Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྔགས་རྒོད་ལོག་ཏྲི་པཱ་ལའི་བཟློག་པ་དང་བསད་པའི་ལས་སྦྱོར་གྱི་གསལ་བྱེད་ཡི་གེ་གླང་སྨྱོན་སྣ་རྩེར་བཀོད་པའི་མཚོན་འཁོར།
   
   
   


 
previousསྔགས་རྒོད་ལོག་ཏྲི་པཱ་ལའི་བཟློག་པ་དང་བསད་པའི་ལས་སྦྱོར་གྱི་གསལ་བྱེད་ཡི་གེ་གླང་སྨྱོན་སྣ་རྩེར་བཀོད་པའི་མཚོན་འཁོར། next

སྔགས་རྒོད་ལོག་ཏྲི་པཱ་ལའི་བཟློག་པ་དང་བསད་པའི་ལས་སྦྱོར་གྱི་གསལ་བྱེད་ཡི་གེ་གླང་སྨྱོན་སྣ་རྩེར་བཀོད་པའི་མཚོན་འཁོར།


GLG025_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་རྒོད་ལོག་ཏྲི་པཱ་ལའི་བཟློག་པ་དང་བསད་པའི་ལས་སྦྱོར་གྱི་གསལ་བྱེད་ཡི་གེ་གླང་སྨྱོན་སྣ་རྩེར་བཀོད་པའི་མཚོན་འཁོར་བཞུགས་སོ། །


GLG025_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་ཤྩཱ་དྷེ་རྡེ་ཝཱ་རཀྵི་ཏ་སེ་བྷི་ར་དྷི་ཤྩཱ་ནཾ་ཀུ་རུ། །སྔགས་རྒོད་ལོག་ཏྲིའི་ཕྱག་ལེན་དཔྱ་འཕྲང་ལ། །མ་རྡུགས་གདེངས་ལྡན་བཤེས་གཉེན་དམ་པ་འགའ། །འབད་པས་བསྟེན་པའི་དྲིན་ཡིན་བྱང་ཆུབ་བར། །སྙིང་དབུས་པདྨོར་བསྒོམ་ལ་གཅིག་ཏུ་སྤྲོ། །དྲང་སྲོང་ནུས་མཐུ་གླང་ཆེན་སྨྱོན་པའི་སྣར། །མན་ངག་མཚོན་ཆའི་འཁོར་ལོ་རབ་བཀོད་པ། །ཟབ་གསང་འཕྲུལ་གྱི་ཞལ་གདམས་དུག་དབལ་ཅན། །ཡིད་སྲུབས་དམག་དཔུང་ཕྱེ་མར་འཐག་པའི་ཐོག །སྟོང་བཤད་མཁར་འབྱམས་ལ་པཎ་བརྒྱུད་ཆོས་རྒོད། །གཤོག་རྒྱངས་གདུགས་ལྟར་ཐུག་པ་མ་ཡིན་པར། །རྒྱ་ཁྲ་ཟན་འཇུག་དྲང་སྲོང་དམོད་པའི་མཆུས། །ལག་རྗེས་རིམ་བྱུང་གསུང་སྒྲོག་ཡོན་གྱི་དཔེ། །མཐའ་དབུས་ལྷ་མིན་གདོན་གྱི་རིག་སྔགས་མདས། །ཐལ་བྱུང་འབིགས་པའི་ཆེར་སྙིགས་དུས་ངན་འདིར། །བཟློག་པའི་ལྕགས་རི་མཐོན་པོའི་པད་སྟེང་ནས། །འབྱུང་བཞི་བསད་མཚོན་ཕྱོགས་བཞིར་ཅིས་མི་འཕེན། །དེ་ཕྱིར་མན་ངག་ཁྲོ་ཆུའི་མདེའུ་ལ། །སྣང་སྲིད་སྡེ་བརྒྱད་དྲེགས་པའི་དར་བཏགས་ཤིང་། །དྲག་སྔགས་འབྲུག་སྟོང་(༢ན)


GLG025_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

ལྡིར་བའི་གནམ་ལྕགས་ཐོག །ལོག་འདྲེན་གཙུག་ཏུ་འབེབས་སོ་བག་ཡོད་བྱོས། །རྩ་བའི་ས་བཅད་གསུམ་པ་བཟློག་བསད་དྲག་པོའི་བཅས་རྒྱས་པ་མཆོད་རྟེན་དཀར་ནག་ལ་བརྟེན་ནས་ཉམས་སུ་བླང་བ་ལ། །སྲུང་བ་དང་མ་འབྲེལ་ཀྱང་སྐྱོན་དུ་མི་འགྱུར་ནའང་མཆོད་རྟེན་ནག་པོའི་སྒྲུབ་པའི་ཚེ་སྟོང་གནོན་གྱི་པུ་རི་དཀར་པོ་ངེས་པར་དགོས་ཤིང་། གཙོ་ཆེ་བ་ཟུང་འབྲེལ་དུ་མཛད་པས་མཆོད་རྟེན་དཀར་པོའི་རྒྱུ། རྫས། བཟོ་དབྱིབས། འཁོར་ལོ། གཟུངས་བཞུགས་སོགས་མཐོང་བརྒྱུད་ཀྱི་ཕྱག་ལེན་འཁྲུལ་པ་མེད་པའི་རབ་གནས་ཅན། བཀྲ་ཤིས་པའི་ལོ་ཟླ་གཟའ་སྐར་ཚེས་གྲངས་ལེགས་པ་དང་བསྟུན་ནས་ཚགས་སུ་ཆུད་པར་བྱ། མངོན་སྤྱོད་ཀྱི་སྐོར་སྲིད་པའི་གཏེར་ཁྱིམ་དང་རྡོ་རྗེ་གཙུག་ལག་སོགས་དྲག་སྔགས་ཀྱི་སྤྱི་སྡོམ་རྣམས་ལས་བཤད་པ་བཞིན་དུས་ཚོད་ནག་རྩིས་པའི་ལོ་ཟད་ཟླ་ཟད་སྔགས་པ་ཟོར་འཕེན་དུ་གྲགས་པ་ཟླ་བ་བཅུ་པ་ལྟ་བུས་མཚོན་ཉི་མ་རླུང་བར་དུ་ཞུགས་པ་སྨིན་དྲུག་ས་འོག་ཏུ་མ་སོང་བའི་ཟླ་བ་གང་ཡང་རུང་བའམ་དགྲ་དམིགས་བསལ་ལ་དེ་གའི་ལོ་ཁམས་དང་བགེགས་ལ་(༢བ)


