Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཁྱབ་འཇུག་རྟེན་མདོས་ཀྱི་འཕྲིན་ལས་དྲང་སྲོང་ཀུན་ཏུ་དགའ་བའི་ཟློས་གར།
   
   
   
   
   
   
   
   


 
previousཁྱབ་འཇུག་རྟེན་མདོས་ཀྱི་འཕྲིན་ལས་དྲང་སྲོང་ཀུན་ཏུ་དགའ་བའི་ཟློས་གར།next

ཁྱབ་འཇུག་རྟེན་མདོས་ཀྱི་འཕྲིན་ལས་དྲང་སྲོང་ཀུན་ཏུ་དགའ་བའི་ཟློས་གར།


GLG025_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་འཇུག་རྟེན་མདོས་ཀྱི་འཕྲིན་ལས་དྲང་སྲོང་ཀུན་ཏུ་དགའ་བའི་ཟློས་གར་བཞུགས་སོ། །


GLG025_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

དྲེགས་འདུལ་གསང་བདག་ངོ་བོ་ཐོད་འཕྲེང་རྩལ། །ཟབ་གཏེར་སྒོ་འབྱེད་རིན་ཆེན་ཚུལ་རྡོར་སོགས། །རྩ་གསུམ་ཀུན་འདུས་ངོ་བོར་གུས་བཏུད་ནས། ཁྱབ་འཇུག་རྟེན་མདོས་ཁ་སྐོང་རིམ་པ་འདྲི། །དེ་ལ་འདིར་གཟའ་བདུད་ཆེན་པོ་དུག་གི་སྤུ་གྲི་ཁྱབ་འཇུག་རཱ་ཧུ་ལའི་རྟེན་མདོས་ཀྱི་རིམ་པ་ལ། དྲེགས་འདུལ་གཤིན་རྗེ་སོགས་ཡི་དམ་གྱི་ལྷ་གང་ཡང་རུང་བའི་འཕྲིན་ལས་ཀྱི་གཞུང་བསྲངས། འཛབ་བཟླས། དེ་ནས་མདོས་བྱིན་གྱིས་བརླབ་པ་ལ་ཤེས་པ་རྣམ་པ་བཞི་ལས། རི་རབ་གཞལ་ཡས་སུ་ཤེས་པ་ནི། སྔོན་དུ་ཕུར་པ་གཤིན་རྗེ་སོགས་ཡི་དམ་གཞན་གྱི་གཞུང་བསྲངས་ན། བདག་སྐྱེད་བསྒྱུར་བ་ནི། སྟོང་པའི་ངང་ལས་སྐད་ཅིག་གིས༔ ཉི་ཟླ་པདྨའི་གདན་སྟེང་དུ༔ ཧཱུཾ་ལས་བདག་ཉིད་གཏུམ་པོ་ནི༔ ཤིན་ཏུ་ཁྲོས་པ་སྲིན་པོའི་གཟུགས། །གདུག་པའི་སྟེང་ན་བརྐྱང་བསྐུམ་བཞུགས༔ མཐིང་ནག་རྔམ་པས་ཕྱག་གཡས་རྡོ་རྗེ་འཕྱར༔ གཡོན་པ་སྡིགས་མཛུས་མཛད་པས་ཁྱུང་གི་བྱ་ཁྲ་འགྱེད༔ འདར་རྒྱལ་ཞལ་ལ་རྔམ་པས་མཆེ་བ་གཙིགས༔ སྤྱན་གསུམ་གདངས་པས་བསྐལ་པ་མེ་ལྟར་འབར༔ སྨ་ར་ཨག་ཚོམས་སྨིན་(༢ན)


GLG025_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

མ་བཞིན་དུ་བསྡུས༔ ཞལ་གདངས་ལྗགས་འདྲིལ་ཁྲོ་གཉེར་རབ་ཏུ་བརྗིད༔ དབུ་སྐྲ་ཁམ་ནག་གྱེན་བརྫེས་སྦྲུལ་གྱིས་བརྒྱན༔ རིགས་ལྔས་དབུ་བརྒྱན་དུར་ཁྲོད་ཆས་བརྒྱད་གསོལ༔ མེ་དཔུང་དཀྱིལ་བཞུགས་ཐུགས་ཀར་ཉི་མའི་སྟེང་༔ རྡོ་རྗེའི་ལྟེ་བར་ཧཱུཾ་ལ་སྔགས་ཀྱིས་བསྐོར༔ གཡས་སུ་འཁོར་བར་བསམ་ཞིང་སྔགས་འདི་བཟླས༔ ཨཱོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ༔ ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུ་ཾཕཊ༔ ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་མདུན་དུ་པད་ཟླའི་སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཧཱུཾ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས། རྡོ་རྗེའི་ས་གཞི་ར་བ་དྲ་བ་གུར་བླ་བྲེ། ཡེ་ཤེས་ཀྱི་མེ་དཔུང་འབར་བའི་སྲུང་བའི་འཁོར་ལོའི་ནང་དུ་ཆུད་པའི་ནམ་མཁའ་རླུང་ཆུས་སྟེ་འབྱུང་བ་རིམ་གྱི་བརྩེགས་པའི་སྟེང་དུ། རྟེན་མདོས་རི་རབ་ནག་པོ་བང་རིམ་གསུམ་པ། ཐོད་པ་རིན་པོ་ཆེ་ལས་གྲུབ་པའི་གཞལ་ཡས་ཁང་མི་མགོའི་ཏོག་དང་ཞིང་ལྤགས་ཀྱི་རྒྱལ་མཚན། རྒྱུ་རློན་དང་དུག་སྦྲུལ་གྱི་དྲ་བ་དང་གློ་སྙིང་མཁལ་མཆིན་ཡན་ལག་གི་དྲ་ཕྱེད། རུས་པའི་པུར་ཤུ་དང་མདའ་ཡབ་སོགས་དུར་ཁྲོད་ཀྱི་རྫས་སྣ་ཚོགས་ལས་གྲུབ་པ་འཇིགས་ཤིང་སྐྱི་གཡའ་བ། (༢བ)


