Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བྱེས་ཆས་ཀེ་ཏུའི་ལས་བྱང་ངག་བསྒྲིགས་དགྲ་སྲོག་གཅོད་པའི་སྤུ་གྲི།
   
   
   
   
   
   
   
   
   
   
   
   
   


 
previousབྱེས་ཆས་ཀེ་ཏུའི་ལས་བྱང་ངག་བསྒྲིགས་དགྲ་སྲོག་གཅོད་པའི་སྤུ་གྲི།next

བྱེས་ཆས་ཀེ་ཏུའི་ལས་བྱང་ངག་བསྒྲིགས་དགྲ་སྲོག་གཅོད་པའི་སྤུ་གྲི།


GLG025_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

བྱེས་ཆས་ཀེ་ཏུའི་ལས་བྱང་ངག་བསྒྲིགས་དགྲ་སྲོག་གཅོད་པའི་སྤུ་གྲི་བཞུགས་སོ། །


GLG025_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་ཀུན་གྱི་སྐུ་གསུང་ཐུགས་རྡོ་རྗེ། །གཅིག་བསྡུས་རྒྱལ་དབང་པདྨ་འབྱུང་གནས་དང་། །དབྱེར་མེད་དྲིན་ཅན་བླ་མའི་ཞབས་བཏུད་ནས། །བྱེས་ཆས་ཀེ་ཏུའི་ངག་འདོན་ཁྲིགས་སུ་སྡེབ། །བྱེས་ཆས་ཀེ་ཏུ་སྒྲུབ་པར་བྱེད་པ་ལ་མཆོད་གཏོར་དམ་རྫས་འཁོར་ལོ་སོགས་གཏེར་གཞུང་དང་མན་ངག་ལྟར་མངོན་པར་འདུ་བྱས་ནས་རོལ་མོ་དབྱངས་དང་བཅས་པས་འདི་སྐད་དོ། །ཆོས་ཀུན་མི་དམིགས་སྟོང་པའི་ངང་ཉིད་ལས། །མདུན་དུ་རིན་ཆེན་སྣ་ཚོགས་ལས་གྲུབ་པའི། །སྐུ་མཁར་རྒྱ་ཕུབས་ལྕགས་རི་ལྕོག་གིས་མཛེས། །ནང་དུ་ཐོད་པ་སྐམ་རློན་རབ་བརྩེགས་པར། །སྣ་ཚོགས་རུས་པའི་གདུང་མ་དྲལ་ལྕམ་ལ། །ཤ་ལྔ་བདུད་རྩི་ལྔ་ཡིས་ཐོག་ཞལ་བྱས། །མི་མགོའི་ཏོག་དང་ཞིང་ལྤགས་རྒྱལ་མཚན་འཕྱར། །ནང་ཁྲོལ་རྒྱུ་མ་དུག་སྦྲུལ་དྲ་ཕྱེད་འཕྱང་། །ཤ་རུས་སྤུངས་ཤིང་ཁྲག་གི་ཞིམ་ཆུ་འབབ། །བཟོད་དཀའ་འཇིགས་རུང་གཞལ་ཡས་ཁང་གི་དབུས། །རིན་ཆེན་རུས་པ་བཾ་རོ་གསར་རྙིང་རྣམས། །ཕན་ཚུན་བསྣོལ་ཞིང་བརྩིགས་པའི་ཁྲི་སྟེང་དུ། །བསྟན་སྲུང་སྤྲུལ་པའི་ཆོས་རྒྱལབྱེས་ཆས་ནི། །རྣམ་པ་ཞི་ཁྲོའི་ཉམས་ལྡན་ཅུང་ཟད་འཛུམ། །(༢ན)