GLG025_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་པ་གང་བྱུང་དང་བསྟུན་རུང་ནའང་སྔགས་པ་ཁ་རུལ་གྱི་ཟླ་བ་དང་མ་འགྲིག་པ་ངེས་པར་དགོས། བཅས་བྱ་བའི་ཆོས་ཀྱི་ཉིན་དུས་འཁོར་དང་དབྱངས་འཆར་ནས་བཤད་པའི་འཆི་སྦྱོར། བདུད་རྒྱལ། བདུད་ཉི། སྲེག་སྦྱོར་ལྟ་བུ་འཕྲོད་ངན་པ་དང་། གཟའ་སྐར་གྱི་ངོ་བོ་དྲག་ཅིང་རྩུབ་པ། ཟིན་ཕུང་། ཀི་ཀང་སོགས་ནག་རྩིས་ལས་བྱུང་བའི་ས་བདག་གདུག་པ་ཅན་རྒྱུ་བ་དང་བསྟུན། མཎྜལ། མཆོད་རྟེན། འཁོར་ལོ་སོགས་བཅའ་ཞིང་། དེའང་བཀྲ་མི་ཤིས་པ་དང་དྲག་པོའི་རྫས་སྣ་ཚོགས་ལས་གྲུབ་པའི་ས་སྟེགས་གཤིན་རྗེ་གཟའ་གདོང་སོགས་སྒྲུབ་པའི་མཎྜལ་གཞན་ལས་འབྱུང་བ་ལྟར་འབྲུབ་ཁུང་བང་རིམ་གསུམ་ལ་ཁ་ཁྱེར་ལ་རྩད་ཐོད་པ་མེ་རིས་བསྐོར་བ། ཐོད་པ་དང་བུ་རི་ཤོང་ཚོད་ཀྱི་དོང་གཞན་ལས་རིང་བའམ་ཡང་ན་ལས་ཁུང་བང་རིམ་ཕྱི་ནང་གསུམ་པ་སོ་སོའི་ཁར་རྩང་དང་མེ་རིས་བསྐོར་བ། དེའི་མཐིལ་དུ་རབས་ཆད་ཐོད་པའི་ཨག་རྩེ་དང་ཕག་སྤྱང་གི་ཐོད་པའི་མཆུ་སྦྱར་བའི་སྟེང་ན་མཆོད་རྟེན་ནག་པོ་མན་ངག་ལས་བྱུང་བའི་རྫས་དང་བཟོ་དབྱིབས་མཚན་ཉིད་དང་ལྡན་པ་མགོ་མཇུག་ལྡོག་པའི་བང་རིམ་མན་འབྲུབ་ཁུང་གི་ནང་དུ་ཆུད་པ། པུ་རི་དང་ཐོད་པར་འཇུག་པའི་བཟློག་བསད། འབྱུང་གཞི་སྡེ་བརྒྱད་ཀྱི་འཁོར་ལིང་རྣམས་ཡོངས་རྫོགས་སམ་སྐབས་སྦྱར་གང་དགོས་འདྲི་བའི་སྣག་ཚ། བྲིག་ཞི། གཤེད་དབབ་སོགས་བྱུག་རྫས་ཀྱི་རིམ་པ། དགྲའི་ཟག་རྫས་དང་འདྲེ་ལ་དེའི་དོད་མཚུངས་སྔགས་དང་སྤེལ་ཚིག་འདྲི་ལུགས་སོགས་གསུང་རྒྱུན་ཕྱག་ལེན་མཐོང་བརྒྱུད་ལྟར་བཅས་ཐོག་མའི་དགུག་ཐུན་མ་གྲུབ་བར་སྣོད་ཟུར་པ་ཞིག་ཏུ་བཞག་ཆོག་པས་སྲུང་བའི་རིང་པུ་རི་དཀར་ནག་གཉིས་(༣ན)


GLG025_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་སྦྱོར་བ་ཙམ་མོ། །བསྒྲིགས། དེའི་སྟེང་ན་རོ་གཡམ་གྱི་ཁ་བཀབ་དང་མཆོད་རྟེན་དཀར་པོའི་ཞབས་སྤྲོད། མཎྜལ་དང་བཅའ་གཞི་ལྷ་སྲིན་ཆགས་པའི་རྟེན་དུ་ཨྱོན་ཆེན་པོས་གསུངས་པས་པུ་རི་དཀར་ནག་གི་བཅའ་གཞི་སྲུང་བའི་དུས་ནས་བསྒྲིགས་གྲུབ་པ་དགོས། འདིར་ཡང་བཟློག་ལྟར་གཏོར་ཆེན་མི་བཅའ་བས་མཆོད་རྟེན་གྱི་ཉེ་སྐོར་ས་ཡུལ་གང་འགབ་ཏུ་བཤམས་ཆོག་པའི་དྲག་པོའི་སྒྲུབ་གཏོར་དཔེ་རིས་སུ་མཆོད་གཏོར་དུ་ངོས་བཟུང་ཡང་གསང་སྔགས་རྙིང་མའི་སྐབས་ཤེས་པ་བསུན་དགོས་པས་སྒྲུབ་གཏོར་རོ། །ཟུར་གསུམ་དབུས་དམར་མཐའ་ནག་པ་མཐར་སྡེ་བརྒྱད་ཀྱི་བཤོས་བུ། ཨོང་སྐྱུ། མཚེ་ཡུངས། རྩང་གིས་བསྐོར་བ། དཀར་རྒྱན་བསད་ལས་མཐར་ཐུག་པའི་ཚེ་དཀར་རྒྱན་མི་རྒྱག་པར་བཤད། དམར་རྒྱན་སོགས་རྒྱན་སྤྲོས་དང་བཅས་པ། སྨན་རཀ །ཟར་རྫས། གོང་གནོན་དྲང་སྲོང་ཞི་བའི་མཆོད་གཏོར་སོགས་བཅས་དངོས་གཞི། ཐུན་མོང་བའི་སྐབས་ཇི་ལྟ་བ་ལ་ཁྱད་པར་དྲེགས་པའི་སྡེ་དཔོན་གྱི་གཏོར་མ་རྟ་རྨིག་འཁོར་ལོ་དར་གྱི་ཅོད་པན་ཅན། ལྷ་དབྱེའི་རྫས་སྦྱར་བ། བྱ་འུག་གི་དང་སྒྲོ་ལ་སྔགས་རྫས་མན་ངག་དང་ལྡན་པ། དྲག་པོའི་ཐུན་རྫས་ལག་ལེན་བཞིན་ཐོག་མ་ནས་བཟོས་པ་བསྒྲུབས་ཏེ་དར་བཏགས་པ། བླ་ཕུར། སྙིང་ཕུར། སྲོག་ཕུར། གདབ་ཕུར། ཐོ་བ། གཏུན་ཁུང་། ཧོམ་ཆས་ཁམ་སའི་གའུ་གྲུ་གསུམ། འཕུང་རེ། རིང་ཆ། རྩང་། ཐོད་པ། ས་ཚོན། རོ་སྐྲ། ལ་ཆ། ཁྲོ་ཞལ་ལམ། རྒྱ་གྲམ་གྱི་ཐེའུ། རོ་གཡམ། རང་ཐག་སོགས་འབྱུང་གཞི་ཚང་བའམ་སྐབས་འཐོབ་སྦྱར་བའི་ཆོས་རྣམས་མངོན་པར་འདུ་(༣བ)