GLG025_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

མེ་རླུང་འཚུབ་པའི་ཕོ་བྲང་ཆེན་པོ་ཁྲག་གི་རྒྱ་མཚོ་རྦ་ཀློང་འཁྲུག་པའི་དབུས་སུ། ཨེ་ལས་གྲུ་གསུམ་མཐིང་ནག་ནམ་མཁའ་དང་མཉམ་པའི་ལྟེ་བར། པཾ་ལས་སྣ་ཚོགས་པདྨ། རཾ་ལས་ཉི་མ། ཨ་ལས་ཟླ་བ། ནྲྀ་ལས་དགྲ་བགེགས་ཕོ་མོ་གན་རྐྱལ་དུ་བསྣོལ་བར་གྱུར། དྲེགས་པའི་གཟུགས་ཅན་ཕོ་ཉ་ལས་བྱེད་དུ་ཤེས་པ་ནི། གདན་གྱི་སྟེང་དུ་ཏྲི་དུ་བའི་མདོག་ཅན་དེ་ལས་འོད་ཟེར་འཕྲོས་པས་དགྲ་བགེགས་ཐམས་ཅད་ཚར་བཅད་ཚུར་འདུས་ཏྲི་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས། སྤྲུལ་པའི་གཟའ་བདུད་རཱ་ཧུ་ལ་སྐུ་མདོག་དུད་ཀ །མགོ་དགུ་བྱ་རོག་མགོ་དང་བཅུའི་ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། གཡས་པ་ཆུ་སྲིན་གྱི་རྒྱན་མཚན་རལ་གྲིའི་ཡུ་བ་བྱས་པ་འཕྱར་བ། གཡོན་པ་སྦྲུལ་ཞགས་མདའ་གཞུ་འགེང་བ། དུག་མདའ་དགྲ་ལ་འཕེན་ཞིང་། སྐུ་སྨད་དུག་སྦྲུལ་འཁྱིལ་བ། སྐུ་ལ་སྤྱན་སྟོང་གི་ཁྲག་མིག་མཛེས་པ། མི་ལྤགས་ཀྱི་གཡང་གཞི་དང་། སྦྲུལ་ནག་གི་སེ་རལ་ཁ་དང་དོ་ཤལ་ཆུན་བུ་དར་ནག་དང་རིན་པོ་ཆེས་བརྒྱན་པ། དབུ་རེ་རེ་ལ་ཐོད་པ་སྐམ་པོ་ལྔ་ལྔ་དང་རིན་པོ་ཆེའི་རྩེ་བྲན་གྱིས་བརྒྱན་པ། ཞལ་ནས་ཧ་ཧ་དང་ཧཱུཾ་ཧཱུཾ་དང་། ཕཊ་ཕཊ་ཕེ་ཾཕེ་ཾགྱི་སྒྲ་སྒྲོག་ཅིང་། དམ་ཉམས་དགྲ་བོ་ཞལ་དུ་ཆེམ་ཆེམ་གསོལ་བ། སྐུ་ཆེ་ལ་ཡན་ལག་རགས་པ། གར་དགུའི་ཉམས་དང་ལྡན་ཞིང་ཉི་མ་འབུམ་གྱི་གཟི་བརྗིད་ལས་ལྷག་པ། སྐུ་ཁམས་གསུམ་ཡོངས་ཁེངས་པར་བཞུགས་པའི་གཡས་སུ། ཁྲག་མཚོ་རུས་པའི་ཁྲི་སྟེང་དུ། ཛ་ལས་ཡབ་རྡོ་རྗེ་སྲིན་པོ་སྔོ་ནག་ཞལ་གསུམ་གསུམ་དགུ་པ་ཕྱག་གཡས་གཡོན་ན་དབྱུག་ཏོ་དང་། ཁྲག་མཚོ་བསྣམས་པ། ཞེ་སྡང་འབར་བའི་ཀློང་(༣ན)


GLG025_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

ན་བཞུགས་པའོ༔ གཡོན་དུ་ཟླ་གམ་རཀྟའི་དཀྱིལ་འཁོར་དུ། ཕུ་ལས་ཡུམ་རྡོ་རྗེ་གློག་འགྱུ་དམར་ནག་དབུ་དགུ་རྔམ་བརྗིད་ལ་ཁྲོས་པ། སྦྲུལ་ཞགས་ཁྲག་མཚོ་འཛིན་པ། འདོད་ཆགས་འཁོལ་བའི་ཀློང་ན་བཞུགས་པའོ༔ དེ་རྣམས་ཀྱི་ཕྱོགས་མཚམས་སུ་གདུག་པ་ཅན་རྣམས་ཀྱི་གདན་ལ། ནུབ་ཏུ་ཡ་ལས་ལྗང་སྔོན་ཆེན་པོ་ལྗང་ནག་ཞགས་པ་དང་ལྕགས་སྒྲོག་འཛིན་པ། མ་མོ་རོལ་པའི་དབུས་ན་བཞུགས་པའོ༔ ཤར་ལྷོར་ཙེ་ལས་དྲང་སྲོང་དཀར་སེར་ཕྱག་གཉིས་སྦྲུལ་ཞགས་དང་ཏྲི་ཤུ་ལ་འཛིན་པ། དགྲ་ལྷའི་དམག་ཚོགས་ཀྱིས་བསྐོར་བའོ༔ བྱང་དུ་དུ་ལས་བདུད་པོ་རོག་ཏི་མཐིང་ནག་སྦྲུལ་དང་བདུད་ཞགས་འཛིན་པ་བདུད་དམག་འབུམ་གྱིས་བསྐོར་བའོ༔ ལྷོ་ནུབ་ཏུ་ཙ་ལས་སྲིན་པོ་བིཤྚི་པ་ཏྲ་དམར་པོ་ཕྱག་ན་སྦྲུལ་དང་གྲི་ཆེན་བསྣམས་པ་སྲིན་པོའི་ཚོགས་ཀྱིས་བསྐོང་ནས་བཞུགས་པའོ༔ ཤར་དུ་ཨ་ལས་བིཥྞུ་རཱ་ཛ་དུད་ཀ་ཆུ་སྲིན་དང་སྟག་མགོ་འཛིན་པ་དགྲ་ལྷའི་དམག་ཚོགས་ཀྱིས་བསྐོར་ནས་བཞུགས་པའོ༔ ནུབ་བྱང་དུ་ན་ལས་དུ་བ་མཇུག་རིང་མཐིང་ནག་ཕྱག་ན་སྤུ་གྲི་དང་དབྱུག་ཏོ་འཛིན་པ་གཤིན་རྗེའི་དམག་ཚོགས་ཀྱིས་བསྐོར་ནས་བཞུགས་པའོ༔ ལྷོར་ཡ་ལས་ཁྱབ་མཇུག་ཆེན་པོ་སེར་ནག་སྦྲུལ་ཞགས་དང་ཆུ་སྲིན་འཛིན་པ། ཀླུ་བདུད་ཚོགས་ཀྱིས་བསྐོར་ནས་བཞུགས་པའོ༔ བྱང་ཤར་དུ་ཤ་ལས་སྒྲ་གཅན་འཛིན་པ་དུད་ཁ་ཆུ་སྲིན་དང་ཁྲམ་ཤིང་འཛིན་པ་ལྷ་སྲིན་སྡེ་བརྒྱད་ཀྱིས་བསྐོར་བའོ༔ དེ་དག་ཐམས་ཅད་ཀྱང་ཤིན་ཏུ་རྔམ་ཞིང་གཏུམ་བ་ཁྲོས་པའི་གཟུགས་ཅན་ལ། ལུས་མིག་གིས་ཁེངས་པ། དབུ་དགུ་པ་ཁ་གདངས་ཤིང་མཆེ་བ་གཙིགས་པ། ཤངས་ནས་ནད་ཀྱི་ན་བུན་འཐུལ་བ། སྦྱན་(༣བ)


