Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དྲང་སྲོང་ལོག་ཏྲི་པ་ལའི་སྲུང་བཟློག་ཐུན་མོང་བ་ཉམས་སུ་ལེན་ཚུལ་བཙན་མཁར་བསྲུང་བའི་འཕྲུལ་སྒྱོགས།
   
   
   
   
   
   


 
previousདྲང་སྲོང་ལོག་ཏྲི་པ་ལའི་སྲུང་བཟློག་ཐུན་མོང་བ་ཉམས་སུ་ལེན་ཚུལ་བཙན་མཁར་བསྲུང་བའི་འཕྲུལ་སྒྱོགས།next

དྲང་སྲོང་ལོག་ཏྲི་པ་ལའི་སྲུང་བཟློག་ཐུན་མོང་བ་ཉམས་སུ་ལེན་ཚུལ་བཙན་མཁར་བསྲུང་བའི་འཕྲུལ་སྒྱོགས།


GLG025_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

དྲང་སྲོང་ལོག་ཏྲི་པ་ལའི་སྲུང་བཟློག་ཐུན་མོང་བ་ཉམས་སུ་ལེན་ཚུལ་བཙན་མཁར་བསྲུང་བའི་འཕྲུལ་སྒྱོགས་བཞུགས་སོ། །


GLG025_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བི་མཱ་ལ་རསྨ་ཡེ། སྡེ་བརྒྱད་ཚ་ངར་མཐུ་སྟོབས་ཆུ་རྒྱུན་གྱིས། །གཞིལ་མཛད་ཡི་དམ་བཅུད་ཕུར་སྔགས་རྒོད་ཀྱི། །ཉམས་ལེན་གནད་དྲིལ་རྟོགས་འདི་བླ་མའི་དྲིན། །བསམས་ཀྱིན་སྙིང་དབུས་པདྨའི་ཟེའུ་འབྲུར་སྤྱོན། །སྲུང་བཟློག་བསད་མནན་བཅས་ཀྱི་རིམ་པ་ལ། །རྒྱས་འབྲིང་བསྡུས་པའི་རྣམ་གཞག་ཕ་མཐའ་ཡས། །ཞལ་ཤེས་དམར་འཁྲིད་མེད་ན་གབ་དཀྲུགས་ཀྱི། །གླེགས་བམ་བྱིས་པས་ལྷ་ཁང་བལྟ་དང་མཚུངས། །དེང་དུས་ཆོས་དོན་གཉེར་བ་ཆེས་ཉུང་བས། །ལག་ལེན་མཐའ་རྒྱ་གཅོད་པ་ཉིན་སྐར་ཙམ། །དེ་ཕྱིར་དང་པོའི་ལས་ཅན་འགའ་ཞིག་ཆེད། །འདྲི་བར་རྩ་བ་གསུམ་གྱིས་གནང་བ་སྩོལ། །དེ་ལ་འདིར་བྲམ་ཟེའི་སྔགས་རྒོད་ལོག་ཏྲི་པཱ་ལའི་སྲུང་བཟློག་བསད་མནན་སོགས་ཉམས་སུ་ལེན་པར་འདོད་པའི་རྣལ་འབྱོར་པས་བླ་མ་ཞི་དྲག་དང་བཀའ་བརྒྱད་སྤྱི་བྱེ་བྲག་ཅི་རིགས་པའི་དཀྱིལ་འཁོར་དུ་དབང་ལེགས་པར་ཐོབ་ཅིང་སྒོས་གྱི་འདིའི་རིག་གཏད། ལུང་། མན་ངག་ནོས། ཞི་བའི་གོང་བསྙེན་རབ་སུམ་འབུམ། འབྲིང་ཆིག་འབུམ། ཐ་མའང་ཆིག་ཁྲི། རྩ་བའི་བསྙེན་པ་རབ་བྱེ་བ་འམ་ཐ་མ་(༢ན)


GLG025_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་འབུམ་ཐེམས་པ་འམ་ཡང་ན་མཆན་མའི་བསྙེན་པ་རྟགས་ལྡན་དུ་ཐེམས་པས་ལས་སྦྱོར་གྱི་རིམ་པ་ལག་ཏུ་ལེན་པ་ལ་གཏོར་མ་ལ་བརྟེན་པའི་སྲུང་བ། བཟློག་པ་རྐྱང་པ། བཟློག་བསད་དྲག་པོའི་བཅས་རྒྱས་པ་མཆོད་རྟེན་དཀར་ནག་ལ་བརྟེན་པ། བཅས་བསྡུས་པ་གཏོར་མ་ལ་བརྟེན་པ། འབྱུང་བཞི་དང་བཟློག་བསད་ཀྱི་ལས་ཁོལ་བུར་བསྒྲུབ་པ་རྣམས་ལས། དང་པོ་སྲུང་བ་ཉམས་སུ་བསྟར་བ་ལ་ཡིད་དང་མཐུན་པའི་གནས་སུ་ཅོག་ཙེ་ལྟ་བུ་སྟེགས་ཇི་ལྟར་འོས་པའི་ཁར་འབྲུ་ནག་ངར་བཏགས་ཀྱི་ཕྱེ་ལ་འབྲུ་སྣ་ལྔ། མན་ངག་ལས་བྱུང་བའི་རྫས་ལྔ་རྣམས་བསྲེས་པ་ཁྲག་ཆང་གིས་སྤྲུས་པའི་གཏོར་མ་ཟུར་གསུམ་དཀྱིལ་དམར་མཐའ་ནག་པ། །འཁོར་སྡེ་བརྒྱད་ཀྱི་གཏོར་མས་བསྐོར་བ་མེ་རི་སོགས་དྲག་པོའི་རྒྱན་སྤྲོས་ཚམ་ངམ་ཅན། རྩང་དམར། བསད་ཤ་དམར་པོ། རྩང་ལ་བཙུགས་པའི་ལིངྒ་ཁ་སྦུབ་པ་རྒྱུ་ལྡིང་། མཚོ་ཡུངས། ཨོང་སྐྱུ་ཁ་ཕྱིར་བསྟན་ཁྲག་ཀོར་སོགས་དཔེ་རིས་དང་མཐོང་བ་བརྒྱུད་པའི་ཕྱག་བཞེས་ལྟར་བཟོས་པའི་གཙོ་འཁོར་གྱི་གཏོར་མའི་ནང་དུ་ཤོག་དྲིལ་དང་གཏོར་གདུགས་ཀྱི་ཁྲོད་དུ་སྲུང་བཟློག་གི་(༢བ)


GLG025_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་མན་ངག་བཞིན་འཕྱུགས་མེད་དང་རབ་གནས་ཅན་གྱི་ཙགླི་བཙུགས་པ་མཉྫིའམ་ཁྲིའུའི་སྟེང་དུ་བཞག །མཐའ་སྐོར་དུ་སྨན་རཀ །དྲག་པོའི་གཏོར་མ་ཟུར་གསུམ་འཁོར་སྡེ་བརྒྱད་ཀྱིས་བསྐོར་བ། དེ་དང་དབྱིབས་འདྲ་བའི་རྟག་གཏོར། ཁྲག་ཆེན་བསྲེས་པའི་ཆུ་གཉིས། རང་རྫས་བསྲེས་པའི་དབང་པོ་ལྔ་བཅོས་མའམ་ནས་ནག་གི་མེ་ཏོག །ཤ་ཆེན་སྦྱར་བའི་སྤོས། ཚིལ་རྐང་འབྲུ་མར་གྱི་མར་མེ། ཆང་ལ་མཁྲིས་ཆེན་སྦྱར་བའི་དྲི་ཆབ། ཤ་རུས་བསྲེས་པའི་ལྷ་བཤོས་དམར་པོ་ཟུར་གསུམ་སོགས་ནང་གི་ཉེར་སྤྱོད་སྦྲེང་ཚར་དུ་བཀོད། ཟུར་ཞིག་ཏུ་ཐུན་གཏོར་ཟུར་གསུམ་གྱི་ལོགས་གསུམ་ཨོང་སྐྱུ་སྦྱར་བའི་ཁྲག་གིས་བརྒྱན་པ། གཏོར་ཟོར་ལ། རྩང་མཚོ་ཡུངས་མཚོན་ཆའི་རིགས་འཛུགས། ཀོང་ཟོར་། མདའ་ཟོར། ཁྲག་ཟོར། རྡོ་ཟོར་རྣམས་ཀྱི་རྫས་དང་ཕྱག་ལེན་ཕུ་ལོང་ཀྱིས་མཛད་པའི་ཟོར་གྱི་རིམ་པ་ལས་བྱུང་བ་ལྟར་བྱ་ཞིང་། གཏོར་མའི་སྟེགས་བུའི་ཕྱོགས་མཚམས་གང་དེར་འགོད། སྒྲུབ་ཁང་གིས་ཡུལ་གང་བདེ་འམ་གསང་བདག་དང་དྲང་སྲོང་གི་རྟེན་ལྟ་བུའི་དྲུང་དུ་སྟེགས་མཐོ་བར་གོང་གནོན་དྲང་སྲོང་ཞི་བའི་གཏོར་མ། ཆུ་གཉིས་ཉེར་སྤྱོད། དེ་དག་གི་མཐའ་སྐོར་ཅི་རིགས་བར་སྒོས་ཀྱི་ཆོས་སྐྱོང་དང་གཏེར་སྲུང་གི་གཏོར་མ། ཚོགས་ཆས། གཞི། བགེགས་ཀྱི་གཏོར་མ། ཡུངས་ཐུན། གུ་གུལ། གཡབ་དར་རོལ་མོ་སོགས་མཁོ་བའི་ཡོ་བྱད་ཐམས་ཅད་འདུ་བགྱིས། ཡར་ངོ་འམ་མར་ངོལ་ཡང་ཟུང་སྟེ་སྲུང་བ་ལ་ཤིས་པའི་གཟའ་སྐར་དང་བསྟུན་མཚམས་བཅད། སྒྲུབ་པ་པོ་རྣམས་སྟན་བདེ་བ་ལ་འཁོད། ལས་བྱང་གི་གཞུང་བསྲངས། ཞི་དྲག་གི་བསྙེན་སྔགས་དང་སྲུང་སྔགས་བརྒྱ་ཕྲག་(༣ན)