GLG025_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

བྱས། བཟློག་བསད་རྐྱང་པ་ཉམས་སུ་བླངས་པས་མི་འགྲུབ་པ་མིན་ནའང་སྲུང་བཟློག་རིམ་བཞིན་མཛད་པའི་ཕྱག་ལེན་མང་ཞིང་ལེགས་པས་སྲུང་བའི་སྒྲུབ་པ་སྔར་ཐུན་མོང་བའི་སྐབས་སུ་བཤད་པ་ཇི་ལྟ་བ་ལ་གཏོར་གདུགས་ཀྱི་འོག་གི་འཁོར་ལོ་བསྲུང་བྱ་སྤ་བའི་ཚབ་ལ་མཆོད་རྟེན་གྱི་འཁོར་ལོར་བསྲུང་བྱ་སྦ་བའི་དམིགས་པ་བྱ་བ་ཙམ་མོ། །སྲུང་བ་གྲུབ་རྗེས་གཟའ་ཚེས་དྲག་པོ་དང་བསྟུན་འབྲི་གུང་ཕྱོགས་སུ་ལས་བྱང་ཐོག་མས་གོ་གཅོད་ནའང་གསལ་འདེབས་ཀྱི་ཆེད་དུ་ཐུན་ཐམས་ཅད་ལ་མཛད་པ་དངོས་གཙང་། ལས་བྱང་གི་ཚོགས་ཐ་མ་ཡན་སོང་བ་དང་། དགྲ་གཙོ་བོར་བྱེད་ན་དྲེགས་པའི་སྡེ་དཔོན་གྱི་གསོལ་བ་བཏང་ནས་སྔགས་སྡེབས་ལས་བྱུང་བའི་བསྐུལ་གཏོང་། ལྕགས་སྣོད་དུ་ལིང་འཁོར་རྣམས་གཅེར་ལ་མགོ་བོ་མདུན་དུ་བསྟན་ནས་བཞག་སྟེ། གདབ་ལས་ཀྱི་ངག་འདོན་བྱ་བ་ལ། དང་པོ་གསེར་སྐྱེམས་འབུལ་བ་ནི། དགྲ་ལག་གཙོ་བོར་བྱེད་ན་ཚེ་བདག་གི་གསེར་སྐྱེམས་ཚིག་རྐང་དང་པོ་རྩ་བརྒྱུད་བླ་མ་གཤིན་རྗེའི་ཞེས་པ་ལོག་ཏྲིའི་ཞེས་བསྒྱུར། བགེགས་ལ་གཙོ་པོར་བྱེད་ན་རྡོ་རྗེ་གྲོ་ལོད་གནམ་ལྕགས་འབར་བའི་གསེར་སྐྱེམས་ཀྱི་ཆེ་མཆོག་པདྨ་རྡོ་རྗེ་གྲོ་ལོད་རྩལ་ཞེས་པ་དྲང་སྲོང་དྲི་མེད་རྡོ་རྗེ་རྩལ་ཞེས་འདོན་པ་བསྒྱུར། གཉིས་པ་མཁྱེན་གསོལ་ནི། དགྲ་ལ་བྱེད་ན་འབྲི་གུང་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ཀྱིས་མཛད་པའི་བདག་ཉིད་སངས་རྒྱས་མ་གཏོང་། བགེགས་ལ་བྱེད་ན་བདག་ཉིད་སངས་རྒྱས་མ་ནས་རང་དབང་མེད་པར་དྲག་པོས་གཏན་ལ་ཕོབ་ཀྱི་བར་དངོས་གཞི་གོང་ལྟར་ལ། བན་སྔགས་བོན་དགྲ་ནག་པོས་འཚེ་བ་དང་ཞེས་པ། གནོད་བྱེད་སྡེ་བརྒྱད་འབྱུང་པོས་འཚེ་བ་དང་། བསྟན་(༤ན)


GLG025_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རུ་དྲ་ནག་པོ་ཀླད་སྙིང་གིས་ཞེས་པ། །སྤྱི་སྒོས་འཕུང་བར་བྱེད་པའི་འབྱུང་པོ་ཡིས། །རང་གི་ཆོས་སྲིད་འབྱོར་བས་མ་ངོམས་བར། །གཞན་ལ་ཕྲག་དོག་བསྟན་ལ་བརྙས་པ་ཡི་ཞེས་པ། །ནད་རིམས་མི་ཁ་བྱུར་ཆགས་དུས་མིན་འཆི། །དབུལ་ཕོངས་མི་འདོད་སྣ་དགུ་སྟེར་བ་ཡི། །ཕྱི་དགྲ་ཞེ་སྡང་སོགས་ཀྱི་དགྲའི་ཚབ་བགེགས། བྱད་མ་དགྲ་བོ་ཞེས་པ་གདོན་བགེགས་འབྱུང་པོ། ཉེས་བྱེད་དགྲ་བོ་གཟུགས་ཕུང་རྣམ་ཤེས་བཅས། ཕ་ཚན་ཡུལ་འཁོར་མི་ནོར་སྡེ་དཔུང་རྣམས་ཞེས་པ། གནོད་བྱེད་སྡེ་བརྒྱད་དམིགས་བཀར་འབྱུང་པོ་འདིའི། །གཟུགས་ཕུང་རྣམ་ཤེས་འཁོར་གཡོག་དཔུང་བཅས་རྣམས། ཞེས་པའི་ཚིག་ཕྲན་བུ་ཁ་བསྒྱུར། གསུམ་པ་འབྲུབ་ཁུང་བསྐྱེད་ཅིང་དགུག་གཞུག་བྱ་བ་ནི། ལས་ངན་ཐམས་ཅད་སྨིན་པར་བྱེད་པའི་བཙོན་ཁང་དྲག་པོའི་དབུས་སུ་ཡན་ཚེ་བདག་སྨད་ལས་ཀྱི་འབྲུབ་ཁུང་བསྐྱེད་ཆོག་ཇི་ལྟ་བ་ལ་ཕག་སྤྱང་གི་གཤིན་རྗེ་ཕོ་མོ་འཇིགས་སུ་རུང་བ་གཉིས་ཀྱི་བར་དུ་ནི་ལས་དམིགས་བྱའི་དམ་ཉམས་ནས་ངོ་བོར་གྱུར་གྱི་བར། བགེགས་མ་བྱེད་ན་ཏྲི་ལས་དམིགས་བྱའི་སྡེ་བརྒྱད་དམ་སྲི་འབྱུང་པོ་དམིགས་བསམ་ཡོད་ན་བྱད་དབྱིབས་ཇི་ལྟ་བ་བརྗོད་པའི་རྩ་བའི་ས་བཅད་བཞི་དང་ལྔ་བར་ཡ་ཐོད་མ་ཐོད་པ། ཨེ་མེད་ན་ཕག་སྤྱང་གི་ཐོད་པ་ཞེས་པ་དོར། ཡན་ལག་ལྕགས་སྒྲོག་གིས་བསྡམས་པ། གནོད་བྱེད་ཐམས་ཅད་འདུས་པའི་ངོ་བོར་གྱུར། དགྲ་ལ་དགུག་གཞུག་བྱེད་ན་འཇམ་དཔལ་ཚེ་བདག་ནག་པོ་ཞེས་པ་དྲང་སྲོང་སྔགས་རྒོད་ལོག་ཏྲི་པཱ་ལར་བསྒྱུར་པའི་ཁུག་ཅིག་ཡན་བརྒྱའམ་ཉེར་གཅིག་སོགས་སྐབས་དང་སྦྱར། བགེགས་ལ་བྱེད་ན་ཆེ་མཆོག་(༤བ)


