Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དྲང་སྲོང་ལོག་ཏྲི་པཱ་ལའི་ལས་བྱང་ཆོག་སྒྲིགས་གནམ་ལྕགས་རྡོ་རྗེ་དྲག་འབེབས།
   
   
   
   
   
   
   


 
previousདྲང་སྲོང་ལོག་ཏྲི་པཱ་ལའི་ལས་བྱང་ཆོག་སྒྲིགས་གནམ་ལྕགས་རྡོ་རྗེ་དྲག་འབེབས།next

དྲང་སྲོང་ལོག་ཏྲི་པཱ་ལའི་ལས་བྱང་ཆོག་སྒྲིགས་གནམ་ལྕགས་རྡོ་རྗེ་དྲག་འབེབས།


GLG025_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

དྲང་སྲོང་ལོག་ཏྲི་པཱ་ལའི་ལས་བྱང་ཆོག་སྒྲིགས་གནམ་ལྕགས་རྡོ་རྗེ་དྲག་འབེབས་བཞུགས་སོ། །


GLG025_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཤྩ་མ་ཧཱ་རྵི་བི་མ་ལཱ་ཡ། རྒྱལ་ཀུན་མཐུ་སྟོབས་ཁྲོ་ཆུ་ཁོལ་མའི་རྒྱུན། །གཏུམ་ཆེན་གསང་བའི་བདག་པོར་བླུག་པའི་གཟུགས། །ཕྱག་ན་རྡོ་རྗེ་གདེངས་པའི་མདོ་ཉིད་ལ། ཁམས་གསུམ་ཅིག་ཅར་འདར་བར་མཛད་ཁྱོད་བསྔགས། །ཆུ་ནང་གཟུགས་བཞིན་སྣ་ཚོགས་སྤྲུལ་བའི་གར། །དྲང་སྲོང་དྲི་མ་མེད་པའི་འོད་ཟེར་ཞེས། །དམོད་པའི་ག་བུར་གཟེགས་མས་ནད་གདོན་བགེགས། །ཚ་དབལ་ཀུན་འཇོམས་སྔོན་མེད་ཟླ་བ་ཆེ། །མགོན་དེ་ཁྲོས་པའི་མོད་ལ་སྡེ་བརྒྱད་དཔུང་། །མཐར་བྱེད་ཞེ་སྡང་རྡོ་རྗེ་ཁྲོ་བོའི་རྒྱལ། །སྟོང་ཕྲག་ཉི་མ་འབར་བའི་འོད་པོ་ཆེས། །སྙིགས་དུས་བདུད་མུན་མིང་གི་ལྷག་མར་བྱས། །དྷརྨ་ཨ་ཤྭ་ཀ་ཡི་ཐུགས་ཀྱི་བཅུད། །རྒྱལ་དབང་པདྨས་གཏེར་དུ་རྒྱས་བཏབ་པ། །སྒོ་འབྱེད་ཉང་རལ་ཆོས་ཀྱི་དབང་ཕྱུག་ཅེས། །གཏེར་སྟོན་ཉི་ཟླ་ཟུང་འབྲེལ་ལས་འོངས་ཆོས། །རིག་གཏད་ལུང་དང་མན་ངག་མཐོང་ཐོས་པའི། །རྙིང་རློམ་གངས་ཅན་པདྨོའི་མངལ་གང་ཡང་། །ལམ་འདིའི་སྲོལ་འབྱེད་རིན་ཅེན་ཕུན་ཚོགས་ཞབས། །མྱ་ངན་མེད་དེ་བསམས་བཞིན་སྲིད་པ་བཟུང་། །རིགས་རྣམས་ཀུན་ཁྱབ་ཆོས་དབྱིངས་རང་གྲོལ་(༢ན)


GLG025_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ། །ཟབ་གཏེར་བཀའ་བབས་སྤྲུལ་སྐུ་གཏེར་བདག་གླིང་། །ཐུགས་རྗེའི་ཟེར་གྱིས་རང་བློ་པདྨའི་ཁ། །ཕྱེ་བའི་བཀའ་དྲིན་ཚད་གཞལ་ག་ལ་རྙེད། །དེ་ཕྱིར་སྨྲ་བའི་སྤོབས་པ་གཟེངས་མཐོ་བས། །སྣོད་ལྡན་དོན་གཉེར་མང་པོར་ཕན་པའི་ཆེད། །ཆོག་སྒྲིགས་གནམ་ལྕགས་རྡོ་རྗེ་དྲག་འབེབས་འདི། །ལས་འཕྲོ་ཉེར་སད་དཔའ་རྟགས་ལག་ཆར་བྱིན། །དེ་ལ་འདིར་དྲང་སྲོང་དྲི་མེད་འོད་ཟེར་ཞི་དྲག་གི་འཕྲིན་ལས་ཀྱི་རིམ་པ་མཐོང་བས་དོན་གསལ་ནག་པོ་འགྲོ་ཤེས་ཀྱི་ཚུལ་དུ་བཀོད་པ་ལ། སྔོན་འགྲོ །དངོས་གཞི། རྗེས་དང་གསུམ། དང་པོ་ལ་བརྒྱུད་འདེབས་ནི། དྲང་སྲོང་དྲི་མེད་ངྷརྨ་ཨ་ཤྭ་ཀ །བྲམ་ཟེ་ལེགས་གྲུབ་པྲ་བྷ་ཧསྟི་དང་། །ཤཱནྟི་གརྦྷ་པདྨ་འབྱུང་གནས་ལ། །གསོལ་བ་འདེབས་སོ་སྡེ་བརྒྱད་ཟིལ་གནོན་ཤོག །ཁྲི་སྲོང་ཡབ་སྲས་ཉང་རལ་འགྲོ་བའི་མགོན། །ཆོས་ཀྱི་དབང་ཕྱུག་པདྨ་དབང་རྒྱལ་དང་། །མར་སྟོན་སངས་རྒྱས་གཉན་སྟོན་བཀྲས་སེང་ལ། །གསོལ་བ་༴ ཆོས་ཉིད་རང་གྲོལ་སངས་རྒྱས་ལྷུན་དབང་དང་། །ཀུན་དགའ་བཀྲ་ཤིས་རྒྱལ་སྲས་ཆོས་ཀྱི་རྗེ། །ཆོས་འཕགས་བཟང་པོ་ཤཱཀྱ་དཔལ་བཟང་ལ། །གསོལ་བ་འདེབས་སོ་༴ འཇམ་དབྱངས་རྒྱལ་མཚན་མཁར་(༢བ)


GLG025_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་རྡོ་རྗེ་དང་། །རིན་ཅེན་ཕུན་ཚོགས་མངའ་རིས་ལེགས་ལྡན་ཞབས། །ཆོས་རྒྱལ་ཕུན་ཚོགས་དབུར་སྨྱོན་ཆོས་གྲགས་ལ། །གསོལ་བ་༴ དཀོན་ཅོག་ལྷུན་གྲུབ་ཆོས་རྒྱལ་གཏེར་བདག་གླིང་། །སླར་ཡང་བཀྲ་ཤིས་རྒྱ་མཚོ་ཁུ་དབོན་དང་། །ཟུར་རིགས་ལྷུན་གྲུབ་རྡོ་རྗེ་ཡབ་སྲས་ལ། །གསོལ་བ་༴ ཡབ་དང་འབྲི་གུང་རིགས་འཛིན་ནཱ་རོ་པ། །རྣམ་གཉིས་གཙུག་བསྟེན་ཆོས་དབྱིངས་རང་གྲོལ་ཞབས། །ཟླ་མེད་དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་༴ རིག་གཏད་ལུང་དང་མན་ངག་དམར་འཁྲིད་ལ། །བརྟེན་ནས་བསྐྱེད་རིམ་བསྙེན་སྲུང་བཟློག་བསད་ཀྱི། །འཕྲིན་ལས་ཀུན་གྲུབ་མ་དག་མཁའ་དབྱིངས་སུ། །ལྷུན་གྲུབ་འོད་ལྔའི་ཡེ་ཤེས་རྫོགས་པར་ཤོག །སྐྱབས་འགྲོ་ནི། རྩ་གསུམ་འདུས་པའི་ངོ་བོ་གསང་བའི་བདག །ཞི་བའི་དྲང་སྲོང་སྐུར་བསྟན་དྲི་མ་མེད། །སྡེ་བརྒྱད་གཉེན་པོར་ལོག་ཏྲི་ཁྲོ་བོའི་རྒྱལ། །བྱང་ཆུབ་མ་ཐོབ་བར་དུ་སྐྱབས་སུ་མཆི། །ལན་གསུམ། སེམས་བསྐྱེད་ནི། འགྲོ་བའི་དོན་དུ་རང་རིག་ཀུན་ཏུ་བཟང་། །རང་ཞལ་མངོན་སུམ་བལྟ་ལ་སྒྲིབ་བྱེད་ཀྱི། །ལས་ཉོན་རྣམ་རྟོག་འཁྲུལ་ངོར་ཤར་བའི་གེགས། །འདུལ་ཕྱིར་སྔགས་རྒོད་ལོག་ཏྲི་བསྒྲུབ་པར་བྱ། །ལན་གསུམ་བརྗོད། ཚོགས་ཞིང་ནི། ཏྲཾ་རཏྣ་མཎྜལ། པཾ་པདྨ་མཎྜ་གམ་སཱུཪྻ་མཎྜལ་ཨ་ཙནྡྲ་མཎྜལ། བཛྲ་ས་མ་ཡ་ཛ༔ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་སྟོན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་བ། །དག་བའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་(༣ན)


GLG025_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྗོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདག་དང་མཐའ་ཡས་སེམས་ཅན་རྣམས། །དུས་གསུམ་བཞུགས་ལ་ལུས་དབུལ་ལོ། །ཚེ་རབས་བགྲངས་པའི་དགེ་བ་རྣམས། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །བགེགས་སྐྲོད་ནི། ཧཱུཾ། པདྨ་ཉི་ཟླ་བརྩེགས་པའི་གདན་སྟེང་ན། །རང་ཉིད་ཞེ་སྡང་རྡོ་རྗེ་མཐིང་ནག་མདོག །སྐུ་ལས་སྤྲུལ་པའི་ཁྲོ་བོ་མེ་དཔུང་དང་། །མཚོན་ཆའི་ཚོགས་ཀྱིས་སྟོང་ཁམས་ཁྱབ་པར་གྱུར། །གཏོར་མ་དཀར་དམར་གཉིས་བཤམས། །རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་སྐྱོང་སྡེ་བརྒྱད་གཞི་བདག་ཞིང་སྐྱོང་གདོན་བགེགས་ཀྱི་ཚོགས་དང་བཅས་པ་བཛྲ་ཨངྐུ་ཤ་ཛཿས་བཀུག །གཏོར་མ་བསངས་གཞུང་ནས་བྱུང་བའི་སྔགས་དྲུག་ཕྱག་རྒྱ་དྲུག་གིས་བརླབ་བསྔོ་གཉིས་ཀ་བྱ། ཕྱོགས་སྐྱོང་སྡེ་བརྒྱད་རྣམས་དང་ཁྱད་པར་ཡུལ་ཕྱོགས་ས་ཕྱོགས་འདི་ཀུན་ན་གཉུག་མར་གནས་པའི་གཞི་བདག་ཞིང་སྐྱོང་གཙང་ཕུད་ལ་དགའ་བ་རྣམས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་བདག་ཅག་རྣམས་དྲང་སྲོང་ལོག་ཏྲི་པཱ་ལའི་འཕྲིན་ལས་ཟབ་མོ་ཉམས་སུ་ལེན་པ་ལ་བར་གཅོད་མི་འབྱུང་བའི་སྟོང་གྲོགས་མཛོད་ཅིག །ནག་ཕྱོགས་ཤ་ཁྲག་ལ་དགའ་བ་ལན་ཆགས་དང་གནོད་བྱེད་ཀྱི་གདོན་བགེགས་ནམ་མཁའ་ལ་འཕྱོ་བ། བར་སྣང་ལ་རྒྱུ་བ་ས་གཞི་ལ་འགྲིམ་པ། འབྱུང་བ་ལ་བརྟེན་པ། སྐྱབས་གྲིབ་ལ་གབ་པ། བསྙེན་སྒྲུབ་ལས་གསུམ་གྱི་སྒྲུབ་པ་ཆེན་པོ་མཐོང་ཐོས་མི་བཟོད་པ་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདིས་ཚིམ་པར་གྱིས་ལ་བྱམས་པའི་སེམས་ཀྱིས་སོ་སོ་རང་རང་གི་གནས་དང་རྟེན་ལ་དེངས་(༣བ)


GLG025_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོ་སྤྲིན་རབ་འབྱམས་ཀྱིས་ཡེ་ཤེས་ཀྱི་རྡོ་རྗེ་འབར་བས་ཕྱེ་མར་བརླག་པར་འགྱུར། ཧཱུཾ། བདག་ཉིད་ཁྲོ་རྒྱལ་ཐུགས་ཀ་ནས། མཐིང་ནག་ཧཱུཾ་གི་འོད་ཟེར་ལས། །སྟོང་གསུམ་ཁྲོ་བོས་རབ་གང་ཞིང་། །རྔམ་སྒྲས་འཇིག་རྟེན་ཀུན་བཀང་ནས། །གནོད་མཛེས་ཁྲོ་བོ་མ་ཡིན་པའི། །གདུག་པ་གཡོ་འགུལ་མིང་ཡང་མེད། ཁྲོ་རྒྱལ་མཚོན་ཆ་མེ་རི་འབར། །འབར་བའི་མཚམས་ལས་མ་འདའ་ཞིག །བསྙེན་སྔགས་དང་ཧཱུཾ་བཞིའི་སྔགས། །དྲང་སྲོང་གི་དམོད་པ་བརྗོད། །སྲུང་འཁོར་ནི། ཧཱུཾ། ཁྲོ་བོ་མཚོན་ཆ་བསྐལ་པའི་མེ་དཔུང་གིས། །སྟེང་འོག་ཕྱོགས་མཚམས་མ་ལུས་རབ་གཏམས་ནས། །ཕྲ་མོའི་རླུང་ཡང་ཐར་བར་མི་ནུས་པའི། །སྲ་བརྟན་རྡོ་རྗེའི་གུར་གྱིས་མཚམས་ཆོད་ཅིག །བཤགས་པ་ནི། །ཧཱུཾ། བདག་གིས་ཚེ་རབས་ཐོག་མེད་ཚུན་ཆད་ནས། །ད་ལྟའི་ལུས་འདི་བླངས་པ་ཡན་ཆད་དུ། །ལུས་ཀྱིས་སྡིག་བྱས་སྤྱོད་པ་ངན་དུ་སྤྱད། །ངག་གིས་ཚིག་ཀྱལ་སྨྲ་བ་མང་དུ་བརྗོད། །ཡིད་ཀྱིས་བློ་ནོར་ལོག་པར་སེམས་ལ་སོགས། །འདོད་ཁྲོ་གཏི་མུག་དབང་གིས་ལས་སྤྱད་ཀུན། །བཀྲམ་པའི་ལྷ་ཚོགས་རྣམས་ལ་བཟོད་པར་གསོལ། །ཡེ་ཤེས་ལྷ་ལ་རྟོག་པ་མི་མངའ་ཡང་། །དེ་ཡི་འཁོར་དུ་གཏོགས་པའི་དྲེགས་པ་རྣམས། །མི་གཡེལ་སྐྱོན་མཐོང་ཙམ་ནས་བརླག་པར་མཛད། །ནོར་འཁྲུལ་ཆགས་ཉམས་མཆིས་ན་བཟོད་པར་གསོལ། །བཟོད་པར་བཞེས་ལ་ཚངས་པའི་དངོས་གྲུབ་སྩོལ། །འདི་ཕྱིའི་རྐྱེན་དང་སྒྲིབ་པར་མི་འགྱུར་གསོལ། །ཡིག་བརྒྱ་བརྗོད། བྱིན་འབེབས་ནི། ཧཱུཾ། འོག་མིན་ཆོས་དབྱིངས་ཕོ་བྲང་ལྕང་ལོ་ཅན། །ནགས་ཚལ་དྲ་བ་འཁྲིགས་པའི་ཕུག་པ་ན། །དྲི་མ་མེད་པའི་འོད་ཟེར་(༤ན)