GLG025_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བསྐལ་བའི་མེ་འབར་བ། ཞལ་ནས་རྒྱོབ་དང་། གསོད་གྱི་སྒྲ་སྒྲོག་པ། བ་སྤུའི་བུ་ག་ནས་ཐོག་དང་སེར་བ་འབེབས་པ། རྒྱན་ཆ་ལུགས་གཙོ་བོ་དང་འདྲ་བའོ། །ཤར་དུ་མ་ལས་སྟག་སྲིན་ཟོར་བའི་གདོང་དཀར་སེར། སྟག་ཤམ་སྦྲུལ་གྱིས་བརྒྱན་པ། ཕྱག་ན་ལྕགས་ཀྱུ་དང་ཞགས་པ་བསྣམས་པ༔ ལྷོར་ར་ལས་བཾ་སྲིན་དྲེད་ཀྱི་གདོང་ཅན་སེར་ནག་མི་ལྤགས་ཀྱི་གཡང་གཞི་དང་སྟག་ཤམ་གསོལ་པ། སྦྲུལ་དང་ཐོད་པའི་སེ་རལ་ཁ་འཕྱང་བ། ཕྱག་ན་ཐོད་དབྱུག་བསྣམས་པའོ༔ ནུབ་ཏུ་ཙ་ལས་ཀོང་སྲིན་བ་ལང་གི་གདོང་དམར་ནག་སྟག་གཟིག་གོས་སུ་གསོལ་བ། དགྲ་སྟ་དང་ཞགས་པ་བསྣམས་པ༔ བྱང་དུ་ཤ་ལས་འབྲོག་སྲིན་ཆུ་སྲིན་གདོང་ལྗང་ནག་སྟག་ཤམ་དང་མི་ལྤགས་ཀྱིས་བརྒྱན་པ། ཕྱག་གཉིས་རི་བོ་བསྒྱེལ་ཞེང་ཀླད་ལ་བསྐོར་བ༔ དེ་དག་ཐམས་ཅད་སྲིན་མོ་ཁྲོས་པའི་ཆ་ལུགས་ཅན། བསྐལ་པའི་མེ་དཔུང་འབར་པའི་དབུས་སུ། ཞིང་ཆེན་གྱི་གདན་ལ་བཞུགས་པར་གྱུར། དེའི་ཕྱི་རོལ་ཏུ་ཤར་དུ་པ་ཝ་སངས་དཀར་པོ་གཡས་པདྨ་དང་གཡོན་ཤིང་ཏོག་བསྣམས་པ། ཤར་ལྷོར་ཕུར་བུ་མཐིང་ག་པུ་ཏི་བསྣམས་པ། ལྷོར་ལག་པ་ལྗང་གུ་གཡས་ཆོས་འཆད་དང་གཡོན་ཨུཏྤལ་བསྣམས་པ། ལྷོ་ནུབ་ཏུ་དམག་དཔོན་དམར་པོ་གཡས་བདུད་རྩི་བུམ་པ་དང་གཡོན་སྒྲོན་མེ་བསྣམས་པ། ནུབ་ཕྱོགས་ན་ཉི་མ་དམར་པོ་གཡས་མེ་ཏོག་དང་གཡོན་རིན་ཆེན་འབར་བ་བསྣམས་པ། ནུབ་བྱང་ན་ཟླ་བ་དཀར་པོ་ཀུ་མུད་བསྣམས་པ། བྱང་ཕྱོགས་སུ་སྒྲ་གཅན་དུད་ཀ་གཡས་པདྨ་དང་གཡོན་རལ་གྲི་བསྣམས་པ། བྱང་ཤར་དུ་སྤེན་པ་དམར་པོ་གཡས་དབྱུག་ཏོ་དང་གཡོན་དགྲ་སྟ་བསྣམས་པ། ཤར་དུ་ལྷ་དཀར་པོ་པི་ཝཾ་འཛིན་པ། ལྷོར་གཤིན་རྗེ་སྨུག་ནག་རལ་པ་སྙིལ་པ་བེ་ཅོན་འཛིན་པ། །ནུབ་ཏུ་ཀླུ་དམར་པོ་སྦྲུལ་མགོའི་གདེངས་ཀ་ཅན་སྦྲུལ་ཞགས་འཛིན་པ། བྱང་དུ་གནོད་སྦྱིན་ལྗང་སེར་ནེའུ་ལེ་འཛིན་པ། ཤར་ལྷོར་རྒྱལ་པོ་(༤ན)