GLG025_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་བཟླས། །ཚོགས་ཐ་མ་ཡན་ཕུལ། །ལྷག་མ་བཙོན་དུ་བཟུང་སྟེ་ཉལ་བའི་རྣལ་འབྱོར་བྱ། །ནང་པར་ཐོར་ཐུན་ནས་འཛབ་ལ་ཐུག་གི་བར་བཏང་། །མཆོང་སྨུག་གུར་ནང་དབྱངས་གསལ་ཞུ་བ་ལས། །དཀར་དམར་ཉི་ཟླ་གའུ་ཁ་སྦྱར་དབུས། །བྷཱུཾ་ཡིག་ཁོག་པར་ཏིང་འཛིན་སེམས་དཔའ་ནི། །མཐིང་ནག་མདོག་ལྡན་ཧཱུཾ་གི་ཀླད་ཀོར་དུ། །བླ་མ་སློབ་དཔོན་ཧཱུཾ་གི་གཡས་སུ་ཕོ། །གཡོན་དུ་མོ་རིགས་མདུན་དུ་གང་གཅེས་པ། །རྒྱབ་ཏུ་འཁོར་གཡོག་འོག་ཏུ་ས་མཁར་དང་། །རྟ་ཕྱུགས་ཡུལ་ཞིང་བསྲུང་བྱ་མ་ལུས་གསལ། །བདག་ལྕེ་རྡོ་རྗེ་རྩེ་དགུར་གསལ་བ་ཡི། །ལྟེ་བའི་ཧཱུཾ་ལ་སྲུང་བའི་སྔགས་ཕྲེང་ལས། །འོད་ཟེར་འཕྲོས་པས་རྭ་རྩེའི་ཕཊ་དགུར་ཕོག །དེ་ནས་ཛ༔ཡིག་དམར་པོ་དགུ་བྱུང་ལས། །འཕྲོས་པའི་འོད་ཟེར་ཁ་དོག་སྣ་ཚོགས་པ། །ལས་བྱེ་ཕོ་ཉ་སྤྲུལ་པ་ཡང་སྤྲུལ་དང་། །གསུམ་སྤྲུལ་ཁྲོ་བོ་ཁྲོ་མོ་དཔག་མེད་ཚོགས། །སྤྲོས་པས་རང་གཞན་བསྲུང་བྱ་ཐམས་ཅད་ཀྱི། །ཚེ་དང་སྲོག་གི་ངོ་བོ་ནྲིའི་རྣམ་པར། །ལྷ་སྲིན་སྡེ་བརྒྱད་རྣམས་ཀྱིས་བརྐུས་ཕྲོགས་ནས། །མཐོ་བ་ནམ་མཁའ་དམའ་བ་དམྱལ་བའི་ས། །ཉི་ཟླའི་ཐེམ་བར་སྤྲིན་གྱི་གོ་བར་ཁྲོད། །རི་རབ་ལྕོག་བར་འཛམ་གླིང་ཡུལ་གྲུ་སོགས། །ས་འོག་ས་སྟེང་ས་བླ་གར་ཁྱེར་ཞིང་། །སྦས་དང་བསྐུངས་ནས་ཡོད་པ་མ་ལུས་པ། །སྤྲུལ་པའི་ཕོ་ཉ་ཁྲོ་བོ་ཁྲོ་མོའི་ཚོགས། །ཡེ་ཤེས་སྤྱན་ལྡན་རྣམས་ཀྱིས་ཉེར་གཟིགས་ནས། །གནོད་བྱེད་ཐལ་བའི་རྡུལ་ཕྲན་བཞིན་དུ་རློག །ཚེ་སྲོག་ཡི་གེའི་གཟུགས་ཅན་དེ་ཕྲོགས་ནས། །ཧཱུཾ་གི་རྣམ་པར་རང་གཞན་བསྲུང་བྱ་ཡི། །ཐུགས་ཀར་བསྟིམ་པས་སྲོག་འཐུད་ཚེ་ཉམས་(༣བ)


GLG025_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

སྤེལ། །སླར་ཡང་ལྕེ་ཡི་འོད་ཟེར་འཕྲོ་འདུ་ཡི། །བླ་མ་ཡི་དམ་བདེ་གཤེགས་ཞི་ཁྲོའི་ལྷ། །སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོའི་ཚོགས། །ཕོ་རྒྱུད་མོ་རྒྱུད་ཆོས་སྐྱོང་བྱིན་རླབས་མཐུ། །ལྷ་སྲིན་སྡེ་བརྒྱད་རྣམས་ཀྱི་སྲོག་གི་སྙིང་། །ལྷ་མིའི་ཚེ་དཔལ་བསོད་ནམས་དབང་ཐང་དང་། །ས་ཆུ་མེ་རླུང་འབྱུང་བ་རྣམ་ལྔའི་བཅུད། །ཐམས་ཅད་རང་དབང་མེད་པར་བཀུག་ནས་ནི། །བདག་གཞན་བསྲུང་བྱ་ཀུན་དང་དབྱེར་མེད་པར། །ཐིམ་པས་བཀྲག་མདངས་མཐུ་སྟོབས་ལྡན་པར་བསམ། །ཨཱོཾ་ལོག་ཏྲི་པཱ་ལ་ནན་སྲུང་། ས་ག་པ་ཤ་ནན་སྲུངས། །ནཱ་ག་དུ་དུ་ནན་སྲུངས། མ་མཾ་མ་མཾ་སྲུངས། །ཙིར་ཙར་ཙིར་ཙར་སྲུངས། བཾ་རུ་ལུ་བཾ་རུ་ལུ་སྲུངས། རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ་སྲུངས། ཧོ་ར་ཧོ་ར་སྲུངས། ཙི་དུས་ཙི་དུས་སོད། ཤིག་ལྷུ་རུ་གཏུབས། ཧ་ལ་པ་ཏི་ནན། འཁོར་བ་དུལ། གནོད་བྱེད་འབྱུང་པོའི་ཀཱ་ཝཱ་ཙི་བརླག་བརླག །ནྲི་བྷཱུཾ་ཧཱུཾ་ཛཿ བདག་ཅག་དཔོན་སློབ་མི་ནོར་འཁོར་དང་བཅས་པ་ལ་རཀྵ་རཀྵ་སྭཱ་ཧཱ། ཞེས་པའི་སྔགས་ཕྲེང་རང་ཉིད་ལྷར་གསལ་བའི། །ཕྱི་རིམ་འོད་ཟེར་གཡས་སུ་ཡོངས་བསྐོར་ཞིང་། །ལྷ་རྣམས་ཞལ་ནས་སྲིད་པའི་སྔགས་ཀྱི་སྒྲ། །དིར་དིར་རབ་སྒྲོག་གུར་ཁང་ཚོགས་ལས་ཀྱང་། །འབྲུག་སྟོང་དུས་གཅིག་ལྡིར་བ་ལྟ་བུའི་སྒྲས། །སྲིད་པ་གསུམ་ཁྱབ་བདག་གཞན་བསྲུང་བྱ་ལ། །འཚེ་བའི་རིག་སྔགས་བྱད་སྟེམས་རྦོད་གཏོང་དང་། །ལྷ་སྲིན་སྡེ་བརྒྱད་གནོད་པ་ལས་སྐྱོབ་བསམ། །ཞེས་དམིགས་པ་དང་བཅས་སྒྲུབ་པ་པོ་རྣམས་ངག་བསྡམས་ལ་ཉིན་མཚན་ཀུན་ཏུ་སྔགས་ཀྱི་སྒྲ་མ་ཆད་པར་བཟླ། དེའང་ཐུན་དྲུག་ཏུ་བཅད་པའི་ཐུན་དང་པོ་གིང་ཟན་ལ་འཛུལ་བའི་ཐུན་མཐར་གཏོར་ཆེན་(༤ན)


GLG025_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཤ་ཟན་དང་སྨན་རཀ་སྦྲན། ཐུན་གཏོར་ལ་རཀྟ་སྦྲན། ནམ་མཁའ་མེད་པར་གྱུར་ན་ཡང་། །སྔགས་ཀྱི་དངོས་གྲུབ་མེད་མི་སྲིད། །ལྷ་དང་དྲང་སྲོང་གིས་བཤད་པའི། །རིག་སྔགས་བསླུ་བ་མི་སྲིད་ན། །འདོད་ཆགས་བྲལ་བས་བཤད་པ་ཡི། །གསང་སྔགས་སྦྱོར་བ་བསླུ་བ་ནི། །མ་བྱུང་བྱུང་བར་མི་འགྱུར་རོ། །ཞེས་བརྗོད་དེ་དོན་ལ་ངེས་པ་བརྟན་པོ་གཏིང་ཚུགས་པར་བྱས་ནས། དགྲ་འདྲེ་དམིགས་བསལ་གང་ཡིན་གཙོ་བོར་བྱས་པའི་དགྲ་བགེགས་རྣམས་དགུག་གཞུག་ཚར་གཅིག་བྱ། སླར་ཡང་སྨན་རཀ་སྦྲན་ཏེ་ལས་བྱང་བཞིན་སྔགས་རྒྱས་དྲག་པོའི་གཏོར་མ་བྱིན་གྱིས་བརླབས། བླ་མེད་མཆོག་གི་མཆོད་པ་བཞེས། །སོགས་ཀྱིས་གཏོར་མ་བསྔོ་ཞིང་ཉེར་སྤྱོད་དང་སྨན་རཀ་འབུལ། ཧཱུཾ། རྒྱལ་བ་ཀུན་གྱི་མཐུ་སྟོབས་གཅིག་བསྡུས་པ། །གསང་བ་ཀུན་འཛིན་དྲང་སྲོང་དྲི་མ་མེད། །དྲག་པོའི་ཁྲོས་པ་ཞེ་སྡང་རྡོ་རྗེའི་སྐུ། །སྤྲུལ་པ་ཡང་སྤྲུལ་དྲང་སྲོང་འབུམ་སྡེ་དང་། །ལྷ་སྲིན་དྲེགས་པའི་དམག་ཚོགས་རྒྱ་མཚོ་རྣམས། །བསྐུལ་ལོ་བསྐུལ་ལོ་ཐུགས་དམ་དབྱིངས་ནས་བསྐུལ། །མཐུ་སྟོབས་ནུས་པའི་དཔུང་ཚོགས་རབ་སྐྱེད་ཅིག །བ་ལིཾ་ཤ་ཁྲག་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་དཔོན་སློབ་མི་ནོར་འཁོར། །སྲུང་ཞིང་སྐྱོབ་པའི་འཕྲིན་ལས་སྒྲུབ་པ་དང་། །ནད་གདོན་བར་གཅོད་ཞི་བའི་ལས་མཛོད་ཅིག །ཚེ་དཔལ་འབྱོར་པ་རྒྱས་པའི་ལས་༴ མོས་བཞིས་ཁམས་གསུམ་དབང་སྡུད་ལས་༴ གནོད་བྱེད་དགྲ་བགེགས་སྒྲོལ་བའི་ལས་༴ ཅེས་ཐུན་གཏོར་གཏོར་ཆེན་ལ་འབུལ་ཞིང་སྨན་རཀ་སྦྲན། ཆོགས་འཁོར་གཏོང་། སླར་ཡང་ཐུན་གཏོར་གཅིག་བཤམས་པ་ལ་སྨན་རཀ་(༤བ)


