Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏེར་སྲུང་དཔལ་མགོན་སྟག་ཞོན་གྱི་གསོལ་མཆོད་བཀླགས་ཆོག་ཁྱེར་བདེ།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏེར་སྲུང་དཔལ་མགོན་སྟག་ཞོན་གྱི་གསོལ་མཆོད་བཀླགས་ཆོག་ཁྱེར་བདེ།next

གཏེར་སྲུང་དཔལ་མགོན་སྟག་ཞོན་གྱི་གསོལ་མཆོད་བཀླགས་ཆོག་ཁྱེར་བདེ།


GLG025_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་སྲུང་དཔལ་མགོན་སྟག་ཞོན་གྱི་གསོལ་མཆོད་བཀླགས་ཆོག་ཁྱེར་བདེ་བཞུགས་སོ། །


GLG025_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཕྱག་རྒྱ་ཟིལ་གནོན་ལ། །སྒོ་གསུམ་གུས་པས་རབ་བཏུད་ནས། །གཏེར་སྲུང་དཔལ་མགོན་སྟག་ཞོན་གྱི། །གསོལ་མཆོད་བཀླགས་ཆོག་འཁྱེར་བདེར་བཀོད། །མཆོད་གཏེར་སྤྱན་གཟིགས་རྣམས་ཕྱག་ལེན་ལྟར་འདུ་བྱས་ལ། ཧཱུཾ། རབ་འཇིགས་དུར་ཁྲོད་ཆེན་པོ་ལྕང་ལོ་ཅན། །རི་བོ་མ་ལ་ཡ་ཡི་གནས་མཆོག་ནས། །གནམ་ལྕགས་ཨུར་མོ་རབ་ཏུ་ཏ་ལ་ལ། །རཀྟའི་རྒྱ་མཚོ་རྦ་ཀློང་མེར་རེ་རེ། །ཞིང་ཆེན་རྐང་རུས་ལྷུ་དུམ་ཁྲོལ་ལོ་ལོ། །འདབ་ཆགས་ཤ་ཟ་མང་པོ་ལྡིང་ཞིང་འདུར། །གསུར་ཆེན་དུད་པའི་ཚོགས་ནི་འཁྱིལ་ཞིང་འཚུབ། །དེ་འདྲའི་དུར་ཁྲོད་རབ་ཏུ་འཇིགས་པ་ནས། །གྱིང་ཆེན་མགོན་པོ་ཡབ་ཡུམ་སྐུ་བསྐྱོད་ལ། །གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་འདིར། །གྱིང་བདུད་མ་མོ་འཁོར་དང་བཅས་པ་རྣམས། །དམ་ཚིག་དབང་གིས་སྤྱན་འདྲེན་གཤེགས་སུ་གསོལ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་མ་ཏི་ཡཾ་ཛཿཛཿ ཏྲག་ར་རཀྴ་ཧེ་ལ་ཛཿཛཿ དུན་རུ་ཏྲ་རུ་ཐུཾ་བྷ་ཏི་ཛཿ ཤུ་ལ་ར་ཙ་ཏྲི་ཤི་ཛ་ཡ་ཛ་བཛྲ་ཏྲི་རྣ་ས་དྷུ་ཁ་ཐུཾ་ཏྲི་ས་མ་ཡ་ཛཿཛཿ ས་པ་རི་ཝཱ་ར་ཨཱ་གཙྪ་ཡ་ཨཱ་གཙྪ་ཡ། པྲ་པེ་ཤཱ་ཡ། པྲ་པེ་ཤཱ་ཡ། ཏིཥྛ་ཏིཥྛ། བནྡྷཱ་ཨ་བནྡྷཱ་ཨ། ཨ་ཝ་ལོ་ཀཱ་ཡ་ཨ་ཝ་ལོ་ཀཱ་ཡ། ཨཱ་ཀཱ་ཪྵཱ་ཡ་ཧཱུཾ་ཛཿ རྡོ་རྗེ་བདེན་པའི་སྤྱན་སྔ་རུ། ཁས་བླངས་དམ་བཅས་མ་བསྙེལ་བར། །གྲུ་གསུམ་མཐིང་ནག་དཀྱིལ་འཁོར་འདིར། །བཞུགས་ལ་བཅོལ་པའི་འཕྲིན་(༢ན)