GLG025_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

དྲང་སྲོང་ཆེ། །སྡེ་བརྒྱད་གཉེན་པོར་ཞེ་སྡང་རྡོ་རྗེའི་སྐུ། །མཐིང་ནག་ཞལ་གཅིག་ཕྱག་བཞི་ཞབས་གཉིས་བགྲད། །རྒྱན་མེད་སྐུ་ལ་བསྐལ་པའི་མེ་དཔུང་འབར། ཁྱེད་ཀྱི་ཐུགས་རྗེའི་ཐུགས་དམ་རྒྱུད་བསྐུལ་ན། །རང་བཞིན་ལྷུན་གྱིས་གྲུབ་པའི་ཞིང་ཁམས་ནས། །གློག་ལྟར་མྱུར་བའི་ཐུགས་རྗེས་འདིར་སྤྱོན་ལ། །རིགས་འཛིན་སྒྲུབ་པ་པོ་ལ་བྱིན་ཕོབ་ཅིག །ལུས་ལ་རྡོ་རྗེ་སྐུ་ཡི་བྱིན་༴ ངག་ལ་བདེན་ཚིག་གསུམ་གི་བྱིན་༴ ཡིད་ལ་རང་བྱུང་ཐུགས་ཀྱི་བྱིན་༴ ཡོན་ཏན་འགྲན་མེད་དྲང་སྲོང་བྱིན་༴ འཕྲིན་ལས་འགྲོ་འདུལ་རྣམ་བཞིའི་བྱིན་༴ དབང་ཆེན་དབང་སྐུར་དྲང་སྲོང་དྲི་མ་མེད། །བྱིན་ཆེན་བྱིན་ཕོབ་དྲང་སྲོང་དྲི་མ་མེད། །མཐུ་ཆེན་མཐུ་སྩོལ་དྲང་སྲོང་དྲི་མ་མེད། །དངོས་གྲུབ་མཆོག་སྩོལ་དྲང་སྲོང་དྲི་མ་མེད། །བདག་ཉིད་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ཏྲང་དུའི་གཤམ་དུ་ས་མ་ཡ་ཨ་བེ་ཤ་ཡ་ཨ་ཨཱཾ༔ཞེས་བརྗོད། མཆོད་གཏོར་བྱིན་གྱིས་བརླབ་པ་ནི། །རང་ཉིད་ཡི་དམ་ལྷར་གསལ་བའི། །ཐུགས་ཀའི་ཧཱུཾ་ལས་རཾ་ཡཾ་ཁཾ། །འཕྲོས་པས་མཆོད་པའི་རྫས་རྣམས་ཀྱི། །མ་དག་དངོས་འཛིན་བསྲེགས་གཏོར་བཀྲུས། །ཨོཾ་ལས་རིན་ཆེན་སྣོད་ཡངས་སུ། །མཆོད་པའི་ཡོ་བྱད་རང་རང་གི །མིང་ཡིག་དང་པོ་ཐིག་ལེ་ཡིས། །མཚན་པ་ཡོངས་སུ་གྱུར་པ་ལས། །ཆུ་གཉིས་ཉེར་སྤྱོད་འདོད་ཡོན་ལྔ། །ཀུན་དུ་བཟང་པོའི་མཆོད་པའི་སྤྲིན། །མི་ཟད་ནམ་མཁའ་མཛོད་མངའ་བས། །རྒྱལ་བ་རྒྱ་མཚོ་མཉེས་བྱེད་གྱུར། །ཨཱོཾ་བཛྲ་ཨརྒྷཾ་ཨཱ༔ཧཱུཾ་ནས་ཤཔྟ་ཨཱ༔ཧཱུཾ་གི་བར་དང་། །བཛྲ་སརྦ་པཱུ་ཛ་མེ་གྷ་ཧཱུཾ། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རིན་ཅེན་སྣོད། །ནམ་(༤བ)


GLG025_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ལྟ་བུར་རབ་ཡངས་དབུས། །བྷྲཱུཾ་ལས་ལྷ་རྫས་གཏོར་མ་ནི། ཁ་དོག་དྲི་རོ་རེག་བྱར་ལྡན། །རང་གི་གནས་གསུམ་ཡི་གེས་མཚན། །ཨཱོཾ་ལས་འོད་ཟེར་གཏོར་མར་ཕོག །འབགས་བཙོག་སྦྱངས་ཏེ་ཨཱ༔ཡིག་ལས། །འོད་འཕྲོས་བདུད་རྩིའི་རྒྱ་མཚོར་སྤེལ། །ཧཱུཾ་ལས་འོད་འཕྲོས་ནུས་པ་བསྐྱེད། །བསམ་གྱིས་མི་ཁྱབ་མང་པོར་གྱུར། །ཨཱོཾ་ཨཱཿཧཱུཾ་མ་ཧཱ་བ་ལིནྟ་ཏེ་ཛྭ་བ་ལིནྟ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡེ་སྭཱ་ཧཱ། བདག་གི་ཐུགས་ཀའི་ཧཱུཾ་ལས་རཾ་ཡཾ་ཁཾ་འཕྲོས་པས། དྲག་པོའི་མཆོད་རྫས་སྨན་རག་གཏོར་གསུམ་དང་བཅས་པའི་ཉེས་སྐྱོན་རྣམས་བསྲེགས་གཏོར་བཀྲུས་ཏེ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར་པའི་ངང་ལས་ཨ་ལས་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་གྱི་ནང་དུ་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་ཁྲག་གི་ཨརྒྷཾ་དང་ཞབས་བསིལ། དབང་པོའི་མེ་ཏོག །ཤ་ཆེན་གྱི་བདུག་སྤོས། ཞུན་ཆེན་གྱི་སྒྲོན་མེ། མཁྲིས་ཆེན་གྱི་དྲི་ཆབ། ཤ་རུས་ཀྱི་ཞལ་ཟས། རྐང་གླིང་ཐོད་རྔའི་རོལ་མོ་རྣམས་ས་གཞི་བར་སྣང་ནམ་མཁའི་ཁམས་ཐམས་ཅད་ཡོངས་སུ་གང་བར་གྱུར། ཨཱོཾ་བཛྲ་ཨརྒྷཾ་ཨཱ༔ཧཱུཾ་ནས་ཤཔྟའི་བར་བརྗོད་སྨན་ཕུད་ཀྱི་སྣོད་བཅུད་རྣམས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར་པའི་ངང་ལས་ཡཾ་ལས་རླུང་། རཾ་ལས་མེ། ཀཾ་ལས་ཐོད་པའི་སྒྱེད་བུ་གསུམ་གྱི་སྟེང་དུ་ཨཱ༔ ལས་བྷནྡྷ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་འཁོར་ལོ་རྩིབས་བཞི་པའི་ལྟེ་བར་བྱང་སེམས། སེང་གེའི་ཤ །སྨན་བཟང་པོ་དྲུག །ཤར་གྱི་རྩིབས་ལ་དྲི་ཆེན། གླང་པོ་ཆེའི་ཤ །ཛཱ་ཏི་ལྷོའི་རྩིབས་ལ་ཤ་ཆེན། རྟའི་ཤ །ཀ་ཀོ་ལ། ནུབ་ཀྱི་རྩིབས་ལ་པདྨ་རཀྟ། རྨ་བྱའི་ཤ །ལི་ཤི །བྱང་གི་རྩིབས་ལ་དྲི་ཆུ། ཁྱུང་ཤ །གུར་ཀུམ་རྣམས་རླུང་གིས་མེ་སྦར་ཏེ་ཞུ་བ་ཡོངས་སུ་གྱུར་(༥ན)


GLG025_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་ཕྱག་མཚན་བཅུ་སོ་སོའི་ལྟེ་བར་ཧཱུཾ་ཨཱོཾ་སྭཱ་ཨཱཾ་ཧཱ་མུཾ་ལཱཾ་མཱཾ་པཱཾ་ཏཱཾ་གྱིས་མཚན་པ་ལས་འོད་ཟེར་འཕྲོས། འཁོར་འདས་ཀྱི་བཅུད་ཐམས་ཅད་བསྡུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས་རིགས་ལྔར་གྱུར་པའི་སྦྱོར་མཚམས་ནས་བྱང་ཆུབ་གྱི་སེམས་དཀར་དམར་གྱི་རྒྱན་བབས་པའི་སྟེང་དུ་རིགས་ལྔ་ཡབ་ཡུམ་འོད་དུ་ཞུ་ནས་ཐིམ་པས་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨཱོཾ་ཨཱ༔ཧཱུཾ་སརྦ་པཉྩ་ཨ་མྲི་ཏ་ཧཱུཾ་ཧྲཱི༔ཐ། ལག་པའི་སོར་མོ་བསྣོལ་ལ་མཐེ་བོང་གཉིས་བསྒྲེང་པའི་ངོས་ལ་མཛུབ་མོ་གཉིས་བཀུག་ལ། ཨཱོཾ་བཛྲ་བྷ་ཉྫ་བ་ལྱཾ་ཏ་བི་ཤྭ་ཙ་ཀྲ་བྷྲུཾ། རྡོ་རྗེའི་གཏེར་སྣོད་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བར་གྱུར། ལག་གཉིས་ཁུ་ཚུར་མཛུབ་མོ་མཆེ་བ་འདྲ་བར་བྱས་ལ། ཨཱོཾ་མ་ཧཱ་སྨི་ཏ་ཛྲ་ལ་མཎྜ་ལ་ཧཱུཾ། གཏི་མུག་ཤའི་གཏོར་མ་རི་བོ་ཙམ་དུ་གྱུར། རྡོར་ཐལ་བསྐྱོད་པ་རཀྟ་སྦྲེང་བའི་རྒྱས། ཨཱོཾ་མཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུཾ། འདོད་ཆགས་ཁྲག་གི་གཏོར་མ་རྒྱ་མཚོ་ལྟ་བུར་གྱུར། ལག་པ་སོའི་ཕྲེང་བ་ལྟར་བྱས་ལ། ཨཱོཾ་མ་ཧཱ་ཀིཾ་ནྲི་ཏི་ཛྲ་ལ་མཎྜ་ལ་ཧཱུཾ། ཞེ་སྡང་རུས་པའི་གཏོར་མ་གྲམ་བུ་ལྟར་ཁྲོལ་བར་གྱུར་རྡོར་ཐལ་སྙིང་གར་གཏུགས་རྗེས་མགོ་ཐོད་གྱི་རྒྱ་ལུས་ལ་ལན་གསུམ་བསྐོར་ལ་དེའི་རྗེས་སུ་མཛུབ་མོ་གཉིས་དང་མཐེ་བོང་གཉིས་ཏེ་བཞི་པོ་རྩེ་སྤྲད་སོར་མོ་གཞན་རྣམས་བསྣོལ་ཏེ་བསྒྲེངས་ལ། ཨཱོཾ་ཀ་པཱ་ལ་བ་སུ་ཏ་ར་ལྀ་ཀྲོཾ་ཀྲོཾ་དྷེ་ཝ་བྷྱོ༔ རུ་ལུ་རུ་ལུ་ཧཱུཾ། བ་ལིནྟ་མཎྜ་ལ་ཧཱུཾ། དམ་ཉམས་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི་གཏོར་མ་ངོ་བོ་རང་བཞིན་རྣམ་པར་དག་ཅིང་རྨད་དུ་བྱུང་བ་ལ་རྣམ་པ་ཤ་ཁྲག་རུས་པའི་རང་བཞིན་སྲུང་མ་དམ་ཅན་རྒྱ་མཚོའི་དགྱེས་སྐོང་དམ་པར་གྱུར། ཨཱོཾ་ཨཱཿཧཱུཾ་གསུམ་དང་ཨེ་ཨ་ར་ལི་ཧྲིཾ་ཧྲིཾ་ཛཿ(༥བ)