GLG025_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲན་ཏེ་འདོད་ཡོན་དུ་བརླབ། གཏོར་ཆེན་ལ་ཤ་ཟན་སྨན་རཀ་སྦྲན། དེ་བཞིན་དུ་སེང་སྟག་ཁ་བགེང་བའི་དུས། །ཆུ་སྲིན་རྔ་མ་གཡབ་པའི་དུས། །བདུད་དམག་ལ་ཆས་པའི་དུས། །སྲིན་པོ་ལྟོ་བ་ལ་རུབ་པའི་དུས། །གཤིན་རྗེས་ཁྲམ་ལ་འདེབས་པའི་དུས། །གཞན་ལྔ་པོར་ཡང་འཛབ་བཟླ་བ་དང་ཐུན་གཏོར་གཏོང་བ་སོགས་སྔ་མ་ཇི་ལྟ་བ་བཞིན་བྱ། སྲུང་བའི་རིང་ཐུན་རེར་མཆོད་པ་གསོ་བ་ལས་མི་བརྗེ། རྡུལ་ཕྱགས་མི་བྱེད། གོས་མགོ་མཇུག་དང་ཕྱིར་མི་བསྒྱུར། སྟན་མི་སྤྲུག །ཕྱག་མི་འཚོལ། མདོར་ན་སྲིད་པའི་གཏེར་ཁྱིམ་སོགས་དྲག་སྔགས་ཀྱི་སྡོམས་ཙམ་རྣམས་ནས་བཤད་པའི་བསྙེན་སྒྲུབ་སྤྱི་ལ་གཅེས་པའི་ཞལ་གདམས་རྣམས་ཉམས་སུ་བསླངས་ཏེ། མཚམས་མ་རལ་བ་གནད་དུ་ཆེའོ། །དེ་ལྟར་སྲུང་བའི་རྟགས་དངོས་ཉམས་རྨི་ལམ་ཅི་རིགས་སུ་བྱུང་བ་དང་རྟག་གཏོར་ལ་རཀྟ་སྦྲན་ཏེ། དགུག་གཞུག་དང་བཅས་བསྐུལ་ཚིག་གི་འབུལ་བའི་བར་ཐུན་གཏོར་ཇི་ལྟ་བ་ལ་གཏོར་མ་ཐོག་ཏུ་འབུལ། གཏོར་ཆེན་ལ་ཤ་ཟན་སྨན་རཀ་སྦྲན་ནས་བྱིན་རླབས་གཏོར་བསྔོ་གཞུང་བཞིན་བྱེད། གདོད་གསོལ་ནི། མཚན་ལྡན་བླ་མས་བཀའ་ཡི་ལུང་བསྟན་ཅིང་། །ཚེ་རབས་དུ་མར་རྗེས་སུ་འབྲེལ་བ་ལས། །ད་ལྟ་ཞལ་མཐོང་དངོས་གྲུབ་བརྙེས་པའི་ལྷ། །འདི་ཕྱི་གཏན་གྱི་བར་ཆད་སེལ་བའི་མགོན། །སངས་རྒྱས་ཀུན་འདུས་དྲང་སྲོང་དྲི་མ་མེད། །བསྙེན་ཅིང་བསྒྲུབས་པའི་འབྲས་བུ་མཆིས་པ་དང་། །མི་དང་མི་མིན་དུཿ ཁའི་འཚེ་བ་ལས། །བརྩེ་ལྡན་ཁྱེད་ཀྱི་ཐུགས་རྗེས་སྐྱོབ་ཏུ་གསོལ། །ཨཱོཾ་ཏྲང་དུ་ཏྲི་ན་ཏྲང་དུ་ཛཿཛཿསརྦ་སིདྡྷི་ཕ་ལ་ཧཱུཾ། སྐུ་གསུང་ཐུགས་གསང་ཡེ་ཤེས་རོལ་པ་ཆེ། །རྨད་བྱུང་འཕྲིན་ལས་རྣམ་བཞིའི་འཁོར་ལོ་དང་། །(༥ན)


GLG025_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ། །བྱིན་རློབས་མཆོག་ཐུན་དངོས་གྲུབ་མྱུར་དུ་སྩོལ། །ཨཱོཾ་ཏྲང་དུ་༴ རྨོངས་འཁྲུལ་དུག་ལྔའི་དབང་དུ་སོང་བ་ལས། །ཚེ་འདིར་མི་དགེའི་ལས་ལ་ཅི་སྤྱད་དང་། །སྔོན་བསགས་སྡིག་པའི་རྣམ་སྨིན་འབྲས་བུ་ཡང་། །འཕགས་མཆོག་ཁྱོད་ཀྱིས་བྱང་ཞིང་དག་པར་མཛོད། །ཅེས་རྗེ་བཙུན་བཀྲ་ཤིས་ཕུན་ཚོགས་ཀྱིས་མཛད་པ་དང་གཞན་ཡང་ཡང་བཟློག་གི་འདོད་གསོལ་ལྷ་ཡི་ལྷ་མཆོག་མའི་འཇམ་དཔལ་གཤིན་རྗེའི་གཤེད་ཅེས་པ་དྲང་སྲོང་དང་ཁྲོ་ཞེས་པར་བསྒྱུར་ཞིང་བསྐལ་བ་དཔག་མེད་ཡང་བྱ། གཞན་ཡང་བསྟན་འགྲོའི་བདེ་སྐྱིད་འཕྲོག་པ་སྤྱི་ཡི་བགེགས། བདག་སོགས་བསྲུང་བྱ་ལ་འཚེ་སྒོས་ཀྱི་གདོན། །མི་བསྲུན་འབྱུང་པོའི་རྩ་སྦུར་དྲང་སྲོང་གི །དམོད་པའི་མེ་ཡིས་གཞོབ་ཏུ་སྲེག་པར་མཛོད། །སྙིགས་མ་ལྔ་བདོ་ལྷ་སྲིན་སྡེ་བརྒྱད་འཁྲུགས། །བན་སྔགས་བོན་དང་མུ་སྟེགས་མཐུ་བྱད་གཏོང་། །འཕུང་བྱེད་འགོང་པོས་སྐྱེ་བའི་རྒྱུད་དཀྲུག་བརླམས། །སྨོན་ལམ་ལོག་པའི་དམ་སྲི་ཆེས་ཆེར་འཕེལ། །དེ་ཕྱིར་དུས་ངན་འདི་རུ་ལྷ་ཁྱོད་ཀྱིས། །མཐུ་དཔུང་བསྐྱེད་ལ་གནོད་བྱེད་སྡེ་བརྒྱད་སྤྱི། ཁྱད་པར་རྒྱལ་བསེན་འགོང་པོ་དྲེ་བོ་བཙན། །དམ་སྲི་ཀླུ་གཉན་ས་བདག་ཚ་ངར་ཆོག །མཐུ་བྱད་རྦོད་གཏོང་རང་གཤེད་རང་ལ་ཕོབ། །གདོན་བགེགས་འབྱུང་པོའི་སྲོག་རྩ་དམར་པོ་ཆོད། །ནད་གདོན་ཆགས་ཆེ་ཉམ་ང་ཐམས་ཅད་སྒྱུར། །ཚེ་དཔལ་ལུང་རྟོགས་ཡོན་ཏན་འཕེལ་བར་མཛོད། །ཅེས་འདོད་གསོལ་སྨོན་ལམ་ཅི་རིགས་བྱ། །དབྱངས་གསལ་དང་ཡིག་བརྒྱ་བཟླ་ཞིང་ངག་འགྲོལ་ལོ། །གཉིས་པ་བཟློག་པ་རྐྱང་(༥བ)


GLG025_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། གཏོར་ཆེན་ཁ་ཕར་བསྒྱུར་ཞིང་འཁོར་ལོ་གཉིས་ཀྱང་རྒྱབ་མདུན་ཕྱི་ནང་མི་འཛོལ་བ་བྱེད། སྟན་ཁ་སྦུབ། གོས་མགོ་མཇུག་ལྡོག །མན་ངག་བཞིན་སྣ་ཞུར་འཐེན། བྱ་རོག་གི་ཞྭ་རྒྱུན་དུ་གྱོན་པ་འམ་མ་བདེ་ན་ཅུང་ཟད་རེ་ཐུན་འགོར་གྱོན། ལས་བྱང་གཞུང་བསྲང་བ་ལྷ་བསྐྱེད་པའི་བར་བཏང་ནས་བདག་མདུན་གཉིས་ཀ་ལྷན་ཅིག་ཏུ་བསྐྱེད་པའི་ཞར་ལ་ཏིང་ངེ་འཛིན་ཅན་གྱིས་ཀྱང་འགྲུབ་མོད་དམིགས་པ་གསལ་ཕྱིར་ཟོར་རྣམས་བྱིན་རླབས་ཀྱི་ཆེད་དུ། ཟོར་གཏོར་སྐད་ཅིག་སྟོང་པའི་ངང་། །དྲག་གཏོར་གནས་གྱུར་རྫུས་སྐྱེས་སུ། །རབ་ཁྲོས་དྲང་སྲོང་ཁྲོ་བོའི་རྒྱལ། །མུན་པ་ལྟར་ནག་འཇིགས་པའི་སྐུ། །ཞལ་གཅིག་ཕྱག་བཞི་ཞབས་གཉིས་བགྲད། ཁམ་ནག་དབུ་སྐྲ་གྱེན་དུ་འཁྱིལ། །སྤྱན་བགྲད་སྡང་མིག་གློག་ལྟར་འཁྱུག །ཞལ་གདངས་མཆེ་གཙིགས་ལྗགས་འདྲིལ་ཞིང་། །དྲག་སྔགས་མེ་ཡི་ཚ་ཚ་འཕྲོ། །གཅེར་བུ་རྒྱན་བྲལ་ཕྱག་བཞི་ཡི། །དང་པོ་གནམ་ལྕགས་ཐོ་རལ་དང་། །འོག་གཉིས་དྲག་པོར་ཟོར་རྫས་ཐོགས། །ཆེ་བརྗིད་གཏུམ་རྔམ་འཇིགས་པའི་སྐུ། །ཡང་སྤྲུལ་རང་འདྲའི་ཁྲོ་བོའི་ཚོགས། །དྲག་ཟོར་ཐོགས་པ་འབུམ་སྡེར་བཅས། །དྲེགས་པ་སྡེ་བརྒྱད་མ་ལུས་པ། །དབང་སྡུད་ཟིལ་གནོན་བྲན་དུ་འཁོལ། །དམར་ནག་མེ་རླུང་འཚུབ་དཀྱིལ་ཀློང་། །འཁོར་བཅས་སྡེ་དཔུང་བཞོན་པར་བཅས། ཁྲོས་འཁྲུག་རྔམ་པའི་ཚུལ་གྱིས་གསལ། །སླར་ཡང་དྲག་གཏོར་དེ་ཉིད་ཀྱི། །རྩ་བར་བསད་ཁྲག་རྒྱ་མཚོར་འཁྱིལ། །ཞིང་གི་ལྷུ་དུམ་ཕྱོལ་ཞིང་ལྡིང་། །རྐེད་པར་ཟོར་བདག་ཁྲོ་བོའི་ཚོགས། །རླུང་ལྟར་འཚུབ་ཅིང་གློག་ལྟར་འཁྱུག །རྩེ་མོར་ནད་མཚོན་བུ་ཡུག་(༦ན)