GLG025_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་སེར་བཾ་དབྱུག་འཛིན་པ། ལྷོ་ནུབ་ཏུ་བཙན་དམར་པོ་ཞགས་པ་འཛིན་པ། ནུབ་བྱང་དུ་དམུ་ལྗང་སེར་ནད་རྐྱལ་འཛིན་པ། བྱང་ཤར་དུ་བདུད་ནག་པོ་མདུང་ནག་འཛིན་པ། གཞན་ཡང་ཚངས་པ་བརྒྱ་བྱིན་ལ་སོགས་པའི་ལྷ་ཆེན་པོ་བརྒྱད། དགའ་བོ་འཇོག་པོ་སོགས་པའི་ཀླུ་ཆེན་པོ་བརྒྱད། བརྒྱ་བྱིན་དང་མེ་ལྷ་ལ་སོགས་པའི་ཕྱོགས་སྐྱོང་བཅུ། ཤར་ཕྱོགས་སུ་སྨིན་དྲུག་དམར་པོ་རིན་པོ་ཆེའི་ཟ་མ་ཏོག་བསྣམས་ཤིང་པདྨའི་ཁྲི་ལ་བཞུགས་པ། སྣར་མ་ལྗང་གུ་རིན་ཆེན་སྙེ་མ་བསྣམས་པ་གླང་པོ་ཆེའི་ཁྲི་ལ་བཞུགས་པ། མགོ་སེར་པོ་རིན་ཆེན་མྱུ་གུ་བསྣམས་པ་ཤ་བ་རྭ་བཅུའི་ཁྲིལ་བཞུགས་པ། ལག་དཀར་པོ་རིན་ཆེན་སྒྲོམ་བུ་བསྣམས་པ་སྦྲུལ་གྱི་ཁྲི་ལ་བཞུགས་པ། ནབས་སོ་སེར་པོ་རིན་ཆེན་ཟ་མ་ཏོག་བསྣམས་པ་པདྨ་འདབ་བརྒྱད་ཀྱི་ཁྲི་ལ་བཞུགས་པ། རྒྱལ་ལྗང་གུ་རིན་ཆེན་འབར་བ་བསྣམས་པ་བུམ་པའི་ཁྲི་ལ་བཞུགས་པ། །སྐག་ལྗང་གུ་གཡས་དབྱུག་ཏོ་དང་གཡོན་བུམ་པ་བསྣམས་པ་བྱ་རོག་བསྣོལ་བའི་ཁྲི་ལ་བཞུགས་པ། ལྷོར་མཆུ་དམར་པོ་རིན་ཆེན་འབར་བ་བསྣམས་པ་མ་ཧེའི་ཁྲི་ལ་བཞུགས་པ། གྲེ་དམར་པོ་རིན་ཆེན་སྒྲོམ་བུ་བསྣམས་པ་རིན་པོ་ཆེའི་ཁྲི་ལ་བཞུགས་པ། དབོ་ལྗང་གུ་རིན་ཆེན་གའུ་བསྣམས་པ་གསེར་ཁྲི་ལ་བཞུགས་པ། མེ་བཞི་ལྗང་གུ་རིན་ཆེན་མྱུ་གུ་བསྣམས་པ་རྨ་བྱ་བསྣོལ་བའི་ཁྲི་ལ་བཞུགས་པ། ནག་པ་ལྗང་གུ་པོ་ཏི་བསྣམས་པ་རྨ་བྱ་བསྣོལ་བའི་ཁྲི་ལ་བཞུགས་པ། ས་རི་དམར་པོ་རིན་ཆེན་མྱུ་གུ་བསྣམས་པ་གཡུ་སྤྱང་སྔོན་པོའི་ཁྲི་ལ་བཞུགས་པ། ས་ག་ལྗང་གུ་རླུང་འཚུབ་བསྣམས་པ་གླང་པོ་ཆེའི་ཁྲི་ལ་བཞུགས་པ། ནུབ་ཏུ་ལྷ་མཚམས་དམར་པོ་པདྨ་དམར་(༤བ)


GLG025_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བསྣམས་པ་རིན་པོ་ཆེའི་ཕུབ་སྟེང་གི་ཁྲི་ལ་བཞུགས་པ། སྣོན་དམར་པོ་པདྨ་དམར་པོ་བསྣམས་པ་སྟན་ནང་ཚངས་ཅན་གྱི་ཁྲི་ལ་བཞུགས་པ། སྣུབས་ལྗང་གུ་པདྨ་རྒྱས་པ་བསྣམས་པ་རུས་སྦལ་གྱི་ཁྲི་ལ་བཞུགས་པ། ཆུ་སྟོད་སེར་པོ་པདྨ་དམར་པོ་བསྣམས་པ་ནང་ཚངས་ཅན་གྱི་ཁྲི་ལ་བཞུགས་པ། ཆུ་སྨད་ལྗང་གུ་པདྨ་དམར་པོ་སྣམས་པ་མ་ཧེའི་ཁྲི་ལ་བཞུགས་པ། གྲོ་བཞིན་སེར་པོ་པདྨ་དམར་པོ་བསྣམས་པ་མོན་ཁུར་གྱི་ཁྲི་ལ་བཞུགས་པ། བྱི་བཞིན་དམར་པོ་པདྨ་དམར་པོ་བསྣམས་པ་ནང་ཚངས་ཅན་གྱི་ཁྲི་ལ་བཞུགས་པ། བྱང་དུ་མོན་དྲེ་ལྗང་གུ་ཨུཏྤལ་ལྗང་གུ་བསྣམས་པ་ནང་ཚངས་ཅན་གྱི་ཁྲི་ལ་བཞུགས་པ། མོན་གྲུ་ལྗང་གུ་ཨུཏྤལ་སྔོན་པོ་བསྣམས་པ་ཁྱུང་གི་༴ ཁྲུམས་སྟོད་ལྗང་གུ་ཨུཏྤལ་ལྗང་གུ་བསྣམས་པ་སེང་གེའི་ཁྲི་༴ ཁྲུམས་སྨད་མཐིང་ནག་ཨུཏྤལ་སྡོང་བུ་བསྣམས་པ་གླང་ཆེན་གྱི་ཁྲི་༴ ནམ་གྲུ་ནག་པོ་ཨུཏྤལ་ལྗང་ནག་བསྣམས་བ་རའི་༴ དབྱུ་གུ་ལྗང་གུ་པདྨ་དམར་པོ་བསྣམས་པ་མ་ཧེའི་༴ བྲ་ཉེ་ལྗང་གུ་པདྨ་ལྗང་གུ་བསྣམས་པ་འཁོར་ལོའི་༴ མགྱོགས་བྱེད་ནག་པོ་ལ་སོགས་པའི་ནག་པོ་སྟོང་། ཁྱབ་བྱེད་མ་མོ་ལ་སོགས་པའི་ཤ་ཟ་འབུམ། འབར་མ་གཏུམ་བྱེད་ལ་སོགས་མ་མོ་བྱེ་བ། ལྷ་དམག་བྱེ་བ་དུང་ཕྱུར། སྲིད་གསུམ་འབྱུང་པོ་བྱེ་བའི་ཚོགས་གཞན་ཡང་མཁའ་ལ་འགྲོ་བ། ཤུགས་ཀྱིས་འགྲོ་བ་སྨྱོ་བྱེད། སྲུལ་པོ་ལ་སོགས་པ་འབྱུང་པོའི་ཚོགས་དང་བཅས་པ་ཤ་ལ་དགའ་བ་ཁྲག་ལ་སྲེད་པ། དབུགས་ལ་རྔམས་པ། རོ་ལ་འཇིབ་པ། ཁྲོ་ཞིང་གཏུམ་པ། ཆ་ལུགས་དུ་མ་སྟེ་ཆོ་འཕྲུལ་ཅིར་ཡང་སྟོན་པ། སྲིད་གསུམ་ཐམས་ཅད་སྐད་ཅིག་(༥ན)


