །སྦྱིན་བདག་ལུས་ནས་གོས་ཕུད་དེ། །ལུས་ལ་བཀོན་པས་ལྷུབས་སེ་ལྷུབ། །འགྲོ་མཁས་དེ་ནི་ཁྱུང་གི་འགྲོས། ཁྱུང་ཆེན་འགྲོས་སུ་ལྡེགས་སེ་ལྡེག །མི་ཟད་ནོར་གྱི་བང་མཛོད་ཚོགས། །རྣམ་ཐོས་བུ་ལ་འགྲན་བཟོད་འདི། །སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས། །འདོད་ཁམས་དབང་ཕྱུག་མ་ལ་འབུལ། །རེ་ཏཱི་ནད་བདག་གཉིས་ལ་འབུལ། །བྲན་གཡོག་ལྷ་མོ་མཆེད་བཞིར་འབུལ། །སྤྲུལ་པ་དུས་བཞིའི་ལྷ་མོར་འབུལ། །མཁའ་འགྲོ་ཚེ་རིང་མཆེད་ལྔ་འབུལ། །བསྟན་མ་བཅུ་གཉིས་ཚོགས་ལ་འབུལ། །འཁོར་ཚོགས་དམ་ཅན་རྒྱ་མཚོར་འབུལ། །མི་བས་གླུད་དགའ་གླུད་འདི་བཞེས། །རིན་ཅེན་མཛེས་པའི་གླུད་འདི་བཞེས། །རིགས་འཛིན་རྡོ་རྗེ་སློབ་དཔོན་གླུད། །སྔགས་འཆང་རྣལ་འབྱོར་བདག་གི་གླུད། །མཆེད་གྲོགས་རྡོ་རྗེ་སྤུན་གྱི་གླུད། །རྒྱུ་སྦྱར་སྦྱིན་པའི་བདག་པོའི་གླུད། །སྐྱེས་པ་ཕོ་རྣམས་ཀུན་གྱི་གླུད། །ཟ་མ་མོ་རྣམས་ཀུན་གྱི་གླུད། །ཡུལ་མཁར་ནོར་རྫས་ཀུན་གྱི་གླུད། །གླུད་འདི་བཞེས་ལ་མཚོན་ཁ་ཕྱེས། །ཤོ་དང་བྱང་དམར་དཀྱུས་ནས་ཕྱུངས། །ནད་རྐྱལ་ཁ་སྡོམས་མཚོན་དུ་ཆོད། །མནན་གཏད་བྱད་ཁ་དག་ལས་ཐོན། །བཅིངས་པ་ཁྲོལ་ལ་བསྡམས་པ་གློད། །གདོན་བགེགས་མི་མཐུན་ཕྱོགས་རྣམས་ལས། །ཐར་རོ་དམིགས་བྱ་འཁོར་བཅས་ཐར། །རྒྱལ་ལོ་དཀར་པོ་ལྷ་རྒྱལ་ལོ། །ཕམ་མོ་ནག་པོ་འདྲེ་ཕམ་མོ། །བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར། །བྷྱོཿ དཔལ་ལྡན་གཉན་གྱི་རེ་མ་ཏཱི། །ནམ་མཁའི་མཐོངས་ལ་བཞུགས་པའི་ཚེ། །ནམ་མཁའི་མཐོངས་ཀྱི་དཔལ་མོ་བཙན། །དེ་ཡང་བྱང་ཤར་རེ་མ་ཏཱི། །མདོས་གླུད་ཡས་ཀྱི་མཆོད་པ་(༡༡བ)