GLG025_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དུ་དགྲ་ལ་ཁྲོ་ཞིང་གཏུམ་རྔམས་ཅན། །ཞལ་གཅིག་ཕྱག་གཉིས་ཆ་ལུགས་རབ་བྱུང་ཚུལ། །གཡས་པ་ཤེལ་ཕྲེང་གཡོན་པ་རྩེ་གསུམ་འཛིན། །དབུ་ལ་བསེ་ཞུ་ཞབས་ལ་སག་ལྷམ་གསོལ། །ཞབས་གཉིས་མཉམ་པའི་སྟབས་ཀྱིས་རབ་བཞེངས་པའི། །གར་དགུའི་ཉམས་ཀྱིས་རྣམ་པར་རོལ་བ་ལ། །གསང་བའི་ཡུམ་ཆེན་འཇིགས་རུང་བློན་པོ་དང་། །དགེ་སློང་འཁར་གསིལ་སྔགས་ནག་ཕུར་བུ་ཐོགས། །བདུད་མོ་ནག་མོ་སྟག་ཤར་གོ་མཚོན་ཅན། །ན་ཆུང་མོན་མོ་སྨན་བཙུན་ཨ་ཙ་ར། །སྤྲེའུ་འབག་སེང་གར་འཆམས་ལ་སོགས་པ། །སྣང་སྲིད་དྲེགས་པ་སྡེ་བརྒྱད་དམག་ཚོགས་དང་། །འཁོལ་པོ་ཡང་འཁོལ་བྲན་གཡོག་མངག་གཞུག་བཅས། །ས་དང་བར་སྣང་གང་བས་བསྐོར་བར་གྱུར། །རང་ཉིད་ལྷར་གསལ་སྤྱི་གཙུག་གདན་སྟེང་དུ། །རིགས་འཛིན་སློབ་དཔོན་པདྨ་ཐོད་ཕྲེང་རྩལ། །ཞ་ཁྲའི་ཉམས་ལྡན་དཔའ་བོ་མཁའ་འགྲོས་བསྐོར། །ལྷ་སྲིན་དབང་དུ་སྡུད་པའི་རྣམ་འགྱུར་ཅན། །བདག་ཉིད་ཡི་དམ་ཐུགས་ཀའི་ས་བོན་ལས། །འོད་འཕྲོས་བསམ་ཡས་གཙུག་ལག་ཁང་ཆེན་དང་། །དགུང་སྔོན་མཐོན་པོ་ལ་སོགས་གནས་(༢བ)


GLG025_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ནས། །ཚུར་སྤྱོན་དམ་ཚིག་པ་དང་གཉིས་མེད་གྱུར། །མ་ཧཱ་རཱ་ཛ་བཛྲ་ས་མ་ཡ་ཛཿ ས་མ་ཡ་ཏི་ཥྛ་ལྷན། མཆོད་འབུལ་ནི། མ་ཧཱ་རཱ་ཛ་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། མ་ཧཱ་རཱ་ཛ་ས་པ་རི་ཝཱ་ར་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ། མ་ཧཱ་བྷ་ལིཾ་ཏ། བཤགས་པ་ནི། བླ་མ་ཡི་དམ་བསྟན་སྲུང་དགོངས་སུ་གསོལ། །བདག་ཅག་མ་རིག་འཁྲུལ་བའི་དབང་གྱུར་ཏེ། །གསང་སྔགས་སྤྱི་ཡི་དམ་ཚིག་ཉམས་པ་དང་། ཁྱད་པར་སྤྲུལ་པའི་ཆོས་རྒྱལ་ཆེན་པོ་ཡི། །སྐུ་གསུང་ཐུགས་དང་འགལ་བ་ཅི་མཆིས་པ། །སྙིང་ནས་བཤགས་སོ་འཕྲིན་ལས་མ་ལུས་སྒྲུབས། །གསོལ་ཞིང་བསྐང་བ་ནི། ཆོས་རྒྱལ་འཁོར་བཅས་སྤྱན་ལམ་དུ། ཁྲག་གི་ཨརྒྷཾ་མཚོ་ལྟར་བསྐྱིལ། །དབང་པོའི་མེ་ཏོག་འཇའ་ལྟར་བཀྲ །ཤ་ཆེན་དུད་པ་སྤྲིན་ལྟར་འཐུལ། །ཞུན་ཆེན་མར་མེ་ཉི་ལྟར་གསལ། །ཞག་གི་དྲི་ཆབ་རྦ་རླབས་འཁྲུག །ཤ་རུས་ཞལ་ཟས་རི་ལྟར་སྤུངས། །སྙན་བརྗིད་རོལ་མོ་ཆེམས་སེ་ཆེམ། །གར་འཆམས་ཟློས་གར་ཤིགས་སེ་ཤིག །སྙན་པའི་གླུ་ལེན་ཀྱུར་རུ་རུ། །ཅང་ཤེས་རྟ་མཆོག་འདུར་ཞིང་རྒྱུག །འབྲོང་གཡག་སྟོབས་ལྡན་ངར་ཞིང་འཕྱོ། །ཤེལ་དཀར་ལུག་ནི་དལ་བུར་རྒྱུ། །འདབ་ཆགས་སྣ་ཚོགས་མཁའ་ལ་ལྡིང་། ཁྱི་དང་ཅེ་སྤྱང་མང་པོ་འདུར། སྟག་སེང་གླང་པོ་སྣ་ཚོགས་འགྱིང་། །རྡོ་རྗེའི་གོ་ཆ་འོད་དུ་འཚེར། །རྣོ་ངར་མཚོན་ཆ་མཁའ་ལ་ཟིང་། །ཞྭ་ནག་ཕོད་ཀ་རུས་རྒྱན་དང་། །སྣམ་སྦྱར་འཁར་གསིལ་བསླང་བའི་སྣོད། །འཕྱི་བའི་ཤ་དང་དོན་སྣོད་ལྔ། ཁྲག་དང་རུས་པ་པགས་པའི་ཚོགས། །སྨན་རཀ་གཏོར་མ་གསེར་སྐྱེམས་སོགས། །ཆོས་རྒྱལ་བྱེས་ཆས་ཀེ་ཏུའི་དང་། །གསང་ཡུམ་བློན་པོ་འཁོར་(༣ན)