GLG025_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཐལ་བར་རློག་པའི་མཐུ་དང་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པའི་ཚོགས་ཀྱིས་བསྐོར་བར་གྱུར། མཐུན་རྫས་ཡ་སྟགས་གླུད་སྐོས་སུ་ཤེས་པ་ནི། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཕྱི་ནང་གསང་བའི་མཆོད་པ་སྦྱན་གཟིགས་མཐུན་རྫས་ཐམས་ཅད་ཀྱི་མ་དག་པ་རྣམས། ཐུགས་ཀ་ནས་སྤྲོས་པའི་རཾ་ལས་མེས་བསྲེགས། ཡཾ་ལས་རླུང་གིས་གཏོར། ཁཾ་ལས་ཆུས་བཀྲུས། ཨཱོཾ་གྱིས་འདོད་ཡོན་ལྔར་བསྒྱུར། ཨཱ༔ས་ནམ་མཁའི་ཁམས་ཀུན་ཁྱབ། ཧཱུཾ་གིས་བདུད་རྩིའི་རང་བཞིན་འཛད་མེད་དུ་སྤེལ། སྭཱས་གཟུགས་བརྙན་ཐམས་ཅད་མཚན་དང་དཔེ་བྱད་ཕུང་ཁམས་སྐྱེ་མཆེད་དང་ལྡན། ཧཱས་ཁྱབ་འཇུག་ཆེན་པོ་འཁོར་དང་བཅས་པའི་སྐུ་གསུང་ཐུགས་དང་གཉིས་སུ་མེད་པར་རྟེན་ལ་བརྟན་པར་བཞུགས་པའི་ནུས་པ་དང་ལྡན་པར་གྱུར། མཐུན་རྫས་མཚོན་ཆ་དང་དུག་དཔལ་དུ་ཤེས་པ་ནི། ཨ་མྲྀ་ཏས་བསངས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་གྲི་མདུང་མདའ་གཞུ་སོགས་ཕྱག་མཚན་རྣམས་རྣོ་བའི་ངར་དང་དུག་གི་དབལ་དང་ལྡན་པ་བཏབ་པ་ཙམ་གྱིས་དགྲ་བགེགས་རྩད་ནས་གཅོད་པའི་ནུས་པ་དང་ལྡན་པར་གྱུར། སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གིས་བརླབ། གཙོ་བོའི་ཐུགས་ཀར་ཨྱོན་པདྨ་ཚོན་གང་བ། དེའི་ཐུགས་ཀར་ཡེ་ཤེས་ཀྱི་གཟའ་བདུད་རཱ་ཧུ་ལ་དཀར་པོ་ཕྱག་གཉིས་ཐལ་མོ་སྦྱར་བ་ཆོས་སྐྱོང་གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ཨཱོཾ། མགྲིན་པར་ཨཱ༔ ཐུགས་ཀར་ཧཱུཾ། རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། གར་བཞུགས་ཀྱི་གནས་ནས་གཟའ་བདུད་འཁོར་དང་བཅས་པ་ཐམས་ཅད། སངས་རྒྱས་རིན་ཆེན་སྙིང་པོ། བཅོམ་ལྡན་ཤཱཀྱ་(༥བ)


GLG025_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་པ། ཨྱོན་པདྨ་ལ་སོགས་པ་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དྲན་པ་ཙམ་གྱིས། སྔགས་འཆང་རྣལ་འབྱོར་བ་བདག་གི་ལས་བསྒྲུབ་པའི་ཆེད་དུ་གནས་འདིར་གཤེགས་སུ་གསོལ། བཛྲ་ས་མ་ཡ་ཛ༔ ཏྲི་ཤ་སོགས་བརྗོད། འཕྲིན་ལས་གཞུང་ལྟར་བཏང་། ཧཱུཾ་བར་སྣང་ཡངས་པའི་དཀྱིལ་འཁོར་ནས། ཁྱབ་འཇུག་ཆེན་པོརཱ་ཧུ་ལ། །ཀླུ་སྲིན་ཚོགས་པའི་མཐུ་པོ་ཆེ། །རོ་སྟོད་སྲིན་པོ་རོ་སྨད་སྦྲུལ། །མགོ་དགུ་མགོ་ལུས་མིག་གིས་ཁེངས། །བར་སྣང་ཁམས་ན་བཞུགས་ཙ་ན། ཉི་མ་ཟླ་བ་ལྟོ་རུ་ཟ། །རྒྱ་མཚོའི་གཏིང་དུ་བཞུགས་ཙན། །ཀླུ་རྣམས་ཀུན་ཀྱང་དཀྲུག་ཅིང་སློང་། །ལྷ་སྲིན་སྡེ་བརྒྱད་ནང་བྱན་བྱེད། །གཟའ་རྒོད་ཡོངས་ཀྱི་དམག་དཔོན་ཁྱོད། །སངས་རྒྱས་རིན་ཆེན་སྙིང་པོ་དང་། །བཅོམ་ལྡན་ཤཱཀྱ་ཐུབ་པདྨ་འབྱུང་། །གཏེར་སྟོན་ཚུལ་རྡོར་ཀློང་ཆེན་ཞབས། །རྩ་བརྒྱུད་བླ་མའི་དམ་ཚིག་བཞིན། །དཀར་ཕྱོགས་རྒྱལ་བའི་རྒྱལ་མཚན་བསྒྲེངས། །ནག་པོ་བདུད་ཀྱི་བ་དན་བསྙིལ། །བསྟན་འགྲོའི་ཕན་བདེ་སྤེལ་བ་བཞིན། །དེང་འདིར་སྔགས་འཆང་བདག་ཅག་གི །ཞི་རྒྱས་དབང་དྲག་ལས་བསྒྲུབ་ཕྱིར། །མཐིང་ནག་རི་རབ་གྲུ་གསུམ་དབྱིབས། །རིན་ཆེན་ཐོད་མཁར་གནས་ཀྱི་རྟེན། །གཙོ་འཁོར་སྐུ་གཟུགས་ཡོངས་རྫོགས་དང་། །དར་མདུང་ཁྲ་བོ་སྐུ་ཡི་རྟེན། །རྩ་སྔགས་བྲིས་པ་གསུང་གི་རྟེན། །ར་རོག་ཤ་སྙིང་དམ་རྫས་རྟེན། །སྲོག་འཁོར་བླ་རྡོ་མི་འབྲལ་རྟེན། །ཞལ་ཕྱུང་ནམ་མཁའ་འཇའ་རིས་ཅན། །རྩེ་མོར་ཕོ་རོག་སྒྲོ་ཡིས་བརྒྱན། །ལོགས་ལ་དར་ནག་པུར་རུ་རུ། །མགུལ་ལ་ཡུངས་ཀར་ཤར་ར་ར། ཁྱབ་འཇུག་ཞལ་དང་གཉིས་མེད་རྟེན། །མདའ་ཁྲ་སྦྲུལ་(༦ན)


