Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྤྲུལ་པའི་ཆོས་རྒྱལ་ཆེན་པོའི་མདོས་ཀྱི་གྱེར་གཞུང་བསམ་དོན་ལྷུན་གྲུབ།
   
   
   
   
   
   
   
   
   
   
   
   
   
   


 
previousསྤྲུལ་པའི་ཆོས་རྒྱལ་ཆེན་པོའི་མདོས་ཀྱི་གྱེར་གཞུང་བསམ་དོན་ལྷུན་གྲུབ།next

སྤྲུལ་པའི་ཆོས་རྒྱལ་ཆེན་པོའི་མདོས་ཀྱི་གྱེར་གཞུང་བསམ་དོན་ལྷུན་གྲུབ།


GLG025_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པའི་ཆོས་རྒྱལ་ཆེན་པོའི་མདོས་ཀྱི་གྱེར་གཞུང་བསམ་དོན་ལྷུན་གྲུབ་བཞུགས།


GLG025_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ། གདོད་ནས་དག་པ་ཀ་དག་ཆོས་ཀྱི་སྐུ། །ལྷུན་གྲུབ་ཞི་ཁྲོའི་ཟློས་གར་ལོངས་སྤྱོད་རྫོགས། །ཐུགས་རྗེ་སྤྲུལ་པའི་རྣམ་རོལ་པདྨ་འབྱུང་། །སྐུ་གསུམ་དབྱེར་མེད་དངོས་གྲུབ་སྩལ་དུ་གསོལ། །བསྐལ་བ་དང་པོར་བདུད་དང་ཀླུ་ཡི་སྲས། །མཐུ་སྟོབས་དབང་ཕྱུག་དགེ་བསྙེན་ཆེན་པོར་གྲགས། །བར་གྱི་བསྐལ་བར་བྷ་ཏ་ཧོར་ཡུལ་དུ། །སྒོམ་གྲའི་དཀོར་སྲུང་རྒྱལ་པོ་པེ་ཧ་ར། །ཐ་མའི་དུས་སུ་བོད་ཡུལ་གངས་ཅན་འདིར། །ཆོས་འཁོར་མ་ལུས་སྐྱོང་བའི་སྲུང་མ་ཆེ། །སྤྲུལ་པའི་ཆོས་རྒྱལ་ཆེན་པོ་འཁོར་བཅས་ལ། །དགྱེས་པ་སྐྱེད་པར་བྱེད་པའི་མཆོད་པ་ནི། །རིན་ཅེན་ཤེལ་དཀར་བཻཌཱཪྻ་སྔོན་པོ། །པདྨ་རཱ་ག་གསེར་ལས་གྲུབ་པ་ཡི། །རི་རབ་ལྷུན་པོ་བང་རིམ་བཞི་ཡི་སྟེང་། །ཕོ་བྲང་སྐུ་མཁར་རྒྱ་ཕུབས་ལྕོག་གིས་མཛེས། ཁོར་ཡུག་སྲ་བརྟན་ལྕགས་རིས་ཡོངས་སུ་བསྐོར། །ནང་དུ་ལྷ་དང་མི་ཡི་འདོད་ཡོན་ནི། །ཕུན་ཚོགས་ངོ་མཚར་རྒྱ་མཚོས་ཡོངས་གང་བ། །སྤྲུལ་པའི་ཆོས་རྒྱལ་འཁོར་བཅས་རྟེན་དུ་འབུལ། །བསྟན་འགྲོའི་ཕན་བདེ་བླ་མའི་སྐུ་ཚེ་སྤེལ། །སྔགས་འཆང་བདག་གིས་བཅོལ་བའི་དོན་རྣམས་ཀུན། །(༢ན)


GLG025_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

འབད་མེད་ལྷུན་གྱིས་གྲུབ་པའི་འཕྲིན་ལས་མཛོད། །སྟེང་ན་འཇའ་ཚོན་ལྟར་བཀྲ་གདུགས་དང་ཏོག །སྒྲོ་ཕོད་ཡུངས་ཀར་གང་བཟང་དག་གིས་མཚན། །དར་གྱི་འཕན་དང་ཅོད་པན་ལྷབ་ལྷུབ་གཡོ། །ནམ་མཁའ་རྒྱང་བུ་སྤེལ་མར་ཚར་དུ་དངར། །ཆུ་གཉིས་ཉེར་སྤྱོད་ལྔ་དང་རོལ་མོའི་ཚོགས། །འདོད་ཡོན་སྣ་ལྔ་སྲ་བརྟན་རྡོ་རྗེའི་གོ །རྣོ་བའི་མཚོན་ཆ་ཞྭ་ཕོད་སག་ཐེབ་དང་། །རིན་ཅེན་རུས་རྒྱན་པགས་པའི་རྒྱལ་མཚན་ཚོགས། །སྤྲུལ་པའི་ཆོས་རྒྱལ་འཁོར་བཅས་རྟེན་དུ་འབུལ། །བསྟན་འགྲོའི་ཕན་བདེ་བླ་མའི་སྐུ་ཚེ་སྤེལ། །སྔགས་འཆང་བདག་གིས་བཅོལ་བའི་དོན་རྣམས་ཀུན། །འབད་མེད་ལྷུན་གྱིས་གྲུབ་པའི་འཕྲིན་ལས་མཛོད། །རྟ་ལུག་བྱ་ཁྱི་བྱི་བ་ར་དཀར་དང་། །སྤྲེའུ་སེང་གེ་སྟག་གཟིག་དོམ་དྲེད་གུང་། །འདབ་ཆགས་སྣ་ཚོགས་གླང་ཆེན་རྟ་གཡག་དྲེལ། །ཕུན་ཚོགས་འདོད་ཡོན་ཁུར་བའི་ཁལ་མ་དང་། །སྨྱུག་རྒོད་རྩེ་རྒྱལ་བྱ་དཀར་གསོབ་ཀྱི་ནང་། །རིན་ཅེན་གའུར་གསང་བའི་སྲོག་འཁོར་དང་། །སྟག་གཟིག་རས་མ་སྣམ་རས་དཀར་དམར་སྔོ། ཁ་དོག་ལྔ་ལྡན་རྔ་མའི་ཆུན་པོ་རྣམས། །སྤྲུལ་པའི་ཆོས་རྒྱལ་འཁོར་(༢བ)