GLG025_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་རྡོ་རྗེ་གྲོ་ལོ་རྩལ་གྱི་ཆབ། དྲང་སྲོང་སྔགས་རྒོད་ལོག་ཏྲི་པཱ་ལར་བསྒྱུར་བ་ཙམ་མ་གཏོགས་ཕོབ་ཅིག་ཡན་རྡོ་རྗེ་གྲོ་ལོད་བཞིན་ལེན། བཞི་པ་བསྐུལ་བ་ནི། ཧཱུཾ། སངས་རྒྱས་བསྟན་པ་བསྲུང་བ་དང་ཞེས་པ་ནས་དགྲ་བགེགས་སྒྲོལ་བའི་དུས་ལ་བབ་ཡན་ལས་བྱང་ལྟར། ལྔ་པ་ཆེ་བའི་ང་རྒྱལ་བསྐྱེད་པ་ནི། རྡོ་རྗེ་ལྟེ་བའི་ཧཱུཾ་ཡིག་ལས་ཞེས་པ་ནས་ང་ཡི་ལས་རྣམས་ཁྱོད་ཀྱིས་སྒྲུབས་ཞེས་པའི་བར་ལས་བྱང་ལྟར་དང་། ཡང་ཅིག་ཧཱུཾ་ལས་འོད་འཕྲོས་པས་ཞེས་པ་ནས་རྡོ་རྗེའི་ལྟེ་བའི་གདན་དུ་བསམ་ཞེས་པའི་བར་བརྗོད་པའི་མཐར་སྣང་སྲིད་སྡེ་བརྒྱད་ཐམས་ཅད་ཀྱིས། དགྲ་བགེགས་འགུགས་བཟློག་གསོད་པ་སོགས། ཇི་ལྟར་བཅོལ་བའི་འཕྲིན་ལས་རྣམས། །ཐོགས་པ་མེད་པར་སྒྲུབ་པར་བསམ། །དྲུག་པ་དྲག་ཏུ་བསྐུལ་ཞིང་འགུགས་པ་ནི། །བྷྱོ། མཆོད་བསྟོད་བསྙེན་ཅིང་བསྒྲུབས་པའི་ཡེ་ཤེས་ལྷ། །འཇིག་རྟེན་དྲེགས་བྱེད་ཡོངས་ཀྱི་སྲོག་སྙིང་བདག །ཐོགས་མེད་འཕྲིན་ལས་བསྒྲུབ་པའི་དྲག་རྩལ་ཅན། །རབ་འཇིགས་དྲང་སྲོང་ལོག་ཏྲིའི་ལྷ་ཚོགས་རྣམས། །བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས། །བསྐྱོད་ཅིང་བསྐྱོད་ཅིང་མཉམ་ཉིད་དབྱིངས་ནས་བསྐྱོད། །བསྐུལ་ལོ་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ། །མཛོད་ཅིག་མཛོད་ཅིག་དྲག་པོའི་འཕྲིན་ལས་མཛོད། །དྲེགས་འདུལ་དྲང་སྲོང་ཆེན་པོའི་དུས་ལ་བབ། ཁྲོ་རྒྱལ་ཞེ་སྡང་རྡོ་རྗེའི་དུས་ལ་བབ། །སྤྲུལ་འཁོར་དྲང་སྲོང་འབུམ་སྡེའི་དུས་ལ་བབ། །བཀའ་ཉན་དྲེགས་པ་སྡེ་བརྒྱད་དུས་ལ་བབ། །དོ་ནུབ་ད་དུས་ནམ་གྱི་གུང་ཐུན་ལ། །དྲེགས་པ་སྡེ་བརྒྱད་དབང་དུ་བསྡུས་ལ་ཤོག །སྣང་སྲིད་དྲེགས་པའི་སྲོག་སྙིང་ཕྲོགས་(༥ན)