GLG025_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

ཞགས་ཐོག་སེར་རིས། །ལྕགས་འཕང་དུང་གི་མེ་ལོང་ཅན། །རྒྱང་བུ་ནག་པོ་ཉི་ཟླས་བརྒྱན། །ཕོ་གདོང་མོ་གདོང་མཛེས་པའི་གཟུགས། །ཤིང་གྲི་ཡུལ་མཁར་རི་མོ་ཅན། །རྣལ་འབྱོར་མི་ནོར་གླུད་ཀྱི་རྟེན། །བཤོས་ནག་ཁྲག་ཀོང་ཨུས་ཀྱུ་དང་། །གཏོར་ཚོགས་འཕྲིན་ལས་འཆོལ་བའི་རྟེན། །རྩ་བརྒྱད་སྟོང་སྦྱར་བདུད་རྩི་སྨན། །དམ་ཚིག་གཅིག་ཏུ་བསྲེ་བའི་རྟེན། །དམར་ཆེན་རཀྟ་མཐུན་རྫས་རྟེན། །མི་ནག་བྱ་ནག་རྟ་ནག་གཡབ། །རྟོལ་ནག་ར་ལུག་ཁྱི་དང་ཕག །དགུ་དགུ་གཞན་ཡང་སྟག་གཟིག་དང་། །སྦྲུལ་དང་སྤྲེའུ་གདོང་དམར་འབྲུག །གླང་ཆེན་འདོད་འཇོའི་བ་ལ་སོགས། །དྲང་སྲོང་འཁོར་བཅས་དཀོར་ནོར་རྟེན། །པདྨ་ཨུཏྤལ་མེ་ཏོག་ཚོགས། །སྨན་སྣ་ཤིང་སྣ་དུད་པའི་སྤྲིན། །སྣང་གསལ་མར་མེ་དྲི་བཟང་ཆབ། །ཤིང་ཏོག་བཟའ་དང་བཅའ་བའི་ཚོགས། །སྒྲ་སྙན་རོལ་མོ་གླུ་གར་མཛེས། །མིག་སྣ་རྣ་ལྕེ་སྙིང་རྣམས་སྤུངས། །ཤ་ཚིལ་གསུར་གྱི་དུད་པ་འཐུལ། །ཚིལ་ཆེན་རོ་སྐྲར་མེ་དཔུང་འབར། ཁྲག་གི་བཏུང་བའི་ཨརྒྷཾ་སྦྲེང་། །ཕྱི་ཤ་པགས་པ་རུས་པ་དང་། །ནང་ཁྲོལ་བྱང་སེམས་དཀར་དམར་ཚིལ། །བཙོས་དང་རྗེན་པའི་ཤ་སྣ་ཚོགས། །ཤ་རུལ་ཁྲག་རུལ་ཉ་རུལ་དང་། །ར་མཆིན་ཤ་ཁྲག་བ་དམར་འོ། །སྟག་རས་གཟིག་རས་བསེ་བྱང་དང་། །ལྕགས་བྱང་དུང་སོགས་མཐུན་རྫས་རྟེན། །ཛཱ་ཏི་ཙནྡན་ག་བུར་དང་། །ཅུ་གང་འགིའུ་ཝཾ་རུ་རྟ་ཏིལ། །རྨ་བྱའི་གདོངས་དང་གུར་ཀུམ་སོགས། །ཀླུ་སྨན་ནད་ཀུན་སེལ་བྱེད་རྟེན། །གསེར་དངུལ་ཟངས་ལྕགས་མུ་ཏིག་གཡུ། །པད་རཱག་དབང་སྔོན་བྱུ་རུ་ཤེལ། །སྣ་ཚོགས་རིན་ཆེན་འབྲུ་སྣ་དང་། །ཇ་སྣ་ཟས་(༦བ)


GLG025_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་དར་ཟབ་སོགས། །ལོངས་སྤྱོད་ཕུན་ཚོགས་རྒྱས་བྱེད་རྟེན། ཁྲབ་རྨོག་ཞོལ་རྟགས་སྲ་བའི་གོ །མདའ་མདུང་རལ་གྲི་དགྲ་སྟ་ཞགས། །ཕྱག་མཚན་མཚོན་ཆ་སྣ་ཚོགས་པ། །བ་དན་རྒྱལ་མཚན་རུ་མཚོན་སོགས། །དགྲ་འཇོམས་གཡུལ་ལས་རྒྱལ་བའི་རྟེན། །རྒྱལ་སྲིད་སྣ་བདུན་རིན་ཆེན་ཁྲི། །བཀྲ་ཤིས་རྟགས་བརྒྱད་དཔག་བསམ་ཤིང་། །གླིང་བཞི་གླིང་ཕྲན་རི་རབ་སོགས། །སྟོབས་འབྱོར་མངའ་ཐང་རྒྱས་བྱེད་རྟེན། །ལྟ་སྒོམ་སྤྱོད་དག་དམ་ཚིག་གཙང་། །གཟའ་བདུད་ཆེ་ཁྱོད་རང་གི་སེམས། །དྲེགས་འདུལ་ཧེ་རུ་ཀ་དཔལ་དུ། །ངེས་པ་རྙེད་པ་མཆོག་གི་རྟེན། །དེ་ལྟར་རྟེན་པའི་མཐུན་རྫས་རྣམས། ཁྱབ་འཇུག་ཆེན་པོའི་རྟེན་དུ་འབུལ། །སྲིན་པོ་ཡབ་ཀྱི་རྟེན་དུ་འབུལ། །ཀླུ་མོ་ཡུམ་གྱི་༴ ལྗང་སྔོན་ཆེན་པོའི་རྟེན་དུ་འབུལ། །དྲང་སྲོང་དཀར་སེར་༴ བདུད་པོ་རོག་ཏིའི་༴ བིཤྚི་བ་ཏྲའི་༴ བིཥྞུ་རཱ་ཛའི་༴ དུ་བ་མཇུག་རིང་༴ ཁྱབ་འཇུག་ཆེན་པོའི་༴ སྒྲ་གཅན་འཛིན་པའི་༴ སྟག་སྲིན་ཟོར་གདོང་༴ བཾ་སྲིན་དྲེད་གདོང་༴ ཀོང་སྲིན་གླང་གདོང་༴ ཆུ་སྲིན་གདོང་ཅན་༴ གཟའ་ཆེན་བརྒྱད་ཀྱི་༴ ལྷ་སྲིན་སྡེ་བརྒྱད་༴ ལྷ་ཆེན་བརྒྱད་ཀྱི་༴ ཀླུ་ཆེན་བརྒྱད་ཀྱི་༴ ཕྱོགས་སྐྱོང་བཅུ་ཡི་༴ རྒྱུ་སྐར་ཉེར་བརྒྱད་༴ ནག་པོ་སྟོང་གི་༴ ཤ་ཟ་འབུམ་སྡེའི་༴ མ་མོ་བྱེ་བའི་༴ ལྷ་དམག་དུང་ཕྱུར་༴ སྲིད་གསུམ་འབྱུང་པོའི་༴ དེ་ལྟར་ཁྱབ་འཇུག་འཁོར་བཅས་རྣམས། །གཞལ་ཡས་རྟེན་ལ་བརྟན་པར་བཞུགས། །མཐུན་པའི་རྫས་ལ་དགྱེས་པར་རོལ། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་བཞེས། །དང་པོར་སངས་རྒྱས་རིན་ཆེན་སྙིང་། །རྡོ་རྗེའི་འཆང་དང་གསང་(༧ན)