GLG025_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མཛོད། མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཏིཥྛ་བཛྲ་ས་མ་ཡ་སྟྭཾ། ཧཱུཾ། བསྟན་པ་བསྲུང་བར་ཞལ་བཞེས་པའི། །ནག་པོ་ལྕམ་དྲལ་འཁོར་བཅས་ལ། །ཛ་གད་བདུད་རྩི་རཀྟ་དང་། དབང་པོའི་མེ་ཏོག་གསུར་ཆེན་སྤོས། །ཞུན་ཆེན་སྒྲོན་མེའི་སྣང་གསལ་དང་། །དམར་ཆེན་མཁྲིས་པའི་དྲིའི་བྱུག་པ། །དམར་ནག་བཤོས་བུ་འབར་བའི་ཟས། །རོལ་མོའི་སྒྲ་དབྱངས་མཆོད་པར་འབུལ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟ་པྲ་ཏཱི་ཙྪ་ཡེ་སྭཱ་ཧཱའི་བར་བརྗོད། ཧཱུཾ། ལྕང་ལོར་བཅས་པའི་དུང་ཆེན་བནྡྷ་རུ། །བྱང་ཆུབ་སེམས་དང་མཾ་ས་རཀྟ་དང་། །དྲི་ཆེན་ཀུ་ཀུ་ཆུ་སྟེ་བདུད་རྩི་ལྔ། །གཉིས་མེད་སྦྱར་བའི་དམ་རྫས་ཨ་མྲི་ཏ། །ནག་པོ་སྟག་ཞོན་འཁོར་དང་བཅས་ལ་འབུལ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ་ས་པ་རི་ཝཱ་ར་མ་ཧཱ་པཉྩ་ཨ་མྲི་ཏ་ཁ་རཾ་ཁཱ་ཧི། ཧཱུཾ བདུད་འདུལ་དབང་ཕྱུག་ནག་པོ་འཇིགས་བྱེད་ཆེ། །མ་ཧ་ཀཱ་ལ་རྡོ་རྗེ་འཇིགས་པའི་ཚོགས། ཁམས་གསུམ་སྒྲོལ་གྱིང་ཆེན་པོའི་དངོས་གྲུབ་ནི། །སྒྲུབ་མཆོག་རྣལ་འབྱོར་བདག་ལ་དུས་འདིར་སྩོལ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ་ས་པ་རི་ཝཱ་ར་ཀཱ་ཡ་སིདྡྷི་ཨཱོཾ། ཝཱ་ཀ་སིདྡྷི་ཨཱཿ། ཙིཏྟ་སིདྡྷི་ཧཱུཾ། ཧཱུཾ། རླུང་ནག་འཚུབ་མའི་ཀློང་དཀྱིལ་ནས། །མོན་པ་ནག་པོ་བརྡ་མི་འཕྲོད། །མགྱོགས་བྱེད་དཔའ་བོ་སྟག་ལ་ཞོན། །བདུད་བཙན་སྲིན་པོ་མ་མོ་གྱིང་། །ཀླུ་ཡི་ཚོགས་དང་བཅས་པ་ཡི། །(༢བ)