GLG025_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཤོག །གནོད་བྱེད་དགྲ་གདོན་བྱད་མ་ཁུག་ལ་ཤོག །དྲང་སྲོང་ཆེན་པོ་ཐུགས་རྗེས་བྱིན་མ་ཆུང་། །དྲེགས་འདུལ་ཁྲོ་རྒྱལ་རྫུ་འཕྲུལ་རྩལ་མ་ཞན། །བདེན་ཚིག་དམོད་པའི་དྲག་སྔགས་དཔལ་མ་རྡུགས། །སྤྲུལ་འཁོར་སྡེ་བརྒྱད་ལས་བྱེད་བང་མ་བུལ། །དམིགས་པར་གང་བྱས་དགྲ་གདོན་བྱད་མ་འདི། །ལོ་ཟླ་མ་འགོར་མྱུར་དུ་མ་བསྒྲལ་ན། །དྲང་སྲོང་ཆེན་པོའི་བདེན་ཚིག་ཉམས་འགྱུར་རམ། །བཀའ་ཉན་དྲེགས་པའི་མཐུ་རྩལ་རྫུན་དུ་ཆེ། །དེ་བས་སྨན་རཀ་གཏོར་མ་མཆོད་པའི་ཚོགས། །མཐུན་པའི་དམ་རྫས་རྒྱ་མཚོ་འདི་བཞེས་ལ། །ཡིད་ལ་གནག་པའི་དགྲ་གདོན་གནོད་བྱེད་བགེགས། །གཟུགས་ལིང་མིང་དང་བྱང་བུར་བཏབ་པ་འདི། །ལྕགས་ཀྱུ་ཅན་གྱིས་སྙིང་ནས་བཟུང་ལ་ཤོག །ཞགས་པ་ཅན་གྱིས་སྐེ་ནས་ཁྲིད་ལ་ཤོག །ལྕགས་སྒྲོག་ཅན་གྱིས་ཡན་ལག་སྡོམས་ལ་ཤོག །དྲིལ་བུ་ཅན་གྱིས་རྡུལ་དུ་རློག་ལ་ཤོག །ཡི་དམ་ལྷ་དང་དྲང་སྲོང་ཆེན་པོ་ཡི། །དམོད་པའི་བདེན་སྟོབས་བརྗོད་པའི་བྱིན་རླབས་ཀྱིས། །ཆེ་གེ་མོ་ཞེས་གཟུགས་མིང་ལིངྒ་ལ། །མྱུར་དུ་ཕོབ་ཅིག་སརྦ་ནྲི་ཏྲི་ཛཿ། །རིངས་པར་ཁུག་ཅིག་བཛྲ་ཨ་གུ་ཤ་ཛཿ། །མྱུར་དུ་ཆིངས་ཤིག་བཛྲ་པཱ་ཤ་ཧཱུཾ། །དམ་པོར་སྡོམས་ཤིག་བཛྲ་སྥོ་ཊ་བཾ། །དྲག་པོར་སྒྲོལ་ཞིག་བཛྲ་གྷཎྜཱེ་ཧོཿ། །གནོད་བྱེད་དགྲ་བགེགས་སརྦ་ནྲི་ཏྲཱི་ཨཾ་ཀུ་ཤ་ཛཿཛཿ ཞེས་དྲག་ཏུ་བསྐུལ་ལོ། །འགུགས་པ་ནི། བདག་ལྕེ་རྡོ་རྗེ་རྩེ་དགུའི་ལྟེ་བ་ཡི། ཧཱུཾ་ལས་འོད་འཕྲོས་རྭ་རྩེ་དགུ་ལ་ཕོག །དེ་ལས་ཛཿའཕྲོས་རྟ་རྨིག་འཁོར་ལོ་བསྐུལ། །འཁོར་ལོའི་རྩིབས་བརྒྱད་རང་གི་ལྕེ་རྩེ་ལས། །སྤྲོས་པའི་ཛཿལས་ལྕགས་ཀྱུ་ཞགས་(༥བ)


GLG025_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། །ལྕགས་སྒྲོག་དྲིལ་ཐོགས་རང་འདྲའི་ཁྲོ་བོའི་ཚོགས། །གྲངས་མེད་བཀའ་ཉན་དྲེགས་པ་སྡེ་བརྒྱད་དམག །སྣ་ཚོགས་མཚོན་འཛིན་སྟོང་ཁམས་ཁྱབ་རྣམས་ཀྱིས། །ལྕགས་ཀྱུས་དགྲ་བགེགས་དམིགས་བྱའི་སྙིང་ནས་བཏབ། །ཞགས་པས་མགྲིན་བཅིངས་མཚོན་ཆ་རྒྱབ་ནས་བརྡེབ། །སྐད་ཅིག་ཉིད་ལ་དྲག་པོའི་འབྲུབ་ཁུང་ནང་། །ལིངྒར་སིབ་ཐིམ་དགྲ་བོ་དངོས་སུ་བསམ། །ལོག་ཏྲི་པཱ་ཡ་ནན་ཛཿ སརྦ་ནྲི་ཏྲི་དགྲ་བགེགས་ཆེ་གེ་ཨངྐུ་ཤ་ཛཿ དེ་བཞིན་དུ་སྡེ་བརྒྱད་སོ་སོར་སྦྱར་བའི་མཐར། ཙི་དུ་སོང་ནས་འཁོར་འདུལ་གྱི་མཇུག་ཏུ་ཡི་དམ་ལྷ་དང་དྲང་སྲོང་བདེན་པ་དང་བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་མྱུར་དུ་ཕོབ་ཅིག་ནྲི་ཏྲི་ཛཿ ཆེ་གེ་ཨངྐུ་ཤ་ཛཿ ཞེས་པའི་སྔགས་ཅི་འགྲུབ་བཟླ་ཞིང་དགུག་བསྟིམ་བྱ། དགྲ་གཙོ་བོར་བྱེད་ན་ཚེ་བདག་ཁྲོ་ཆུ་སོགས་ནས་བཤད་པའི་བླ་འགུགས། ཚེ་སྲོག་ཡིད་གསུམ་འགུགས་པའི་སྔགས་རྣམས་ལེན། དེ་ལྟར་ཐུན་དྲུག་ཏུ་བཅད་ནས་འགུགས་པའི་ལས་གཙོ་བོར་བྱས་ཏེ་ཁུགས་ངེས་པའི་རྟགས་མཚན་གཤིན་རྗེ་མེའི་སྤུ་གྲིའི་ཕྱག་ལེན་དང་ཅུང་ཟད་མི་མཐུན་པ་ཞྭ་དཔེ་ལྷམ་འགེབས་མི་བྱེད། ཡིད་ཆེས་ཁ་ཡར་མ་བྱུང་གི་བར་བྱ། བདུན་པ་ལྷ་དང་དབྱེ་བ་ནི། དགྲ་བོའི་ལྷས་བསྐྱབས་པའི་རྟགས་བྱུང་བའམ་མིན་ནའང་རུང་སྟེ། རང་ལྕེ་རྡོ་རྗེའི་རྩེ་ནས་སྤྲུལ་པ་ཡི། །མཚོན་ཆ་སྣ་ཚོགས་ཐོགས་པའི་ཁྲོ་བོ་དང་། །བྱ་རོག་འུག་པའི་ཕོ་ཉ་དཔག་མེད་ཕྲོས། །དགྲ་བོའི་འགོ་བའི་ལྷ་ལྔ་ཆོས་སྲུང་རྣམས། །འུར་རྡོས་བྱ་ཁྱུ་བདས་བཞིན་བསྐྲད་པ་ཡིས། །སྐྱབས་མེད་བྱེའུ་ཕྲུག་ཐང་ལ་འཁྱམས་ལྟར་བསམ། །ལས་ཀྱི་གཤིན་རྗེའི་གཤེད་པོ་ཐམས་ཅད་དང་ཞེས་པ། །(༦ན)