GLG025_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

ཛཿ ཞེས་བྱིན་གྱིས་བརླབ། རཀྟའི་སྣོད་བཅུད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར་བའི་ངང་ལས་པདྨ་འབར་བའི་སྣོད་ཆེན་པོར། ར་ལས་རྡོ་རྗེ་སྒེག་མོ་དམར་མོ་མཁའ་ནས་ཁྲག་བབས་ཏེ་ཉོན་མོངས་པ་བག་ཆགས་དང་བཅས་པ་འཇོམས་པའི་རཀྟའི་རྒྱ་མཚོ་རྦ་ཀློང་རྒྱ་མདུད་ཀྱི་ཚུལ་དུ་འཁྲུགས་པ་ལས། ལྷ་མོ་ཉིད་འོད་དུ་ཞུ་ནས་ཐིམ་པས་འཁོར་བ་སྟོངས་པར་གྱུར། ཨཱོཾ་ཨཱཿཧཱུཾ་མ་ཧཱ་རཀྟ་ས་མཱནྟ་མཎྜ་ལ་ཧཱུཾ་ཕཊ། གཉིས་པ་དངོས་གཞི་ལ་ཐུན་མོང་སྦྱང་གཞི་དག་བྱེད་ནི། རང་ལུས་ཐ་མལ་དྷཱུ་ཏཱིའི་ནང་། །སྙིང་ཐད་པདྨ་འདབ་བཞིའི་དབུས། །ཉི་ཟླའི་གདན་ལ་ཨཱཿདཀར་པོ། །དེ་ལས་འོད་འཕྲོས་སྡིག་སྒྲིབ་སྦྱངས། རྩ་གསུམ་འདུས་མདོར་པདྨ་ནི། །དམར་པོ་འདབ་མ་བཞི་སྟེང་དུ། །ཨཱ༔ཡིག་རི་བོང་འཛིན་པའི་མདོག །འོད་འཕྲོས་ལུས་གང་ནད་གདོན་སྦྱངས། ཞི་བ་བསྐྱེད་པ་ནི། སྐད་ཅིག་བདག་ཉིད་དྲང་སྲོང་རི། །སྐུ་མདོག་སྔོ་སྐྱ་ཀེང་རུས་གཟུགས། སྨིན་མ་ཨག་ཚོམ་རྒྱ་མདོར་སླེབས། །རས་དཀར་སྨད་དཀྲིས་སྟོད་གཡོགས་ཅན། །སྐྱིལ་ཀྲུང་ཚུལ་བཞུགས་གྷུནྡྷེ་བསྣམས། །འཁོར་དུ་དྲང་སྲོང་འབུམ་གྱིས་བསྐོར། །སྙིང་གར་ཉི་མའི་གདན་སྟེང་དུ། །སྲོག་གི་སྙིང་པོ་ཧཱུཾ་མཐིང་ནག །ཏྲང་དུའི་སྔགས་ཀྱིས་བསྐོར་བར་བསམ། །ཨཱོཾ་ཏྲང་དུ་ཧྲི་ན་ཏྲང་དུ་ཛཿཛཿ ཁྲི་ཚོ་གཅིག་སོགས་གོང་བསྙེན་འབད། །འདི་གའི་བསྙེན་པའི་དུས་གོང་འོག་གི་དྲག་པོའི་སྒོས་ཆོས་རྣམས་དོར་བའི་ལས་བྱང་སྦྱར་ཏེ་བསྙེན་པ་བྱེད་ཅིང་རྒྱུན་གྱི་འཕྲིན་ལས་ལ་མ་བྱས་ཀྱང་རུང་མོད། འོན་ཀྱང་ལྷ་བསྒོམ་པ་དང་བཟླས་པ་ཅུང་ཟད་བྱེད་པ་རིགས་འཛིན་ཆོས་ཀྱི་གྲགས་པའི་ཕྱག་བཞེས་ལ། (༦ན)


GLG025_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པས་བྱས་ན་ལེགས་ཞེས་སྔགས་འཆང་དཀོན་ཅོག་ལྷུན་གྲུབ་གསུང་། དྲག་པོའི་རྟེན་བརྟེན་པ་བསྐྱེད་པ་ནི། རང་ཉིད་དྲང་སྲོང་ཞི་བ་རུ། །གསལ་བ་འོད་དུ་ཞུ་བ་ཡི། །སྟོང་པའི་ངང་ནས་བྷུཾ་ཡིག་ལས། །བྱང་ཆུབ་ཆེན་པོའི་མཆོད་རྟེན་ནི། །དཀར་པོ་གདན་ཁྲི་བང་རིམ་གསུམ། །རི་རབ་བང་རིམ་བཞི་པའི་སྟེང་། །བུམ་པ་བྲེ་དང་ཆོས་འཁོར་གདུགས། །ཉི་ཟླ་ནོར་བུའི་ཏོག་གིས་མཛེས། །གསལ་འཚེར་འོད་ཟེར་ཕྱོགས་བཅུར་འབར། །བུམ་པའི་ལྟོ་བ་ཡངས་པའི་ནང་། །རང་ལུས་གནམ་ལྕགས་རྡོ་རྗེ་ནི། །ཡར་རྩེ་ནམ་མཁའི་མཐོངས་ལ་ཐུག །མར་རྩེ་དབང་ཆེན་གཞི་ལ་རིག །རྩེ་མོ་རབ་ཏུ་རྣོ་ངར་ལྡན། །བྱད་མའི་ལྕེ་ཡིས་བྲང་ཁེགས་དབུས། །སྙིང་དབུས་ནྲི་བཅས་དཀྱིལ་དུ་གཟེར། །རྩེ་མོའི་བར་དུ་བྱད་མ་ཡི། །ཆོས་སྐྱོང་ལྷ་སྲུང་ཕོ་ཉར་བཅས། །ཡར་གྱི་ལྟེ་བར་ཞེ་སྡང་རྡོ་རྗེ་སོགས་ཚིག་རྐང་གསུམ་པོ་རྒྱུན་འཁྱེར་གྱི་ཐུན་མཚམས་དམིགས་པའི་ཁ་སྒྱུར་ལས་ལས་འདིར་ནི་དགོས་པ་མིན་ནོ། །རྭ་རྩེའི་ནང་དུ་ནི། །བླ་མ་སངས་རྒྱས་བྱང་སེམས་དང་། །རྩེ་མོར་བྱ་ཁྱུང་ནག་པོ་ནི། །སྦྲུལ་གདུག་བཟུང་ཞིང་འབར་དབུས་གནས། །རྡོ་རྗེའི་ལྟེ་བ་ཡངས་པའི་ནང་། །ཧྲཱི༔ཡིག་འོད་དུ་ཞུ་བ་ལས། །གསེར་གྱི་ཙཀྲ་རྩིབས་བརྒྱད་དབུས། །རང་ཉིད་རྫུས་སྐྱེས་ཁྲོ་བོ་ནི། །མཐིང་ནག་ཞལ་གཅིག་ཕྱག་བཞི་པ། །དང་པོ་གཉིས་ཀྱིས་ཐོ་བ་དང་། །རལ་གྲི་འབར་བ་རབ་ཏུ་གདེངས། །མཐའ་གཉིས་གནམ་ལྕགས་ལག་མཐིལ་ལ། འདི་བཟློག་པ་དྲག་པོ་དང་བསང་པ་གཙོ་བོར་སྟོན་པའི་དབང་དུ་བྱས་ཀྱི་རྒྱུན་དང་སྲུང་བ་སོགས་ལ་མཐའ་མ་གཉིས་ཀྱིས་མཆོད་རྟེན་བཏེག་ཅེས་དང་རྒྱུན་འཁྱེར་བཟློག་པའི་དུས་སུ་མཐའ་གཉིས་གནམ་ལྕགས་ཐལ་མོ་རྡེག་མནན་པ་ལ་མཐའ་མ་གཉིས་ཀྱི་རི་རབ་བཏེག་ཟོར་ལམ་མཐའ་གཉིས་དྲག་པོའི་ཟོར་རྫས་ཐོགས་སོགས་རིག་(༦བ)


GLG025_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

པས་འཕྲུལ་ཤེས་དགོས་སོ། །སོར་མོ་ལྕགས་སྡིག་མགོ་དགུ་འཕྱར། ཁམ་ནག་དབུ་སྐྲ་གྱེན་དུ་བརྫེས། །ཉི་ཟླའི་གདན་ལ་བརྐྱང་བསྐུམ་བགྲད། །ཤིན་ཏུ་ཁྲོ་ཞིང་མི་སྡུག་པ། །རྒྱན་མེད་མེ་དཔུང་དབུས་ན་བཞུགས། །དབུ་ཡི་དཔེ་གསར་རྙིང་མང་པོར་ཕྲག་པ་གཡས་སུ་ཟེར་ཡོད་ཅིང་། ལྷོ་བྲག་སྤྲུལ་སྐུ་སོགས་གསར་མ་འདྲེས་ཀྱང་ད་ལྟར་བྲིས་མོད། །དབུ་གཙུག་ཏུ་བྱེད་པ་རྗེ་འབྲི་གུང་བའི་བཞེད་པ་ཐུན་མོང་བ་མ་ཡིན་པའོ། །གཙུག་ཏུ་དྲང་སྲོང་ནི། །སྐུ་མདོག་སྔོ་སྐྱ་ཀེང་རུས་གཟུགས། །ཞེས་པ་ནས་བཟུང་སྟེ་འཁོར་དུ་དྲང་སྲོང་འབུམ་གྱིས་བསྐོར་ཞེས་པའི་བར་ལེན། སྤྱི་བོར་རིགས་ཀྱི་བདག་པོ་རུ། །ཀུན་འདུས་རྩ་བའི་བླ་མ་ནི། །རྣམ་པ་པདྨ་ཐོང་འཕྲེང་རྩལ། །མཐིང་ནག་རྡོ་རྗེ་དྲིལ་བུ་འཛིན། །གསང་ཡུམ་འཚོ་རྒྱལ་དཀར་མོས་འཁྱུད། །གཉིས་ཀའང་ལོངས་སྤྱོད་རྫོགས་སྐུའི་ཚུལ། །རྡོ་རྗེ་པདྨའི་སྐྱིལ་ཀྲུང་ཅན། །གཙོ་བོའི་ཐུགས་ཀར་ཧྲཱི༔ ཡིག་ལས། །འཁོར་ལོ་སེར་པོ་རྩིབས་བརྒྱད་དབུས། །པདྨ་ཉི་མའི་གདན་སྟེང་དུ་། །བཛྲ་པཱ་ཎི་ཡེ་ཤེས་སེམས། །རང་འདྲའི་ཁྲོ་བོའི་སྐུར་གསལ་བ། །དེ་ཡི་ཐུགས་ཀར་རིན་པོ་ཆེའི། །གུར་ཁང་སྨུག་པོ་མཆོང་བཅག་འདྲའི། །ཟུར་བརྒྱད་ལྟེ་བར་ཉི་མའི་སྟེང་། །ཏིང་འཛིན་སེམས་དཔའ་ཧཱུཾ་ཡིག་གཟུགས། །མཐིང་ནག་གསལ་འཚེར་འོད་དུ་འབར། །སྨྲ་བྱེད་གནམ་ལྕགས་རྡོ་རྗེ་ནི། །རྩེ་དགུ་ལྟེ་བར་ཧཱུཾ་གིས་མཚན། །ལྕེ་རྩར་ཨ་ལས་ཟླ་བ་གནས། །རྩེ་དགུ་ཁོང་གསེང་ཡོད་པའི་རྩེར། །མཆོང་བཅག་འདྲ་བའི་ཕཊ་དགུས་མཚན། །ལས་བྱང་དུ་མི་གསལ་བ་རྣམས་བུ་ལེད་ཀྱི་ཉེར་བསྡུའི་དགོངས་དོན་བཞིན་བཀོད་པ་ལས་ཁུངས་མེད་ཀྱི་རྟོག་བཟོ་མིན་ནོ། །སྙིང་གའི་ཧཱུཾ་ལས་ཨཱོཾ་འཕྲོས་པས། །བྱང་ཆུབ་མཆོད་རྟེན་ཕྱི་རོལ་ཏུ། །འཁོར་ལོ་དཀར་(༧ན)


GLG025_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་གུར་ཁང་ནི། །ཟླུམ་པོ་སྲ་ཞིང་མཁྲེགས་པས་བསྐོར། །སྙིང་གའི་ཧཱུཾ་ལས་ཧཱུཾ་འཕྲོས་པས། །འཁོར་ལོའི་གུར་ཁང་ཕྱི་རོལ་ཏུ། །རྡོ་རྗེ་སྔོན་པོའི་གུར་ཁང་ནི། །ཟླུམ་པོ་༴ སྙིང་གའི་ཧཱུཾ་ལས་སྭཱ་འཕྲོས་པས། །རྡོ་རྗེ་གུར་ཁང་ཕྱི་རོལ་ཏུ། །རིན་ཅེན་སེར་པོའི་གུར་ཁང་ནི། །ཟླུམ་པོ་༴ སྙིང་གའི་ཧཱུཾ་ལས་ཨཱཾ་འཕྲོས་པས། །རིན་ཅེན་གུར་ཁང་ཕྱི་རོལ་ཏུ། །པདྨ་དམར་པོའི་གུར་ཁང་ནི། །ཟླུམ་པོ་༴ སྙིང་གའི་ཧཱུཾ་ལས་ཧཱ་འཕྲོས་པས། །པདྨའི་གུར་ཁང་ཕྱི་རོལ་ཏུ། །རལ་གྲིའི་ལྗང་གུའི་གུར་ཁང་ནི། ཟླུམ་པོ་༴ སྙིང་གའི་ཧཱུཾ་ལས་ཡཾ་འཕྲོས་པས། །རལ་གྲིའི་གུར་ཁང་ཕྱི་རོལ་ཏུ། །རླུང་ནག་འཚུབ་མའི་གུར་ཁང་ནི། །ཟླུམ་པོ་༴ སྙིང་གའི་ཧཱུཾ་ལས་རཾ་འཕྲོས་པས། །རླུང་གི་གུར་ཁང་ཕྱི་རོལ་ཏུ། །དུས་མཐའི་མེ་ཡི་གུར་ཁང་ནི། །ཟླུམ་པོ་༴ སྙིང་གའི་ཧཱུཾ་ལས་བཾ་འཕྲོས་པས། །མེ་ཡི་གུར་ཁང་ཕྱི་རོལ་ཏུ། །རྦ་ཀློང་འཁྲུག་པའི་གུར་ཁང་ནི། །ཟླུམ་པོ་༴ སྙིང་གའི་ཧཱུཾ་ལས་ལཾ་འཕྲོས་པས། །ཆུ་ཡི་གུར་ཁང་ཕྱི་རོལ་ཏུ། །རི་བོ་རྒྱ་གྲམ་གུར་ཁང་ནི། །ཟླུམ་པོ་༴ སྙིང་གའི་ཧཱུཾ་ལས་ཨེ་འཕྲོས་པས། །ས་ཡི་གུར་ཁང་ཕྱི་རོལ་ཏུ། །ནམ་མཁའ་གནམ་ལྕགས་གུར་ཁང་ནི། །ཟླུམ་པོ་༴ བར་མཚམས་རྣམས་ཀྱང་རང་རང་གི །རིགས་མཐུན་ཁ་དོག་མཚོན་ཆ་ཅན། ཁྲོ་ཚོགས་གཏམས་ཤིང་དུག་རླངས་འཁྲིགས། །ཕྱི་རོལ་རང་སྔགས་དབྱངས་གསལ་དང་། །རྟེན་འབྲེལ་སྙིང་པོའི་སྔགས་ཀྱི་ཕྲེང་། །འཛབ་དམོད་ཚིག་གི་ང་རོ་སྒྲོག །གཞོམ་ཞིག་མེད་པའི་གུར་དུ་གྱུར། །ལྷ་ཚོགས་རྣམས་ཀྱི་གནས་གསུམ་དུ། །ཨཱོཾ་དཀར་ཨཱཿདམར་(༧བ)