GLG025_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

འཚུབ། །དྲག་རྩལ་ནུས་ལྡན་འཇིགས་པའི་ཟོར། །ཐོགས་རྡུགས་འགྱིངས་བཟློག་མ་མཆིས་ཤིང་། །གང་ལ་བརྒྱབ་པའི་དགྲ་བགེགས་རྣམས། །ཐལ་བའི་རྡུལ་དུ་བརླག་ནུས་བསམ། །ཟོར་རྫས་མི་དམིགས་སྟོང་པའི་ངང་། །དབུས་ཀྱི་རི་རྒྱལ་ལྷུན་པོ་ལྟར། །ཆེ་བརྗིད་ནང་གི་ཟོར་ཐུན་རྣམས། །རང་རང་སྲོག་གི་ཡི་གེ་ལས། །སྐད་ཅིག་རྫུས་སྐྱེས་དྲེགས་པའི་ཚོགས། །བཀའ་ཉན་སྡེ་བརྒྱད་འདུས་པའི་དམག །མགོན་པོ་ཡུངས་ཟོར་ཐོགས་པ་འབུམ། །འཆི་བདག་མཚོན་ཟོར་ཐོགས་པ་འབུམ། །འགྲེ། གཤིན་རྗེ་དུག་ཟོར་ཐོགས་པ་འབུམ། །ས་བདག་མཛོ་ཟོར་ཐོགས་པ་འབུམ། །ཀླུ་བདག་ནད་ཟོར་ཐོགས་པ་འབུམ། །མ་མོ་ཁྲག་ཟོར་ཐོགས་པ་བུམ། །བཙན་རྒོད་མཚེ་ཟོར་ཐོགས་པ་འབུམ། །བདུད་ནག་ཁྲམ་ཟོར་ཐོགས་པ་འབུམ། །གཟའ་བདུད་དུག་ཟོར་ཐོགས་པ་འབུམ། །རྒྱལ་པོ་གཏོར་ཟོར་ཐོགས་པ་འབུམ། །འགོང་པོ་ཕུར་ཟོར་ཐོགས་པ་འབུམ། །ལཀྴ་རྡོ་ཟོར་ཐོགས་པ་འབུམ། །དམུ་བདུད་རྩང་ཟོར་ཐོགས་པ་འབུམ། །མི་ནག་མདའ་ཟོར་ཐོགས་པ་འབུམ། །བུད་མེད་གཡབ་ཟོར་ཐོགས་པ་འབུམ། །བཤན་པ་གྲི་ཟོར་ཐོགས་པ་འབུམ། །ཟོར་བདག་དྲེགས་པའི་དམག་དཔུང་ནི། །སྲོག་བདག་སྡེ་བརྒྱད་དྲག་ཤུལ་ཅན། །ལ་ལ་རི་རབ་འདེགས་ཤིང་འཕེན། །འགའ་ཞིག་རྒྱ་མཚོ་རྔུབ་ཀྱིས་འདེབས། །དེ་བཞིན་སྟོང་ཁམས་མེ་རུ་སྤར། །བསྐལ་བའི་རླུང་གིས་འཐོར་ཞིང་སྦུད། །མདའ་མཚོན་གནམ་ལྕགས་ཐོག་མདའ་འབེབས། །མེ་རླུང་འཚུབ་མ་ཐུལ་ལུ་ལུ། ཁ་ནས་དྲག་སྔགས་ཤར་ར་ར། །དུག་ནག་རླངས་པ་བུན་ནེ་བུན། ཁྲག་གི་ཆར་འབབ་སིལ་ལི་ལི། །ཀུ་སྒྲ་བསྲོ་སྒྲ་དིར་རི་རི། །རབ་འཇིགས་བཤུག་གླུ་ཀྱུར་རུ་རུ། །གད་བརྒྱང་འབྲུག་སྒྲ་ཆེམས་(༦བ)


GLG025_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

སེ་ཆེམས། །གདུག་རྩུབ་ཐོག་སེར་ཤར་ར་ར། །སྣ་ཚོགས་རུ་མཚོན་སྦུར་རུ་རུ། །མདའ་མདུང་མཚོན་རྣོན་ཡེར་རེ་རེ། །ཞུབ་ཆེན་བཞོན་པ་ཉེར་རེ་རེ། །མུན་ནག་འཚུབ་སྐོར་ཁྱིལ་ལི་ལི། །སྡེ་བརྒྱད་དྲག་པོའི་དམག་དཔུང་རྣམས། །གོ་ཆ་སྲ་ལ་མཚོན་ཆ་རྣོ། །རྣོ་མྱུར་དྲག་རྩལ་ལྡན་པ་ནི། །སྟོང་ཁམས་གང་བའི་དཔུང་དུ་གྱུར། །སྤྱན་འདྲེན་ནས་འཛབ་ལ་ཐུག་གི་བར་བཏང་རྗེས། །རང་ཉིད་ཞེ་སྡང་རྡོ་རྗེར་གསལ་བ་ཡིས། །མཐའ་མའི་ཕྱག་གཉིས་གནམ་ལྕགས་རབ་འབར་བའི། །ལག་མཐིལ་སྡིགས་མཛུབ་དབུས་སུ་དགྲ་བགེགས་དང་། །བྱད་མ་གདོན་བགེགས་ཐམས་ཅད་མངོན་སུམ་དུ། །གསལ་བའི་ཏིང་འཛིན་ང་རྒྱལ་གདེངས་ལྡན་པའི། །ལྷ་ཚོགས་ཞལ་ཕྱིར་གཟིགས་ནས་བཟློག་པའི་སྔགས། །སྒྲོག་ཅིང་གུར་ཁང་ལས་ཀྱང་འབྲུག་སྟོང་ལྟར། །ལྡིར་བས་རྦོད་གཏོང་ལྷ་སྲིན་གནོད་པ་བཟློག །སྔགས་ཕྲེང་ལས་འཕྲོས་འོད་ཟེར་གྱིས་བསྐོར་བའི། །འཕྲོ་འདུས་བྱང་མའི་སྟེང་དུ་བབས་པར་གྱུར། །ལྕེ་དབྱིབས་གནམ་ལྕགས་རྡོ་རྗེར་གསལ་བ་ཡི། །ལྟེ་བའི་ཧཱུཾ་དང་སྔགས་ལས་འཕྲོས་པའི་འོད། །རྭ་དགུའི་སྦུབས་བརྒྱུད་རྩེ་མོའི་ཕཊ་དམར་པོ། །བསྐུལ་བ་ལས་འཕྲོས་ཡེ་ཤེས་མེ་ཡི་ཟེར། །མགར་གྱི་ཚ་ཚ་ཞུན་མ་ལྟར་འཕྲོས་དང་། ཁྲོ་བོ་ཕོ་ཉ་གློག་ལྟར་འཁྱུག་པ་རྣམས། །དགྲ་བགེགས་བྱད་མ་རྦད་འདྲེ་རྦོད་གཏོང་ཚོགས། །རྒྱལ་བསེན་འགོང་པོ་དམ་སྲི་ཤི་འདྲེ་བཙན། །ཀླུ་གཉན་ས་བདག་ལ་སོགས་གནོད་བྱེད་ཀྱི། །སྡེ་བརྒྱད་རྣམས་ལ་ཕོག་པས་སྦྲང་བུ་མེར། །ལྕེབས་བ་ཇི་བཞིན་ཧྲགས་ཧྲགས་ཐུལ་ཐུལ་ཚིག །བསམ་སྦྱོར་ངན་(༧ན)


GLG025_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ནུས་སྟོབས་རྡུལ་དུ་བརླག །རྦད་འདྲེ་སྡེ་བརྒྱད་འབྱུང་པོ་མ་ལུས་པ། །རྦོད་གཏོང་མཁན་སོགས་དགྲ་བོ་ཁོ་རང་གི །གཤེད་དུ་བབས་ནས་ཤ་ཟོས་ཁྲག་འཐུང་ཞིང་། །རུས་མུར་པགས་བཤུས་རློན་པ་གོས་གྱོན་ནས། །མིང་དང་བརྡ་དང་ཐ་སྙད་ཙམ་དུ་ཡང་། །ལུས་པ་མེད་པར་རྡུལ་དུ་བརླག་པར་བསམ། །ཨཱོཾ་ལོག་ཏྲི་པཱ་ལ་ནན་བྷྱོ་བཟློག །ས་ག་པ་ཤ་ནན་བྷྱོ་བཟློག །ནཱ་ག་དུ་དུ་ནན་བྷྱོ་བཟློག མ་མཾ་མ་མི་བྷྱོ་བཟློག ཙིར་ཙར་ཙིར་ཙར་བྷྱོ་བཟློག །བཾ་རུ་ལུ་བཾ་རུ་ལུ་བྷྱོ་བཟློག རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ་བྷྱོ་བཟློག །ཧོ་ར་ཧོ་ར་བྷྱོ་བཟློག །ཙི་དུ་སོད་ཙི་དུ་སོད། ཤིག་ལྷུ་རུ་གཏུབས། ཧ་ལ་པ་ཏི་ནན། འཁོར་འདུལ། གནོད་བྱེད་འབྱུང་པོའི་ཀཱ་ཝཱ་ཙི་བརླག་བརླག །དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ་བྷྱོ་བཟློག །ཅེས་འབད་དེ་བཟླ། རང་ཉིད་ཞེ་སྡང་རྡོ་རྗེར་གསལ་བ་ཡི། །མཐའ་ཕྱག་རྡོ་རྗེའི་བྲག་རི་ལྟར་གྱུར་པའི། །ལག་མཐིལ་ཉི་མ་ཟླ་བའི་དཀྱིལ་འཁོར་དང་། །སོར་བཅུ་གནམ་ལྕགས་སྡིག་པ་མགོ་དགུ་པ། །ཐལ་བརྡབས་དགྲ་བགེགས་དམར་ཚིལ་བཏང་བ་ཡི། །ཤ་ཁྲག་དུམ་བུར་འཐོར་བ་སྡིག་པའི་ཁས། །ལྕིབ་ལྕིབ་ཟོས་པས་ལྷག་མ་ཙམ་དུ་ཡང་། །མ་ལུས་རྗེས་ཤུལ་མེད་པར་བརླག་པར་བསམ། །ནམ་མཁའ་མེད་པར་སོགས་ཀྱིས་བདེན་པ་བརྗོད་རྗེས། ན་མོ་སངས་རྒྱས་ཀྱི་བཀའ་བདེན་པ་སོགས་ཡང་བཟློག་ལྟར་ལ་ཕྱག་རྒྱ་ཟིལ་གནོན་ཚེ་བདག་ནག་པོ་ཞེས་པའི་ཚབ་ལ་དྲང་སྲོང་ཞི་ཁྲོ་སྔགས་རྒོད་ལོག་ཏྲི་པཱ་ལའི་ཞེས་བསྒྱུར་ཐལ་བརྡབ་ལན་གསུམ་དང་དྲང་སྲོང་གི་དམོད་པ་ཚར་གཅིག་བརྗོད། ཐུན་གཏོར་གཏོང་བ་དང་ཟས་ཟ་བའི་སྔ་རོལ་ཏུའང་ཐལ་(༧བ)


GLG025_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

བརྡབ་བྱ། ཐུན་མཐར་གཏོར་ཆེན་ཁ་གསོ། ཐུན་གཏོར་ཤ་ཁྲག་མཚེ་ཡུངས་རྩང་གིས་བརྒྱན་པ་གཏོར་མའི་སྟོད་ཁྲོ་བོ་ལ་སྨད་ཆད་དགྲ་བགེགས་སུ་གསལ་བ་ལ་རཀྟ་སྦྲན། དགུག་གཞུག་ལན་གསུམ་བྱེད་ཅིང་སྨན་རཀ་སྦྲན་ཏེ་བྱིན་རླབས་ནས་བཟུང་འབུལ་ཚིག་བ་ལིཾ་ཤ་ཁྲག་གཏོར་མ་འདི་བཞེས་ལ་ཡན་སྲུང་བ་ལྟར། ཆགས་ཆེ་ཉམ་ང་བཟློག་པའི་ལས་མཛོད་ཅིག །སྡེ་བརྒྱད་འབྱུང་པོ་བཟློག་པའི་ལས་མཛོད་ཅིག །དམིགས་བཀར་གདོན་འདི་བཟློག་པའི་ལས་མཛོད་ཅིག །བྱད་ཁ་ཕུར་ཁ་བཟློག་པའི་ལས་མཛོད་ཅིག །རྨི་ལྟས་མཚན་ངན་བཟློག་པའི་ལས་མཛོད་ཅིག །ལོ་ཀེག་ཟླ་ཀེག་བཟློག་པའི་ལས་མཛོད་ཅིག །ཞག་ཀེག་ཟ་ཀེག་བཟོག་པའི་ལས་མཛོད་ཅིག །བྱད་མ་ལྷ་སྲུང་རང་གཤེད་རང་ལ་ཕོག །ཅེས་བརྗོད། ལྕགས་སམ་བྷནྡྷས་བསྐུལ་ཞིང་གཤིན་རྗེ་ཞེས་པ་དྲང་སྲོང་དུ་བསྒྱུར་ནས་ཐབས་སམ་དགྲ་ཕྱོགས་སུ་འཕང་། ཁྲོམ་བཟློག་སོགས་བཟློག་སྔགས་ཟབ་མོའི་རིགས་བཟླ། དྲང་སྲོང་གི་དམག་ཚོགས་ཀྱིས་རྒྱལ་འགོང་དམ་སྲིས་མཚོན་པའི་དགྲ་བགེགས་གང་ཡིན་པའི་ཕྱོགས་སུ་སོང་སྟེ་ཚར་བཅད། རྦད་འདྲེ་དང་སྡེ་བརྒྱད་རྣམས་དགྲ་བོའི་གཤེད་དུ་བབས་ནས་བརླག་པར་བསམ། ཐུན་གཏོར་གསར་བ་བཤམས་པ་ཁྲོ་བོར་བསྐྱེད། གཏོར་ཆེན་ཁ་གསོ་བ་སོགས་སྲུང་བའི་སྐབས་དང་འདྲ། ཐུན་མཚམས་ལ་ཟོར་སྔགས་ཀྱང་ཅུང་ཟད་བཟླ་ཞིང་ཞོར་སྒྲུབ་བྱེད། མཚམས་ཁང་དུ་ཕྱག་བདར་བྱ། མཆོད་པ་བརྗེ་བཟློག་པའི་རྟགས་དངོས་ཉམས་རྨི་ལམ་དུ་བྱུང་བ་དང་རྟག་གཏོར་ཐུན་གཏོར་བཞིན་འབུལ། གཏོར་ཆེན་གསོས་ནས་བྱིན་གྱིས་བརླབ་ཅིང་བསྔོས་ཏེ་འདོད་གསོལ་ལྷ་མཆོག་མ། བསྐལ་བ་དཔག་མེད་མ། བསྟན་འགྲོ་(༨ན)