GLG025_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

དྲང་སྲོང་ཁྲོས་པའི་ཕོ་ཉ་ཐམས་ཅད་དང་ཞེས་པར་བསྒྱུར་བའི་ལྷ་དབྱེ་ཚེ་བདག་སྨད་ལས་ལྟར་བྱེད་ཅིང་གུ་གུལ་གྱི་དུ་བས་གདུག །སྒྲོ་གཉིས་ཀྱིས་བྱ་བ། རྫས་དུད་གཏོང་ལུགས་མན་ངག་བཞིན་བྱ། བགེགས་གཙོ་བོ་ཡིན་ན་ལྷ་དབྱེ་མི་དགོས་རུང་དེང་སང་སྔགས་བན་མང་པོ་བགེགས་ལ་བླ་དགས་བརྒྱག་ཅིང་ལྷ་དབྱེ་བྱེད་འདུག་པ། བླ་མ་མ་བསྟེན་པའི་ཟག་ཟོག་དཔའ་ཐལ་གྱི་སྐྱོན་ཁོ་ནར་སྣང་། དགྲ་ལ་བླ་དགས་བརྒྱག་པ་དང་དགྲ་བགེགས་གཉིས་ཀར་མི་འགྱུར་བའི་གཟེར་གྱིས་བསྡམས། བརྒྱད་པ་ཉེས་པ་བསྒྲག་པ་ནི། ཧཱུཾ། དུག་ལྔའི་དབང་གྱུར་དགྲ་གདོན་ཁྱོད། །རང་ཉེས་ལས་ངན་རང་ལ་སྨིན། །ད་ལྟ་བསྒྲལ་པའི་ཞིང་དུ་གྱུར། །སྔོན་གྱི་ཉེས་བྱས་ལ་འགྱོད་ཅིང་། །ཕྱིས་ནས་མི་བགྱིའི་དམ་བཅས་ནས། །བྱང་ཆུབ་ཐོབ་པ་ཁྱོད་སྨོན་ཅིག །ཅེས་བརྗོད། དགུ་པ་དགུག་ཐུན་བྲབ་པ་ནི། ཧཱུཾ། སྐམ་ཐུན་རློན་ཐུན་རྫས་རྣམས་སྡེ་བརྒྱད་ཀྱི། །དམག་དཔུང་མཚོན་ཆ་སྣ་ཚོགས་ནད་དང་མཚོན། །གནམ་ལྕགས་ཐོག་སེར་ཕབ་བས་སྙིང་གའི་ནང་། །གནས་པའི་རྣམ་ཤེས་མར་མེ་ལྟ་བུ་བསད། །ལུས་ངག་ཡིད་གསུམ་ཐལ་བའི་རྡུལ་དུ་བརླག །ཤ་ཁྲག་རུས་པ་ལྷག་མེད་ཟོས་པར་བསམ། །བྷྱོ། ང་ནི་ཞེ་སྡང་རྡོ་རྗེ་སྟེ། །ང་ནི་དྲང་སྲོང་དྲི་མ་མེད། །དྲང་སྲོང་དམོད་པའི་བདེན་ཚིག་གིས། །ལྷ་སྲིན་སྡེ་བརྒྱད་དྲེགས་པ་རྣམས། །ཐུན་ཟོར་ཕོ་ཉར་བདག་བསྐུལ་གྱི། །སྟོང་གསུམ་ཐུན་གྱི་ཕོ་ཉས་ཁོང་། །མཚོ་ཡུངས་མཚོན་རྡོ་ཟངས་ལྕགས་ཕྱེ། །དུག་ཁྲག་དྲག་པོའི་ཐུན་རྫས་རྣམས། །སོ་སོའི་ཕོ་ཉ་མཚོན་ཆ་ཐོགས། །ནད་མཚོན་ཐོག་སེར་ཐན་ལྟས་ངན། །(༦བ)


GLG025_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

མི་རུང་ཕྱོགས་ཀུན་དགྲ་བགེགས་སྟེང་། ཁ་ཆར་བུ་ཡུག་ལྟར་ཕོབ་ལ། །དགྲ་བགེགས་མི་ནོར་ཡིད་ཚེ་བསོད། །མི་ནོར་ཡུལ་ཞིང་ལོངས་སྤྱོད་རྣམས། །སྐད་ཅིག་ཉིད་ལ་བརླག་པར་གྱིས། །གཞན་ཡང་བུ་ལོད་ཀྱིས་མཛད་པ་ནི། བྷྱོ། སྣ་ཚོགས་ཐུན་རྫས་དྲག་སྔགས་དམོད་མཚོན་འདི། །བཀའ་ཉན་སྡེ་བརྒྱད་དྲག་པོ་འདུས་པའི་དམག །མགོན་ཀླུ་ས་རྒྱལ་མ་གཟའ་བཙན་བདུད་སོགས། །སྣ་ཚོགས་གཟུགས་ཅན་མགོ་བརྙན་བཞོན་པར་བཅས། །ཕྱག་མཚན་སྣ་ཚོགས་དྲག་པོའི་ཐུན་རྫས་རྣམས། །དགྲ་བགེགས་འདི་ཡི་གཟུགས་ཕུང་ཡུལ་མཁར་ལ། །དྲག་པོའི་ཐུན་ཟོར་བརྡེག་པའི་དུས་ལ་བབ། །གནམ་ལྕགས་ཐོག་སེར་ཀི་ཀཾ་དགྲ་ལ་བྷྱོ། །དལ་ཡམས་ཁྲག་ནད་བུ་ཡུག་དགྲ་ལ་བྷྱོ། །མཛེ་འབྲུམ་ཕོལ་མིག་གླང་ཐབས་དགྲ་ལ་བྷྱོ། །སྨྱོ་འབོག་བརྒྱལ་ནད་ལྷོག་གཟེར་དགྲ་ལ་བྷྱོ། །ནད་མཚོན་གློ་བུར་གྲི་འཐབ་དགྲ་ལ་བྷྱོ། །མི་རུང་ལྟས་ངན་གྱ་གཅིག་དགྲ་ལ་བྷྱོ། །ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་དགྲ་ལ་བྷྱོ། །གློ་བུར་བདུན་བརྒྱ་ཉི་ཤུ་དགྲ་ལ་བྷྱོ། །ནད་རིམས་བཞི་བརྒྱ་རྩ་བཞི་དགྲ་ལ་བྷྱོ། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དགྲ་ལ་བྷྱོ། །དུས་མིན་འཆི་བ་རྣམ་བརྒྱད་དགྲ་ལ་བྷྱོ། །ལོ་ཟླ་ཞག་དུས་སྐེག་ངན་དགྲ་ལ་བྷྱོ། །མོ་ལྟས་རྨི་ལམ་མཚན་ལྟས་དགྲ་ལ་བྷྱོ། །ཞེས་བསྐུལ་ཏེ་ཐུན་སྔགས་རིང་མོ་བཟླ་ཞིང་ཐུན་བྲབ། བཅུ་པ་ཐལ་རྡེབ་དམོད་པ་ནི། རང་ཉིད་ཞེ་སྡང་རྡོ་རྗེ་གསལ་བ་ཡི། །ཞེས་སོགས་ཐུན་མོང་བ་ལྟར་བརྗོད་ཅིང་བཟློག་སྔགས་ལན་བདུན། ཐུན་སྔགས་ཚར་གཅིག་གི་རྗེས་སུ་ཐལ་མོ་བརྡབ། དྲང་སྲོང་གི་དམོད་རིང་བརྗོད་ནས་ཀྱང་ཐལ་མོ་རྡེབ་བོ། །དེ་ནས་ལིང་འཁོར་རྣམས་རབས་ཐོད། ཕག་(༧ན)