GLG025_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་ཆེན་པོ་འཁོར་བཅས་ལ། །དམ་རྫས་རཀྟ་དམར་ཆེན་འབུལ། །བདག་གི་དགྲ་བགེགས་མྱུར་དུ་སྒྲོལ། །ཨཱོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ་པ་ས་པ་རི་ཝཱ་ར་མ་ཧཱ་མཾ་ས། མ་ཧཱ་ཙིཏྟ། མ་ཧཱ་ཀེཾ་ནྲྀ་ཏིག་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ་ས་པ་རི་ཝཱ་ར་ས་མ་ཡ་སྨ་ར། ས་མ་ཡ་མ་ཏི་ཀྲ་མ། ས་མ་ཡ་རཀྵ་ནཱུ། ཀྱེ། སྟག་ལ་ཞོན་པའི་ནག་པོ་ཆེ། །འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས། །ཞི་རྒྱས་དབང་དྲག་ལས་རྣམས་ཀུན། །བཅོལ་བ་ཇི་བཞིན་སྒྲུབ་པར་མཛོད། །ཧཱུཾ། གཏོར་ཚོགས་མི་དམིགས་སྟོང་པའི་ངང་། །ཨེ་ལས་གནམ་ལྕགས་འབྲུབ་ཁུང་ནང་། །ནྲི་དང་ཏྲི་ལས་དགྲ་བགེགས་ཀྱི། །གཟུགས་བརྙན་ཉམ་ཐག་རྣམ་པར་གྱུར། །ནྲི་ཛཿ ཏི་ཛཿབཛྲ་ཨཾ་ཀུ་ཤ་ཛཿ བཛྲ་པཱ་ཤ་ཧཱུཾ། བཛྲ་སྥོ་ཊ་བཾ། བཛྲ་གྷཎྚེ་ཧོ། བཛྲ་པྲ་བེ་ཤཱ་ཡ་ཕཊ། ཨ་བེ་ཤཱ་ཡ་ཨ། རང་དང་མགོན་པོའི་ཐུགས་ཀ་ནས། །འཕྲོས་པའི་འོད་ཟེར་ལྕགས་ཀྱུ་ཡིས། །གནོད་བྱེད་དམ་ཉམས་དགྲ་བགེགས་ཚོགས། །སྐད་ཅིག་ཙམ་ལ་འདིར་ཁུག་ཅིག །གྲི་གུག་འབར་བས་ཁོག་པར་ཤོགས། །ཚེ་སྲོག་དྲོད་དང་རྣམ་ཤེས་གོ །སྲུང་བ་འབྲུ་གསུམ་རྣམ་པར་ཐོན། །རང་གི་གནས་གསུམདག་ལ་ཐིམ། །ཨོཾ་ཨཱཿཧཱུཾ། ཕོ་ཉའི་ཚོགས་ཀྱི་མཚོན་ཆ་ཡིས། །ཤ་ཁྲག་རུས་པ་དུམ་བུར་གཏུབས། །འབྲུ་གསུམ་གྱིས་མཚན་འོད་ཟེར་གྱིས། །དུག་གསུམ་སྦྱངས་ནས་བདུད་རྩིར་བསྒྱུར། །ཧཱུཾ། ད་ནི་ཁྲོ་བོའི་རྒྱལ་པོ་སྟེ། །ལག་ན་རྡོ་རྗེ་རྡོ་རྗེ་འཆང་། །རྡོ་རྗེའི་ལུས་ལས་རྡོ་རྗེ་འཕྲོས། །ཐམས་ཅད་མ་ལུས་ཟིལ་གྱིས་མནོན། །དེ་ཡི་བཀའ་ཉན་མཐུ་བོ་ཆེ། །ཆོས་སྐྱོང་མགོན་པོ་བསྟན་སྲུང་མགོན། །མ་ཧཱ་ཀཱ་ལ་མཐུ་རྩལ་ཅན། །ཟས་སུ་དགྲ་བོའི་ཤ་ཟ་ཞིང་། །སྐོམ་དུ་དགྲ་བོའི་སྙིང་ཁྲག་འཐུང་། ཁྱོད་ནི་ཤ་ཟ་ཁྲག་འཐུང་སྟེ། །བསྟན་པ་གཉན་པོ་བསྲུང་སླད་དུ། །རྨད་དུ་བྱུང་བའི་གཏོང་མ་དང་། །དགྲ་བོའི་ཤ་ཁྲག་མཆོད་པར་བཞེས། །བཅོལ་(༣ན)