GLG025_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

མ་སོགས་བྱ། ཐལ་བརྡབ་དང་བདེན་ཚིག་བརྗོད། དབྱངས་གསལ་དང་ཡིག་བརྒྱ་བཟློས་ཏེ་ངག་འགྲོལ་ལོ། །བསྐུལ་བ་ནི། ཧཱུཾ། མཆོག་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་དང་། །ཡི་དམ་ཞི་ཁྲོ་དམ་ཅན་སྲུང་མའི་ཚོགས། །དྲང་སྲོང་དྲི་མེད་སྤྲུལ་འཁོར་བཀའ་སྡོད་བཅས། །ཐུགས་དམ་གནད་ལས་བསྐུལ་ལོ་ས་མ་ཡ། །བྷྱོ། དྲེགས་འདུལ་ཁྲོ་རྒྱལ་ཆེན་པོའི་དུས་ལ་བབ། །སྤྲུལ་པའི་དྲང་སྲོང་འབུམ་ཚོགས་མཐུ་མ་ཆུང་། །འཁོར་གྱི་ལྷ་སྲིན་སྡེ་བརྒྱད་རྩལ་མ་ཞན། །མྱུར་མགྱོགས་ཕོ་ཉའི་ཚོགས་རྣམས་བང་མ་བུལ། །ཆོས་ཤིག་ཆོས་ཤིག་སྡེ་བརྒྱད་དམག་དཔུང་ཆོས། །རྒྱུག་ཅིག་རྒྱུག་ཅིག་དགྲ་བོའི་ཡུལ་དུ་རྒྱུག །ཕོབ་ཅིག་ཕོབ་ཅིག་ཐན་དང་ཆོ་འཕྲུལ་ཕོབ། །ཕྲོགས་ཤིག་ཕྲོགས་ཤིག་སྲོག་དབུགས་བླ་ཚེ་ཕྲོགས། །དམིགས་པར་གང་བྱས་དམ་ཉམས་དགྲ་བོ་འདི། །ལོ་ཟླ་མ་འགོར་མྱུར་དུ་མ་བསྒྲལ་ན། །དྲང་སྲོང་ཆེན་པོའི་བདེན་ཚིག་ཉམས་འགྱུར་ཏེ། །བཀའ་ཉན་དྲེགས་པའི་ཚོགས་རྣམས་མཐུ་རེ་ཆུང་། །དེ་བས་དམ་རྫས་བ་ལིཾ་གཏོར་མ་དང་། །དགྲ་བོའི་ཤ་ཁྲག་རུས་ལ་རྔམ་ཟས་གྱིས། །བྱད་མའི་ལྷ་སྲུང་རང་གཤེད་རང་ལ་ཕོབ། །བཅོལ་བའི་འཕྲིན་ལས་མྱུར་དུ་སྒྲུབ་པར་མཛོད། །ཧཱུཾ། དྲང་སྲོང་ཆེན་པོ་དྲི་མེད་དགེ་བ་ཡི། །བཀའ་ཉན་ལས་བྱེད་ལྷ་སྲིན་དྲེགས་པ་རྣམས། །སོ་སོའི་གནས་ནས་དཔུང་ཚོགས་ཞོན་པར་བཅས། །ཚུར་སྤྱོན་ཚུར་སྤྱོན་གནས་འདིར་དམ་ལ་སྤྱོན། །བྷྱོ། དྲེགས་པ་སྡེ་བརྒྱད་མཚན་ཉིད་ནི། །མུན་ནག་འཚུབ་མ་འཁྱིལ་ལི་ལི། །ནད་ཀྱི་ན་བུན་ཐུལ་ལུ་ལུ། །ཐོག་སེར་བུ་ཡུག་ཆིལ་ལི་ལི། ཁྲག་གི་ཆར་བབས་སིལ་ལི་ལི། །ཀཾ་ཀཾ་གློག་དམར་(༨བ)


GLG025_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

ཀེམས་སེ་ཀེམ། །མ་རུངས་འབྲུག་སྒྲ་འུར་རུ་རུ། །མི་སྡུག་མཚན་མ་ཤར་ར་ར། །ཆོ་འཕྲུལ་སྣ་ཚོགས་ཐོར་རོ་རོ། །དྲེགས་པ་སྡེ་བརྒྱད་དགྲ་ལ་བྷྱོ། །ལྷ་ཀླུ་བདུད་བཙན་མ་མོ་དང་། །སྲོག་བདག་གཟའ་བདུད་གཤིན་རྗེ་དམུ། །གནོད་སྦྱིན་རཱ་ཙ་འགོང་པོའི་ཚོགས། །བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ། །སྣང་སྲིད་ལྷ་འདྲེ་དྲེགས་པའི་ཚོགས། །རྒྱུག་ཅིག་ད་ནི་ལས་ལ་ཆོས། ཁུག་ཅིག་ཁུག་ཅིག་བླ་ཚེ་ཁུག །དགྲ་བགེགས་བླ་ཚེ་ད་ཁུག་ཅིག །སྲོག་རྩ་ཆོད་ལ་སྙིང་རྩ་གཏུབས། །སྡེ་བརྒྱད་དམག་དཔུང་དགྲ་ལ་བྷྱོ། །དགྲ་བོ་མི་ནོར་ཁ་ཕུང་ཐོང་། །ལྟས་ངན་ཆོ་འཕྲུལ་སྣ་ཚོགས་ཕོབ། །བསྐུལ་ལོ་རྦད་དོ་མཐུ་མ་ཆུང་། །དྲང་སྲོང་བདེན་པའི་བཀའ་མ་བཅག །རྣལ་འབྱོར་དམ་རྫས་ཆུད་མ་གསོན། །ཤ་ཁྲག་རྒྱན་ལྡན་བ་ལིཾ་ལོང་། །བཅོལ་བའི་འཕྲིན་ལས་མྱུར་དུ་སྒྲུབས། །མངའ་གསོལ་བ་ནི། ཧཱུཾ་ཏྲཱཾ། ཆོས་ཀྱི་དབྱིངས་ལས་ལོངས་སྤྱོད་སྐུར་སྣང་བ། །སྤྱན་རས་གཟིགས་དབང་ཐུགས་རྗེའི་འོད་ཟེར་ལས། །སྤྲུལ་སྐུ་དྲེགས་འདུལ་དྲང་སྲོང་དྲི་མེད་ཅེས། །སངས་རྒྱས་སྟོང་གི་སྤྲུལ་པར་མངའ་གསོལ་ལོ། །ཉི་ཟླ་པདྨའི་གདན་ལ་བཞུགས་པ་ཡིས། །བག་ཆགས་སྒྲིབ་ཚོགས་སྤངས་པར་མངའ་གསོལ་ལོ། །ཞལ་གཅིག་ཕྱག་གཉིས་དྲང་སྲོང་ཆ་ལུགས་འཛིན། །ཐབས་དང་ཤེས་རབ་ལྡན་པར་མངའ་གསོལ་ལོ། །སྐུ་མདོག་སྔོ་སྐྱ་སྐེམ་རིད་ཀེང་རུས་ཚུལ། །འདོད་ཆགས་དུག་ལྔ་སྤངས་པར་མངའ་གསོལ་ལོ། །དབུ་སྐྲ་ལྕང་ལོ་གྱེན་དུ་འཁྱིལ་བ་ཡིས། ཁམས་གསུམ་དབང་དུ་སྡུད་པར་མངའ་གསོལ་ལོ། །སྨ་ར་ཨག་ཚོམ་རྒྱ་མདོར་ཞམ་པ་ཡིས། །འདོད་དགུ་ཆར་ལྟར་འབེབས་པར་མངའ་(༩ན)


GLG025_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་ལོ། །ཤེལ་དུང་ཝང་མིག་སྙན་རྒྱན་སྤྲས་པ་ཡིས། །མཆོག་ཐུན་དངོས་གྲུབ་སྩོལ་བར་མངའ་གསོལ་ལོ། །ཞལ་ནས་སྡེ་བརྒྱད་སྲོག་གི་སྤུ་གྲི་གསུང་། །སངས་རྒྱས་བསྟན་སྲུང་ཆེན་པོར་མངའ་གསོལ་ལོ། །ཕྱག་གཡས་གསེར་གྱི་རྡོ་རྗེ་ནམ་མཁར་གདེངས། །སྡེ་བརྒྱད་གནད་ལ་བོར་བར་མངའ་གསོལ་ལོ། །གཡོན་པ་ལུང་ཐང་ཕྲེང་བ་འདྲེན་པ་ཡིས། །ལྷ་སྲིན་དྲེགས་པའི་སྲོག་འཕྲོག་མངའ་གསོལ་ལོ། །སྐུ་ལ་རས་དཀར་ན་བཟའ་ཀླུབས་པ་ཡིས། །རྒྱལ་བའི་འཕྲིན་ལས་ཀུན་བསྒྲུབ་མངའ་གསོལ་ལོ། །འཁོར་དུ་དྲང་སྲོང་འབུམ་སྡེས་བསྐོར་བ་ཡིས། །སྤྲུལ་པས་ཀུན་ལ་ཁྱབ་པར་མངའ་གསོལ་ལོ། །རི་བོ་ཀུན་འདུལ་རྩེ་ལ་བཞུགས་པ་ཡིས། །སྡེ་བརྒྱད་དབང་དུ་སྡུད་པར་མངའ་གསོལ་ལོ། །ནགས་ཚལ་དྲ་བའི་ཕུག་ན་བཞུགས་པ་ཡིས། །ས་བཅུ་ཟིལ་གྱིས་གནོན་པར་མངའ་གསོལ་ལོ། །ཤིང་ཏོག་སྣ་ཚོགས་ཞལ་དུ་གསོལ་བ་ཡིས། །ཚེ་དང་བསོད་ནམས་སྤེལ་བར་མངའ་གསོལ་ལོ། །རྣལ་འབྱོར་གདུང་བས་གསོལ་འདེབས་མངའ་གསོལ་བས། །ཐུགས་རྗེས་བྱིན་རླབས་དངོས་གྲུབ་སྩལ་དུ་གསོལ། །ཧཱུཾ་ཏྲཱཾ། དེ་ལས་ཡང་སྤྲུལ་སྐད་ཅིག་རྫུས་སྐྱེས་སུ། །ཞེ་སྡང་རྡོ་རྗེ་མཐིང་ནག་ཁྲོ་བོའི་རྒྱལ། །གཅེར་བུ་རྒྱན་མེད་རབ་འཇིགས་རྔམ་པའི་སྐུ། །སྤྲོས་བྲལ་འགྱུར་མེད་ཆོས་སྐུ་མངའ་གསོལ་ལོ། །ཞལ་གཅིག་ཕྱག་བཞི་ཞབས་ཟུང་བགྲད་པ་ཡིས། །དོན་དམ་འཕྲིན་ལས་ཐབས་ཤེས་མངའ་གསོལ་ལོ། །ཞལ་གདངས་མཆེ་གཙིགས་ལྗགས་འདྲིལ་མེ་སྟག་འཕྲོ། །གནོད་བྱེད་གཞོབ་ཏུ་སྲེག་པར་མངའ་གསོལ་ལོ། །སྤྱན་གསུམ་དམར་ཟླུམ་སྡང་མིག་གློག་ལྟར་འཁྱུག །མྱུར་མགྱོགས་(༥བ)


