Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཙང་རོང་གཏེར་གསར་བླ་མ་ཞི་དྲག་གཉིས་ཀྱི་གཏེར་སྲུང་མཆོད་པའི་འཕྲིན་ལས།
   
   
   
   
   
   
   
   
   
   
   
   
   
   
   


 
previousགཙང་རོང་གཏེར་གསར་བླ་མ་ཞི་དྲག་གཉིས་ཀྱི་གཏེར་སྲུང་མཆོད་པའི་འཕྲིན་ལས།next

གཙང་རོང་གཏེར་གསར་བླ་མ་ཞི་དྲག་གཉིས་ཀྱི་གཏེར་སྲུང་མཆོད་པའི་འཕྲིན་ལས།


GLG025_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

གཙང་རོང་གཏེར་གསར་བླ་མ་ཞི་དྲག་གཉིས་ཀྱི་གཏེར་སྲུང་མཆོད་པའི་འཕྲིན་ལས་བཞུགས་སོ། །


GLG025_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གསུམ་རིགས་འདུས་འཆི་མེད་ཚེ་ཡི་ལྷ། །འཕྲིན་ལས་དྲག་པོ་ཀརྨ་གུ་རུ་ལ། །གུས་པས་བཏུད་ནས་གང་དེའི་ཟབ་ཆོས་ཀྱི། །གཏེར་སྲུང་མཆོད་པའི་རིམ་པ་འདྲི་བར་བྱ། །དེའང་སྐུ་གསུམ་རིགས་འདུས་མཚོ་སྐྱེས་རྡོ་རྗེ་དང་། ཀརྨ་གུ་རུ་གཉིས་ཀྱི་གཏེར་སྲུང་མཆོད་ཐབས་གཏེར་སྟོན་རིན་པོ་ཆེའི་དུས་ཅུང་ཟད་སྦ་ཚུལ་གནང་བ་རྒྱུན་འབྱམས་སུ་སོང་བའི་ཡི་གེ་སོགས་ཁ་གསལ་མི་འདུག་རུང་། ཀརྨ་གུ་རུ་བསྒྲུབ་པར་འཚུབ་ཆའི་རྣམ་པའང་ཐོ་རེ་ཡོང་འདུག་པ། རིགས་འཛིག་ངག་གི་དབང་པོ་ཡན་ཆད་དུ་སྲུང་མ་ཚོར་ཚོགས་དང་བཅས་ཏེ་མཆོད་པ་མཛད་པ་རྗེས་འཇུག་རྣམས་ཀྱིས་མ་ངེས་པའི་མཆོད་གཏོར་ཆད་སྐྱོན་དུ་འདུག་པས་ཁམ་བུ་ལུང་གི་རོང་བཙན་ཁ་བ་དཀར་པོ་དང་། ཀླུ་མོ་ལྕམ་མོ་འབུམ་བཟའ་གཉིས་ལ་གཏོར་བསྔོས་བྱ་དགོས་གསུང་བ་རྗེ་བླ་མ་པདྨ་དབང་གི་ཞལ་ལས་ཐོས་ཤིང་། ལྷང་ལྷང་གི་བདུད་ལ་གཏོར་མ་ཆད་ན་འཚུབ་ཡོང་བ་ཁོ་བོས་དངོས་སུ་གྲུབ་པས། བདུད་བཙན་ཀླུ་གསུམ་གྱི་མཆོད་གཏོར་འབུལ་བར་བྱེད་པ་ལ། བདུད་ལ་བདུད་བཤོས་ནག་པོ་ཟླུམ་པོ་རྩེ་མོ་ཅུང་ཟད་བཀུག་པ། རོང་བཙན་ལ་བཤོས་ཟུར་གསུམ་དམར་པོ། ཀླུ་ལ་(༢ན)


GLG025_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་གཏོར་དཀར་པོ་སྦྲུལ་གྱིས་འཁྱུད་པ། གསུམ་ག་ལ་མཐེབ་སྐྱུས་བསྐོར་བ་མཆོད་པ་སོགས་བཤམས་ཏེ་བྱིན་གྱིས་རློབ་པ་ནི། ཐུགས་ལས་འཕྲོས་པའི་རཾ་ཡཾ་ཁཾ་གསུམ་གྱིས། མཆོད་གཏོར་རྣམས་ཀྱི་མ་དག་བསྲེགས་གཏོར་བཀྲུས། །ཨ་དང་ཨོཾ་ལས་བྷནྡྷ་རིན་ཆེན་སྣོད། །ཤ་ཁྲག་དང་ནི་བདུད་རྩི་ཀླུ་སྨན་གྱུར། །ཨཱོཾ་ཨཱཿཧཱུཾ། སྤྱན་འདྲེན་པ་ནི། ལྷང་ལྷང་མཚམས་ཕུག་གནས་དང་ཁམ་བུ་ལུང་། །གནས་ཆོས་སྲུང་བར་ཨྱོན་ཆེན་པོ་ཡི། །སྤྱན་སྔར་ཁས་བླངས་བདུད་བཙན་ཀླུ་གསུམ་པོ། །ཐོགས་པ་མེད་པར་གནས་འདིར་ད་ཚུར་སྤྱོན། །རུ་ཏྲ་དུང་ཤུ་ལ་ཙནཱ་ག་ཕུཿས་པ་རི་ཝཱ་ར་ས་མཱ་ཛཿ མཆོད་གཏོར་འབུལ་བ་ནི། ཁྲག་གི་ཨརྒྷཾ་དབང་པོའི་མེ་ཏོག་དང་། །ཤ་ཆེན་དུད་པ་ཚུལ་ཆེན་སྣང་གསལ་འབར། །མཁྲིས་པའི་དྲི་ཆབ་ཤ་རུས་ཞལ་ཟས་སྤུངས། །རྐང་གླིང་ཐོད་རྔ་སིལ་སྙན་རོལ་མོའི་ཚོགས། །བཙན་རྟ་དམར་པོ་བདུད་ཀྱི་རྟ་ནག་པོ། །སྒ་སྲབ་ཆས་མཛེས་གོ་མཚོན་དར་ནག་གོས། །སྨན་རཀ་གཏོར་མ་ཕྱི་ནང་ཚོགས་མཆོད་ཀྱིས། །སྟོབས་ལྡན་བདུད་བཙན་གཉིས་ཀྱི་ཐུགས་དམ་བསྐང་། །རྩི་སྨན་དྲི་ལྡན་མཆོད་ཡོན་མེ་ཏོག་བཀྲ། །ཙན་(༢བ)