GLG025_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འཕྲིན་ལས་མྱུར་དུ་སྒྲུབས། །དམ་ཉམས་དགྲ་འདི་ད་ལྟ་སྒྲོལ། །དུས་ལ་བབ་བོ་ས་མ་ཡ། །ཨོཾ་ཤྲཱི་སོགས། མགོན་པོ་ཡབ་ཡུམ་མོན་པ་དང་བཅས་པའི་སྔགས་སྦྲེལ་པའི་རྗེས་སུ་ས་པ་རི་ཝཱ་ར་སརྦ་བིགྷྣ་ན་ཤ་ཏྲུཾ་མཱ་ར་ཡ་ཨི་དམ་པ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་དབུལ། ཧཱུཾ། སྲིན་པོའི་གཟུགས་ཅན་མཐིང་ནག་འཇིགས་པའི་སྐུ། །རིན་ཅེན་རྒྱན་དང་མི་མགོའི་དོ་ཤལ་འཕྱང་། །འཇོལ་བེར་གསོལ་ཞིང་གསེར་སྒ་རྐེད་ལ་བཅིངས། སག་ཏིའི་ལྷམ་གསོལ་གར་དགུའི་ཉམས་ཀྱིས་བརྗིད། །ཕྱག་གཡས་བདེ་ཆེན་ལྷ་བདུད་དམག་དཔུང་འགྱེད། །གཡོན་པ་སྙིང་ཁྲག་ཁྲོལ་བའི་ལྕགས་པར་འཛིན། །གཟའ་བདུད་སྟག་ཆེམ་སྨྱོན་པར་སྤྲུལ་བ་ལ། །ཞོན་ནས་སྟོང་གསུམ་སྐད་ཅིག་ཙམ་གྱིས་བསྐོར། །སླད་ཀྱི་རྗེས་འབྲང་སྲོག་བདག་རྒྱལ་པོ་ཆེ། །སེང་གེ་རྔམ་པར་བརྫུས་ནས་ཕྱི་བཞིན་རྒྱུག །ཡེ་ཤེས་མེ་དཔུང་དམར་ནག་དབུས་བཞུགས་པའི། །དཔལ་ལྡན་མ་ཧཱ་ཀཱ་ལ་ཁྱོད་ལ་བསྟོད། །འདོད་ཁམས་བདག་མོ་ཁྲམ་ཤིང་ཐོད་ཁྲག་དང་། །ནད་རྐྱལ་འཛིན་ཞིང་ལྕགས་ཀྱི་དྲེལ་རྟ་ཞོན། །ཐོད་སྦྲུལ་རུས་རྒྱན་མི་ལྤགས་རེ་ལྡེའི་གོས། །དུག་སྦྲུལ་སྐ་རགས་སྤྱི་བོར་རྨ་བྱའི་མདོངས། །ལུས་ལ་ཁྲག་དང་ཞག་གི་ཐིག་ལེས་བརྒྱན། །སྒ་ཡི་སྔ་ཕྱིར་ནད་རྐྱལ་མཚོན་དྲུ་འཕྱང་། །སྣང་སྲིད་མ་མོ་བྱེ་བའི་འཁོར་གྱི་དབུས། །རབ་བཞུགས་མཁའ་འགྲོའི་གཙོ་མོ་ཁྱོད་ལ་བསྟོད། །གཡས་པ་རྩེ་གསུམ་མི་རོས་བརྒྱན་པ་འཛིན། །གཡོན་པ་རུ་མཚོན་འཕྱར་བས་དམག་སྣ་འདྲེན། །དར་ནག་བེར་གྱོན་འཇིགས་རུང་སྐུའི་སྤྲུལ་པ། ཁྲམ་ཐོགས་བདུད་ཀྱི་མོན་པ་ནག་པོར་བསྟོད། །གཡས་པ་མ་ཧེའི་རྭ་དུང་ཆེར་བུས་བས། །ལྷ་འདྲེའི་དམག་སྡུད་གཡོན་པ་ཞགས་པ་ཡིས། །དགྲ་བོའི་(༣བ)