GLG025_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་སྔོན་པོ། །ཧཱུཾ་ལས་འོད་ཟེར་རབ་འཕྲོས་པས། །རྒྱ་གར་ཡུལ་དབུས་ལྷོ་ཡི་ཕྱོགས། །རི་བོ་ཀུན་འདུས་རྩེ་མོ་ཡི། །ནགས་ཚལ་དྲ་བའི་ཀློང་དཀྱིལ་ནས། །དྲང་སྲོང་དྲི་མེད་འོད་ཟེར་ནི། །འཁོར་དུ་དྲང་སྲོང་འབུམ་གྱི་བསྐོར། །དཔལ་ལྡན་ཞེ་སྡང་རྡོ་རྗེ་ལ། ཁྲོ་བོའི་ཚོགས་དང་བཅས་པ་རྣམས། །མཁའ་ལ་གློག་སྟོང་འཁྱུག་པ་བཞིན། །ཐོགས་པ་མེད་པར་འདིར་སྤྱོན་ཅིག །ཨཱོཾ་ཏྲང་དུ་ཧྲིན་ཏྲང་དུ་ཛཿཛཿསྤྱན་འདྲེན་ནི། ཧཱུཾ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་གནས་འདིར་སྤྱན་འདྲེན་ན། །རྒྱ་གར་ཡུལ་གྱི་ལྷོ་ཕྱོགས་ངོས། །ཡུལ་ནི་རྒྱ་གར་ཨིནྡའི་ཡུལ། །རི་བོ་ཀུན་འདུས་རྩེ་མོ་ན། །ནགས་ཚལ་དྲ་བའི་ཀློང་དཀྱིལ་ན། །རིན་ཅེན་སྣ་ལྔའི་ཁྲི་སྟེང་ན། །སློབ་དཔོན་དྲང་སྲོང་དྲི་མེད་ནི། །དྲང་སྲོང་འབུམ་གྱི་འཁོར་གྱིས་བསྐོར། །མ་ལུས་འཁོར་དང་བཅས་པ་རྣམས། །སེམས་ཅན་དོན་ལ་གཤེགས་སུ་གསོལ། །ལྷ་སྲིན་སྡེ་བརྒྱད་གཉེན་པོ་རུ། །གཏུམ་ཆེན་དྲག་པོའི་སྐུར་བསྟན་པ། །སྤྲུལ་པ་ཡང་སྤྲུལ་བཅས་པ་རྣམས། །ཞི་རྒྱས་དབང་དྲག་འཕྲིན་ལས་ཀུན། །ཐོགས་མེད་བསྒྲུབ་ཕྱིར་གཤེགས་སུ་གསོལ། །སྡེ་བརྒྱད་འདུལ་ཕྱིར་༴ བྱད་མ་བཟློག་ཕྱིར་༴ འབྱུང་པོ་འདུལ་ཕྱིར་༴ རྒྱལ་བསེན་འདུལ་ཕྱིར་༴ དགྲ་བགེགས་འདུལ་ཕྱིར། །ཨོཾ་ཨེ་ཧྱེ་ཏི་བཛྲ་ས་མ་ཡ་ཛཿཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་བསམ། བཞུགས་སུ་གསོལ་བ་ནི། ཧཱུཾ། ཞི་བའི་ལྷ་ཚོགས་འཁོར་བཅས་རྣམས། །པདྨའི་གདན་ལ་བཞུགས་སུ་གསོལ། །དྲག་པོའི་ལྷ་ཚོགས་འཁོར་བཅས་རྣམས། །ཉི་ཟླའི་གདན་ལ་བཞུགས་སུ་གསོལ། །ཏིཥྛ་བཛྲ་ས་མ་ཡ་སྟཾ། ཧཱུཾ། བདག་ཅག་བསོད་ནམས་སྐལ་བར་ལྡན། །(༨ན)


GLG025_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

དྲང་སྲོང་འཁོར་བཅས་བྱོན་པ་ལེགས། །ཇི་སྲིད་བརྟན་པར་བཞུགས་སུ་གསོལ། །ཇི་སྲིད་བརྟན་པར་བཞུགས་ནས་ཀྱང་། ཁྱེད་ཀྱི་ཐུགས་རྗེས་བདག་ལ་གཟིགས། །ཐུགས་རྗེས་བདག་ལ་དབང་བཞི་སྐུར། །ཕྱག་འཚལ་བ་ནི་ཧཱུཾ། སློབ་དཔོན་དྲི་མེད་འཁོར་བཅས་ལ། །བདག་ཅག་གུས་པས་ཕྱག་འཚལ་ལོ། །ལུས་ངག་ཡིད་གསུམ་གུས་ཕྱག་འཚལ། །སྡེ་བརྒྱད་དབང་སྡུད་དངོས་གྲུབ་སྩོལ། །མཐུ་རྩལ་དབང་གི་དངོས་གྲུབ་སྩོལ། །ཞི་བའི་ཉེར་སྤྱོད་ནི། །ཨཱོཾ་སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །སངས་རྒྱས་ཀུན་གྱི་སྤྲུལ་པ་ཡི། །དྲང་སྲོང་རྒྱལ་པོ་རིག་སྔགས་བདག །དྲག་སྔགས་བདག་པོ་མཐུ་རྩལ་ཅན། །སྡེ་བརྒྱད་འདུལ་བའི་དྲག་ཤུལ་ཅན། ཁྱེད་ལ་མཆོད་པ་འབུལ་བ་ནི། །བཟང་དྲུག་སྨན་གྱི་ངད་ལྡན་པའི། །མཆོད་ཡོན་ལྷ་ལ་ཆབ་འདི་དབུལ། །ལུས་ཅན་སྐོམ་པའི་གདུང་སེལ་ཤོག །ཨཱོཾ་བཛྲ་ཨརྒྷཾ་ཨཱཿཧཱུཾ། །དྲི་མེད་གཙང་ཞིང་ཡིད་འོང་བའི། །ཡན་ལག་བརྒྱད་ལྡན་ཞབས་བསིལ་འབུལ། །མ་དག་ཉེས་ཚོགས་བྱང་གྱུར་ཅིག །ཨཱོཾ་བཛྲ་པཱ་དྱཾ་ཨཱཿཧཱུཾ། པདྨ་ཨུཏྤལ་ལ་སོགས་པའི། །ཐང་སྐྱེས་ཆུ་སྐྱེས་མེ་ཏོག་འབུལ། །མཚན་དང་དཔེ་བྱད་ལྡན་པར་ཤོག །ཨཱོཾ་བཛྲ་པུཥྤེ་ཨཱཿཧཱུཾ། བདུད་རྩི་དང་ལྡན་སྤོས་མཆོག་འདི། །དྲང་སྲོང་འཁོར་དང་བཅས་ལ་འབུལ། །ཐུགས་རྗེས་བྱིན་རློབས་བཞེས་སུ་གསོལ། ཨཱོཾ་བཛྲ་དྷཱུ་པེ་ཨཱཿཧཱུཾ། སྣང་གསལ་སྒྲོན་མེ་འབར་བ་འདིས། །མ་རིག་མུན་པ་སེལ་བར་ཤོག །ཨཱོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུཾ། ཁྱེད་སྐུ་སྒྲིབ་པ་མི་མངའ་ཡང་། །སེམས་ཅན་སྒྲིབ་པ་སྦྱང་བའི་ཕྱིར། །བདུད་རྩི་ཁྲུས་ཆབ་འདི་(༨བ)


GLG025_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བས། །སྐུ་རྣམས་དབྱིངས་ནས་དག་པ་བཞིན། །སེམས་ཅན་སྒྲིབ་པ་དག་གྱུར་ཅིག །ཨཱོཾ་བཛྲ་གནྦྷེ་ཨཱཿཧཱུཾ། བསྐལ་པ་བཟང་པོའི་ནས་འབྲུ་བཞིན། །ཞལ་ཟས་རོ་མཆོག་བརྒྱ་ལྡན་འདི། །དྲང་སྲོང་ཁྱེད་ལ་འབུལ་ལགས་ན། །ཐུགས་རྗེ་དང་ནི་དམ་ཚིག་དང་། །གཉིས་མེད་དོན་གྱིས་བཞེས་སུ་གསོལ། །ཨཱོཾ་བཛྲ་ནེ་ཝི་དྱ་ཨཱཿཧཱུཾ། ཀ་ལ་པིངྐའི་སྒྲ་དབྱངས་བཞིན། །སྒྲ་སྙན་རྒྱུན་རྣམས་ཐམས་ཅད་ཀུན། །དྲང་སྲོང་ཁྱེད་ལ་འབུལ་ལགས་ན། །ཐུགས་རྗེ་དང་ནི་དམ་ཚིག་དང་། །གཉིས་མེད་དོན་གྱིས་བཞེས་སུ་གསོལ། །ཨཱོཾ་བཛྲ་ཤཔྟ་ཨཱཿཧཱུཾ། །འདོད་ཡོན་ནི། ཧཱུཾ། མཛེས་པའི་གཟུགས་དབྱིབས་ཁ་དོག་དང་། །ཟློས་གར་སྣ་ཚོགས་བསྒྱུར་བ་འདི། །དྲང་སྲོང་འཁོར་བཅས་སྤྱན་ལ་འབུལ། །ཨཱོཾ་བཛྲ་རཱུ་པ་ཨཱཿཧཱུཾ། ཟིན་དང་མ་ཟིན་ལས་བྱུང་བའི། །མཐའ་ཡས་རོལ་མོ་གླུ་དང་དབྱངས། །དྲང་སྲོང་འཁོར་བཅས་སྙན་ལ་འབུལ། །ཨཱོཾ་བཛྲ་ཤཔྟ་ཨཱཿཧཱུཾ། །ག་བུར་ཙན་དན་གུར་ཀུམ་སོགས། །དྲི་མཆོག་དུང་ཕོར་གྱིས་སྦྲེང་བ། །དྲང་སྲོང་འཁོར་བཅས་ཐུགས་ཀར་འབུལ། །ཨཱོཾ་བཛྲ་གནྡྷེ་ཨཱཿཧཱུཾ། ལྷ་དང་མི་ཡི་བཟའ་དང་བཅའ། །རོ་བརྒྱ་ལྡན་པའི་བཤོས་བུ་འདི། །དྲང་སྲོང་འཁོར་བཅས་ཞལ་དུ་འབུལ། །ཨཱོཾ་བཛྲ་ར་ས་ཨཱཿཧཱུཾ། དུ་ཀཱུ་ལ་ཡི་རས་བཟང་སོགས་། །ལྷ་མིའི་རེག་བྱ་སྣ་ཚོགས་པ། །དྲང་སྲོང་འཁོར་བཅས་སྐུ་ལ་འབུལ། །ཨཱོཾ་བཛྲ་སྤཪྴ་ཨཱཿཧཱུཾ། གཏོར་མ་ནི། ཧཱུཾ། དཀར་གསུམ་དངར་གསུམ་ཤིང་ཏོག་དང་། །འབྲུ་སྣ་དང་སྦྱར་འདོད་ཡོན་ལྔའི། །རང་བཞིན་བདུད་རྩིའི་གཏོར་མ་འདི། །དྲང་སྲོང་འཁོར་དང་བཅས་(༩ན)


GLG025_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འབུལ། །ཨཱོཾ་བཛྲ་པཱ་ཎི་ཁ་ཁ་ཁཱ་ཧི་ཁཱ་ཧི་དུ་ན་ཡ་སྭཱ་ཧཱ། ཨཱོཾ་ཏྲང་དུ་ཏྲི་ན་ཧྲང་དུ་ཛཿཛཿཁ་ཁ་ཁཱ་ཧི་ཁཱ་ཧི་དུ་ན་ཡ་སྭཱ་ཧཱ་། དྲག་པོའི་མཆོད་པ་ནི། ཧཱུཾ། ལོག་འདྲེན་སྡེ་བརྒྱད་བསྒྲལ་བ་ཡི། །སྙིང་ཁྲག་དྲོན་མོའི་མཆོད་ཡོན་འདི། །ཞེ་སྡང་རྡོ་རྗེ་འཁོར་བཅས་ལ། །འབུལ་གྱི་འཕྲིན་ལས་སྒྲུབ་པར་མཛོད། །ཨཱོཾ་རྀ་ཥི་ཀྲོ་ཏ་རཱ་ཛ་ཨརྒྷཾ་པ་ཏི་ཧཱུཾ་ཙྪ་སྭཱ་ཧཱ། །དགྲ་བགེགས་འབྱུང་པོ་བསྒྲལ་བའི་ཁྲག །དུང་ཆེན་སྣོད་གཏམས་ཞབས་བསིལ་འདི། །ཞེ་སྡང་རྡོ་རྗེ་འཁོར་༴ འབུལ་གྱི་འཕྲིན་ལས་༴ སྔགས་མཇུག་ཏུ་པཱ་དྱཾ་༴ མིག་ལྕེ་རྣ་བ་སྣ་དང་སྙིང་། །དྲོད་ལྡན་འཕྲིག་པའི་མེ་ཏོག་འདི། །ཞེ་སྡང་༴ འབུལ་གྱི་༴ སྔགས་མཇུག་ཏུ་པུཥྤེ་༴ སྣ་ཚོགས་ཤ་སྣ་སྨན་དང་སྤོས། །སྦྱར་བའི་ཁམས་ནག་དུད་འཐུལ་བ། །ཞེ་སྡང་༴ འབུལ་གྱི་༴ སྔགས་མཇུག་ཏུ་ངྷུ་པེ་༴ རྐང་མར་ཚིལ་གྱི་ཞུན་ཆེན་པོ། །སྐྲ་ལས་སྤར་བའི་སྒྲོན་མེ་འདི། །ཞེ་སྡང་༴ འབུལ་གྱི་༴ སྔགས་མཇུག་ཏུ་ཨཱ་ལོ་ཀེ་༴ ཁྲག་ཞག་མཁྲིས་པ་འཁྱིལ་བའི་དྲི། །ངད་ལྡན་ཐུགས་ཀར་བྱུག་པའི་རྫས། །ཞེ་སྡང་༴ འབུལ་གྱི་༴ སྔགས་མཇུག་ཏུ་གནྡྷེ་༴ གློ་སྙིང་མཁལ་མཚེར་མཆིན་པ་ཤ །ཀླད་རུས་སྤུངས་པའི་ཟས་མཆོག་འདི། །ཞེ་སྡང་༴ འབུལ་གྱི་༴ སྔགས་མཇུག་ཏུ་ནི་ཝི་དྱ་༴ རྐང་གླིང་ཐོད་རྔ་དུང་ཆེན་རྔ། །འོ་དོད་རྒྱང་གླུ་བཤུག་པའི་སྒྲ། །ཞེ་སྡང་༴ འབུལ་གྱི་༴ སྔགས་མཇུག་ཏུ་ཤཔྟ་༴ སྨན་མཆོད་ནི། །ཧཱུཾ། གདོད་ནས་རྣམ་དག་རྩ་བརྒྱད་སྟོང་(༩བ)