GLG025_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་རྣམས། །དགྱེས་པ་བསྐྱེད་ཕྱིར་གསོལ་ཞིང་མཆོད། །ཐུགས་དམ་སྐོངས་ལ་ལས་ཀུན་སྒྲུབས། །རྒྱས་པར་བྱེད་ན་གཏེར་གཞུང་གི་གསོལ་མཆོད་རྣམས་ཀྱང་སྐབས་འདིར་བྱའོ། །བསྟོད་པ་ནི། སྣ་ཚོགས་མ་ངེས་སྐུ་ཡི་རྣམ་འགྱུར་ནི། །གྲངས་མེད་འཕྲིན་ལས་བསྒྲུབ་ཕྱིར་སྟོན་མཛད་པའི། །རིགས་འཛིན་ཡོངས་ཀྱི་དགྲ་ལྷ་མཐུ་རྩལ་ཅན། །སྤྲུལ་པའི་ཆོས་རྒྱལ་ཆེན་པོར་བདག་བསྟོད་དོ། །སྙན་བརྗིད་དྲག་སོགས་གསུང་གིས་ས་གསུམ་འགེང་། །རབ་གསལ་ཐུགས་ཀྱིས་དུས་ཀུན་གསལ་བར་གཟིགས། །དཔག་བསམ་ཤིང་ལྟར་འདོད་པའི་རེ་བ་སྐོང་། །ཐུབ་བསྟན་ཡོངས་ཀྱི་སྲུང་མར་བདག་བསྟོད་དོ། །རྣལ་འབྱོར་དྲོད་མྱུལ་དགྲ་བགེགས་སྲོག་རྩ་གཅོད། །འཕྲིན་ལས་ཀུན་བསྒྲུབ་རྒྱལ་པོ་པེ་ཧ་ར། །དགྱེས་དགུར་སྤྱོད་པའི་ཡུམ་དང་བློན་པོ་སོགས། །བཀའ་སྡོད་དྲེགས་པའི་ཚོགས་ལ་བདག་བསྟོད་དོ། །བསྙེན་པ་ནི། རང་ཉིད་ལྷར་གསལ་སྤྱི་བོར་རིགས་ཀྱི་བདག །པདྨ་འབྱུང་གནས་གསལ་བཏབ་རང་ཉིད་ཀྱི། །ཐུགས་ལས་འོད་འཕྲོས་མདུན་གྱི་ཐུགས་རྒྱུད་བསྐུལ། །དཀར་སེར་དམར་ནག་མདངས་ལྡན་རྒྱལ་པོའི་ཚོགས། །སྤྲོས་ཏེ་ནད་གདོན་ཞི་ཞིང་ཚེ་དཔལ་རྒྱས། ཁམས་གསུམ་དབང་བསྡུས་གནོད་བྱེད་དགྲ་བགེགས་བསྒྲལ། །རྒྱལ་པོ་རང་གི་དབང་དུ་འདུས་ནས་ནི། །འཕྲིན་ལས་གང་བཅོལ་ཐོགས་མེད་བསྒྲུབ་པར་གྱུར། །ཨཱོཾ་རཱ་ཛ་དུ་ན་ལིང་སྭཱ་ཧཱ། དེ་ནས་ཞག་གསུམ་གྱི་རིང་འདི་ལྟར་བྱའོ། །ཨེ་མ་མི་བཟད་བཙོན་ཁང་འབར་བའི་གྲུ་གསུམ་ནང་། །ཏྲི་ལས་སྒྲུབ་པ་བྱེད་པའི་སྒབ་འདྲེ་ནི། །གནོད་སྦྱིན་བྲེ་དོ་བྱ་མགོ་མི་གཟུགས་ཅན། །ཡན་ལག་ལྕགས་སྒྲོག་བསྡམས་(༣བ)