GLG025_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་རྟེན་དུ་འབུལ། །བསྟན་འགྲོའི་ཕན་བདེ་བླ་མའི་སྐུ་ཚེ་སྤེལ། །སྔགས་འཆང་བདག་གིས་བཅོལ་བའི་དོན་རྣམས་ཀུན། །འབད་མེད་ལྷུན་གྱིས་གྲུབ་པའི་འཕྲིན་ལས་མཛོད། །ཕུན་ཚོགས་རོ་བརྒྱའི་དཔལ་ལྡན་གཏོར་མ་དང་། །སྡེ་བརྒྱད་བཤོས་བུ་འབྲུ་དར་སྨན་སྣ་ཤ །ཕོ་གདོང་མོ་གདོང་ཤིང་གྲི་ཡུལ་མཁར་རིས། །ཕུང་ཁམས་སྐྱེ་མཆེད་ཚང་བའི་ངར་གླུད་མཛེས། །བདུད་རྩིའི་གསེར་སྐྱེམས་འཕྱི་བའི་ཤ་ཚིལ་གསུར། །ཤ་ཆེན་སྤོས་དཀར་དུད་པ་མདའ་དར་ལྔ། །བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་རིན་ཅེན་བདུན། །ཕྱི་ནང་གསང་བའི་མཆོད་པ་དམ་པ་འདི། །སྤྲུལ་པའི་ཆོས་རྒྱལ་འཁོར་བཅས་རྟེན་དུ་འབུལ། །བསྟན་འགྲོའི་ཕན་བདེ་བླ་མའི་སྐུ་ཚེ་སྤེལ། །སྔགས་འཆང་བདག་གིས་བཅོལ་བའི་དོན་རྣམས་ཀུན། །འབད་མེད་ལྷུན་གྱིས་གྲུབ་པའི་འཕྲིན་ལས་མཛོད། །ཆོས་སྐྱོང་རྒྱལ་པོ་སྡེ་ལྔ་འཁོར་བཅས་རྣམས། །རྟེན་ལས་མི་གཡོ་དམ་ལས་མ་འདའ་བར། །སངས་རྒྱས་བསྟན་དང་དགེ་འདུན་སྡེ་རྣམས་སྐྱོངས། །རྡོ་རྗེའི་སློབ་དཔོན་སྐུ་ཚེ་འཕྲིན་ལས་སྤེལ། །གངས་ཅན་བོད་ཀྱི་ཡུལ་འདིར་མི་ཕྱུགས་ནད། །འཐབ་རྩོད་མུ་གེ་ཉེར་འཚེ་ཀུན་ཞི་ཞིང་། །ལུགས་གཉིས་ཁྲིམས་ཀྱིས་འགྲོ་བ་མ་ལུས་པ། །བདེ་ཞིང་སྐྱིད་པའི་དཔལ་ལ་སྤྱོད་པར་མཛོད། ཁྱད་པར་རིགས་འཛིན་བདག་གི་ནད་གདོན་བགེགས། །ཞི་ཞིང་ཚེ་དང་བསོད་ནམས་དཔལ་འབྱོར་རྒྱས། ཁམས་གསུམ་དབང་སྡུས་བརྣག་པའི་དགྲ་བགེགས་རྣམས། །མྱུར་དུ་སྙིང་ཁྲག་དྲོན་མོ་ཞལ་དུ་གསོལ། །མདོར་ན་རྒྱལ་དབང་པདྨ་ཉང་རལ་ཞབས། །རྒོད་ལྡེམ་ལེགས་ལྡན་རྗེ་དང་དབང་པོའི་སྡེ། ཁྱབ་བདག་བླ་མའི་དམ་ཚིག་ཉེར་དགོངས་ལ། །བསམ་དོན་ལྷུན་གྱིས་གྲུབ་པའི་དགེ་ལེགས་མཛོད། །ཅེས་མདོས་རྒྱུན་འཁྱེར་(༣ན)


GLG025_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་དུ་འཁྱེར་བདེ་བ་འདི་ནི་གནས་ཆུང་ལྕོག་ཏུ་རྟེན་མདོས་གསར་དུ་བཙུགས་སྐབས། ཆོས་སྐྱོང་ཆེན་པོས་འདི་ལྟ་བུ་བགྱིས་ཞེས་བཀས་བསྐུལ་བ་ལྟར། ཟ་ཧོར་གྱི་བནྡེས་བགྱིས་ཡི་གེ་པ་ནི་སྔགས་བན་ངག་དབང་འཕྲིན་ལས་སོ། །


previousསྤྲུལ་པའི་ཆོས་རྒྱལ་ཆེན་པོའི་མདོས་ཀྱི་གྱེར་གཞུང་བསམ་དོན་ལྷུན་གྲུབ།next