GLG025_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་སྨན། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་དམ་ཚིག་རྫས། །རྒྱུད་དྲུག་ཀུན་སྒྲོལ་དུག་ལྔ་རབ་སེལ་བ། །བདུད་རྩི་སྨན་མཆོད་འབུལ་ལོ་བཞེས་སུ་གསོལ། །ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། བརྒྱུད་མཆོད་ནི། །ཚིག་རྐང་གསུམ་པོ་བརྒྱུད་འདེབས་ཇི་ལྟ་བ་ལ། སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །ཞེས་བསྒྱུར་ཞིང་སྔགས་སྦྱོར། །གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་འཛིན། །སྡེ་བརྒྱད་གཉེན་པོར་དྲང་སྲོང་ཁྲོ་བོའི་རྒྱལ། །སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས་པ་ལ་༴ ཨཱོཾ་རྀ་ཥི་ཀྲོ་ཏ་རཱ་ཛ་མཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། དངོས་གྲུབ་བླང་བ་ནི། ཨཱོཾ་ཨཱཿཧཱུཾ། དཔལ་ལྡན་རྡོ་རྗེའི་སྐུ་གསུང་ཐུགས་འཆང་བ། །མི་ཕྱེད་རྡོ་རྗེའི་སྐུ་གསུང་ཐུགས་དང་ལྡན། །དེང་བདག་གསང་བདག་སྐུ་གསུང་ཐུགས་འཛིན་པ། །གསང་བདག་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཀཱ་ཡ་སིངྔྷི་ཨཱོཾ། །ཝཱ་ཀ་སིངྔྷི་ཨཱ༔ ཙིཏྟ་སིངྔྷི་ཧཱུཾ། གཏོར་མ་ནི། བླ་མེད་མཆོག་གི་མཆོད་པར་སྦྱར་བ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་པ། །གཏོར་མའི་མཆོད་པ་འབུལ་ལོ་བཞེས་སུ་གསོལ། །སྔགས་མཇུག་ཏུ་མཧཱ་བ་ལིནྟ་ཁ་རཾ་ཁཱ་ཧི། །རཀྟ་ནི། གདུག་ཅན་དགྲ་བགེགས་ཁྲག་གི་དངས་མའི་མཚོར། །མཁའ་དབྱིངས་པདྨ་རཀྟའི་འབབ་ལྡན་ཀུན། །གཅིག་བསྡུས་མཚམས་སྤྲིན་ལ་འགྲན་དབུ་ཕྲེང་ཅན། །རཀྟའི་མཆོད་པ་འབུལ་ལོ་བཞེས་སུ་གསོལ། །སྔགས་མཇུག་ཏུ་མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། སྦྱོར་སྒྲོལ་ནི། མཚན་ལྡན་གཟུང་མ་དང་སྦྱར་བཅུ་དྲུག་ཆ། །ཡོངས་རྫོགས་དགའ་བཞིའི་བདེ་(༡༠ན)


GLG025_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་རབ་རྒྱས་ཤིང་། །དམ་ཉམས་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི། །སྦྱོར་སྒྲོལ་མཆོད་པ་འབུལ་ལོ་བཞེས་སུ་གསོལ། །སྔགས་མཇུག་ཏུ་མ་ཧཱ་མཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧི། །མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། མ་ཧཱ་ཀེཾ་ནྲི་ཏི་ཁཱ་ཧི། བོངྷི་ཙིདྷ་མ་ཏྲཾ་རུ་དྲ་པྲ་བེ་ཤ་ཡ་ཕཊ། བསྟོད་པ་ནི། ཧཱུཾ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །སངས་རྒྱས་ཀུན་གྱི་སྤྲུལ་པ་ཡི། །དྲང་སྲོང་ཆེན་པོ་དྲི་མེད་ནི། །བག་ཆགས་སྒྲིབ་པ་མི་མངའི་ཕྱིར། །ཉི་ཟླ་པདྨའི་གདན་ལ་བཞུགས། །ཐབས་དང་ཤེས་རབ་ལྡན་པའི་ཕྱིར། །ཞལ་གཅིག་ཕྱག་གཉིས་དྲང་སྲོང་སྐུ། །འདོད་ཆགས་དུག་ལྔ་སྤོང་བའི་ཕྱིར། །སྐུ་མདོག་སྔོ་སྐྱ་ཀེང་རུས་གཟུགས། ཁམས་གསུམ་དབང་དུ་སྡུད་པའི་ཕྱིར། །དབུ་སྐྲ་ལྕང་ལོ་གྱེན་དུ་འཁྱིལ། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །ཞལ་ནས་སྡེ་བརྒྱད་སྤུ་གྲི་གསུངས། །སྡེ་བརྒྱད་གནད་ལ་བོར་བའི་ཕྱིར། །ཕྱག་ན་གསེར་གྱི་རྡོ་རྗེ་བསྣམས། །སྤྲུལ་པས་ཀུན་ལ་ཁྱབ་པའི་ཕྱིར། །འཁོར་དང་དྲང་སྲོང་འབུམ་གྱིས་བསྐོར། །སྡེ་བརྒྱད་དབང་དུ་སྡུད་པའི་ཕྱིར། །རི་བོ་ཀུན་འདུས་རྩེ་ལ་བཞུགས། །སངས་རྒྱས་སྤྲུལ་པ་ཡིན་པའི་ཕྱིར། །སྐུ་ལ་ན་བཟའ་རས་གོས་གསོལ། །ས་བཅུ་ཟིལ་གྱིས་གནོན་པའི་ཕྱིར། །ནགས་ཚལ་དྲ་བའི་ཕུག་ན་བཞུགས། །ཚེ་དང་བསོད་ནམས་སྤེལ་བའི་ཕྱིར། །ཤིང་ཏོག་སྣ་ཚོགས་ཞལ་དུ་གསོལ། །སངས་རྒྱས་སྟོང་གི་སྤྲུལ་པའི་སྐུ། །དྲང་སྲོང་ཁྱེད་ལ་གུས་ཕྱག་འཚལ། ཁྱོད་ཀྱིས་བདག་ལ་དངོས་གྲུབ་སྩོལ། །སྡེ་བརྒྱད་དབང་(༡༠བ)


GLG025_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྡུད་པའི་ཕྱིར། །མཐུ་དང་རྫུ་འཕྲུལ་བདག་ལ་སྩོལ། །ཧཱུཾ། ལྷ་སྲིན་སྡེ་བརྒྱད་གཉེན་པོ་རུ། །དྲི་མེད་འོད་ཟེར་ཁྲོ་བའི་སྐུར། །རབ་བཞེངས་ཞེ་སྡང་རྡོ་རྗེ་ནི། །སྐུ་མདོག་སྟང་ཟིལ་བརྩེགས་པ་ཡི། །རི་རབ་ཉི་མས་འཁྱུད་པ་བཞིན། །བཟོད་པར་དཀའ་བའི་གཟི་བརྗིད་ཅན། །དབུ་སྐྲ་དམར་སེར་ནམ་མཁའ་ཁྱབ། །དམར་ཟླུམ་སྤྱན་གསུམ་གློག་ལྟར་འཁྱུག །སྲིན་པོ་ལྟ་བུར་རྔམ་ཞལ་གདངས། །མཆེ་བའི་གྲ་ནས་ཁྲག་རྒྱུན་འབབ། །ལྗགས་འགྲིལ་རྐན་སྒྲ་དྲག་ཏུ་རྡེབ། །སྨ་ར་སྨིན་མ་མེ་ལྟར་འབར། །སྦོམ་ཞིང་ཐུང་ལ་ཡན་ལག་རགས། །རྒྱན་མེད་གཅེར་བུ་འཇིགས་པའི་གཟུགས། །ཕྱག་གཡས་གནམ་ལྕགས་ཐོ་བ་ཡིས། །སྡེ་བརྒྱད་ཐམས་ཅད་རྡུལ་དུ་རློག །གཡོན་པ་རལ་གྲི་འབར་བ་ཡིས། །མགོ་ལུས་ཡན་ལག་དུམ་བུར་གཏུབས། །མཐའ་གཉིས་གནམ་ལྕགས་ལག་པའི་མཐིལ། །དགྲ་བགེགས་ཆ་ལང་བཞིན་བརྡབས་པའི། །ཤ་ཁྲག་སོར་མོ་སྡིག་པ་ཡིས། །ལྷག་མ་མེད་པར་ཆེམ་ཆེམ་ཟ། །རེས་འགའ་ཐུན་ཟོར་ཐོག་སེར་འབེབས། །སྐབས་འགར་བྱང་ཆུབ་མཆོད་རྟེན་འཛིན། །རི་རབ་ལ་སོགས་ཕྱག་མཚན་གྱིས། །སོ་སོར་མ་འདྲེས་ལས་ཀུན་བསྒྲུབ། །ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་བཞུགས། །སྐུ་ལས་འབར་བའི་མེ་དཔུང་གིས། །སྲིད་གསུམ་ཐམས་ཅད་སྲེག་པར་མཛད། །ཞལ་ནས་དྲང་སྲོང་དམོད་པའི་མཚོན། །ཕབ་པས་སྡེ་བརྒྱད་འབྱུང་པོ་འདུལ། །ཐུགས་ནི་མི་འགྱུར་བདེ་ཆེན་ལྡན། །སངས་རྒྱས་ཀུན་གྱི་མཐུ་སྟོབས་རྣམས། །གཅིག་བསྡུས་གསང་བའི་བདག་པོ་དང་། །དབྱེར་མེད་ཁྱོད་ལ་བདག་(༡༡ན)


GLG025_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་དོ། །བསྐུལ་བ་ནི། ཧཱུཾ། སངས་རྒྱས་བསྟན་པ་བསྲུང་བ་དང་། །ལས་ངན་དགྲ་བགེགས་བསྒྲལ་བ་དང་། །བར་ཆད་རྒྱལ་འགོང་འདུལ་བ་དང་། །བྱད་མ་རྦོད་གཏོང་བཟློག་པ་དང་། །ལྷ་སྲིན་སྡེ་བརྒྱད་འདུལ་བའི་ཕྱིར། །དྲང་སྲོང་ཆེན་པོ་རབ་ཁྲོས་ཤིང་། །ཉོན་མོངས་དུག་གསུམ་འཇོམས་པའི་ཕྱིར། །དུས་གསུམ་སངས་རྒྱས་འཁོར་བཅས་བཞེངས། །ཞེ་སྡང་དུག་ལྔ་གཞོམ་པའི་ཕྱིར། །རིགས་ལྔའི་སངས་རྒྱས་འཁོར་བཅས་བཞེངས། །མི་དགེ་བཅུ་རྣམས་འདུལ་བའི་ཕྱིར། །ཕྱོགས་བཅུའི་སངས་རྒྱས་འཁོར་བཅས་བཞེངས། །ལྷ་སྲིན་སྡེ་བརྒྱད་འདུལ་བའི་ཕྱིར། །དྲང་སྲོང་འཁོར་བཅས་ཐམས་ཅད་བཞེངས། །བར་ཆད་ལོག་འདྲེན་འདུལ་བའི་ཕྱིར། །ཕྱག་མཚན་ཐམས་ཅད་མཚོན་ཆར་བཞེངས། །བཞེངས་ཤིག་དྲང་སྲོང་ཆེན་པོའི་ཚོགས། །འདིར་སྤྱོན་མཆོད་གཏོར་འདི་བཞེས་ལ། །བསྟན་པ་བསྲུང་བའི་ལས་མཛོད་ཅིག །འཕྲིན་ལས་བཅོལ་བའི་དུས་ལ་བབ། །བྱད་མ་བཟློག་པའི་༴ རྒྱལ་འགོང་འདུལ་བའི་༴ དགྲ་བགེགས་སྒྲོལ་བའི་དུས་ལ་བབ། །ཆེ་བའི་ང་རྒྱལ་བསྐྱེད་པའི་དམིགས་པ་ནི། རྡོ་རྗེ་ལྟེ་བའི་ཧཱུཾ་ཡིག་ལས། །འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས། །སྡེ་བརྒྱད་སྙིང་ནས་དབང་མེད་དྲངས། །མདུན་དུ་བཀུག་པའི་སྤྱི་བོ་རུ། །རྡོ་རྗེ་རྒྱ་གྲམ་བཞེང་པ་ཡིས། །འགུལ་འཁྱོག་སྤངས་ཏེ་འདར་བར་བསམ། །ཧཱུཾ། ང་ནི་མ་མོ་ཀུན་གྱི་ཡབ། །ང་ནི་གཤིན་རྗེ་ཀུན་གྱི་ཡུམ། །ང་ནི་ཁམས་གསུམ་ཀུན་གྱི་བདག །ང་ནི་དབང་ཕྱུག་ཆེན་པོ་སྟེ། །ང་ནི་སྲོག་གཅོད་ཀུན་གྱི་རྗེ། །ང་ནི་སྲིད་པ་ཀུན་གྱི་བདག །ང་ནི་(༡༡བ)