GLG025_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས། །བཅོལ་པའི་ཕྲིན་ལས་བསྒྲུབ་པར་མཛོད། །ཅེས་པ་ནས། དམ་ཚིག་མཐར་གནས་གཙོ་མོ་མཛད་པའི་ཚེ། །མོ་བཙན་ཆེན་མོ་རྡོ་རྗེ་གཡར་མོ་བསིལ། །རྣལ་འབྱོར་གྲོགས་བྱེད་གསང་སྔགས་ཆོས་འཁོར་སྐྱོང་། །དེ་ཡང་བྱང་ཤར་རེ་མ་ཏཱི། །མདོས་གླུད་ཡས་ཀྱི་མཆོད་པ་བཞེས། །བཅོལ་པའི་ཕྲིན་ལས་བསྒྲུབ་པར་མཛོད། །ཅེས་པའི་བར་འདོན་པ་ཅུང་ཟད་བསྒྱུར། །བྷྱོཿ དགྲ་ལྷ་སྲོག་ལྷ་ལ་སོགས་པའི། །ལྷ་ཡི་རིགས་གྱུར་ཐམས་ཅད་ཀྱིས། །མ་གཅིག་སྲིད་པའི་རྒྱལ་མོ་ལ། །མཆོད་ཅིང་བསྐོར་ཞིང་ཕྱག་བགྱིས་ཀྱང་། །ཇོ་མོ་དེ་ལ་སྤྱན་མི་གཟིགས། །ཕྱག་ལན་མ་སྟེར་ཁྲོ་ཚུལ་སྟོན། །གླུད་འདི་འདོད་ཁམས་གཙོ་མོ་བཞེས། །ལྷ་ཡི་འཁུ་ལྡོག་ཞི་བར་མཛོད། །ཀླུ་རྗེ་རྒྱལ་པོ་ལ་སོགས་པའི། །ཀླུ་ཡི་རིགས་གྱུར་ཐམས་ཅད་ཀྱིས། །མ་གཅིག་སྲིད་པའི་རྒྱལ་མོ་ལ། །མཆོད་ཅིང་བསྐོར་ཞིང་ཕྱག་བགྱིས་ཀྱང་། །ཇོ་མོ་དེ་ལ་སྤྱན་མི་གཟིགས། །ཕྱག་ལན་མི་སྟེར་ཁྲོ་ཚུལ་སྟོན། །གླུད་འདི་འདོད་ཁམས་གཙོ་མོ་བཞེས། །ཀླུ་ཡི་གནོད་པ་ཞི་བར་མཛོད། །རེ་ཏཱི་འགོང་ཡག་ལ་སོགས་པའི། །བདུད་ཀྱི་རིགས་གྱུར་ཐམས་ཅད་ཀྱིས། །མ་གཅིག་སྲིད་པའི་རྒྱལ་མོ་ལ། །མཆོད་ཅིང་བསྐོར་ཞིང་ཕྱག་བགྱིས་ཀྱང་། །ཇོ་མོ་དེ་ལ་སྤྱན་མི་གཟིགས། །ཕྱག་ལན་མི་སྟེར་ཁྲོ་ཚུལ་སྟོན། །གླུད་འདི་འདོད་ཁམས་གཙོ་མོ་བཞེས། །བདུད་ཀྱི་ཁྲམ་ཁ་དགྲ་ལ་སྒྱུར། །སྐྱེས་བུ་ལུང་བཙན་ལ་སོགས་པའི། །བཙན་གྱི་རིགས་གྱུར་ཐམས་ཅད་ཀྱིས། །མ་གཅིག་སྲིད་པའི་རྒྱལ་མོ་ལ། །མཆོད་ཅིང་བསྐོར་ཞིང་ཕྱག་བགྱིས་ཀྱང་། །ཇོ་མོ་དེ་ལ་སྤྱན་མི་གཟིགས། །ཕྱག་ལན་མི་སྟེར་ཁྲོ་ཚུལ་སྟོན། །གླུད་འདི་འདོད་ཁམས་གཙོ་མོ་བཞེས། །བཙན་གྱི་གཟེར་ནད་ཞི་བར་མཛོད། །མ་བདུད་རྒྱལ་མོ་ལ་སོགས་པའི། །མ་མོའི་རིགས་གྱུར་ཐམས་ཅད་ཀྱིས། །མ་གཅིག་སྲིད་པའི་རྒྱལ་མོ་ལ། །མཆོད་ཅིང་བསྐོར་ཞིང་ཕྱག་བགྱིས་ཀྱང་། །ཇོ་མོ་དེ་ལ་སྤྱན་མི་གཟིགས། །ཕྱག་ལན་མི་སྟེར་ཁྲོ་ཚུལ་སྟོན། །གླུད་འདི་འདོད་ཁམས་གཙོ་མོ་བཞེས། །མ་མོའི་དལ་ཡམས་དགྲ་ལ་སྒྱུར། །དཀོན་རྗེ་དཀོར་བདག་ལ་སོགས་པའི། །རྒྱལ་པོའི་རིགས་གྱུར་ཐམས་ཅད་ཀྱིས། །མ་གཅིག་སྲིད་པའི་རྒྱལ་མོ་ལ། །མཆོད་ཅིང་བསྐོར་ཞིང་ཕྱག་བགྱིས་ཀྱང་། །ཇོ་མོ་དེ་ལ་སྤྱན་མི་གཟིགས། །ཕྱག་ལན་མི་སྟེར་ཁྲོ་ཚུལ་སྟོན། །གླུད་འདི་འདོད་ཁམས་གཙོ་མོ་བཞེས། །རྒྱལ་པོའི་སྨྱོ་འབོག་དགྲ་ལ་(༡༢ན)