GLG025_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

སྐེ་འཆིང་བསེ་ཁྲབ་དམར་པོ་གྱོན། །གསུང་སྤྲུལ་སྲོག་གཅོད་བཙན་གྱི་མོན་པར་བསྟོད། །གཡས་པ་ལྕགས་ཀྱི་སྤུ་གྲིས་དགྲ་བགེགས་ཀྱི། ཁོག་པ་གཤོག་ཅིང་གཡོན་པ་སྙིང་དམར་པོ། །གཙོ་བོའི་ཞལ་སྟོབ་མི་ལྤགས་རློན་པ་གྱོན། །སྔོ་ནག་བླ་འགུགས་གྱིང་གི་མོན་པར་བསྟོད། །ཛ་ལ་ནག་པོ་ཕྱག་གཡས་ཐོད་ཁྲག་དང་། །གཡོན་པ་རིན་ཅེན་གཏེར་གྱི་ནེའུ་ལེ་འཛིན། །བར་སྦྲུལ་རྒྱན་ལྡན་རིགས་ངན་ཆ་ལུགས་ཅན། །ཞབས་གཉིས་ནོར་བདག་སེར་པོ་མནན་ལ་བསྟོད། །ཤ་ཟ་ཁྲག་འཐུང་སྙིང་འབྱིན་བླ་འགུགས་དང་། །གཟེར་འདེབས་ཚེ་འཕྲོག་སྲོག་གཅོད་མོན་པ་བདུན། །གྲི་ཐོད་འཛིན་ཅིང་བདུད་དམག་འབུམ་གྱིས་བསྐོར། །སྲོག་གཅོད་ལས་ལ་རྔམ་པ་ཁྱོད་ལ་བསྟོད། །མོན་མོ་ནག་མོ་བདུད་ཀྱང་རང་འདྲའི་འཁོར། །སྟོང་ཁམས་ཁེངས་ཤིང་བྷྱོ་དང་ཛ་སྒྲ་སྒྲོག །ཁྲག་ཐུན་ཟོར་གྱི་དཔུང་ཚོགས་ཆར་ལྟར་འབེབས། །མི་བསྲུན་ནད་བདག་མ་མོའི་ཚོགས་ལ་བསྟོད། །མདོག་ནག་རལ་བ་མུན་གཏིབས་པགས་རློན་གྱོན། ཁྲམ་ཤིང་ཞགས་པ་འཛིན་ཅིང་རྟ་ནག་ཞོན། །སྔ་ཤར་བདུད་ཁྲམ་ཕྱི་ཤར་མི་རོ་བཀལ། །བདུད་མགོན་རི་ནག་སྤུངས་པ་ཁྱོད་ལ་བསྟོད། །སྐུ་ལ་དར་དཀར་རལ་བ་ལྷབ་ལྷུབ་གྱོན། །རྒྱལ་ཞུས་དབུ་མཛེས་འཁོར་ལོ་ཤཀྟི་ཐོགས། །རྟ་དཀར་བྲུམ་དམར་ཞོན་ནས་སྟོང་གསུམ་མྱུལ། །ལྷ་མགོན་རྒྱལ་པོ་འོད་ལྷ་དཀར་པོར་བསྟོད། །འཇིགས་པའི་གཟུགས་ཅན་ཁྲག་རལ་ཐུར་དུ་གཏིབས། །གཡས་པ་རྩེ་གསུམ་གཡོན་པ་ཐོད་ཁྲག་འཛིན། །བསྐལ་པའི་མེ་རླུང་འཁྲུག་པའི་ཀློང་ན་བཞུགས། །གྱིང་མགོན་ལྕགས་ཞ་ནག་པོ་ཁྱོད་ལ་བསྟོད། །དར་དམར་བེར་དང་ཐོད་བཅིངས་བསེ་ཁྲབ་གྱོན། །མདུང་དམར་ཁྲག་གི་བ་དན་བཙན་ཞགས་ཐོགས། །རྟ་དམར་རླུང་གི་ཤུགས་ཅན་སྟེང་ན་ཞོན། །བཙན་མགོན་ཤུ་བོ་ལག་རིང་ཁྱོད་ལ་བསྟོད། །ཟ་འོག་བེར་དང་དར་ཐོད་མཛེས་པར་བཅིངས། །(༤ན)