GLG025_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་འགྲོ་ཀུན་གྱི་བདག །ང་ནི་སྙིང་ཁྲག་ཀུན་གྱི་བདག །ཁྱོད་ཀྱི་སྙིང་ཁྲག་ང་ལ་ཡོད། །ང་ཡི་ལས་རྣམས་ཁྱོད་ཀྱིས་སྒྲུབས། །དཔང་གཟུ་ནི། ཧཱུཾ། སངས་རྒྱས་ཐམས་ཅད་གཟུ་དང་དཔང་། །དམ་ཆོས་རིན་ཅེན་གཟུ་དང་དཔང་། །དགེ་འདུན་འདུས་པ་གཟུ་དང་དཔང་། །དཀོན་ཅོག་གསུམ་པོ་གཟུ་དང་དཔང་། །ཆོས་སྐྱོང་སྲུང་མ་གཟུ་དང་དཔང་། །རྒྱལ་འགོང་ཆེན་པོ་འདུལ་བའི་ཕྱིར། །དྲང་སྲོང་ཆེན་པོ་དྲི་མེད་ཁྱོད། །སྐུ་ནི་མི་འགྱུར་བརྟན་པ་ལ། །ཕྱག་མཚན་འཁོར་ལོ་བསྒྱུར་བཞིན་དུ། །དགྲ་བགེགས་མགོ་ལ་འཁོར་ལོ་སྐོར། །རྒྱལ་འགོང་ལུས་ལ་འཁོར་ལོ་སྐོར། །སྡེ་བརྒྱད་སྲོག་ལ་འཁོར་ལོ་སྐོར། །འཁོར་ལོ་གཡས་སུ་བསྐོར་ཙ་ན། །རྒྱལ་འགོང་སྙིང་ལ་འཁོར་ལོ་སྐོར། །འཁོར་ལོ་གཡོན་དུ་བསྐོར་ཙ་ན། །མོ་གདོན་སྙིང་ལ་འཁོར་ལོ་རྒྱོབ། །འཛབ་བཟླ་བར་གནས་པ་རྩ་ཤེས་པའི་དོན་ནི། རང་གི་ལྕེ་ནི་གནམ་ལྕགས་ཀྱི། ཁྲོ་བོའི་རྡོ་རྗེ་རྩེ་དགུ་པའི། །ལྟེ་བར་ཉི་མའི་གདན་སྟེང་དུ། །ཧཱུཾ་ལ་བསྙེན་སྔགས་རིང་མོ་ཡིས། །གཡས་བསྐོར་འོད་ཟེར་འཕྲོ་བར་བསམ། །མགྲིན་པའི་དཀྱིལ་གྱི་དོན་ནི། །ལྕེ་རྩེར་ཨ་ལས་ཟླ་བ་ཡི། །དཀྱིལ་འཁོར་ཨཱཿཡིས་མཚན་པའི་མཐར། །ཞི་བའི་སྔགས་གྱིས་གཡས་སྐོར་དུ། །མགལ་མེ་ལྟར་འཁོར་འོད་ཟེར་འཕྲོ། །རྩ་བསྙེན་གྱི་དམིགས་པ་ནི། ཡང་ཅིག་ཧཱུཾ་ལས་འོད་འཕྲོས་པས། །སྡེ་བརྒྱད་སྲོག་ཡིག་སྙིང་གནས་རྣམས། །མདུན་བཀུག་སྙིང་པོ་བགྲངས་པ་ཡིས། །ཕྱག་འཚལ་ཅི་གསུང་བགྱིད་འཚལ་ཞེས། །རང་རང་ས་བོན་ཚུར་དྲངས་ཏེ། །རྡོ་རྗེའི་ལྟེ་བའི་གདན་དུ་བསམ། །ཨཱོཾ་(༡༢ན)


GLG025_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་ཏྲི་པཱ་ལ་ནན། །ས་ག་པ་ཤ་ནན། ནཱ་ག་དུ་དུ་ནན། མ་མི་མ་མི། ཙིར་ཙར་ཙིར་ཙར། བཾ་རུ་ལུ་བཾ་རུ་ལུ། རྦད་ཧྲ་ཀོ་ཤ་ཡ་རྦད་ཧྲ་ཀོ་ཤ་ཡ། ཧ་ོར་ཧོ་ར། ཙི་དུ་སོད་ཙ་སྐུ་སོད། ཤིག་ལྷུ་རུ་གཏུབས། ཧ་ལ་པ་ཏི་ནན། འཁོར་བ་འདུལ་གནོད་བྱེད་དགྲ་བགེགས་འབྱུང་པོ་ཆེ་གེ་མོའི་ཀཱ་ཝཱ་ཙི་བརླག་བརླག །དྲག་སྔགས་བཟླ་བ་ནི། མདུན་དུ་ཏིང་འཛིན་ལས་གྲུབ་པའི། །ཨ་ལས་ལྕགས་ཁང་གྲུ་གསུམ་པ། །དུག་གི་མུན་འཁྲིགས་བསྐལ་མེ་འབར། །ནད་ཀྱི་ན་བུན་མཚོན་ཆར་འབབ། །གཤིན་རྗེ་ཕོ་མོ་གཉིས་ཀྱི་བར། །དམིགས་བྱ་རྣི་ཧྲི་ཡོངས་འགྱུར་ལས། །དགྲ་བགེགས་གང་ཡིན་ཉམ་ཐག་པ། །སྔོ་བམ་ཡན་ལག་ལྕགས་སྒྲོག་བཅིངས། །རྣག་ཁྲག་བུ་ག་དགུ་ནས་འཛག །ཤིན་ཏུ་རིད་ཅིང་མི་སྡུག་བསམ། །རྡོ་རྗེ་ལྟེ་བའི་ཧཱུཾ་ཡིག་ལས། །འོད་ཟེར་ཕོ་ཉ་དཔག་མེད་འཕྲོས། །དམིགས་བྱ་གནོད་བྱེད་གང་ཡིན་པའི། །རྣམ་པར་ཤེས་པ་བླ་སྲོག་རྣམས། །ཐོགས་པ་མེད་པར་རབ་བཀུག་ནས། །ཛཿཧཱུཾ་བཾ་ཧོཿས་དབྱེར་མེད་བསམ། །གཅོད་པ་རྩེའི་དོན་ནི། །རྡོ་རྗེ་རྩེ་མོའི་ཕཊ་རྣམས་ལས། །གནམ་ལྕགས་རྡོ་རྗེ་མེ་འབར་བ། །མགར་གྱི་ཚ་ཚ་ལྟར་འཕྲོས་པས། །གནོད་བྱེད་དགྲ་བགེགས་རྣམས་ལ་ཕོག །ཚག་སྒྲ་དང་བཅས་བསྲེགས་པ་ཡིས། །ཐམས་ཅད་རྡུལ་དུ་བརླག་པར་བསམ། །ཨཱོཾ་ལོག་ཧྲི་པཱ་ལ་ནན་རྦད་ཐུཾ། འཇིག་རྟེན་མགོན་པོའི་སྲོག་ཆོད་སྙིང་ཕྱུངས་ཙིཏྟ་མཱ་ར་ལ་ཐུན་བྷྱོ་རྦད། ས་ག་པ་ཤ་ནན་རྦད་ལིངས་བདག་གི་སྲོག་ཆོད་སྙིང་ཕྱུངས་༴ ནཱ་ག་དུ་དུ་ནན་རྦད་ཕཊ་ཀླུ་བདུད་ཀྱི་སྲོག་ཆོད་སྙིང་ཕྱུངས་༴ མ་མཾ་མ་མཾ་རྦད་མྱོགས་མ་མོའི་སྲོག་(༡༢བ)


GLG025_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

ཆོད་སྙིང་ཕྱུངས་༴ ཙིར་ཙར་ཙིར་ཙར། རྦད་རྦུད་བཙན་གྱི་སྲོག་ཆོད་༴ བཾ་རུ་ལུ་བཾ་རུ་ལུ་རྦད་ཐུམ་བདུད་ཀྱི་སྲོག་༴ རྦད་ཧྲ་ཀོ་ཤ་ཡ་རྦད་ཧྲ་ཀོ་ཤ་ཡ་རྦད་ཁོས་གཟའ་བདུད་གྱི་སྲོག་༴ ཧོ་ར་ཧོ་ར་རྦད་ཤག་རྒྱལ་འགོང་གི་སྲོག་༴ རྒྱལ་པོའི་སྲོག་ལ་དུང་དུང་སྙིང་ལ་ཤད་ཤད། བསེན་མོའི་སྲོག་ལ་༴༴ པེ་ཀར་གྱི་སྲོག་ལ༴༴ གཙང་ཐེལ་གྱི་སྲོག་ལ༴༴ གནོད་བྱེད་ཀྱི་སྲོག་ལ༴༴ ཆེ་གེ་མོའི་སྲོག་ལ་དུང་དུང་སྙིང་ལ་ཤད་ཤད། ཨ་ཡ་མ་དུ་རུ་ཙ་ཤན་སྡེ་བརྒྱད་ཀྱི་སྲོག་ལ༴༴ ཙི་དུ་སོད་ཙི་དུ་སོད་རྦད་ཐིབས། །ཤིག་ལྷུ་རུ་གཏུགས་རྦད་མྱོགས། །ཧ་ལ་བ་ཏི་ནན། །ག་ན་པ་ཏི་རྦད་རྨུགས། འཁོར་བ་དུལ་རྦད་ཆོམས། གནོད་བྱེད་འབྱུང་པོའི་ཀཱ་ཝཱ་ཙི་བརླག་བརླག་རྦད་ཧུ་ར། དགྲ་བགེགས་ཆེ་གེ་མོའི་སྲོག་ལ་མཱ་ར་ཡ་རྦད་རྦད། གནོད་བྱེད་རྒྱལ་པོ་ཐམས་ཅད་ར་ཙ་ཧབ་ལེ་ཧབ་ལེ་སོད། །ཀླུ་ཐམས་ཅད་ནཱ་ག་ལིང་ནཱ་ག་ལིང་། འབྱུང་པོ་ཐམས་ཅད་ཀ་ཧྲི་ཀུ་ཏྲ་སོད། བགེགས་ཐམས་ཅད་འགུག་གེ་འགུག་གེ་སོད། གཟའ་ཐམས་ཅད་ཐེ་རྩེ་ཐེ་རྩེ་སོད།ཐེའུ་རང་ཐམས་ཅད་ར་ཏྲི་ར་ཏྲི་མཱ་ར་ཡ་སོད། བསེན་མོ་ཐམས་ཅད་རོ་ཏྲི་རོ་ཏྲི་མཱ་ར་ཡ་སོད། དྲེ་བོ་དྲེ་མོ་ཐམས་ཅད་སུམ་ཏྲི་སུམ་ཏྲི་མཱ་ར་ཡ་སོད། གནོད་བྱེད་དགྲ་བགེགས་ཆེ་གེ་མོ་མཱ་ར་ཡ་སོད་སོད་རྦད་རྦད་ཛཿཛཿའདི་ལ་ཐུན་སྔགས་དང་དྲག་སྔགས་སྤུ་གྲི་རིང་མོ་གཉིས་ཀ་ཚང་བ་ཞལ་ཤེས་བཞིན་དབྱེ་ཤེས་དགོས་སོ། །དྲང་སྲོང་དམོད་པ་འདི་ཉིད་དོ། །བཀའ་ལྟར་མི་བྱེད་ཅིང་དམ་ལ་མི་གནས་པ་ཐམས་ཅད་འདི་རུ་མ་གནས་པར་གཞན་དུ་དེངས་ཤིག །སྲིད་པ་རྩེ་ནས་ཤིག་ཅིག །སྲིད་གསུམ་རྨང་ནས་སྒྱེལ་ཅིག །འཁོར་བ་གཏིང་ནས་ཕྱུང་ཞིག །བསྐལ་པའི་མེས་(༡༣ན)


GLG025_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

སྲེགས་ཤིག །དམ་ཚིག་གི་དམོད་པས་སྡིགས་ཤིག །བཀའི་ཆད་པས་ཆོད་ཅིག །གནམ་ལྕགས་ཐོག་གི་རལ་གྲིས་སྤྱི་བོའི་གཙུག་ནས་ཁོས་ཤིག །སུམྦྷ་ནི་སུམྦྷ་ནོན་ཅིག །སྲིད་གསུམ་གར་སྐྱེས་གར་གནས་ཀྱང་སྡིག་ཅན་འདིའི་སྟེང་དུ་རྡོ་རྗེ་མེའི་ཆར་ཆེན་པོ་ཕོབ་ཅིག །གནོད་བྱེད་ཐམས་ཅད་མཱ་ར་ཡ་ཕཊ། སྦྱོར་བ་ངན་པ་ཐུལ་ཅིག །བཀའ་བསྒོ་འདི་ཡི་ནུས་པ་ཡིས། །ཐལ་ཕྱེ་རླུང་གིས་གཏོར་བ་ལྟར། །གནོད་བྱེད་དེ་རུ་གནས་མི་འགྱུར། །དྲང་སྲོང་དམོད་དེ་ཟློག་ཏུ་ནན། །ཞེས་བརྗོད་དེ་ཐལ་མོ་ལན་གསུམ་བརྡབ། དེའང་རྒྱུན་འཁྱེར་རམ་བསྙེན་པའི་ཐུན་གྱི་ཐོག་མཐར། མན་ངག་སེམས་ལ་ཤེས་པ་ནི། །སྙིང་ནང་ཉི་མའི་གདན་ལ་ཧཱུཾ། །མཐིང་ནག་ཞིག་ལ་སེམས་གཏད་དེ། །མ་བཅོས་ཕང་སར་བཞག་པའི་ངང་། །ཀ་དག་ཆོས་སྐུའི་རང་ཞལ་བལྟ། །ཞེས་བརྗོད་ཅིང་དོན་ལ་མཉམ་པར་བཞག །འདི་ནི་ཞི་དྲག་གི་བསྙེན་པ་དང་རྒྱུན་གྱི་ཁྲིགས་རིམ་ལྟར་བཀོད་ཀྱི། རྒྱུན་འཁྱེར་གྱི་སྲུང་བཟློག་བསད་པ་བྱེད་ན་རྩ་བསྙེན་ཅི་རིགས་བཟླས་རྗེས་སུ་ཆོས་རྒྱལ་འབྲི་གུང་བ་རིན་ཅེན་ཕུན་ཚོགས་ཀྱིས་མཛད་པའི་རྒྱུན་འཁྱེར་སྙིང་པོ་གསལ་བ་ནས་སྲུང་བཟློག་བསད་གསུམ་བླངས་པས་འགྲུབ་ཅིང་འཕྲིན་ལས་མི་གྱེར་བར་རྒྱུན་འཁྱེར་ཁོ་ན་དོན་དུ་གཉེར་ན་ཐུན་བསྡུ་བ། སྤྱོད་ལམ། གཏོར་འབུལ་སྤྲོ་ན་བྱ་བ་སོགས་དེ་ཉིད་སོར་བཞག་ལེགས་སོ། །མཐར་ཆད་ལྷག་སྐོང་ཕྱིར་ཨཱ་ལི་ཀཱ་ལི་དང་ཡིག་བརྒྱ་བཟླ། གཏེར་སྲུང་མཆོད་པ་ནི། ཧཱུཾ། དགེ་བསྙེན་ཤེའུ་ཁ་རི་དང་། །ཇོ་བོ་ཀླུ་བདུད་མགོ་དགུ་དང་། །སྙོན་ཀ་ནག་པོ་ཏི་པ་ཙ། །གཏེར་སྲུང་ཚོགས་(༡༣བ)