GLG025_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

བདག་བཀའ། །བར་དུ་དགའ་རབ་རྡོ་རྗེ་དང་། །འཇམ་དཔལ་བཤེས་གཉེན་ཤཱི་སིདྷ། །པད་འབྱུང་བི་མཱ་མི་ཏྲའི་བཀའ། །ཐ་མར་གཏེར་སྟོན་ལས་འབྲེལ་རྩལ། །ཀློང་ཆེན་རབ་འབྱམས་ནས་བཟུང་སྟེ། །ལེགས་ལྡན་རྡོ་རྗེ་དབང་པོའི་སྡེ། །ངག་གི་དབང་པོ་དྲིན་ཅན་རྗེ། །ཆོས་དབྱིངས་རང་གྲོལ་ལ་སོགས་པ། །རིགགས་འཛིན་རྩ་བརྒྱུད་བླ་མ་ཡིས། །མགོ་ལ་དམ་ཚིག་རྡོ་རྗེ་བཞག །ལྕེ་ཐོག་བདུད་རྩི་ཆོས་སྨན་བླུག །དམ་ཚིག་གཉན་པོ་རབ་སྒྲགས་པ། ཉེར་དགོངས་སངས་རྒྱས་བསྟན་པ་སྲུངས། །དེ་འཛིན་ཚོགས་ཀྱི་སྐུ་ཚེ་སྲིངས། །དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད། །དགེ་འདུན་སྡེ་རྣམས་དར་ཞིང་རྒྱས། །འགྲོ་བ་ཀུན་གྱི་བདེ་སྐྱིད་སྤེལ། ཁྱད་པར་གངས་ཅན་བོད་ཡུལ་འདིར། །མི་ཕྱུགས་ནད་རིམས་མུ་གེ་དང་། །གཡུལ་འཁྲུག་འཐབ་རྩོད་ལ་སོགས་པ། །མི་མཐུན་ཉེས་ཚོགས་ཀུན་ཞི་ཞིང་། །བདེ་སྐྱིད་དཔལ་ལ་སྤྱོད་པར་མཛོད། །ཡང་སྒོས་རིགས་འཛིན་བདག་ཅག་གིས། །བསྲུང་བར་བཅུག་པའི་མི་ནོར་ལ། །གནོད་ཅིང་འཚོ་བའི་ནད་གདོན་བགེགས། །བར་ཆད་མི་མཐུན་ཕྱོགས་སྤྱི་དང་། །བྱེ་བྲག་བན་བོན་དམོད་མཐུ་བྱེད། །སྡེ་བརྒྱད་ཟ་ཁ་ཟུག་པ་དང་། །དྲང་སྲོང་གཟའ་རྒོད་བསྡོངས་ཟླ་ཡི། །གཟེར་ཕོག་ཁ་རླངས་མཐོང་རེག་གི །དུག་དང་འཁུ་ལྡོག་ཉེས་པ་ཀུན། །མ་ལུས་ཞི་ཞིང་བཟློག་པར་མཛོད། །བསམ་ངན་སྦྱོར་རྩུབ་འཆང་བ་ཡི། །གནོད་བྱེད་དགྲ་བགེགས་མ་ལུས་པ། །ཞ་རེངས་ཁ་མིག་ལྟག་པར་སྐྱོལ། །སྨྱོ་ལྐུགས་ཉམས་ཤིང་སྲོག་རྩ་ཆོད། །ཡུལ་ཞིང་མཁར་ལ་ཐོག་སེར་དང་། །ཐན་དང་ལྟས་ངན་ཆར་པ་ཕོབ། །(༧བ)