GLG025_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་རྩེ་གསུམ་སྟེང་དུ་བྱ་ཁྲ་ལྡིང་། །ར་སྙིང་དམར་པོ་ཐོགས་ནས་སྤྱང་ཀི་ཞོན། །གྱིང་མགོན་རྡོ་རྗེ་ལེགས་པ་ཁྱོད་ལ་བསྟོད། །གདུག་པའི་ཁ་རླངས་སྤྲིན་འཐིབས་སྦྲུལ་ནག་གིས། །གདེངས་ཀ་གཡོ་ཞིང་བྲང་འགྲོའི་མཇུག་མ་ཅན། །སྦྲུལ་གྱི་ཞགས་པ་སྦལ་པའི་རྒྱལ་མཚན་འཛིན། །ཀླུ་མགོན་ནག་པོ་ཁྱོད་ལ་བདག་བསྟོད་དོ། ཁྲག་གི་རལ་པ་འཕྱང་ཞིང་མི་ལྤགས་དང་། །རེ་ལྡེའི་གོས་གྱོན་རྩེ་གསུམ་བ་དན་འཛིན། །མཐིང་ནག་གུར་ཁྱིམ་དུག་མཚོའི་ཀློང་ན་བཞུགས། །མ་མགོན་རྡོ་རྗེའི་སྡེར་ཅན་ཁྱོད་ལ་བསྟོད། །ལུས་ཀུན་མིག་གང་མགོ་དགུ་སྦྲུལ་མཇུག་ཅན། །ཆུ་སྲིན་རྒྱལ་མཚན་རྭ་ཡི་མདའ་གཞུ་ཐོགས། །སྤྲིན་དང་རླུང་ནག་འཚུབ་མའི་ཁྲོད་ན་གནས། །གཟའ་མགོན་ཁྱབ་འཇུག་ཆེན་པོ་ཁྱེད་ལ་བསྟོད། །གཞན་ཡང་ཙན་བེང་ལས་སྤྲུལ་ལྷ་བདུད་དམག །མཁའ་དབྱིངས་འཛིན་མའི་ཁྱོད་ཀུན་རྣམ་པར་གང་། །གཡས་ཀྱི་རུ་འདྲེན་ལྷ་དམག་ཉི་ཁྲི་དང་། །ཆིག་སྟོང་གོ་སྲ་མཚོན་རྣོ་རྟ་མཆོག་ཞོན། །གཡོན་གྱི་རུ་འདྲེན་མ་མོ་བྱེ་བའི་ཚོགས། ཁྲམ་ཤིང་ནད་རྐྱལ་ཐོགས་ནས་དྲེལ་རྟ་ཞོན། །སྔོན་གྱི་སྣ་འདྲེན་ལྷོ་ཕྱོགས་གཤིན་རྗེ་བརྒྱད། །སྟག་གཟིག་དོམ་དྲེད་འཕར་སྤྱང་སྤྲུལ་ནས་རྒྱུག །སླད་ཀྱི་རྗེས་འབྲང་བྱང་གི་གནོད་སྦྱིན་བརྒྱད། །ལྕགས་ཀྱི་བྱ་ཁྲར་སྤྲུལ་ནས་མཁའ་ལ་ལྡིང་། །མདོར་ན་ས་དང་བར་སྣང་མ་ལུས་པ། །ཡོངས་གང་མཐུ་སྟོབས་རྫུ་འཕྲུལ་བསམ་མི་ཁྱབ། །བསྟན་པ་བསྲུང་ཞིང་རྣལ་འབྱོར་སྐྱོང་མཛད་པའི། །དམ་ཅན་འཁོར་ཚོགས་རྒྱ་མཚོའི་ཚོགས་ལ་བསྟོད། །སྟག་ཞོན་མགོན་པོ་འཁོར་བཅས་ཁྱེད་རྣམས་ཀྱིས། །ཁྱབ་བདག་རྡོ་རྗེ་འཆང་ཆེན་གསང་བའི་བདག །པདྨ་འབྱུང་གནས་ཤྲཱིནྟཾ་གརྦྷ་དང་། །གུ་ཧྱ་ཙནྡྲ་རྒྱ་གར་ཁྲག་འཐུང་ནག །སྒེག་པའི་རྡོ་རྗེ་བལ་བོ་ནོར་(༤བ)