GLG025_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་གནས་འདིར་སྤྱོན། །ཉེར་སྤྱོད་འདོད་ཡོན་གཏོར་མ་དང་། །མཐུན་པའི་དམ་རྫས་ཚོགས་ཀྱིས་མཆོད། །ཉམས་ཆགས་འགལ་འཁྲུལ་ཅི་མཆིས་བཤགས། །ཐུགས་དམ་སྐོང་ངོ་དངོས་གྲུབ་སྩོལ། །ཨཱོཾ་ཨ་ཀཱ་རོ་ལན་གསུམ་གྱིས་གཏོར་མ་བསྔོ། ཨཱོཾ་དེ་ཝ་ནཱ་ག་ཨརྒྷཾ་ནས། ཤཔྟ་པྲ་ཏཱི་ཙྪ་སྭཱ་ཧཱ། ཧཱུཾ། མཁོ་མཐིང་གཏེར་སྲུང་ཤེལ་གིང་དཀར། །ཚུར་སྤྱོན་དགྱེས་པའི་སྟན་ལ་བཞུགས། །སྨན་རག་གཏོར་གསུམ་ཕྱི་ནང་གི །འདོད་ཡོན་མཆོད་པ་རྒྱ་མཚོ་འབུལ། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །ཟབ་ཆོས་འཆད་ཉན་སྒོམ་སྒྲུབ་ལ། །ཕྲག་དོག་ཉེར་འཚེ་མེད་པ་ཡི། །བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །ཨོཾ་མ་ཧཱ་རཱ་ཛ་ཀིངྐ་ར་ས་པ་རི་ཝ་ར་མ་ཧཱ་པཉྩ། མཧཱ་རཀྟ། མཧཱ་བ་ལིཾ་ཏ་ཁཱ་ཧི། སྔགས་མཇུག་ཏུ་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། གསུམ་པ་མཇུག་ལ། ཚོགས་རྫས་དངོས་པོ་རྣམས་ལ་ཆུ་ཆང་དང་སྨན་རཀ་བྲན་ཏེ་དྲག་སྔགས་ཀྱིས་བགེགས་བསྐྲད་རྗེས། བསང་སྦྱང་བྱིན་རླབས་བྱ་བ་ནི། ཧཱུཾ། རང་ཉིད་ལྷར་གསལ་ཐུགས་སྲོག་ཡི་གེ་ལས། །རཾ་ཡཾ་ཁཾ་གསུམ་མེ་རླུང་ཆུ་འཕྲོས་ཏེ། །ཚོགས་རྫས་ཉེས་སྐྱོན་བསྲེགས་གཏོར་སྦྱངས་བཀྲུས་བས། །རྣམ་དག་འདོད་ཡོན་འདོད་དགུ་འབྱུང་བའི་གཏེར། །ཟག་མེད་ཡེ་ཤེས་བདུད་རྩིའི་རྒྱ་མཚོར་གྱུར། །ཨཱོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱི༔ ཞེས་ལན་གསུམ་བརྗོད། སྤྱན་དྲངས་ཤིང་དབུལ་བ་ནི། ཧཱུཾ། ཆོས་དབྱིངས་བདེ་ཆེན་ཕོ་བྲང་ནས། །བླ་མ་དཀོན་ཅོག་རྣམ་གསུམ་ལ། །ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ། །དབང་བསྐུར་བྱིན་རློབས་སྨིན་གྲོལ་སྩོལ། །འོག་མིན་ཆོས་དབྱིངས་ཕོ་བྲང་ན། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ལ། །ཞལ་ཟས་ཚོགས་(༡༤ན)


GLG025_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མཆོད་པ་འབུལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །རི་བོ་ཀུན་འདུས་རྩེ་མོ་ན། །དྲང་སྲོང་དྲི་མེད་འཁོར་བཅས་ལ། །ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ། །སྡེ་བརྒྱད་དབང་སྡུད་དངོས་གྲུབ་སྩོལ། །ཡང་འདུལ་དྲེགས་འདུལ་ཁྲོ་རྒྱལ་དང་། །སྤྲུལ་འཁོར་དྲང་སྲོང་འབུམ་སྡེ་ལ། །ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ། །འཕྲིན་ལས་རྣམ་བཞི་སྒྲུབ་པར་མཛོད། །བཀའ་གསང་དམ་ཚིག་གཉན་གནས་པའི། །ཟབ་གཏེར་བཀའ་ཡིས་སྲུང་མ་ལ། །ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ། །གཏེར་ཆོས་བསྟན་པ་འཕེལ་རྒྱས་མཛོད། །སྟོང་ཁམས་ཕྱོགས་བཅུའི་ཀློང་ཡངས་ན། །བཀའ་ཉན་དྲེགས་པ་སྡེ་བརྒྱད་ལ། །ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ། །བསྟན་པ་བསྲུང་བའི་འཕྲིན་ལས་མཛོད། །བསྔོ་ཞིང་བསྐང་བཤགས་བྱ་བ་ནི། ན་མོ། རྩ་བརྒྱུད་བླ་མ་དཀོན་ཅོག་ཡི་དམ་ལྷ། །དམ་ཅན་རྒྱ་མཚོ་བསྟན་སྲུང་མ་ལུས་དང་། །དྲེགས་འདུལ་དྲང་སྲོང་སྤྲུལ་པ་འབུམ་སྡེར་བཅས། །བཀའ་ཉན་གཏེར་བདག་དྲེགས་པའི་ཚོགས་བཅས་ལ། །ཕྱི་ནང་གསང་བའི་མཆོད་རྫས་མ་ལུས་དང་། །ཞལ་ཟས་ཚོགས་ཀྱི་མཆོད་པས་ཐུགས་དམ་བསྐང་། །ཉམས་ཆགས་ནོངས་མཆིས་མ་ལུས་མཐོལ་ཞིང་བཤགས། །སྐོངས་གྱུར་མཆོག་ཐུན་ལས་བཞིའི་དངོས་གྲུབ་སྩོལ། །ཡིག་བརྒྱ་བརྗོད། །བསྒྲལ་བ་ནི། ཨེ་ནྲི་ཏྲི་ཛཿཧཱུཾ། ཡི་དམ་ལྷ་དང་དྲང་སྲོང་ཆེན་པོ་ཡི། །དམོད་པའི་བདེན་ཚིག་བརྗོད་པའི་བྱིན་རླབས་ཀྱིས། །གནོད་བྱེད་དགྲ་བགེགས་གཟུགས་མིང་ལིངྒ་ལ། །མྱུར་དུ་ཕོབ་ཅིག་སརྦ་ནྲི་ཏྲི་ཛཿ། །རིངས་པར་ཁུག་ཅིག་བཛྲ་ཨངྐུ་ཤ །མྱུར་དུ་ཆིངས་ཤིག་བཛྲ་པཱ་ཤ་ཧཱུཾ། (༡༤བ)


GLG025_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པོར་སྡོམས་ཤིག་བཛྲ་སྥོ་ཊ་བཾ། །དྲག་པོར་སྒྲོལ་ཞིག་བཛྲ་གྷཎྜེ་ཧོ༔ །གནོད་བྱེད་དགྲ་བགེགས་སརྦ་ནྲི་ཏྲི་ཨངྒུ་ཤ་ཛ༔ ཞེས་དགུག་བསྟིམ་དྲག་ཏུ་བྱ་ཞིང་། །ཨཱོཾ་ལོག་ཏྲི་པཱ་ལ་ནན་ཛཿ སོགས་བརྗོད། རྡོ་རྗེ་ཕུར་པ་ཀཱི་ལ་ཡ། སངས་རྒྱས་འཕྲིན་ལས་ཡོངས་རྫོགས་སྐུ། །དྲེགས་འདུལ་དྲང་སྲོང་སྤྲུལ་པའི་སྲས། །སྲས་མཆོག་བཛྲ་ཀཱི་ལི་ཡ། །དགྲ་བགེགས་ལྔ་ཕུང་རྡུལ་དུ་རློག །ཨོཾ་ཏྲང་དུ་དང་། བཛྲ་ཀཱི་ལཱ་ཡ་དགྲ་བགེགས་སརྦ་ནྲི་ཏྲི་ཤ་ཏྲུཾ་ཧུར་ཐུམ་ཛ་མཱ་ར་ཡ་རྦད། །དྲག་སྔགས་སྤུ་གྲི་བརྗོད་དེ་ཕུར་པ་བཏབ་ཅིང་རལ་གྲིས་གཏུབས། སྨན་རཀ་བྲན་ལ། ཧཱུཾ། རབ་འཇིགས་དྲང་སྲོང་ནག་པོ་འཁོར་དང་བཅས། །བཞེངས་ཤིག་བཞེངས་ཤིག་སྐུ་བཞེངས་ཤིག །རི་རབ་ཙམ་དུ་ཆེ་བའི་སྐུ་བཞེངས་ཤིག །སྟོང་ཁམས་ནམ་མཁའ་གང་བའི་ཞལ་ཕྱེ་ཞིག །རྣོ་གདུག་གངས་རི་གཏམས་འདྲའི་མཆེ་བ་གཙིགས། །བར་སྣང་གློག་སྟོང་འཁྱུག་འདྲའི་ལྗགས་སྐྱོད་ལ། །ཤ་རུས་དོན་སྙིང་ཁྲག་ལ་རྔམ་པ་ཡི། །དགྲ་བགེགས་བྱད་མ་བསྒྲལ་བའི་ཤ་ཁྲག་འདི། །ཞལ་དུ་སྟོབ་བོ་ཁ་རཾ་ཁཱ་ཧི། །མགུར་དུ་འདྲིལ་ལོ་ཨ་ར་ལི། །བཞེས་ཤིག་རོལ་ཞིག་ཁ་རཾ་ཁཱ་ཧི། །ཏྲང་དུ་དང་ལོག་ཏྲི་པཱ་ལ་ནན་སོགས་རྩ་སྔགས་ཞབས་སུ་དགྲ་བགེགས་འབྱུང་པོསརྦ་ནྲི་ཏྲི་ཤ་ཏྲུཾ་མ་ཧཱ་མཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧི། མ་ཧཱ་ཙཀྵུ་ཁཱ་ཧི། དམོད་པའི་བདེན་སྟོབས་བརྗོད། ལྷག་མ་ནི། འབྲུ་གསུམ་དང་ཨ་ཀཱ་རོས་འདོད་ཡོན་དུ་བྱིན་གྱིས་བརླབ་ལ། ཧཱུཾ། འདོད་ཡོན་ཟག་མེད་དཔལ་གྱི་ཕམ་ཕབས་འདི། །ཐོག་ཐ་བར་གྱི་ཕུད་ལྷག་ཚོགས་མཆོད་ལ། །ཇི་ལྟར་དབང་བའི་(༡༥ན)


GLG025_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཚོགས་མ་ལུས་པ། །སོ་སོར་མཉེས་མཆོད་དགྱེས་རོལ་དངོས་གྲུབ་སྩོལ། གྷ་ན་ཙཀྲ་ཨུཙྪི་ཥྚ་བ་ལིངྟ་ཁཱ་ཧི། །ཆད་མཐོ་ནི། ཧཱུཾ། སྔོན་ལྕང་ལོ་ཅན་གྱི་ཕོ་བྲང་དུ། །གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཡིས། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་དམ་བཏགས་ཚེ། །བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ། །རྣལ་འབྱོར་སྟོང་གྲོགས་བྱེད་པར་མ་ཆད་དམ། །ཇི་ལྟར་ཁས་བླངས་བཞིན་དུ་འཕྲིན་ལས་མཛོད། །དེ་རྗེས་རི་བོ་ཀུན་འདུས་རྩེ་མོ་རུ། །དྲང་སྲོང་ཆེན་པོ་དྲི་མེད་འོད་ཟེར་གྱིས། །དྲེགས་པ་མ་ལུས་ཟིལ་གྱིས་མནན་པའི་ཚེ། །བཀའ་ཡི་གཏོར་མ་༴ རྣལ་འབྱོར་སྟོང་གྲོགས་བྱེད་༴ ཇི་ལྟར་ཁས་བླངས་༴ དེ་འོག་ལྷོ་ཕྱོགས་ཨིནྡྲའི་གྲོང་ཁྱེར་དུ། །རྒྱལ་བས་ལུང་བསྟན་མྱ་ངན་མེད་པ་ཡིས། །ཕོ་རྒྱུད་མོ་རྒྱུད་ལས་ལ་བཀོལ་བའི་ཚེ། །བཀའ་ཡི་གཏོར་མ་༴ རྣལ་འབྱོར་སྟོང་གྲོགས་བྱེད་༴ ཇི་ལྟར་ཁས་བླངས་༴ དེ་འོག་ཆོས་འཁོར་དཔལ་གྱི་བསམ་ཡས་སུ། །སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་གིས། །དྲང་སྲོང་དམོད་པས་སྡེ་བརྒྱད་ཚར་བཅད་ཚེ། །བཀའ་ཡི་གཏོར་མ་༴ རྣལ་འབྱོར་སྟོང་གྲོགས་༴ ཇི་ལྟར་ཁས་བླངས་༴ དེ་འོག་ཟངས་མདོག་དཔལ་རིའི་ཕོ་བྲང་དུ། །ཐུགས་རྗེ་ཆེན་པོའི་རྣལ་འབྱོར་ཆོས་དབང་གིས། །དྲེགས་པའི་སྡེ་དཔོན་བྲན་དུ་འཁོལ་བའི་ཚེ། །བཀའ་ཡི་༴ རྣལ་འབྱོར་༴ ཇི་ལྟར་ཁས་༴ ད་ལྟ་བཀྲ་ཤིས་བྱིན་ཆགས་གནས་མཆོག་འདིར། །དམ་ཚིག་ལྡན་པའི་རྡོ་རྗེའི་མཆེད་ལྕམ་གྱིས། བསྙེན་སྒྲུབ་ལས་སྦྱོར་ཚུལ་བཞིན་འགྱིད་པའི་ཚེ། །བཀའ་ཡི་༴ རྣལ་འབྱོར་༴ ཇི་ལྟར་༴ བསྟན་སྐྱོང་ནི། ཧཱུཾ། བསྟན་པ་སྐྱོང་མཛད་མ་དང་སྲིང་། །དཔལ་གནས་མ་དང་ཡང་དག་ཤེས། །ཁྱུང་བཙུན་ཀོང་ལྷ་གཡུ་བུན་མ། །མེ་སྟག་ཟླ་འོད་བྱང་རྒྱལ་མ། །གསེར་ཐང་ཀུན་བཟང་ཤནྟི་དཔལ། །ཀླུ་མོ་གཟི་འབར་ལ་སོགས་པའི་(༡༥བ)


