Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྔགས་རྒོད་ལོག་ཏྲིའི་ཧོམ་གྱི་ལག་ལེན་ཉི་མའི་སྙིང་པ།
   
   
   
   
   


 
previousསྔགས་རྒོད་ལོག་ཏྲིའི་ཧོམ་གྱི་ལག་ལེན་ཉི་མའི་སྙིང་པ།next

སྔགས་རྒོད་ལོག་ཏྲིའི་ཧོམ་གྱི་ལག་ལེན་ཉི་མའི་སྙིང་པ།


GLG025_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་རྒོད་ལོག་ཏྲིའི་ཧོམ་གྱི་ལག་ལེན་ཉི་མའི་སྙིང་པོ་བཞུགས་སོ། །


GLG025_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་དྲང་སྲོང་ཞི་ཁྲོ་དང་། །དབྱེར་མེད་རྩ་བའི་བླ་མ་ལ། །གུས་པས་བཏུད་ནས་ལས་ཀྱི་མཐའ། །སྡུད་བྱེད་སྲེག་པའི་ལག་ལེན་འདྲི། །དེ་ཡང་། རྒྱུད་ཀྱི་ལེའུ་ལྔ་པ་དང་། གཞུང་གི་མན་ངག་ཉེར་བདུན་པའི་བཅུ་པ་གཉིས་ལས་བཤད་པའི་རྒྱུད་དོན་ལྟར་ན་གཤིན་རྗེ་སོགས་གཞན་ནས་ཁ་བཀང་སྟེ་སྦྱིན་སྲེག་རྒྱས་པར་བྱས་པ་འཐད་ནའང་མན་ངག་བཅུ་བ་ནས་བཤད་པ་ལྟར་མེའི་ལས་སྦྱོར་ཙམ་ལ་ལྕགས་སླང་སོགས་སུ་དྲག་པོའི་ཤིང་གི་ཐབ་ཁུང་གྲུ་གསུམ་པ་བརྩིགས། དེའི་གཡས་ངོས་སུ་གདན་ལ་གཏོར་ཆུང་ཤ་ཁྲག་གིས་སྦྲགས་པ་བརྒྱ་རྩ། ལིང་ཆུང་བརྒྱ་རྩ། ཡམ་ཤིང་དང་མར་ནག་འོས་འཚམ་བཤམས། སྲེག་རྫས་དང་ཐབ་ཁུང་དྲག་སྔགས་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཐོད་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཪྣྲི་དང་ཏྲི་ལས་དགྲ་བགེགས་ཀྱི་ཤ་ཁྲག་ལས་བྱུང་བའི་སྲེག་རྫས་གསུམ་སོ་སོའི་རྣམ་པ་ཅན་ངོ་བོ་བདུད་རྩིའི་རང་བཞིན་དྲག་པོ་སྲེག་པའི་ལས་རབ་འབྱམས་སྒྲུབ་པའི་ནུས་པ་དང་ལྡན་པར་གྱུར། དགྲ་བགེགས་ཪྣྲི་ཏྲི་མཱ་ར་ཡ་ཛཿ(༢ན)