GLG025_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱང་གི་ཐོད་པ། ལྕེའི་ཁུག་མ། མཆོད་རྟེན་སོ་སོར་མན་ངག་ལྟར་ལྟེབ་ནས་བཅུག །ཐུན་ཐག་ཕྱིར་དྲངས་པའི་སྣེ་མོ་རང་གིས་བཟུང་གཡས་གཡོན་དུ་སྒྲོ་བཙུགས། འཕུང་རེའི་གུར་ཕུབ་སྟེ་ནང་དུ་མར་མེའི་མདངས་མི་འཕོག་པ་དང་ལིངྒ་ལ་བདུད་རྩི་མི་འཐོར་བ་གལ་ཆེ། བཅུ་གཅིག་པ་སྒྲུབ་དངོས་ནི། ཐུན་སོ་སོའི་འགོར་ལས་བྱང་ཟོར་སྒྲུབ་སོགས་འཛབ་ལ་ཐུག་གི་བར་ཐུན་མོང་བ་ཇི་ལྟ་བ་ལ་གསེར་སྐྱེམས་ནས་བཟུང་དགུག་ཐུན་ཐལ་རྡེབ་ཀྱི་བར་རྒྱས་བསྡུས་ཇི་ལྟར་རིགས་པ་བྱ། དེ་ནས་བཟློག་པའི་བཟླས་པ་ནི། རང་ཉིད་ཞེ་སྡང་རྡོ་རྗེར་གསལ་བ་ཡི་ཞེས་སོགས་བཟློག་པའི་དམིགས་པ་ཐུན་མོང་བའི་དུས་ལྟར་ལ་དེའི་མཇུག་ཏུ། རྡོ་རྗེའི་ལྟེ་བའི་ཧཱུཾ་གིས་བསྐུལ་བ་ཡིས། །རྩེ་མོའི་ཕཊ་ལས་ཛཿདང་འོད་ཟེར་འཕྲོས། །སྡེ་བརྒྱད་ཚོགས་རྣམས་རང་དབང་མེད་བཀུག་སྟེ། །སོ་སོའི་འཁོར་ལོ་རྩིབས་ཀྱི་སྔགས་ལ་ཐིམ། །སྔགས་རྣམས་སྡེ་བརྒྱད་དངོས་སུ་གྱུར་པ་ཡིས། །ཤ་རུལ་སྦྲང་མ་བཞིན་དུ་དགྲ་བགེགས་ལ། །རུབ་རུབ་འདུས་ནས་དམིགས་བྱ་བསད་བཟློག་གཏོར། །བསྲེགས་སྦྱངས་མནན་པའི་ལས་རྣམས་ཐོགས་མེད་བསྒྲུབ། །རྩིབས་ལ་སྡེ་བརྒྱད་ཕོ་བྲང་བཏབ་པ་ཡིས། །དགྲ་བགེགས་ཐལ་བར་གནོད་བྱེད་སྡེ་བརྒྱད་གང་ཡིན་ཞིག་ལ་ལས་སྦྱོར་བྱེད་ན་སྔགས་དང་དམིགས་པའི་ཁ་སྒྱུར་བྱེད་ཤེས་དགོས་སོ། །རློག་པའི་ལས་བྱེད་བསམ། །ཞེས་སྡེ་བརྒྱད་ཀྱི་དམིགས་པའི་ཁ་སྒྱུར་སྦྱར། བཟློག་པའི་སྔགས་རྒྱུན་བཅས་ནས་འབད་དེ་བཟླ། རང་ཉིད་ཞེ་སྡང་རྡོ་རྗེ་གསལ་བ་ནས་བཟུང་དམོད་རིང་གི་ཐལ་བརྡབ་པར་བྱ། བཅུ་གཉིས་པ་གཏོར་མ་བསྔོ་བ་ནི། སྒྲུབ་(༧བ)