GLG025_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུར། །དེ་ནས་ལམ་བསྟན། གསེར་སྐྱེམས་བཏང་། སྒོ་དབྱེ་ནི། རིགས་འཛིན་སྔགས་འཆང་བདག་ཅག་རྣམས། །ཏིང་འཛིན་སོགས་དང་ཕྱག་རྒྱ་ཡིས། །དེང་འདིར་དར་གླུད་ཁ་བསྒྱུར་ཞིང་། །ཟོར་ཁ་གཉན་པོ་བསྐྱོད་བྱེད་ན། །སྒོ་བ་རྣམས་ཀྱིས་སྒོ་ཕྱེ་ཞིག །འཕྲང་བ་རྣམས་ཀྱིས་འཕྲང་སོལ་ཅིག །སྣང་སྲིད་ལྷ་སྲིན་གདུག་པ་ཀུན། །དམག་དཔུང་ཚོགས་ཀྱི་མཐུ་སྟོབས་བསྐྱེད། །ཟོར་སྣ་གཉན་པོའི་ངར་ཐོན་ལ། །ཟོར་སྣ་སྡང་བའི་དགྲ་ལ་དྲོངས། །ཟོར་སྣ་གནོད་པའི་བགེགས་ལ་དྲོངས། །མི་མཐུན་ཕྱོགས་རྣམས་དགྲ་སྟེང་བྷྱོ། །ཟོར་བསྐུལ་ནི། བྷྱོཿ ཕྱོགས་ཕྱོགས་དེ་ནི་ཕ་གི་ན། །ཉི་མ་ཤར་ཕྱོགས་ཕ་གི་ན། །ཡུགས་སའི་བུ་མོ་སྒེག་མོ་ཞིག །ང་འགྲོ་ང་རིངས་ཟེར་ཞིང་འདུག །མདོས་བདག་མོ་ནི་ཡིན་པར་ངེས། །མདོས་དང་གླུད་འདི་སྐྱོལ་ལ་ཤོག །ཕྱོགས་ཕྱོགས་དེ་ནི་ཕ་གི་ན། །ཉི་མ་ཤར་ལྷོ་ཕ་གི་ན། །བུད་མེད་སྨྱོན་མ་ཟོར་ཐོགས་ཤིག །ང་འགྲོ་ང་རིངས་ཟེར་ཞིང་འདུག །མདོས་བདག་མོ་ནི་ཡིན་པར་ངེས། །མདོས་དང་གླུད་འདི་སྐྱོལ་ལ་ཤོག །ཕྱོགས་ཕྱོགས་དེ་ནི་ཕ་གི་ན། །ཉི་མ་ལྷོ་ཕྱོགས་ཕ་གི་ན། །བུད་མེད་སྨྱོན་མ་ཟོར་ཐོགས་ཤིག །ང་འགྲོ་ང་རིངས་ཟེར་ཞིང་འདུག །མདོས་བདག་མོ་ནི་ཡིན་པར་ངེས། །མདོས་དང་གླུད་འདི་སྐྱོལ་ལ་ཤོག །ཕྱོགས་ཕྱོགས་དེ་ནི་ཕ་གི་ན། །ཉི་མ་ལྷོ་ནུབ་ཕ་གི་ན། །བུད་མེད་རྒན་མོ་མཁར་ཐོགས་ཤིག །ང་འགྲོ་ང་རིངས་ཟེར་ཞིང་འདུག །མདོས་བདག་མོ་ནི་ཡིན་པར་ངེས། །མདོས་དང་གླུད་འདི་སྐྱོལ་ལ་ཤོག །ཕྱོགས་ཕྱོགས་དེ་ནི་ཕ་གི་ན། །ཉི་མ་ནུབ་ཕྱོགས་ཕ་གི་ན། །མགར་བའི་བུ་མོ་གྲི་ཐོགས་ཤིག །ང་འགྲོ་ང་རིངས་ཟེར་ཞིང་འདུག །མདོས་བདག་མོ་ནི་ཡིན་པར་ངེས། །མདོས་དང་གླུད་འདི་སྐྱོལ་ལ་ཤོག །ཕྱོགས་ཕྱོགས་དེ་ནི་ཕ་གི་ན། །ཉི་མ་ནུབ་བྱང་ཕ་གི་ན། །བཤན་པའི་བུ་མོ་ལག་དམར་ཞིག །ང་འགྲོ་ང་རིངས་ཟེར་ཞིང་འདུག །མདོས་བདག་མོ་ནི་ཡིན་པར་ངེས། །མདོས་དང་གླུད་འདི་སྐྱོལ་ལ་ཤོག །ཕྱོགས་ཕྱོགས་དེ་ནི་ཕ་གི་ན། །ཉི་མ་བྱང་ཕྱོགས་ཕ་གི་ན། །མགོན་མེད་སྐྱབས་མེད་དྭ་ཕྲུག་ཅིག །ང་འགྲོ་ང་རིངས་ཟེར་ཞིང་འདུག །མདོས་བདག་མོ་ནི་ཡིན་པར་ངེས། །མདོས་དང་གླུད་འདི་སྐྱོལ་ལ་ཤོག །ཕྱོགས་ཕྱོགས་དེ་ནི་ཕ་གི་ན། །ཉི་མ་བྱང་ཤར་ཕ་གི་ན། །བནྡེའི་བུ་མོ་འཕྱོན་མ་ཞིག །ང་འགྲོ་ང་རིངས་ཟེར་ཞིང་འདུག །མདོས་བདག་མོ་ནི་ཡིན་པར་ངེས། །མདོས་(༡༢བ)


GLG025_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

དང་གླུད་འདི་སྐྱོལ་ལ་ཤོག །བྷྱོཿ དམག་ཟོར་ལྷ་མོ་འཁོར་དང་བཅས་རྣམས་ཀྱིས། །སྡང་བའི་དགྲ་དང་གནོད་པའི་བགེགས་སྟེང་དུ། །མདའ་ཟོར་ཆུ་འཁྱུགས་སར་ལྟར་ཤར་ར་ར། །སྒོང་ཟོར་རི་རབ་ཟོར་ཆེན་རིལ་ལི་ལི། ཁྲག་ཟོར་ནད་ཀྱི་རྦ་རླབས་ཆིལ་ལི་ལི། །ཀོང་ཟོར་རྡོ་རྗེའི་ཐོག་ལྟར་རྦད་དེ་རྦད། །བྱད་ཁ་ཕུར་ཁ་ནད་གདོན་འཁྲུག་ལོངས་སོགས། །ཐམས་ཅད་སྡང་པའི་དགྲ་དང་གནོད་པའི་བགེགས། །སྟེང་དུ་བཟློག་ཅིང་བསྒྱུར་པའི་ཕྲིན་ལས་མཛོད། །ཅེས་ཟོར་འཕང་། གསུམ་པ་ནི། ཆོས་དབྱིངས་དབང་ཕྱུག་མ་སོགས་དཀྱུས་ལྟར་བྱས་ནས་ཡས་གཏོར་ཐུན་རྫས་རྣམས་ཐོག་ཏུ་ཕུལ། ཆད་མཐོ་བསྟན་སྐྱོང་སྤྱི་ལྟར་བྱ། གཏང་རག་མཆོད་པ། རྟེན་ཡོད་ན་བརྟན་བཞུགས། མེད་ན་གཤེགས་པ་སོགས་ཕྱག་ལེན་ལྟར་དང་། སྨོན་ལམ་ཤིས་བརྗོད་དགའ་སྟོན་གྱི་དཔལ་ལ་རོལ་ལོ། །སྨྲས་པ། དཔག་བསམ་ཡོངས་འདུའི་ལྗོན་པ་དེས། འདོད་པའི་རེ་འདོད་སྐོང་བ་ལྟར། །སྲིད་གསུམ་ལྷ་མོ་འདི་བསྟེན་པས། །འདོད་པའི་དོན་ཀུན་ངང་གིས་འགྲུབ། །དེ་ཕྱིར་འདི་ཉིད་