GLG025_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲིན་ལས་བསྒྲུབ་པར་མངའ་གསོལ་ལོ། །རྫི་སྨིན་སྨ་ར་ཨག་ཚོམ་ཚ་ཚ་འགྲོ། །ཉམས་པ་སྒྲོལ་མཛད་དཔའ་བོར་མངའ་གསོལ་ལོ། །དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་ཤིང་འབར། །དཀར་ཕྱོགས་བསྟན་པ་རྒྱས་མཛད་མངའ་གསོལ་ལོ། །པད་ཉི་དགྲ་བགེགས་གདན་ལ་འགྱིང་བ་ཡིས། །ཆགས་བྲལ་གདུག་པ་ཟིལ་གནོན་མངའ་གསོལ་ལོ། །ཕྱག་གཡས་གནམ་ལྕགས་ཐོ་ཆེན་ནམ་མཁར་འཕྱར། །དགྲ་གདོན་མགོ་བོ་འགེམས་པར་མངའ་གསོལ་ལོ། །གཡོན་པ་བསམ་གཅོད་རྣོ་ངར་རལ་གྲི་གདེང་། །གནོད་བྱེད་གཟུགས་ཕུང་གཏུབ་པར་མངའ་གསོལ་ལོ། །འོག་མའི་ཕྱག་གཉིས་མཆོད་རྟེན་ནམ་མཁར་བཏེག །རྣལ་འབྱོར་ཚེ་སྲོག་བསྲུང་བར་མངའ་གསོལ་ལོ། །རེས་ཅིག་ཉི་ཟླ་ཆ་ལང་དྲག་ཏུ་རྡེབ། །བཟློག་བསད་ཤ་ཁྲག་འཐོར་བར་མངའ་གསོལ་ལོ། །དེ་ཚེ་སོར་མཛུབ་སྡིག་པ་དམར་ནག་བཅུས། །ཤ་ཁྲག་ལྷག་མེད་རོལ་བར་མངའ་གསོལ་ལོ། །ཡང་ཅིག་ས་འཛིན་ལྷུན་པོ་མཁའ་ལ་བསྐྱོད། །དགྲ་བགེགས་གནོན་ཅིང་གཟིར་མཛད་མངའ་གསོལ་ལོ། །རང་འདྲའི་ཁྲོ་ཆུང་དཔག་མེད་འཕྲོ་འདུ་ཡིས། །ཐོགས་མིན་འཕྲིན་ལས་བསྒྲུབ་པར་མངའ་གསོལ་ལོ། །དྲག་སྔགས་འཕྲོ་འདུ་ལྕགས་ཀྱུ་འཕྲེང་བ་ཡིས། །མ་རུངས་འབྱུང་བ་འགུགས་པར་མངའ་གསོལ་ལོ། །བཀའ་ཡི་བདེན་ཚིག་དམོད་པའི་མཐུ་སྟོབས་ཀྱིས། །དྲག་རྩལ་ནུས་མཐུ་དཔག་མེད་མངའ་གསོལ་ལོ། །ཡེ་ཤེས་བསྐལ་མེའི་ཀློང་དུ་བཞུགས་པ་ཡིས། །ཉོན་མོངས་དགྲ་གདོན་བསྲེག་པར་མངའ་གསོལ་ལོ། །བཀའ་ཉན་སྡེ་བརྒྱད་དམག་ཚོགས་གྲངས་མེད་གྱིས། །དགྲ་བགེགས་རྡུལ་དུ་རློག་པར་མངའ་གསོལ་ལོ། །དམ་ལྡན་གཏེར་སྲུང་དྲེགས་ཚོགས་མ་ལུས་པས། །དམ་ཆོས་བསྟན་པ་འཕེལ་རྒྱས་མངའ་གསོལ་ལོ། །དམ་(༡༠ན)


GLG025_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་བརྒྱན་པའི་མཆོད་གཏོར་འདི་བཞེས་ལ། །དམ་གཙང་རྣལ་འབྱོར་ཡོན་མཆོད་འཁོར་བཅས་ཀྱི། །འགལ་རྐྱེན་བར་ཆད་ཞི་བའི་འཕྲིན་ལས་མཛོད། །ཚེ་དཔལ་འབྱོར་པ་རྒྱས་པའི་འཕྲིན་ལས་མཛོད། །སྣང་གྲགས་དབང་དུ་བསྡུ་བའི་འཕྲིན་ལས་མཛོད། །དགྲ་གདོན་ཐལ་བར་རློག་པའི་འཕྲིན་ལས་མཛོད། །མཆོག་ཐུན་ལས་བཞིའི་འཕྲིན་ལས་མ་ལུས་པ། །ལྷ་མཆོག་མ་ཧཱ་རྀ་ཥིས་སྒྲུབ་པར་མཛོད། །བཟློག་བསྒྱུར་ནི། དེ་ལྟར་ལྷ་ཚོགས་རྣམས་རབ་ཏུ་དགྱེས་པས་བཟློག་བསྒྱུར་གྱི་ལས་རྣམས་ཐོགས་མེད་དུ་མཛད་པར་བསམ་ལ། ཧཱུཾ་བྷྱོ། དྲེགས་འདུལ་དྲང་སྲོང་དྲི་མ་མེད། །དེ་སྤྲུལ་རྫུས་སྐྱེས་ཁྲོ་ཆེན་ནི། །འཇིགས་བྱེད་ཞེ་སྡང་རྡོ་རྗེ་དང་། ཁྲོ་རྒྱལ་དེ་ཡི་སྤྲུལ་པ་དང་། །ཡང་སྤྲུལ་དམ་ཅན་རྒྱ་མཚོར་བཅས། །བཀའ་ཉན་དྲེགས་པ་སྡེ་བརྒྱད་ཚོགས། །རང་རང་གཡོག་སྤྲུལ་ཕོ་ཉར་བཅས། །འཁོར་དང་བཅས་པ་ཁྱོད་རྣམས་ལ། །བཟློག་བསྒྱུར་འཕྲིན་ལས་བཅོལ་བ་ནི། །སྔགས་འཆང་བདག་ཅག་འཁོར་བཅས་རྣམས། །དོ་ཅིག་དེང་སང་ཕན་ཆོད་ནས། །སང་ཕོད་ད་ཙམ་ཚུན་ཆད་ཀྱི། །ལོ་ཟླ་ཞག་དུས་སྤར་སྨེ་དང་། །སྲོག་ལུས་དབང་ཀླུང་དགྲ་གཤེད་ཀག །གཟའ་ཆོས་སྐར་སྦྱོར་བྱེད་པ་ངན། །ས་བདག་ཕྱོགས་ངན་ལ་སོགས་པ། །མི་མཐུན་འགལ་རྐྱེན་བཟློག་ཏུ་གསོལ། །ལྷ་བདུད་མ་མོ་རྒྱལ་བཙན་སོགས། །སྡེ་བརྒྱད་ཁྲོས་ཤིང་འཁྲུགས་པ་ཡིས། །འགོ་ནད་ཡམས་རིམས་འབྲུམ་བུ་དང་། །རྒྱུ་གཟེར་གག་ལྷོག་གཉན་ནད་སོགས། །ནད་རིགས་བཞི་བརྒྱ་རྩ་བཞི་བཟློག །ལྷ་ཀླུ་གནོད་སྦྱིན་རྒྱལ་བསེན་སོགས། །གདོན་(༡༠བ)


GLG025_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་སྟོང་ཕྲག་བཅོ་བརྒྱད་དང་། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་། །བྱིས་པའི་གདོན་ཆེན་བཅོ་ལྔ་བཟློག །ལྟས་ངན་བརྒྱད་ཅུ་རྩ་གཅིག་བཟློག །ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་བཟློག །གློ་བུར་བདུན་བརྒྱ་ཉི་ཤུ་བཟློག །སྔ་ཞགས་མདའ་ལྟར་འཕེན་པ་བཟློག །ཕྱི་ཞགས་དྲུབ་ལྟར་འཐུལ་བ་བཟློག །ལྷ་ཆེན་དྲག་པོའི་གདུག་རྩུབ་བཟློག །ལྷ་མ་ཡིན་གྱི་སྒྱུ་ཐབས་བཟློག །སྐེམས་བྱེད་ལྕགས་ཀྱུས་ཟིན་པ་བཟློག །དྲང་སྲོང་བྲམ་ཟེའི་དམོད་པ་བཟློག །མགོན་པོའི་པར་བུ་བསྐོར་བ་བཟློག །གཤིན་རྗེའི་འཁྲུལ་འཁོར་བཅས་པ་བཟློག །ཕུར་པའི་དབལ་ཁ་བཏབ་པ་བཟློག །ཕྲ་མེན་ཉེ་འབྱེད་གཏོང་བ་བཟློག །ཕོ་ཉའི་རྦོད་གཏོང་རྐང་མགྱོགས་བཟློག །བནྡེའི་འབུམ་སྐོར་བྱུང་བ་བཟློག །བོན་པོས་ཟོ་དམར་འཕངས་པ་བཟློག །མུ་སྟེགས་ངན་སྔགས་བཏང་བ་བཟློག །ཡུངས་ཀྱི་ཐུན་ཟོར་འཕེན་པ་བཟློག །སྔགས་པས་སྔགས་ཟོར་འཕངས་པ་བཟློག །བྱད་ཕུར་རྦོད་གཏོང་བྱུང་བ་བཟློག །མནན་གཏད་ཁྲམ་ལ་བཏབ་པ་བཟློག །སྲེག་འཕང་ལས་སྦྱོར་བྱས་པ་བཟློག །ཡས་ཀྱི་བདུད་དུ་གཡོས་པ་བཟློག །མས་ཀྱི་སྲི་རུ་ལངས་པ་བཟློག །ཕ་མེས་རྒན་སྲི་ལངས་པ་བཟློག །མ་སྲུའི་རྒན་སྲི་ལངས་པ་བཟློག །བྱིས་པའི་ཆུང་སྲི་ལངས་པ་བཟློག །དཔོན་སློབ་དམ་སྲི་ལངས་པ་བཟློག །པྲ་དང་མོ་རྩིས་ངན་པ་བཟློག །རྨི་ལམ་མཚན་ལྟས་ངན་པ་བཟློག །ལ་ཉེ་ཁ་ཡོགས་ངན་པ་བཟློག །ཁ་མཆུ་ཁ་སྨྲས་ངན་པ་བཟློག །དུག་མཚོན་བསམ་སྦྱོར་ངན་པ་བཟློག །བཙའ་སད་སེར་བ་ལོ་ཉེས་བཟློག །མི་ནད་ཕྱུགས་ནད་ངན་པ་བཟློག །ཐོག་འཁྱུག་གནམ་ལྕགས་ལྕེ་འབར་བཟློག །སྨྱོ་འབོག་བརྒྱལ་ནད་ངན་པ་བཟློག །ས་ཀླུ་མཛེ་ཕོལ་ཤུ་འབྲས་བཟློག །གཟའ་ནད་ཧུར་ཐུམ་གཏོང་བ་བཟློག །སྔ་(༡༡ན)