GLG025_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་མ་བཅུ་གཉིས་གཏོར་མ་ལོང་། །མི་མཐུན་གནོད་པའི་ཕྱོགས་རྣམས་བཟློག །ཨཱོཾ་ཨཱཿཧཱུཾ་བཛྲ་ཨ་མྲི་ཏ་ཁཱ་ཧི་མ་མ་ཧྲཱིཾ་མ་མ་ཧྲཱིཾ་ཁཱ་ཧི་ཁཱ་ཧི། བྲོ་བརྡུང་ནི། ཧཱུཾ། དྲང་སྲོང་འཁོར་བཅས་རོལ་བའི་བྲོ། །སྡེ་བརྒྱད་སྙིང་ལ་ཆེམས་སེ་ཆེམ། ཁྲོ་བོ་ཁྲོ་མོ་རོལ་པའི་བྲོ། །སྡེ་བརྒྱད་སྙིང་ལ་༴ ཁྲོ་བོ་རྣམས་ཀྱིས་བྲོ་བརྡུངས་པས། ཁྲོ་མོ་རྣམས་ཀྱིས་རྒྱས་འདེབས་སོ། །ཤར་དུ་ཞི་བའི་བྲོ་བརྡུངས་པས། །ནད་གདོན་བར་ཆད་ཞི་བར་ཤོག །ལྷོ་རུ་རྒྱས་པར་བྲོ་༴ ཚེ་དང་བསོད་ནམས་རྒྱས་པར་ཤོག །ནུབ་ཏུ་དབང་གི་བྲོ་༴ ལྷ་འདྲེ་མི་གསུམ་དབང་སྡུད་ཤོག །བྱང་དུ་དྲག་པོའི་༴ དགྲ་བགེགས་དམ་སྲི་ཞི་བར་ཤོག །ཨཱོཾ་ཏྲང་དུ་ཏྲི་ན་ཏྲང་དུ་ཛཿཛཿ ཤཱནྟི།ཾ པུཾ་ཥྚཾ། པཱ་ཤི །མཱ་ར་ཡ་རྦད། །གཏང་རག་ནི། ཧཱུཾ་དྲང་སྲོང་ཞི་ཁྲོའི་ལྷ་ཚོགས་ལ། །ཕྱི་ནང་གསང་བའི་མཆོད་པ་འབུལ། །ཉམས་ཆགས་ཉེས་ལྟུང་མ་ལུས་བཤགས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །དབྱངས་གསལ་དང་ཡིག་བརྒྱ་བརྗོད་དེ་ལྷག་ཆད་ཁ་བཀང་། །ཉེར་བསྡུ་ནི། ཧཱུཾ། ད་ནི་བསམ་གཏན་དཀྱིལ་འཁོར་བསྡུ། །བསྐྱེད་རིམ་ཏིང་འཛིན་ལྷ་ཡི་སྐུ། །སྣང་སྟོང་སྐུ་ཡི་ཀློང་དུ་ཐིམ། །འཛབ་བསྙེན་དམོད་ཚིག་སྔགས་ཀྱི་སྒྲ། །གྲག་སྟོང་གསུང་གི་༴ སྐྱེ་མེད་རང་ཤར་རིག་པའི་རྩལ། །གསལ་སྟོང་ཐུགས་ཀྱི་༴ རང་གདངས་རྟེན་འབྲེལ་སྲུང་བའི་གུར། །ཡེ་ཤེས་རྣམ་ལྔའི་ཀློང་དུ་བསྡུ། །དུག་རླངས་འཇའ་ཚོན་༴ ས་ཆུ་མེ་རླུང་གནམ་ལྕགས་གུར། ཡུམ་ལྔའི་རང་བཞིན་༴ འཁོར་དལ་པད་རྡོར་རིན་ཆེན་སོགས། །ཡབ་ལྔ་ཡེ་ཤེས་༴ ཡེ་ཤེས་སྤྲུལ་པའི་ལྷ་ཚོགས་རྣམས། །རང་གདངས་འོད་ལྔའི་༴ སྟེང་འོག་ཐབས་ཤེས་འཁོར་ལོ་ཡང་། །ཟུང་(༡༦ན)


GLG025_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་རྟེན་འབྲེལ་༴ རིག་གདངས་རྩེ་དགུའི་འོད་ལུས་ཀྱང་། །འོད་ཞུ་ལྟེར་གནས་ལྷ་ལ་ཐིམ། །ལྷ་རྣམས་འོད་ཞུ་རིམ་གྱིས་ཐིམ། །ཐ་མར་ཐུགས་སྲོག་ཏྲཾ་ལ་ཐིམ། །དེ་ཡང་ར་ཏ་ཁོག་པ་མགོ །ཟླ་ཚེས་ཐིག་ལེའི་དབྱིངས་སུ་ཐིམ། །ཐིག་ལེ་དམིགས་མེད་ངང་དུ་ཕཊ། །སླར་ཡང་ཞལ་ཕྱག་ཡོངས་རྫོགས་སྐུ། །དྲི་མེད་འོད་ཟེར་ཉིད་ཀྱི་ངང་། །ཉལ་ན་ཆུ་ལ་ལྡང་ན་མེ། །འདུག་ན་བྲག་ལ་འགྲོ་ན་རླུང་། །གསལ་བ་ངར་ལྡན་སྤྱོད་ལམ་མོ། །སྨོན་ལམ་ནི། །ཧཱུཾ། དགེ་བ་འདི་ཡིས་ཚེ་རབས་ཐམས་ཅད་དུ། །གསང་བདག་དྲང་སྲོང་ཞི་དང་ཁྲོ་བོ་ཡིས། །རྗེས་བཟུང་བདུད་བཞིའི་གཡུལ་ལས་རབ་རྒྱལ་ནས། །ཚེ་འདིར་འཕོ་བ་ཆེན་པོའི་སྐུ་འགྲུབ་ཤོག །ཤིས་བརྗོད་ནི། ཧཱུཾ། ལུས་ལ་སྣང་སྟོང་སྐུ་ཡི་བཀྲ་ཤིས་ཤོག །ངག་ལ་གྲག་སྟོང་གསུང་གི་བཀྲ་ཤིས་ཤོག །སེམས་ལ་རིག་སྟོང་ཐུགས་ཀྱི་བཀྲ་ཤིས་ཤོག །བདེ་སྟོང་མཆོག་གི་བཀྲ་ཤིས་ཀུན་ཁྱབ་ཤོག །དྲང་སྲོང་དམོད་པའི་མཐུ་ཡིས་སྡེ་བརྒྱད་དཔུང་། །སྦུར་མ་མེ་ལྕེས་བསྲེགས་འདྲའི་སྙན་གྲགས་ཀྱིས། །ཕྱོགས་འདིར་མོས་པའི་སྔགས་བན་ཆེས་མང་རུང་། །ཚད་ལྡན་ཤེས་པ་ཉིན་མོའི་སྐར་མ་བཞིན། །ཤོག་སེར་དྲི་ངད་ལྡང་བའི་མན་ངག་རྣམས། །གབ་དཀྲུས་ཐོར་བུའི་ཚུལ་དུ་ཡོངས་ཚང་ཡང་། །མཐོང་བརྒྱུད་དམར་འཁྲིད་མེད་པར་ཡིག་ནག་ལ། །བརྟེན་པ་ཙམ་དེ་ནམ་མཁའི་མཛུབ་རིས་འདྲ། །དེ་ཕྱིར་རང་དང་སྐལ་མཉམ་མང་པོ་ལ། །ཕན་ཆེད་ལྷག་པའི་སེམས་ཀྱིས་ཉེར་དྲངས་ནས། །བློས་བྱས་འཕྲུལ་བའི་སྦུན་པ་མི་འཐོར་བར། །ཕྱག་ལེན་དཀར་མོའི་འབྲུ་ཚོགས་ཕྱུར་བུར་སྤུངས། །གྲངས་རིང་བརྒྱུད་པའི་གདུང་དང་སྐྱེས་སྤྲུལ་རྣམས། །འུག་པ་སྤུ་གྲ་གཟིངས་ལྟར་(༡༦བ)


GLG025_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

མ་བགྱིང་བར། །ཐོས་བསམ་སྒོམ་པས་སྔ་འགྱུར་བསྟན་པའི་སྲོག །ཟུངས་ཞེས་ཐལ་མོ་སྦྱར་ནས་བདག་གསོལ་འདེབས། །སྔོན་བྱུང་གདོན་ཚོགས་ཟད་པ་མེད་པའི་སྟེང་། །གསར་སྐྱེས་དམ་སྲི་དབྱར་མཚོ་ལྟར་འཕེལ་བའི། །དུས་འདིར་སྔགས་འཆང་རལ་ཁུར་ལྡན་རྣམས་ཀྱིས། །དྲག་སྔགས་དམོད་པའི་མཚོན་ཆར་འབེབས་པར་བསྐུལ། །གངས་ཅན་ཕན་བདེའི་སྲོག་འཕྲོག་འབྱུང་པོའི་གདོན། །དེ་ཡི་རྒྱུད་བརླམས་མིར་བཅས་མ་ལུས་པ། །དགེ་བའི་གནམ་ལྕགས་བྲག་རིའི་ཐལ་མོའི་བར། །གདྒཱའི་ཀླུང་གི་རྡུལ་བཞིན་འཐག་གྱུར་ཅིག །ཕུན་ཚོགས་ཉི་མ་འཇིག་རྟེན་ཀུན་ལ་འཆར། །མདོ་རྒྱུད་བསྟན་པའི་མྱུ་གུ་དུས་སུ་སྨིན། །བྱང་ཆུབ་མཆོག་གི་འབྲས་བུ་གཡུར་ཟ་བའི། །བཀྲ་ཤིས་དགའ་སྟོན་དཔལ་ལ་སྤྱོད་པར་ཤོག །ཅེས་དྲང་སྲོང་ལོག་ཏྲི་པཱ་ལའི་ལས་བྱང་གི་ཆོག་སྒྲིག་གནམ་ལྕགས་རྡོ་རྗེ་དྲག་འབེབས་འདི་ནི། །ཐོག་མར་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པའི་གྲྭ་པ་ཁ་ཤས་ལ་སྒྲུབ་ཁག་བཙུགས་སྐབས་དབུ་མཛད་བློ་བཟང་བསྟན་འཛིན་སོགས་མཚམས་པ་བ་རྣམས་ཀྱིས་བསྐུལ་བ་དང་དེ་རྗེས་མཆོད་དཔོན་ངག་དབང་ཤེས་རབ། དགའ་གདོང་སྔགས་རམས་པ་དོན་གྲུབ་རྒྱ་མཚོ། །བྱང་འདྲེན་དབུ་མཛད་དཀོན་ཅོག་རྒྱ་མཚོ་གསུམ་གྱིས་བསྐུལ་ཞིང་རིམ་གྱིས་འདྲི་འདུན་ཡོད་པའི་སྟེང་དྲིན་ཅན་བླ་མ་རྩོད་བྲལ་གྱི་གཏེར་སྟོན་སྤྲུལ་སྐུ་གཏེར་བདག་གླིང་པ་དང་། །སྤང་འགྲོ་མགོན་ཆོས་ཀྱི་དབང་ཕྱུག་གི་གདུང་གསོབ་གནས་གཞི་ཆོས་རྗེ་པདྨ་ཚེ་དབང་རིགས་འཛིན་གཉིས་ཀྱི་གསུང་གིས་བསྐུལ་བ་དང་ཕྱོགས་འདི་ལ་མཁས་ཤིང་གྲུབ་པ་བརྙེས་པའི་མངའ་རིས་བླ་ཆེན་དཀོན་ཅོག་ལྷུན་གྲུབ་ཀྱིས་ཡང་བསྐྱར་འཕྲིན་ཡིག་ལས་དྲངས་ཏེ་བསྐུལ་བ་ལ་བརྟེན་གཡོ་རུ་ལྷོ་རྒྱུད་དུ་(༡༧ན)


GLG025_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པའི་ཟ་ཧོར་གྱི་སྔགས་རྒན་ཆེ་མཆོག་འདུས་པ་རྩལ་གྱིས་གཏེར་ཁ་གོང་འོག་གི་ཡིག་རྙིང་། ཆོས་རྒྱལ་གནམ་ལྕགས་མེ་འབར་གྱིས་མཛད་པའི་ལས་བྱང་དང་རྒྱུན་འཁྱེེར། །བུ་ལོད་རིན་ཆེན་བཟང་པོའི་ཚོགས་མཆོད་སོགས་ཁུངས་ཐུབ་ཀྱི་ཡིག་ཆ་རྣམས་ནས་གང་དགོས་འཁྲུགས་བསྡེབས་སུ་བསྒྲིགས། །ཅུང་ཟད་མི་གསལ་བར་བློས་མཚམས་སྦྱར་ཏེ། །ཆུ་གླང་ནག་པ་ཟླ་བའི་དམར་ཆའི་དགའ་བ་དང་པོ་ལ་ཕོ་བྲང་ཆེན་པོ་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་རིག་འཛིན་གྱི་བཙུན་པ་འཇམ་དབྱངས་གྲགས་པས་བགྱིས་པ་འདིས་ཀྱང་ནག་ཕྱོགས་འབྱུང་པོའི་ཚོགས་རྣམས་འཇོམས་པའི་རྒྱུར་གྱུར་ཅིག །


previousདྲང་སྲོང་ལོག་ཏྲི་པཱ་ལའི་ལས་བྱང་ཆོག་སྒྲིགས་གནམ་ལྕགས་རྡོ་རྗེ་དྲག་འབེབས།next