GLG025_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

པ་གན་རྐྱལ་གྱུར། །རང་གི་ཐུགས་ནས་སྤྲུལ་པ་དཔག་མེད་སྤྲོས། །ལྕགས་ཀྱུས་བཟུང་ལ་ཞགས་བསྡམས་ལྕགས་སྒྲོག་བཅིངས། །དྲིལ་བུས་མྱོས་ཏེ་སྐད་ཅིག་ཙམ་ཉིད་ལ། །གནོད་བྱེད་བཀུག་སྟེ་བྱང་བུའི་གཟུགས་སུ་བསྟིམ། །ཨཱོཾ་ཨ་ཏྲི་དུན་ཏྲི་མཱ་ར་ཡ་ཁུག །སྒྲུབ་པ་ལ་བར་གཅོད་བྱེད་པའི་གནོད་བྱེད་ཐམས་ཅད་མཱ་ར་ཡ་ནན་ནན། །སྟཾ་བྷ་ཡ་ནན། ཛ་ཛ་ནན། སྔགས་བཟླ་ཐུན་བརྡེག་མཇུག་ཏུ་མནན་པ་བྱའོ། །བསྒྲུབ་པའི་འཛབ་བཟླ་བ་ནི། རང་ཉིད་པད་སྡོང་ཉི་ཟླའི་གདན་སྟེང་དུ། །པདྨ་ཐོད་འཕྲེང་ཁྲོ་ཆགས་ཞི་བའི་ཉམས། །ཕྱག་གཡས་རྡོ་རྗེ་གཡོན་པ་ཐོད་པ་འཛིན། །གཡོན་གྱི་གྲུ་མོའི་ཁ་ཊྭཱཾ་ག་ཡིས་མཚན། །པཎ་ཞུ་ཆོས་གོས་དར་ནག་གསང་གོས་དང་། །ཟབ་ཆེན་བེར་གསོལ་གསལ་སྟོང་བདེ་བའི་ཉམས། །ཐུགས་ནི་ཆུ་ཤིང་འབྲས་བུ་འདྲ་བ་དེ། །རྣམ་པ་པད་སྟོང་འདབ་མ་བརྒྱད་པའི་དབུས། །ཡེ་ཤེས་སེམས་དཔའ་པདྨ་ཐོད་ཕྲེང་རྩལ། །རང་འདྲ་མཐེ་བོང་ཙམ་དུ་གསལ་བ་ཡི། །ཐུགས་ཀའི་ས་བོན་དག་ལས་འོད་ཟེར་འཕྲོས། །མདུན་གྱི་རྒྱལ་པོ་འཁོར་བཅས་ཐུགས་རྒྱུད་བསྐུལ། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་དང་། །རྣོ་བའི་མཚོན་ཆ་ནད་ཀྱི་རྐྱལ་པ་སོགས། །གྲངས་མེད་ཐོགས་པའི་གཙོ་འཁོར་དཔག་མེད་སྤྲོས། །དགྲ་བོའི་བླ་ཚེ་འགུགས་དང་གསོད་པ་དང་། །ནད་གདོན་བར་ཆད་ཉེར་འཚེ་ཆར་ལྟར་གཏོང་། །རྒྱ་གར་མོན་པ་སྤྲ་དང་སྤྲེའུ་སོགས། །ཐན་བྱ་ལ་སོགས་ལྟས་ངན་ཆུ་ལྟར་རྒྱུག །མདོར་ན་དགྲ་བགེགས་ཐལ་བའི་རྡུལ་བཞིན་དུ། །བརླག་པའི་འཕྲིན་ལས་མ་ལུས་མཛད་པར་གྱུར། །ཨཱོཾ་རཱ་ཛ་དུན་ལིང་། །ཤནྟིཾ་ནན་རྦད། ཀུས་ཐོབ། འུར་རྡོ་འཕོངས། རྡོ་ཆར་ཕོབ། (༤ན)