GLG025_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་ལག་གིས་བདར་བ་བཟློག །ཕྱི་དགྲ་ཡིད་ལ་བཞག་པ་བཟློག །ད་དགྲ་མདུན་དུ་སྡོད་པ་བཟློག །ལུས་ཀྱི་ན་ཚ་ངན་པ་བཟློག །སེམས་ཀྱི་སྡུག་བསྔལ་ངན་པ་བཟློག །བསམ་དོན་མི་འགྲུབ་བར་གཅོད་བཟློག །མི་མཐུན་གནོད་པའི་ཕྱོགས་ཀུན་བཟློག །བཟློག་གོ་དམར་ཆེན་གཏོར་མས་བཟློག །བསྒྱུར་རོ་དྲང་སྲོང་དམོད་པས་སྒྱུར། །ཟོར་རོ་དགྲ་དང་བགེགས་ལ་ཟོར། །ཆོས་སོ་གནོད་བྱེད་གདོན་ལ་ཆོས། །ཕོ་བདུད་དལ་ཁ་གཡས་སུ་སྒྱུར། །མོ་བདུད་དལ་ཁ་གཡོན་དུ་སྒྱུར། །སྤྱི་བདུད་དལ་ཁ་མཁའ་ལ་སྒྱུར། །ཆུང་བདུད་དལ་ཁ་ཐད་དུ་སྒྱུར། །རབ་འཇིགས་ལོག་ཏྲིའི་ལྷ་ཚོགས་རྣམས། །དམ་རྫས་གཏོར་མ་འདི་བཞེས་ལ། །བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །དྲེགས་པ་སྡེ་བརྒྱད་འཁོར་དང་བཅས། །བསྐུལ་ལོ་རྦད་དོ་མཐུ་མ་ཆུང་། །དྲང་སྲོང་བདེན་པའི་བཀའ་མ་བཅག །སྔགས་འཆང་དམ་རྫས་ཆུད་མ་གསོན། །དྲག་པོའི་འཕྲིན་ལས་སྒྲུབ་པར་མཛོད། །ཅེས་དང་བཟློག་སྔགས་བཟླ་དམོད་མོ་བྱ་ཞིང་ཐལ་མོ་བརྡབ་བོ། །སྒོ་དབྱེ་བ་ནི། སྒྲུབ་ཁང་སྟེང་དུ་གསེར་སྐྱེམས་འབུལ། བྷྱོ། ཟོར་བྱུང་དང་པོ་གང་ནས་བྱུང་། །དང་པོ་ཟོར་གྱི་བྱུང་ས་ནི། །རི་རབ་ལྷུན་པོའི་བྱང་ཕྱོགས་སུ། །ལྕང་ལོ་ཅན་གྱི་ཕོ་བྲང་ན། །གསང་བདག་ཕྱག་ན་རྡོ་རྗེ་ཡིས། །དྲེགས་པ་འདུལ་བའི་ཏིང་འཛིན་དང་། །དྲེགས་སྲོག་དབང་དུ་སྡུད་པའི་ཕྱིར། །དྲག་སྔགས་རྣོ་དབལ་འབྲུག་སྟོང་སྒྲ། །རབ་ཏུ་བསྒྲགས་པའི་སྔགས་ཟོར་གྱིས། །དྲེགས་བྱེད་ལྷ་སྲིན་སྡེ་བརྒྱད་རྣམས། །རབ་འཇིགས་དངངས་སྐྲག་རེངས་ཤིང་བརྒྱལ། །བརྒྱལ་བ་སངས་ནས་དྲེགས་པའི་ཚོགས། །འཁོར་དང་འབངས་སུ་ཁས་བླངས་ནས། །(༡༡བ)


GLG025_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

རང་རང་སྲོག་གི་སྙིང་པོ་ཕུལ། །དང་པོ་སྔགས་ཟོར་དེ་ལྟར་བྱུང་། །དེ་འོག་བར་གྱི་བསྐལ་བ་ལ། །རྒྱ་གར་ཡུལ་གྱི་ལྷོ་ཡི་ཕྱོགས། །ལྷོ་ཕྱོགས་ཨིནྡྲའི་ཡུལ་དབུས་སུ། །ཆོས་རྒྱལ་དྷ་རྨ་ཨ་ཤྭ་དེ། །ས་བདག་ཀླུ་དུག་ནད་ཀྱིས་ཟིན། །དུས་དང་བསྐལ་བ་དེ་ཙམ་ན། །ནགས་ཚལ་དྲ་བ་ཅན་གྱི་ཀློང་། །རི་བོ་ཀུན་འདུས་རྩེ་མོ་ནས། །ཆོས་ལོངས་སྤྲུལ་སྐུ་དྲང་སྲོང་ཆེ། །དྲི་མེད་འོད་ཟེར་སྤྱན་དྲངས་ནས། །དྲང་སྲོང་དམོད་པའི་བདེན་ཚིག་གི །དྲག་སྔགས་དཔལ་ཟོར་འདི་བརྒྱབ་བས། །རྒྱལ་པོ་ཀླུ་ཡི་སྙུན་ལས་གྲོལ། །བར་དུ་སྔགས་ཟོར་དེ་ལྟར་སྲིད། །དེ་རྗེས་དྷ་རྨ་ཨ་ཤྭ་དང་། །བྲམ་ཟེ་ལེགས་གྲུབ་པྲ་ཧ་སྟི། །འཕུང་བྱེད་ཤནྟིཾ་གྷརྦྷ་དང་། །པདྨ་འབྱུང་གནས་ལ་སོགས་ནས། །རྩ་བའི་བླ་མ་ཡན་ཆོད་ཀྱིས། །བསྟེན་ཅིང་བསྒྲུབས་པའི་ཡི་དམ་ལྷ། །ལྷ་མཆོག་དྲང་སྲོང་དྲག་རྩལ་ཅན། །རྣལ་འབྱོར་བདག་གིས་བསྒྲུབས་བསྒྲུབས་ནས། །བྱིན་རླབས་མཐུ་དཔུང་མ་ཉམས་པའི། །དྲག་སྔགས་སྤུ་གྲིའི་དཔལ་ཆུ་ཁྲག་གཏོར་མ་སོགས་དང་སྦྱར། ཟོར་འདི། །སྟེང་འོག་ཕྱོགས་མཚམས་ཕྱོགས་བཅུ་ཡི། །ལྷ་ཀླུ་གཉན་དང་ཕྱོགས་སྐྱོང་སོགས། །དཀར་ཕྱོགས་སྐྱོང་དང་མ་ཉེས་པའི། །ལྷ་སྲིན་ཡོངས་ལ་མི་འཕེན་ནོ། །སྐུ་གཟུར་དབུ་སྨོད་ཞབས་བསྐུམ་ཞིག །དབང་ཕྱུག་བདག་གིས་མ་ཉེས་སོ། །འདི་ལྟར་དྲག་པོའི་དཔལ་ཟོར་འདི། །སྡང་བའི་དགྲ་དང་གནོད་པའི་བགེགས། །བར་དུ་གཅོད་པའི་རྐྱེན་ལ་འཕེན། །རྒྱལ་བསེན་གནོད་བྱེད་འདུལ་བའི་ཕྱིར། །དྲང་སྲོང་ལྷ་ཚོགས་དབྱིངས་ནས་བཞེངས། །སྤྲུལ་འཁོར་འབུམ་སྡེ་ལས་ལ་ཕྱོས། །དྲང་སྲོང་ཆེན་པོ་དྲི་མེད་ཁྱོད། །སྐུ་ནི་མི་འགྱུར་བརྟན་པ་ལ། །ཕྱག་མཚན་འཁོར་(༡༢ན)


GLG025_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་བསྒྱུར་བཞིན་དུ། །དགྲ་བགེགས་མགོ་ལ་འཁོར་ལོ་སྐོར། །རྒྱལ་འགོང་ལུས་ལ་འཁོར་ལོ་སྐོར། །སྡེ་བརྒྱད་སྲོག་ལ་འཁོར་ལོ་སྐོར། །འཁོར་ལོ་གཡས་སུ་བསྐོར་ཙ་ན། །རྒྱལ་འགོང་མགོ་ལ་འཁོར་ལོ་རྒྱོབ། །འཁོར་ལོ་གཡོན་དུ་བསྐོར་ཙ་ན། །མོ་གདོན་སྙིང་ལ་འཁོར་ལོ་རྒྱོབ། །སྡང་བའི་དགྲ་ལ་སྔགས་ཟོར་ཡཱ། །གནོད་པའི་བགེགས་ལ་སྔགས་ཟོར་ཡཱ། །ཟ་བའི་འདྲེ་ལ་སྔགས་ཟོར་ཡཱ། །འཕུང་བའི་སྲི་ལ་སྔགས་ཟོར་ཡཱ། །གནོད་བྱེད་ཐལ་བའི་རྡུལ་དུ་རློག །སྤུ་གྲི་རིང་མོ་དང་ཟོར་སྔགས་བཟླ་ཞིང་ཟོར་རྣམས་ཐེབས་དང་བསྟུན་ནས་དགྲ་ཕྱོགས་སུ་འཕང་། གཏོར་ཆེན་ལ་ཤ་ཟན་རཀྟ་སྦྲན། །དགུག་གཞུག་གསུམ་དང་སྨན་རཀ་སྦྲན་ཏེ་བྱིན་རླབས་འབུལ་ཚིག་བཟློག་པའི་ཤམ་བུ་ཅན་གྱི་བར་ཐུན་གཏོར་ལྟར་བྱ། ཡིག་བརྒྱ་བརྗོད། བཟོད་གསོལ་བྱ། ལྷ་མཆོག་མ། བསྐལ་བ་དཔག་མེད་མ། བསྟན་འགྲོ་མ། མཁྱེན་བརྩེ་ནུས་མངའ་མ་ཡང་བཟློག་ལྟར་ལ་ཚིག་ཕྲད་ཁ་བསྒྱུར་བ། ནམ་མཁའ་མེད་པར་སོགས་སྨོན་ལམ་བདེན་བརྗོད་བྱ། ཧཱུཾ། གཏོར་ཆེན་ལྷ་ཚོགས་ཡེ་ཤེས་པ། །སྐུ་རྟེན་འཁོར་ལོ་རྣམས་ལ་བསྡུ། །དམ་ཚིག་སེམས་དཔའ་རང་ཉིད་དང་། །ཛཿཧཱུཾ་བཾ་ཧོཿ་ས་གཉིས་མེད་བསམ། སླར་ཡང་གཏོར་མ་གསལ་འདེབས་མན་ངག་ལྟར་བྱ། ཤ་ཟན་རཀྟ་སྦྲན་རྗེས་དཔལ་འབར་བཙུགས། དགུག་གཞུག་ནས་འབུལ་ཞིང་འཕྲིན་བཅོལ་གྱི་བར་གོང་དང་འདྲ་བ་དམག་ལྟོའི་ཚུལ་དུ་འབུལ། གོང་གི་བསྐུལ་རིང་ཐུང་གང་རུང་གཏོང་། གཏོར་ལམ་ཐེན་ལ་གཏོར་ཆེན་ཕྱིར་སྤགས། གོང་གི་བསྐུལ་དང་བཟློག་གཞུང་(༡༢བ)