དགྱེས་བསྐྱེད་པའི། །མདོས་ཀྱི་རིམ་པའི་འཕྲིན་ལས་རྣམས། །གྱེར་སྒོམ་རྡོ་རྗེའི་སྒྲ་དབྱངས་སུ། །ལྷག་བསམ་དག་པས་ཡི་གེར་བཀོད། །རིགས་རུས་དུ་མར་སྔ་འགྱུར་གྱི། །ཆོས་ཚུལ་འདི་ལ་གོམས་པའི་མཐུས། །སྦྱོར་དངོས་རྗེས་ཚད་རྣམ་དཔྱོད་ཀྱིས། །རིག་སྔགས་འཆང་བའི་དགའ་སྟོན་བསྒྲུབས། །དགེ་དེས་བདུད་སྡེའི་དཔུང་རྣམས་ཀུན། །རྣམ་པར་བཅོམས་པའི་རྒྱལ་ཐབས་ཀྱི། །དོན་གཉིས་བདེ་ཆེན་ཕོ་བྲང་དུ། །དགའ་བདེར་འཇུག་པའི་དཔལ་ཐོབ་ཤོག །ཅེས་ཕན་བདེ་ལེགས་བཤད་གླིང་གི་སློབ་དཔོན་ཆོས་རྗེ་ངག་དབང་བློ་བཟང་པས་ཉེ་བར་བསྐུལ་བས་མཚམས་སྦྱར་བ་དང་། འདི་སྐོར་གྱི་ལག་ལེན་གྲ་གཙང་དུ་གསར་དུ་བཙུགས་སྐབས་སྔོན་གྱི་རྩ་བའི་ཡིག་རྙིང་རྣམས་དང་བརྒྱུད་ལྡན་གོང་མའི་ཡིག་ཆ་རྣམས་ལ་གཞི་(༡༣ན)


GLG025_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

བྱས། མངའ་བདག་ཉང་གི་གཏེར་བྱོན་མགོན་པོ་གཡུལ་བཟློག་ནས་ཀྱང་ཁ་བསྐང་། ཚིག་རྐང་གོ་རིམ་སོགས་ལེགས་པར་བཅོས་ཏེ་བསྐང་མདོས་ཀྱི་དབང་དུ་བགྱིས་པའི་འདོད་ཁམས་དབང་ཕྱུག་རེ་མ་ཏཱི་དགྱེས་པ་སྐྱེད་པར་བྱེད་པའི་མདོས་ཀྱི་ཕྲིན་ལས་གྱེར་སྒོམ་རྡོ་རྗེའི་སྒྲ་དབྱངས་ཞེས་པ་འདིའང་རྩོད་དུས་ཀྱི་རྒྱལ་བ་རྡོ་རྗེ་འཆང་ཆེན་པོ་འཁོན་སྟོན་ཆོས་ཀྱི་རྒྱལ་པོ་སོགས་རྡོ་རྗེ་འཛིན་པ་དུ་མའི་བཀའ་དྲིན་གྱིས་གསང་ཆེན་རྙིང་མའི་ཕྱོགས་ལ་བློ་གྲོས་ཀྱི་འཇུག་པ་དང་ལྡན་ཞིང་། མ་གཤིན་ཕུར་གསུམ་གྱི་སྔགས་འཆང་རིམ་པར་བྱོན་པ་ཟ་ཧོར་གྱི་རིགས་ལས་བྱུང་བའི་རིགས་འཛིན་གྱི་བཙུན་པ་བླ་མེད་རྡོ་རྗེ་རྩལ་ལམ་དྲག་པོ་རྩལ་དུ་འབོད་པས་མེ་ཕག་ས་ག་ཟླ་བའི་མཁའ་འགྲོ་འདུ་བའི་ཚེས་ལ་སྦྱར་བའི་ཡི་གེ་པ་ནི་སྔགས་འཆང་ངག་དབང་དགེ་ལེགས་སོ། །སརྦ་མངྒ་ལཾ། །


previousའདོད་ཁམས་དབང་ཕྱུག་རེ་མ་ཏཱི་དགྱེས་པ་བསྐྱེད་པར་བྱེད་པའི་མདོས་ཀྱི་ཕྲིན་ལས་གྱེར་སྒོམ་རྡོ་རྗེའི་སྒྲ་དབྱངས།next