GLG025_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

རང་འཐག་སྟོང་འཁོར་གྱིས། ཨི་ཨ་ལི་ལའི་སྒྲ་ཐོང་། ངའི་ནོར་སྙོགས། ཞེས་མན་ངག་ལྟར་བཟླས་པ་བྱའོ། །བསྐུལ་ཞིང་འཕྲིན་ལས་བཅོལ་བ་ནི། སྤྲུལ་པའི་ཆོས་རྒྱལ་འཁོར་དང་བཅས་པ་རྣམས། །སློབ་དཔོན་པདྨ་གནུབས་བན་ནས་བརྒྱུད་དེ། །གནམ་ལྕགས་མེ་འབར་ཆོས་རྒྱལ་ཕུན་ཚོགས་རྗེ། །བཀྲ་ཤིས་སྟོབས་རྒྱལ་ངག་གི་དབང་པོའི་དཔལ། །རྩ་བའི་བླ་མ་པདྨ་བཛྲ་སོགས། །དངོས་བརྒྱུད་བླ་མའི་དམ་ཚིག་ཉེར་དགོངས་ལ། །རིགས་འཛིན་སྔགས་འཆང་བདག་དང་སྦྱིན་པའི་བདག །བསྟན་པ་སྲིད་སྡེར་བཅས་པ་མཐའ་དག་གི །ནད་གདོན་བར་ཆད་ཉེར་འཚེ་ཞི་བ་དང་། །ཚེ་དང་བསོད་ནམས་དཔལ་འབྱོར་ཀུན་རྒྱས་ཤིང་། །མི་ནོར་ཟས་གསུམ་མ་ལུས་དབང་དུ་སྡུས། ཁྱད་པར་སྔ་དགྲ་ལག་དར་ཕྱི་དགྲ་སེམས། །དེ་དགྲ་གནོད་བྱེད་དུག་མཚོན་མཐུ་གཏེར་དང་། །དམག་སོགས་སྦྱོར་བ་གཤོམ་པའི་དགྲ་བགེགས་ཀུན། །སྟེང་འོག་ཕྱོགས་སུ་མཚམས་གང་ན་གནས་ཀྱང་རུང་། །བླ་སྲོག་ཚེ་གསུམ་མྱུར་དུ་ཞལ་དུ་ཐོབ། །སྙིང་ཁྲག་འཐུང་ལ་བདུན་བརྒྱུད་རྩད་ནས་ཆོད། །རྗེས་མེད་ཐལ་བ་རླུང་ལ་བསྐུར་བྱས་ནས། །མངོན་སྤྱོད་དྲག་པོའི་འཕྲིན་ལས་སྒྲུབ་པར་མཛོད། །དེ་ནས་བསྒྲལ་པ་ནི། ཨེཿ མདུན་དུ་ལྕགས་བསྲེགས་འབར་བའི་ས་གཞིའི་ནང་། །བཙོན་ཁང་གྲུ་གསུམ་བང་རིམ་དགུ་པ་ཅན། །མེ་འབར་རླུང་འཁྲུག་མུན་ནག་ཆེས་ཆེར་གཏིབས། །གསོད་གཅོད་སྒྲ་སྒྲོག་དུག་ནད་རླངས་པ་འཐུལ། །ཐར་མེད་ལས་ཀྱི་འབྲུབ་ཁུང་ནག་པོའི་དབུས། །ནྲྀ་ལས་དམིགས་བྱའི་དམ་ཉམས་དགྲ་བོ་གང་། །ཉམ་ཆུང་བུ་ག་དགུ་ནས་སྣག་ཁྲག་འཛག །གནོད་བྱེད་ཐམས་ཅད་འདུས་པའི་བདག་ཉིད་ཅན། །(༤བ)