GLG025_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བཟློག་ལྟར་སྐབས་འདིར་བྱས་ཀྱང་རུང་། ཚོགས་ལྷག་དང་ཆད་མཐོ་གཏོང་། གཤེགས་སྐྱེམས་སུ་གཏོར་མ་གསོ་བ་ནས། འབུལ་བའི་བར་གོང་ལྟར་བྱས་རྗེས་དགྲ་འམ་ཐེབས་ཕྱོགས་སུ་གསེར་སྐྱེམས། ལྷ་ཚོགས་བསྐུལ་བ། ལྕགས་སམ་བྷནྡྷའི་བསྐུལ་ཚིག་དང་བཅས་མན་ངག་ལྟར་སྔགས་རྣམས་དང་གཏོར་མ་འཕེན་པའི་དམིགས་པ་ཞལ་ཤེས་ལྟར་བྱ། རང་མ་ཉེས་པའི་དཔང་བཙུགས། ཁོའི་ཉེས་པ་བསྒྲག །དམོད་མོ་བྱ། བྲིས་སྐུ་དང་འཕྱར་དར་བརྡབ། རལ་པ་སྤྲུག་བྲང་བརྡུང་། འོ་དོད་འབོད། དུལ་མོ་རྡུལ། ཐལ་མོ་བརྡབ་བོ། ནམ་མཁའ་མེད་པར་སོགས་བདེན་ཚིག་བརྗོད། མེ་ཆུའི་རྒྱས་འདེབས་བྱེད། དེ་ནས་ས་ལ་ཆོས་འབྱུང་རིམ་གསུམ་ལྟེ་བར་ནྲི་བྲིས་པའི་སྟེང་དུ་མེ་སྒྲ་ཆུས་བསད་བྱ། གཏོར་གཞོང་ཁ་སྦུབ། གཏོར་མནན་དང་འདུལ་སྦྱོང་གི་བྲོ་བརྡུང་། གཏོར་གཞོང་ལ་བསྒྱེལ་ལ་སྨན་འབྲུས་བཀང་། བཤལ་ཆུའམ་གཏོར་མ་ཟུར་དུ་བཤམས་པས་བསྟན་མ་བསྐྱང་། ནྲིའི་སྟེང་དུ་མཐོ་བརྩིགས་པ་ལོག་ཏྲིར་བསྐྱེད་ལ་བན་སྐོར་དགུ་བྱ། ནང་པ་སངས་རྒྱས་པས་བདག་ལ་བྱས་པའི་རྦོད་གཏོང་ཐམས་ཅད་ཞིག་པར་གྱུར་ཅིག །ཅེས་བརྗོད། བོན་སྐོར་དགུ་བྱ། ཕྱི་པ་མུ་སྟེགས་པ་དང་བོན་གྱིས་བདག་ལ་བྱས་པའི་རྦོད་གཏོང་ཐམས་ཅད་ཞིག་པར་གྱུར་ཅིག །ཅེས་བརྗོད། བྱེ་མའི་ལ་དགུ་བྱས་པར་གོམ་པ་དགུ་ཚུལ་ལ་སྤོ། ལ་དགུ་ལུང་དགུར་ཕྱིན་པར་བསམས་ལ་ཕྱི་མིག་མི་བལྟ་བར་ནང་དུ་ལོག །ཚེ་འགུགས་བླ་མ་དང་ནོར་ལྷའི་གཏོར་མ་མ་གཏོགས་པའི་གཏོར་མ་རྣམས་ལ་སྨན་རཀ་སྦྲན། ཨཱོཾ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབས། །བསྐུལ་ཚིག་སྲུང་(༡༣ན)


GLG025_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཤམ་བུ་ཅན་གྱིས་ཐོག་ཏུ་འབུལ། གཏང་རག །བཟོད་གསོལ། ཉེར་བསྡུ། སྨོན་ལམ། ཤིས་བརྗོད་དཀྱུས་ལྟར་བྱའོ། །གོང་གི་ས་བཅད་ཕྱི་མ་རྣམས་ནི་དཔལ་འབྲི་གུང་པ་ཆོས་ཀྱི་གྲགས་པས་མཛད་པའི་སྣང་ལས་ཀྱི་ཡིག་ཆ་དང་མཐོང་བརྒྱུད་ཀྱི་ཕྱག་བཞེས་ལས་ཤེས་པར་བྱ་ཞིང་སྲུང་བཟློག་ཐུན་མོང་བ་ལའང་། སྔོན་ཆད་ཡི་གེ་ནག་འགྲོས་འདི་འདྲ་བཀོད་པ་མི་འདུག་པས་ཆོས་ཀྱི་འབྱུང་ཁུངས་དང་། བརྒྱུད་པ། དམ་ཚིག །བསྟན་འགྲོའི་བདེ་ཐབས་སོགས་མི་སེམས་པར་རང་གི་ཚེ་སྟོབས་འབྱོར་སྒྲུབ་ཙམ་གྱི་དོན་དུ་ཆོས་རྒྱུན་ཚུལ་བཞིན་མནོས་པར་དཔེ་མཐོང་ཙམ་གྱིས་ཉམས་སུ་ལེན་པའི་དམ་མེད་ཁ་གཙང་ཅན་གྱི་ལག་ཏུ་ཤོར་ན་སྟོན་ཡུལ་དང་སྟོན་མཁན་གཉིས་ཀ་ཀླུ་བདུད་མགོ་དགུ་དང་རྒྱལ་པོ་ཤེལ་གིང་གཉིས་ཀྱིས་མི་ནོར་ཕྱུགས་གསུམ་གྱི་སྟེང་དུ་ཆད་པ་ཕོབ་ཅིག་ས་མ་ཡ། ད་ལྟར་སྔགས་རྒོད་ལོག་ཏྲི་དམོད་པའི་མཚོན། །དགྲ་བགེགས་སྡེ་བརྒྱད་འདུལ་བའི་སྤུ་གྲི་ཞེས། གངས་ལྗོངས་སྔ་འགྱུར་མཁན་པོ་མཐའ་དག་ལ། །རླུང་རྟར་གྲགས་པའི་ཆེ་བ་མགྲིན་གཅིག་གླེང་། །ཕལ་ཆེར་མིང་ཙམ་ལས་གཞན་གནད་མ་རྟོགས། །ལ་ལ་ཕྱོགས་མཐོང་ཙམ་གྱིས་ལག་ལེན་བྱེད། །མཁས་པ་རྣམས་ཀྱང་རགས་པའི་ཕྱག་བཞེས་ལས། །ཕྲ་ཞིབ་གནད་ཀྱི་དཔྱ་འཕྲང་མ་སྒྲོལ་ལུས། དྷ་རྨ་ཨ་ཤྭ་ཀ་དེའི་སྒྱུ་དྲའི་གར། །འབྲི་གུང་གནམ་ལྕགས་མེ་འབར་ཡབ་སྲས་ཀྱི། །བཞེད་སྲོལ་མཁས་པའི་དྲིན་ལས་ཐོས་པའི་མོད། །མེ་ལོང་བྱད་བཞིན་མ་འདྲེས་སོ་སོར་མཐོང་། །མེས་པོ་མང་པོའི་ལག་པ་རིམ་བརྒྱུད་ལ། །ཨ་ཕའི་ཉམས་(༡༣བ)


GLG025_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ཨ་མའི་རྨི་ལམ་གྱིས། །བརྒྱན་པའི་རྒྱུན་ཞེས་རང་ཚུགས་བཟང་པོ་ཅན། །རྨོངས་བརྟད་མཁན་རྣམས་རྭ་པའི་ཕུགས་སུ་ཉོལ། །ཨྱོན་པཎ་ཞུ་ཙམ་གྱིས་སྔ་འགྱུར་བསྟན། །ཟིན་ན་ཆེས་སླ་མལ་དུ་གློ་ལྷོད་མོད། །པད་འབྱུང་དགོངས་དོན་སྐྱོར་ཟློས་བྱེད་པ་ཡི། །མ་བབས་ལས་འདི་ཁོ་བོའི་རེས་སུ་སོན། །གངས་ཅན་བསྟན་དང་འགྲོ་བའི་བདེ་སྐྱིད་སྲོག །འཕྲོག་པ་ལྷ་མིན་གདོན་གྱི་ཆོམ་པོའི་མགོར། །བསོད་ནམས་གནམ་ལྕགས་ཐོག་གི་མདའ་ཆེན་འདིས། །ཨ་ཙ་ཀ་ཡི་དོག་པ་ལྟར་འགས་ཤོག །དགྲ་གདོན་གཟུགས་བརྙན་འཆར་གཞི་རང་རྒྱུད་སྒྲིབ། །དངས་པའི་རྫིང་བུ་སྐེམ་ནུས་ཚོགས་གཉིས་ཀྱི། །ཉི་མའི་གཟི་འབར་སྐུ་བཞིའི་འོད་སྟོང་གིས། །འཇིག་རྟེན་གསུམ་དུ་ཁྱབ་པའི་བཀྲ་ཤིས་ཤོག །ཅེས་དྲང་སྲོང་ལོག་ཏྲི་པཱ་ལའི་སྲུང་བཟློག་ཐུན་མོང་བ་ཉམས་སུ་ལེན་ཚུལ་བཙན་མཁར་བསྲུང་བའི་འཕྲུལ་སྒྱོགས་འདི་ནི་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པ་རྣམས་ཀྱི་ཉམས་ལེན་དང་བསྟན་པའི་བཙས་སུ་བསམས་ཏེ་ཟ་ཧོར་གྱི་སྔགས་སྨྱོན་ཟིལ་གནོན་དྲག་པོ་རྩལ་གྱིས་ཆུ་གླང་ཧོར་ཟླ་གསུམ་པའི་དམར་ཕྱོགས་རྒྱལ་བ་གསུམ་པའི་ཚེས་ལ་ཕོ་བྲང་ཆེན་པོ་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་སྡོམ་བརྩོན་འཇམ་དབྱངས་གྲགས་པས་བགྱིས་པ་འདིས་ཀྱང་སྲུང་བ་བཙན་པོའི་མཁར་གྱི་རྩེ་ནས་བཟློག་པའི་འཕྲུལ་སྒྱོགས་འཕངས་པས་དགྲ་བགེགས་ཐལ་བར་རློག་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།


previousདྲང་སྲོང་ལོག་ཏྲི་པ་ལའི་སྲུང་བཟློག་ཐུན་མོང་བ་ཉམས་སུ་ལེན་ཚུལ་བཙན་མཁར་བསྲུང་བའི་འཕྲུལ་སྒྱོགས།next