GLG025_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

དན་ཛཱ་ཏི་སྤོས་དཀར་དུད་སྤྲིན་འཁྲིགས། །ཤེལ་སོགས་སྣང་གསལ་ཀླུ་སྨན་དྲི་ཆབ་དང་། །རོ་བརྒྱའི་ཞལ་ཟས་སྙན་པའི་སྒྲ་དབྱངས་འཁྲོལ། །དར་ཟབ་རིན་ཆེན་སྐྱེད་ཚལ་ནགས་སྨན་ལྗོངས། །ཆུ་ཀླུང་མཚོ་དང་རུས་སྦལ་རྒྱན་གྱིས་མཛེས། །དཀར་གསུམ་མངར་གསུམ་སྦྱར་བའི་ཚོགས་གཏོར་གྱིས། །ཀླུ་ཆེན་ལྕམ་མོ་འབུམ་བཟའི་ཐུགས་དམ་བསྐང་། །ཨཱོཾ་རུ་དྲ་དུ་རཱ་ཙ་ས་པ་རི་ཝཱ་ར་མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། ལན་གསུམ་དང་། གོང་གི་སྔགས་གཤམ་དུ། མ་ཧཱ་པཉྩ་དང་རཀྟའང་སྦྱར་ཏེ་འབུལ། །བཙན་ལ། ཨཱོཾ་ཤུ་ལ་ཙ་རཱ་ཙ་སོགས་ཀྱིས་སྨན་རཀ་གཏོར་གསུམ་དང་། ཀླུ་ལ་ནཱ་ག་ཕུཿརཱ་ཙ་ས་གཏོར་མ་འབུལ། མཐིང་ནག་མི་བསྲུན་བདུད་ཀྱི་གཙོ། །དར་ནག་བ་དན་ཞགས་པ་འཛིན། །མཐིང་ནག་གོས་གྱོན་རྟ་ནག་བཅིབས། །བསྟོད་དོ་བཅོལ་བའི་འཕྲིན་ལས་མཛོད། །སྲོག་གི་གཤེད་པོ་བཙན་རྒོད་ཆེ། །མདུང་དམར་ཞགས་འཛིན་རྟ་དམར་ཞོན། །བསེ་ཁྲབ་བསེ་རྨོག་གྱོན་ཞིང་རྔམས། །བསྟོད་དོ་བཅོལ་བའི་འཕྲིན་ལས་མཛོད། །ཀླུ་མོ་དཀར་སྔོ་རུས་སྦལ་བཅིབས། །དར་གྱི་ན་བཟའ་མཛེས་པར་གསོལ། །རིན་ཆེན་ནོར་བུ་བུམ་པ་འཛིན། །བསྟོད་དོ་བཅོལ་བའི་འཕྲིན་ལས་མཛོད། །བཛྲ་མུཿས་གཤེགས་སུ་གསོལ། གཙང་རོང་གཏེར་གསར་བླ་མ་ཞི་དྲག་གཉིས་ཀྱི་གཏེར་སྲུང་མཆོད་པའི་འཕྲིན་ལས་འདི་ནི། ཞང་སྣ་ནམ་པ་རྡོ་རྗེ་བདུད་འཇོམས་ཀྱི་སྤྲུལ་པའི་ཟློས་གར་བློ་བཟང་པདྨ་འཕྲིན་ལས་ཀྱི་གསུང་གིས་བསྐུལ་བ་དང་དུ་བླངས་ཏེ་ཟ་ཧོར་གྱི་སྔགས་སྨྱོན་ཟིལ་གནོན་དྲག་རྩལ་གྱིས་དགའ་ལྡན་ཕོ་བྲང་དུ་སྦྱར། །སརྦ་མངྒ་ལཾ།


previousགཙང་རོང་གཏེར་གསར་བླ་མ་ཞི་དྲག་གཉིས་ཀྱི་གཏེར་སྲུང་མཆོད་པའི་འཕྲིན་ལས།next