GLG025_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་ན་ཞི་རྒྱས་དབང་དྲག་གི །འཕྲིན་ལས་གང་བཅོལ་མ་ལུས་པ། །བསམས་པ་ཙམ་གྱིས་འབད་མེད་དུ། །ལྷུན་གྱིས་གྲུབ་པའི་འཕྲིན་ལས་མཛོད། །བསྟོད་བསྐུལ་བྱ། །གསང་བ་གསོལ་འདེབས་ནི། །ཧོ་དགོངས་སུ་གསོལ་ལོ། །དྲག་པོའི་ལས་ལ་གྲུབ་བའི་མཐུ་དང་རྩལ་མངའ་བ། །ཡེ་ཤེས་ཀྱི་སྤྲུལ་པ་ཆེན་པོ། འཇིག་རྟེན་ཁམས་ཀྱི་གཙོ་བོ། ཆོས་སྐྱོང་གཟའ་བདུད་ནག་པོ་ཁྱོད། །ཀུན་བཟང་ཧེ་རུ་ཀ་དང་ངོ་བོ་ཆོས་ཉིད་དུ་གཅིག་པ། །རང་བཞིན་ཡེ་ཤེས་སུ་མཚུངས་པ། །མཚན་ཉིད་འཕྲིན་ལས་ཐོགས་པ་མེད་པ་མི་མཐུན་པའི་ཕྱོགས་ཐམས་ཅད་འཇོམས་པའི་དཔའ་བོ། །སྣང་སྲིད་ལྷ་འདྲེ་ཀུན་གྱི་རྗེ་བོ། །ལྷ་མ་སྲིན་སྡེ་བརྒྱད་ཀྱི་སྡེ་དཔོན། །སྤྲུལ་བའི་ཆོས་སྐྱོང་ཆེན་པོ་ཁྱོད་ཀྱིས་རིགས་འཛིན་རྣལ་འབྱོར་བ་བདག་ཅག་འཁོར་དང་བཅས་པ་རྣམས་གཅེས་པའི་བུ་བཞིན་དུ་སྐྱོངས་ཤིག༔ དམ་ཚིག་ཅན་གྱི་སྲོག་བཟུང་ཞིག༔ སྒྲུབ་པ་པོའི་གྲོགས་མཛོད་ཅིག༔ དམ་ཉམས་པའི་དགྲ་བོ་ཐམས་ཅད་སྒྲོལ་ཅིག༔ ཆོས་སྐྱོང་བའི་སྲུང་མ་ཁྱོད་ནི། ཞི་བའི་མདངས་དང་ལྡན་པ། རྒྱས་པའི་བྱིན་ཆགས་པ། དབང་སྡུད་ལས་ཀྱི་རྩལ་མངའ་བ། དྲག་པོའི་དགྲ་བགེགས་སྒྲོལ་བའི་ལས་ལ་མྱུར་བ། བསྟན་པ་བསྲུང་བའི་བདག་པོ། མཐུ་སྟོབས་ཀྱི་དབང་ཕྱུག །སྒྲུབ་པ་པོའི་བསམ་གཏན་གྱི་དྲོད་མྱུལ་བར་བྱེད་པའི་གཟའ་བདུད་འཁོར་དང་བཅས་པ། བདག་ལ་དགོངས་སུ་གསོལ། བདག་སྔགས་འཆང་རྡོ་རྗེ་འཛིན་པ་ཞེས་བགྱི་བའི་སྒྲུབ་རྟེན་འདི་རྣམས་ལ་བཞུགས་པ་དང་གནས་པར་མཛོད་ཅིག༔ རྣལ་འབྱོར་པ་བདག་བླ་ན་མེད་པའི་བྱང་ཆུབ་བསྒྲུབ་པའི་བྱང་ཆུབ་བསྒྲུབ་པའི་གྲོགས་མཛོད་ཅིག༔ བདེ་བ་ཆེན་པོའི་ཞིང་དུ་(༨ན)


GLG025_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་ལ། བདུད་བཞིའི་འཇིགས་པ་ལས་སྐྱོབ་པ་དང་། ལམ་གྱི་བསྐུལ་མ་མཛོད་ཅིག༔ ཡང་དག་པའི་ས་ལ་འཁྲིད་པའི་སུན་མ་དང་འཕྲིན་ལས་མཛོད་ཅིག༔ སྙིང་པོ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ལུས་ངག་ཡིད་གསུམ་ལོག་པའི་ལམ་ལ་ནམ་ཡང་མི་འཇུག་ཅིང་། ཐར་པ་བྱང་ཆུབ་ཀྱི་ཕྱོགས་འབའ་ཞིག་ཏུ་འགྲོ་བར་མཛད་དུ་གསོལ༔ འཇིག་རྟེན་འདིར་ཡང་བདག་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ཞིང་། ཟས་ནོར་ལོངས་སྤྱོད་ཐམས་ཅད་དབང་དུ་བསྡུ་བ་དང་། མངོན་སྤྱོད་ཀྱི་ལས་གང་ལའང་ཐོགས་པ་མེད་པར་འགྲུབ་བར་མཛད་དུ་གསོལ༔ བཀྲ་ཤིས་བདེ་ལེགས་ཐམས་ཅད་འབྱུང་ཞིང་ཅི་བསམས་པ་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ༔ ཞེས་གསོལ་གདབ་འཕྲིན་ལས་འཆོལ་ཞིང་མེ་ཏོག་འཐོར་ཡི་གེ་བརྒྱ་པ་ལན་གསུམ་གྱིས་ལྷག་ཆད་ཁ་བཀང་། གང་ཡང་བདག་བློ་རྨོངས་པ་ཡིས། ཞེས་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། ཆོས་སྐྱོང་གཟའ་མཆོག་འཁོར་བཅས་རྣམས། །རྟེན་འདིར་མི་འབྲལ་རྟག་བཞུགས་ནས། །བདག་ཅག་དཔོན་སློབ་ཡོན་མཆོད་ཀྱི། །འཕྲིན་ལས་རྣམ་བཞི་སྒྲུབ་པར་མཛོད། །ཨཱོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། །ཞེས་བརྟན་བཞུགས་བྱ། སངས་རྒྱས་ཀུན་འདུས་པདྨ་ཐོད་འཕྲེང་རྩལ། །རིགས་འཛིན་རྩ་བརྒྱུད་བླ་མའི་བཀྲ་ཤིས་ཤོག །དངོས་གྲུབ་ཆར་འབེབས་གསང་བདག་རྡོ་རྗེ་འཛིན། །དྲེགས་འདུལ་དཀྱིལ་འཁོར་ལྷ་ཡི་བཀྲ་ཤིས་ཤོག །སྲིད་གསུམ་དྲེགས་པ་ཡོངས་ཀྱི་དམག་དཔོན་མཆོག །གཟའ་རྒོད་ཁྱབ་འཇུག་ཆེན་པོའི་བཀྲ་ཤིས་ཤོག །གཞན་ཡང་བཀྲ་ཤིས་པའི་ཚིགས་སུ་བཅད་པ་ཅི་རིགས་(༨བ)


GLG025_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །དེ་ལྟར་ཁྱབ་འཇུག་ཆེན་པོ་རཱ་ཧུ་ལའི་རྟེན་མདོས་ཀྱི་འཕྲིན་ལས་དྲང་སྲོང་ཀུན་ཏུ་དགའ་བའི་ཟློས་གར་ཞེས་བགྱི་བ་འདི་ནི་གསང་སྔགས་ཕོ་བྲང་གི་མཚམས་ཁང་ཤོད་ཀྱི་གཟའ་ཁང་དུ་རྟེན་མདོས་འཛུགས་པའི་དུས་ལས་འབྲེལ་རྩལ་གྱི་གཏེར་གཞུང་གི་མདོས་ནག་དང་དུག་དབྱུང་། མགོན་པོ་གཡུལ་བཟློག་གི་ནང་ཚན་ཁྱབ་འཇུག་གི་མདོས་གཡང་འགུགས་ཀྱི་ཡི་གེ་སོགས་ལས་ཀྱང་ཞིབ་མོར་དཔྱད་དེ་ཟ་ཧོར་ཀྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ཆང་ཁྱིམ་བ་བློ་བཟང་དངོས་གྲུབ་བོ། །སརྦ་མདྒ་ལཾ།


previousཁྱབ་འཇུག་རྟེན་མདོས་ཀྱི་འཕྲིན་ལས་དྲང་སྲོང་ཀུན་ཏུ་དགའ་བའི་ཟློས་གར།next