GLG025_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

ཛཿ ལན་གསུམ་གྱིས་བརླབས། མེ་སྤར་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་དྲག་པོའི་ཐབ་ཁུང་གྲུ་གསུམ་པ་ཁ་དོག་ནག་པོ་བང་རིམ་གསུམ་དང་ལྡན་པ་ཁ་ཁྱེར་གདེངས་ཤིང་མཆུ་འཕྱང་བ་རྒྱ་ཆེ་བའི་ནང་དུ་ཧྲཱིཿལས་གསེར་གྱི་འཁོར་ལ་རྩིབས་བརྒྱད་པའི་ལྟེ་བར། དྲང་སྲོང་མེ་ལྷའི་ངོ་བོ་ཉིད། །སྐད་ཅིག་རྫུས་སྐྱེས་ཁྲོ་བོ་ནི། །མཐིང་ནག་ཞལ་གཅིག་ཕྱག་བཞི་པ། །ཞེས་པ་ནས། མཆོང་བཅག་འབར་བའི་ཕཊ་དགུས་མཚན་ཞེས་པའི་མཇུག་ཏུ། ལྷ་ཚོགས་རྣམས་ཀྱི་གནས་གསུམ་དུ་ཞེས་པ་ནས། མཐུ་རྩལ་དབང་དང་དངོས་གྲུབ་སྩོལ་གྱི་བར་བྱ། ཏྲཾ་དུའི་མཇུག་ཏུ་ཨརྒྷཾ་ནས་ཤཔྟའི་བར་དང་། ཨཱོཾ་རཾ་ཥཾ་ཀྲོ་ཏ་རཱ་ཛཱ་ཨརྒྷཾ་ནས་ཤཔྟའི་བར་བྱ། སྔགས་མཐར་མ་ཧཱ་པཉྩ་དང་རཀྟ་བཏགས་ལ་ཕུལ། སྐུ་ལས་འབར་བའི་མེ་དཔུང་གིས། །ཞེས་པ་ནས། དབྱེར་མེད་ཁྱོད་ལ་བདག་བསྟོད་དོ། །མེ་ལྷ་ཞེ་སྡང་རྡོ་རྗེ་ཞལ་གྲུ་གསུམ་རབ་ཏུ་གདངས་པའི་ལྗགས་རྡོ་རྗེ་ནག་པོ་རྩེ་གཅིག་པའི་རྣམ་པ་ཅན་འབར་ཞིང་གློག་ལྟར་འཁྱུག་པ་ལ་རཾ་ཡིག་དམར་ནག་ཚ་ཞིང་རྩུབ་པ་དང་དགང་བླུག་(༢བ)


GLG025_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྩེ་ལ་ཧཱུཾ་ཡིག་ནག་པོ་རེ་རེས་མཚན་པར་བསམས་ལ། དྲག་སྔགས། འཁོར་བ་འདུལ་གྱི་མཇུག་ཏུ་པྲ་ཏི་ཧ་ཏ་ཛྭ་ལ་ཡ། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ་གནོད་པར་བྱེད་པའི་དགྲ་བགེགས་རྒྱལ་འགོང་དམ་སྲི་འབྱུང་པོ་ཐམས་ཅད་མཱ་ར་ཡ་རྦད་ཛྭ་ལ་རཾ་ཞེས་རཾ་ཞེས་ཡཾ་ཤིང་ཟུང་དུ་སྦྱར་བ་ཁ་ཤས་ཕུལ། དེ་ནས་ཨཱོཾ་ཨགྣ་ཡེ་བདག་ཅག་སོགས་དགང་བླུག་གིས་མང་ཉུང་ཇི་ལྟར་རིགས་པ་འབུལ། གཏོར་ཆུང་རྣམས་དྲག་སྔགས་འཁོར་བ་དུལ་གྱི་མཇུག་ཏུ་གོང་གི་སྤེལ་ཚིག་ལྟར་འབུལ། སྒྲུབ་འཁོར་རྣམས་དང་ལིང་ཆུང་བརྒྱ་རྩ་བརྒྱད་པོ་སྔགས་དང་སྤེལ་ཚིག་གོང་ལྟར་ཕུལ། དེ་ནས་སྔགས་མཆོད་དང་བསྟོད་པ་གོང་ལྟར་བྱེད། ཡིག་བརྒྱ་བརྗོད་ཅིང་ཆད་ལྷག་ཁ་བཀང་། ཨཱོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། ཅེས་སོགས་ཀྱིས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། ཞེས་པ་འདི་ཡང་མེ་སྦྲུལ་གྱི་ལོ་སྔགས་རྒོད་ལོག་ཏྲིའི་མཆོད་རྟེན་གྱི་སྒྲུབ་པ་རྒྱས་པར་བཙུགས་པའི་དུས་མཆོད་དཔོན་ངག་དབང་ཤེས་རབ་དང་སྔགས་རམས་པ་དོན་གྲུབ་རྒྱ་མཚོ་གཉིས་ཀྱི་དོགས་སེལ་བྱུང་བས་རྐྱེན་བྱས་ངག་དོན་བརྗོད་བདེ་བར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པའོ། །སརྦ་མངྒ་ལཾ།


previousསྔགས་རྒོད་ལོག་ཏྲིའི་ཧོམ་གྱི་ལག་ལེན་ཉི་མའི་སྙིང་པ།next