GLG025_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་ལྕགས་སྒྲོག་གིས་བསྡམས་གན་རྒྱལ་གྱུར། །རྩ་བ་གསུམ་གྱི་བྱིན་རླབས་ནུས་མཐུ་དང་། །བསྟན་སྲུང་སྤྲུལ་པའི་རྒྱལ་པོ་པེ་ཧ་ར། །གསང་ཡུམ་བློན་པོ་འཁོལ་པོ་ཡང་འཁོལ་སོགས། །དྲེགས་པ་སྡེ་བརྒྱད་དམག་ཚོགས་ནུས་མཐུ་ཡིས། །བསྟན་དང་འགྲོ་ལ་འཚེ་བ་སྤྱི་ཡི་དགྲ །རྣལ་འབྱོར་བདག་ལ་བསྡོ་བ་སྒོས་ཀྱི་དགྲ །བླ་མའི་སྐུ་དགྲ་ཞིང་བཅུ་ཚང་བ་དང་། །གཟུགས་བྱང་མིང་ནས་བཏབ་པའི་དགྲ་བོ་འདི། །སྲིད་རྩེ་མནར་མེད་བར་དུ་གར་འདུག་ཀྱང་། །ལྕགས་ཀྱུས་ཁུག་ལ་ཞགས་པས་སྐེ་ནས་ཆིངས། །ལྕགས་སྒྲོག་གིས་སྡོམས་དྲིལ་བུས་མྱོས་བྱས་ནས། །ལིངྒ་འདི་ལ་ད་ལྟ་ཉིད་དུ་ཁུག །བླ་འགུགས་དང་ལྷ་དབྱེའི་སྔགས་བཟླ། པེ་ཧར་ཁྲོས་པ་སྐུ་སྟོད་སྲིན་པོའི་གཟུགས། །སྐུ་སྨད་གནམ་ལྕགས་ཕུར་བུ་སྙིང་ག་ལ། །བཏབ་པས་སྲོག་བཅད་རྣམ་ཤེས་ཐུགས་ཀར་བསྡུས། །ཤ་ཁྲག་རུས་ཕུང་མ་ལུས་དུམ་བུར་གྱུར། །ཞེས་བསད་སྔགས་བཟླ་ཞིང་བསྒྲལ། །པེ་ཧར་འཁོར་བཅས་གནམ་ས་ལྟ་བུའི་ཞལ། །གདོངས་ལ་དམ་ཉམས་དགྲ་བོའི་ཤ་ཁྲག་བཞེས། །དམིགས་བྱའི་དགྲ་བོ་བདུན་བརྒྱུད་ཚུན་ཆད་ཀྱི། །བླ་ཚེ་སྲོག་གསུམ་ཞལ་དུ་ཁ་རཾ་ཁཱ་ཧི། །ཞེས་བསྟབ་པ་བྱའོ། །སྒོ་དབྱེ་ནི། ཕྱོགས་བཞི་སྐྱོང་བའི་རྒྱལ་ཆེན་སྡེ་བཞི་དང་། །སྒོ་སྐས་ལམ་འཕྲང་བསྲུང་བའི་ལྷ་འདྲེ་དང་། །སྟེང་འོག་བར་གསུམ་དག་ཏུ་གནས་པ་ཡི། །གདུག་པའི་ཚོགས་རྣམས་སྔགས་འཆང་བདག་ལ་ཉོན། །དེང་འདིར་དྲག་པོའི་ཟོར་ཁ་སྒྱུར་བྱེད་ན། །སྒོ་བས་སྒོ་ཕྱེ་འཕྲང་པས་འཕྲང་རྣམས་སོལ། །མཐུ་དང་ནུས་པས་ཟོར་གྱི་དཔུང་པ་སྐྱེད། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། གཟུ་དཔུང་ནི། རྩ་གསུམ་ཆོས་སྲུང་སྡེ་བརྒྱད་དྲེགས་པའི་ཚོགས། །མ་(༥ན)