GLG025_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

བུ་འཛིན། །གནུབས་ཆེན་སངས་རྒྱས་དྲང་ང་ཀུན་གྲགས་དང་། །ས་བན་འབུམ་གྲགས་སྐྱོ་བན་མཐུ་པོ་ཆེ། །ལྕེ་བཙུན་མདོ་སེར་རོང་པ་རྒྱ་ལོའི་མཚན། །ལྕེ་བཙུན་བློ་ལྡན་བླ་མ་སྲི་བུ་ཆུང་། །རིན་ཅེན་རྒྱལ་མཚན་ཆོས་རྒྱལ་དཔལ་བཟང་པོ། །དཔོན་སྟོན་ཆོས་སྐྱོང་ཕ་རྒོད་སྔགས་འཆང་རྗེ། །ལྡོང་སྟོན་བློ་གསལ་འ་ཞྭ་མཁྱེན་བརྩེའི་དབང་། །བསོད་ནམས་ཆོས་འཕེལ་དབང་ཕྱུག་རབ་བརྟན་རྗེ། །རྡོ་རྗེ་འཆང་དངོས་མགོན་པོ་བསོད་ནམས་དང་། །བཀའ་དྲིན་མཉམ་མེད་ཟུར་ཆེན་ཀུན་དགའི་ཞབས། །རྩ་བརྒྱུད་བླ་མའི་དམ་ཚིག་གཉན་པོ་རྣམས། །ཉེ་བར་དགོངས་ལ་བཅོལ་བའི་འཕྲིན་ལས་མཛོད། ཁྱད་པར་གནུབས་བན་སངས་རྒྱས་ཡེ་ཤེས་ཀྱིས། །འཇམ་དཔལ་གཤིན་རྗེ་ཚེ་བདག་ཟབ་ཆོས་ཀྱི། །གཏེར་གྱི་སྲུང་མར་བསྐོས་ཤིང་གཉེར་གཏད་པ། །མ་གཡེལ་མཐུ་རྩལ་དབྱུང་བའི་དུས་ལ་བབ། །སངས་རྒྱས་བསྟན་དང་འགྲོ་བའི་བདེ་སྐྱིད་བཤིག །གསང་ཆེན་ཐེག་པ་མཆོག་ལ་ལོག་པར་བལྟ། །ཟབ་གཏེར་བདུད་ཀྱིས་བྱས་ཞེས་ཡ་ག་སྒྲོག །ཁྱད་པར་ཕྱག་རྒྱ་ཟིལ་གྱིས་གནོན་པའི་སྐོར། །བལ་ཡུལ་མུ་སྟེགས་ངན་པའི་ཆོས་ཡིན་ཟེར། །རིགས་འཛིན་བདག་ལ་ལྷ་མེད་ཟེར་ནས་བརྙས། །སྲུང་མ་ཁྱོད་ལ་མཐུ་མེད་ཟེར་ནས་སྨོད། །ལོག་པར་འདྲེན་པའི་དམ་ཉམས་དགྲ་བོ་ལ། །མ་རུང་ལྟས་ངན་གྲངས་མེད་ཆར་ལྟར་ཕོབ། །ལོ་ཟླར་མ་འཇོག་སྲོག་ཆོད་བླ་ཚེ་བསྐུམས། །ཤ་རུས་ཚོགས་སུ་རོལ་ཅིག་ཁ་རཾ་ཁཱ་ཧི། །ཐོགས་མེད་འཕྲིན་ལས་སྒྲུབས་ཤིག་ས་མ་ཡ། །ཞེས་འཇམ་དཔལ་ཚེ་བདག་གི་གཏེར་སྲུང་མགོན་པོ་སྟག་ཞོན་གྱི་མཆོད་གཏོར་འབུལ་ཚུལ་བདུད་སྡེ་ཕྱེར་འཐག་ཅེས་པ་འདི་ནི་གཤིན་རྗེ་ཚེ་བདག་ནག་པོའི་གཏེར་སྲུང་གི་གཙོ་བོ་ཞིག་ཏུ་འདུག་པ་བར་སྐབས་སུ་རྒྱུན་ཆད་པ་ལྟ་བུར་སྣང་བ་ལས། གཏེར་སྲུང་གི་གྲལ་དུ་མཆོད་གཏོར་འབུལ་པའི་ཕྱག་ལེན་གྱི་རྒྱུན་ཚུགས་(༥ན)


GLG025_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ན་ལེགས་པར་མངོན་ཞིང་། དེང་སང་འདི་ལ་རང་གཞན་གྱི་ཆེར་རློམ་མང་པོས་རྗེས་གནང་གི་རྒྱས་འདེབས་བྱས་པའི་རྒྱུན་མ་དག་པའི་ཕུང་པོ་ཆེན་པོ་ཡོང་འདུག་པ་རང་གཞན་བསླུ་བའི་བྱེད་པོར་མཐོང་ནས་ཡིད་བརྟན་མ་བྱས་ཀྱང་། སླར་སྔགས་རྙིང་མའི་ལུགས་མ་ཉམས་བ་ཚར་པ་རྡོ་རྗེ་འཆང་ནས་བརྒྱུད་པའི་སྐོར་ཐོབ་པ་ལ་བརྟེན་ནས་ཟ་ཧོར་གྱི་བནྡེ་ཟིལ་གནོན་དྲག་པོ་རྩལ་གྱིས་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པ་རྣམས་ཀྱི་རྒྱུན་འཁྱེར་དུ་སྦྱར་བའི་ཡི་གེ་པ་ནི་སུདྷཱི་ཨཱ་ཡུརྡཱིརྒྷའི་མིང་ཅན་ནོ། །


previousགཏེར་སྲུང་དཔལ་མགོན་སྟག་ཞོན་གྱི་གསོལ་མཆོད་བཀླགས་ཆོག་ཁྱེར་བདེ།next