GLG025_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

གཡེལ་མ་གཡེལ་རྣལ་འབྱོར་བདག་ལ་དགོངས། །འཁོར་བར་ངེས་འབྱུང་སྙིང་ནས་དམ་ཆོས་བསྒྲུབས། །རྡོ་རྗེ་སློབ་དཔོན་སྤྱི་བོའི་རྒྱན་ལྟར་བསྟེན། །དམ་ཚིག་སྡོམ་པ་མིག་གི་འབྲས་ལྟར་བསྲུངས། །གསང་སྔགས་ཟབ་དོན་སྙིང་ལྟར་འབྲལ་མེད་བསྟེན། །ཆོས་བཞིན་སྤྱོད་ལ་སྡང་བའི་དགྲ་བྱུང་ན། །ར་མདའ་མཛོད་ཅིག་མངོན་ཤེས་སྤྱན་ལྡན་ཚོ། ཁྱད་པར་ཡི་དམ་བསྙེན་སྒྲུབ་མཐའ་རུ་ཕྱིན། །མཐུ་ལྡན་སྤྲུལ་པའི་རྒྱལ་པོ་ཆེན་པོ་ཁྱོད། །ན་གཞོན་སོ་དཀར་ཙམ་ནས་ལེགས་བསྟེན་ནས། །ད་ལྟ་སྐྲ་དཀར་ཙམ་དུ་ཁྱོད་བསྒྲུབས་སོ། །སྒྲུབ་ཁང་གོས་ལྟར་གྱོན་ནས་ཁྱོད་བསྒྲུབས་སོ། །དཀའ་བ་ཁྱད་དུ་བསད་ནས་ཁྱོད་བསྒྲུབས་སོ། །བདག་ལ་སྡང་བའི་དགྲ་བགེགས་མི་སྒྲོལ་ན། །ཆོས་སྐྱོང་བསྟེན་པའི་དགོས་པ་ནོངས་མིན་ནམ། །བསྟན་འགྲོའི་སྤྱི་དགྲ་བླ་མའི་སྐུ་ཡི་དགྲ། །རིགས་འཛིན་སྒོས་སུ་བསྡོོ་བའི་སྡིག་ཅན་འདི། །ཞིང་བཅུ་ཚང་བར་དགོངས་ཤིག་སྤྱན་ལྡན་རྣམས། །སྙིང་ཁྲག་ཐང་ལ་འཕོ་ཞིག་བཤན་པའི་ཚོགས། གསེར་སྐྱེམས་ནི། །འབྲུ་བཅུད་བདུད་རྩི་གསེར་དང་ལེགས་སྦྱར་བ། །རང་རང་འདོད་པའི་དངོས་པོར་བྱིན་བརླབས་འདི། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འབུལ། །དེང་འདིར་འཕྲིན་ལས་བསྒྲུབ་པའི་གྲོགས་མཛོད་ཅིག །འབྲལ་མེད་བསྟེན་པའི་ཆོས་སྲུང་ཚོགས་སྤྱི་དང་། ཁྱད་པར་སྤྲུལ་པའི་ཆོས་རྒྱལ་ཆེན་པོ་ནི། །འཁོར་བཅས་གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །མངོན་སྤྱོད་དྲག་པོའི་འཕྲིན་ལས་མྱུར་དུ་སྒྲུབས། །དཔལ་ལྡན་སྲིད་གསུམ་རྣམ་རྒྱལ་རཱ་ཧུ་ལ། །ལོ་ཟླ་ཞག་དང་དུས་ཚོད་ལ་དབང་བའི། །གཟའ་དང་རྒྱུ་སྐར་ས་བདག་ལྷ་སྲིན་ཚོགས། །གསེར་སྐྱེམས་འདི་བཞེས་མཐུན་པའི་(༥བ)


GLG025_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲིན་ལས་སྒྲུབས། ཟོར་བསྐུལ་ནི། སྐྱེས་བུ་དཔའ་བཙན་གོ་གྱོན་མཚོན་ཐོགས་པའི། །གནམ་ལྕགས་ཐོག་ལྟར་འཕེན་པའི་མདའ་ཟོར་འདི། །དམིགས་བྱའི་དམ་ཉམས་དགྲ་བོའི་སྟེང་དུ་འཕེན། །མི་ནོར་ཕྱུགས་གསུམ་ཚེ་སྲོག་མཱ་ར་ཡ། །མིག་སྨན་མདངས་ཀྱི་ཕོད་ཀ་ཞྭ་ནག་གྱོན། །འཇིགས་རུང་སྔགས་ནག་ཚོགས་ཀྱི་ཕུར་ཟོར་འདི། །རིགས་འགྲེ། རྣམ་པ་ཞི་ཞིང་ངོ་བོ་མི་བསྲུན་པའི། །འཁར་གསིལ་ལྷུང་བཟེད་ཆོས་གོས་རྡུལ་ཟོར་འདི། །༴༴ སྲིན་མོའི་གཟུགས་ཅན་བདུད་མོ་ནག་མོ་ཡི། །གོས་ནག་གཡབ་ཅིང་བརྡབ་པའི་ཟོར་ཁ་འདི། །༴༴ རི་རབ་གཏོར་མ་དུག་དང་མཚོན་ཆ་ཡི། །རང་བཞིན་གནམ་ལྕགས་ལས་གྲུབ་གཏོར་ཟོར་འདི། །༴༴ ཞེས་ཟོར་རྣམས་རིམ་པས་འཕང་། །རང་གི་ཐུགས་ལས་སྤྲུལ་པའི་ཁྲོ་བོ་དང་། །བསྐལ་བའི་མེ་དཔུང་འབར་ཞིང་རླུང་ནག་འཚུབ། །ཆུ་བོ་རྦ་རླབས་འཁྲུག་ཅིང་རྡོ་རྗེ་ཡི། །སྲ་བརྟན་སྲང་བའི་གུར་ཁང་ཆེན་པོར་གྱུར། །མེ་ཆུའི་རྒྱས་འདེབས། དེ་ནས་སྒོ་དྲུང་དུ་གཏོར་གཞོང་ཁ་སྦུབ། བྲོ་ནི། བཅོམ་ལྡན་དཔལ་ཆེན་ཁྲོས་པའི་བྲོ་བརྡུངས་པས། །སྣང་སྲིད་དྲེགས་པའི་ཚོགས་ཀྱང་འདར་བར་བྱེད། །བདུད་དང་དམ་སྲིའི་ཚོགས་ཀུན་རྡུལ་དུ་རློག །ཤར་དུ་ཞི་བ་ལྷོ་རུ་རྒྱས་པ་དང་། །ནུབ་ཏུ་དབང་དང་བྱང་དུ་དྲག་པོའི་བྲོ། ཁྲོ་ཆེན་འབར་བའི་ཚོགས་ཀྱི་བརྡུངས་པ་ལས། །མི་བཟད་ཁྲོ་མོ་རྣམས་ཀྱིས་རྒྱས་བཏབ་པས། །དགྲ་འདྲེ་བྱུར་གསུམ་བསྐལ་བར་མ་ལྡང་ཞིག །ཨཱོཾ་ལཾ་ཧཱུཾ་ལཾ། སྟཾ་བྷ་ཡ་ནན། མངའ་གསོལ་ནི། མཆོག་གསུམ་ངོ་བོ་རིགས་འཛིན་བླ་མ་དང་། །དངོས་གྲུབ་གཏེར་གྱུར་སྒྲུབ་པ་བཀའ་བརྒྱད་ལྷ། །འཕྲིན་ལས་ལྷུན་གྲུབ་ཆོས་སྐྱོང་སྲུང་མ་ལ། །དགེ་ལེགས་ཀུན་(༦ན)


GLG025_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྩ་བར་མངའ་གསོལ་ལོ། །ཀུན་བཟང་གདོད་མའི་གཤིས་སུ་གཡོ་མེད་ཀྱང་། །མ་རུང་འདུལ་ཕྱིར་མི་བསྲུན་བཤན་པ་ཆེ། །དཔལ་ལྡན་སྤྲུལ་པའི་ཆོས་རྒྱལ་འཁོར་བཅས་རྣམས། །བསྟན་སྲུང་དགྲ་ལྷའི་གཙོ་བོར་མངའ་གསོལ་ལོ། །དཔག་བསམ་ཤིང་དང་ཡིད་བཞིན་ནོར་བུ་ལྟར། །འདོད་པའི་རེ་བ་མ་ལུས་ཆེས་སྐོང་ཞིང་། །བར་ཆད་མི་མཐུན་གཡུལ་ལས་རྣམ་རྒྱལ་པའི། །བསམ་དོན་ལྷུན་གྱིར་གྲུབ་པར་མངའ་གསོལ་ལོ། །ཤིས་བརྗོད་ནི། ཆོས་སྲུང་མཐུ་རྩལ་བདེན་པའི་བྱིན་རླབས་ཀྱིས། །ནད་གདོན་བར་ཆད་མ་ལུས་ཀུན་ཞི་ཞིང་། །ཚེ་དཔལ་ལོངས་སྤྱོད་ཆོས་ཀྱི་དགའ་སྟོན་སོགས། །ས་སྟེང་ཆེན་པོར་ཁྱབ་པའི་བཀྲ་ཤིས་ཤོག །རྒྱལ་པོ་བྱེས་ཆས་ཀེ་ཏུའི་ངག་འདོན་གཏེར་གཞུང་གི་ཟུར་འདེབས་ཁྲིགས་སུ་བསྡེབས་པ་དགྲ་སྲོག་གཅོད་པའི་སྤུ་གྲི་ཞེས་བྱ་བ་འདིའང་གཏེར་སྟོན་གྲུ་གུ་ཡང་ཝང་གི་གདུང་ལས་སོན་པའི་སྔགས་འཆང་དོན་གྲུབ་བཀྲ་ཤིས་ཀྱིས་བསྐུལ་པའི་ངོར་ཟ་ཧོར་གྱི་སྔགས་བཙུན་ངག་དབང་བློ་བཟང་རྒྱ་མཚོ་མིང་གཞན་ཟིལ་གནོན་དྲག་རྩལ་རྡོ་རྗེས་སྦྱར་བའི་ཡི་གེ་པ་ནི་བློ་བཟང་བསྟན་འཛིན་དབང་རྒྱལ་ལོ།། །།སརྦ་མངྒ་ལཾ།།


previousབྱེས་ཆས་ཀེ་ཏུའི་ལས་བྱང་ངག་བསྒྲིགས་དགྲ་སྲོག་གཅོད་པའི་སྤུ་གྲི།next