GLG025_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་ལ་ཤ་ཟན་དང་སྨན་རག་སྦྲན། ཐུན་གཏོར་ལ་རཀྟ་སྦྲན་ཏེ་དགུག་གཞུག་ཉེར་ལྔ་གསུམ་ཙམ་གཏོར་མ་དང་གཞན་ལིངྒར་དམིགས། ནས་བདུན་གྱི་བར་ཅི་རིགས་པ་བྱས་རྗེས་དྲག་གཏོར་བྱིན་གྱིས་བརླབས་ཏེ་བསྔོ། མཆོག་གསུམ་མ། དྲང་སྲོང་ཆེན་པོ་མའི་བསྐུལ་མཇུག་ཏུ་འབུལ་ཚིག་ཤམ་བུ་ཅན་དང་། ལྕགས་སམ་བྷནྡྷས་བསྐུལ་ནས་ཐུན་གཏོར་དགྲ་བགེགས་ཀྱི་ཕྱོགས་སུ་འཕེན། ཁྲོམ་བཟློག་སོགས་སྔགས་བཟླ། ཉེས་པ་བསྒྲག་པ་ནས་བཟུང་ཐལ་དགུག་གཞུག་གི་རྟགས་ངེས་ཅན་གོང་ནས་བྱུང་ཟིན་པའི་དབང་དུ་བྱས་ཏེ་ཐུན་རྡེག་པས་གཤིན་རྗེ་དང་ཅུང་མི་འདྲ་བར་མ་ཟད་ལང་ནས་གཤིན་རྗེ་དང་ལོག་ཏྲི་གཉིས་ཀར་དྲོད་ཚད་ཀྱི་མཚམས་འཛིན་མན་ངག་མྱོང་བས་ཐོན་དགོས་པར་བར་བཤུས་བཀབ་ཀྱི་སྐམ་སྐམ་གྲས་བྱེད་རྒྱུ་མི་ཡོང་ངོ་། །རྡེབ་ཀྱི་བར་གོང་ལྟར་བྱ་ཞིང་ཐུན་གཏོར་གསར་པ་བཤམས་ནས་ཐུན་མཚམས་ལ་ཟོར་ཞོར་སྒྲུབ་བྱེད་པའི་བར་ཐུན་མོང་བ་དང་འདྲ་ལ་སྒྲུབ་པའི་དམ་ཚིག་རྣམས་ཀྱང་ཆ་མཚུངས།མངོན་སྤྱོད་ཀྱི་སྐབས་འདིར་ཐུན་ཐོག་མ་ཡན་པ་དང་ལྷ་དབྱེའི་སྒྲོམ་བུ་རེ་དཀར་པོ་ལ་མ་རེག་པ་གལ་ཆེ། སྔགས་སྡེབས་བཞིན་མགོ་ཅན་མགོ་བོ་གཅོད་པའི་བཟླ་ལུགས་བྱེད། དགྲ་གཙོ་བོར་བྱེད་ན་བླ་རྒྱུ་བ་སོགས་སོ་སོའི་དུས་མ་ནོར་བར་སྔགས་དང་བླ་ཕུར་སྙིང་ཕུར་སྲོག་ཕུར་གྱིས་ལག་ལེན་བྱ། ཕ་རོལ་ལྷས་སྐྱོབ་ཚེ་ན་དབྱེ་བའི་མན་ངག་ཟབ་མོ་བྱ། དེ་ལྟར་བཟློག་རྟགས་མ་བྱུང་གི་བར་ཐུན་དྲུག་ཏུ་ཉམས་སུ་བླངས་པས་རྟགས་(༨ན)


GLG025_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བ་དང་རྟག་གཏོར་གཏོང་བ་ནས་ངག་འགྲོལ་བའི་བར་འདྲ། བཅུ་གསུམ་པ་བསད་པའི་ལས་སྦྱོར་ནི། གསེར་སྐྱེམས་ནས་དགུག་ཐུན་དམོད་རིང་གི་བར་དང་བཟློག་དམིགས་མཇུག་ཏུ་སྡེ་བརྒྱད་ཀྱི་དམིགས་པ་འདོགས་པའི་བར་བྱས་རྗེས། ཕག་སྤྱང་ཐོད་པ་གཤིན་རྗེ་ཕོ་མོ་རུ། །གསལ་བའི་ཞེ་སྡང་འདོད་ཆགས་དུག་རླངས་ཀྱིས། །དགྲ་བགེགས་རྩ་རྒྱུས་ཐམས་ཅད་རུལ་ཞིང་མྱགས། །སྙིང་གར་ནྲིའམ་ཏྲི་ཡི་ཁོག་པ་ན། །ཕཊ་ཡིག་དམར་ནག་འོད་ཞུ་དྷཱིཿཡིག་ལས། །མུ་ཁྱུད་མེད་པར་ལྕགས་སྲེགས་འཁོར་ལོ་ནི། །རྣོ་དང་ལྡན་པ་གཡོན་དུ་དྲག་འཁོར་བས། །དགྲ་བགེགས་སྲོག་རྩ་ཉལ་ཉལ་བཅད་ཅིང་གཏུབས། །ཤ་ཁྲག་དུམ་བུར་བཏང་བ་སྡེ་བརྒྱད་ཀྱིས། །ཧབ་སྒྲ་དང་བཅས་དིར་དིར་ཟོས་པར་བསམ། །ཨཱོཾ་ལོག་ཏྲི་པཱ་ལ་ནན་སོད་ནས་ཀཱ་ཝཱ་ཙི་བརླག་བརླག་གི་མཐར་དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ་སོད་ཡཱ། ནྲི་ཏྲི་མཱ་ར་ཡ་རྦད་ཡཱ། ཞེས་སྔགས་རྒྱུན་བཅས་ནས་བཟླ། དྲག་གཏོར་འབུལ་བ། བསྐུལ་རྣམས་བཟློག་པ་ཇི་ལྟ་བ་ལ་གཏོར་མའི་འབུལ་ཚིག་བ་ལིཾ་ཤ་ཁྲག་གཏོར་མ་འདི་བཞེས་ལ་ཡན་སྲུང་བའི་སྐབས་ལྟར་ལ་དགྲ་གཙོ་བོར་བྱེད་ན། དམིགས་བྱའི་དགྲ་བོ་གཟུགས་ལིང་མིང་བཅས་འདིའི། །བླ་ཁུག་དབུགས་ཕྲོགས་མགོ་འཁོར་ཁྲག་ཏུ་སྐྱུགས། །བརྒྱལ་ཞིང་ལུས་སེམས་ཕྲོལ་ལ་སྲོག་རྩ་ཆོད། །ཚེ་ཡི་འདུ་བྱེད་བཀུམ་ལ་མྱུར་དུ་སོད། །ཤ་ཁྲག་གཟུགས་ཕུང་འབྱུང་བའི་ཞལ་དུ་ཐོབ། །བསད་རྟགས་སྲོག་སྙིང་དམར་པོ་ཁྱེར་ལ་ཤོག །བྱད་མ་ལྷ་སྲུང་རང་གཤེད་རང་ལ་ཕོག །བགེགས་ལ་གཙོ་བོར་བྱེད་ན། །གནོད་བྱེད་སྡེ་བརྒྱད་དམ་སྲི་འབྱུང་པོ་འདིའི། །རྣམ་ཤེས་ཁུག་ལ་མཐུ་སྟོབས་སྡེ་དཔུང་རྩལ། །གཟི་བརྗིད་དུག་རླངས་བྱད་གྲིབ་གདོང་གཟེར་སོགས། །བསམ་ངན་སྦྱོར་རྩུབ་ནུས་པ་ཐམས་ཅད་ཆོམས། །ལུས་(༨བ)


GLG025_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་ཕྲོལ་ལ་སྲོག་རྩ་དམར་པོ་ཆོད། །དབུགས་དང་ཚེ་ཡི་འདུ་བྱེད་ཧུར་ཐུམ་བཀུམ། །ཤ་ཁྲག་གཟུགས་ཕུང་འབྱུང་བ་ཞལ་དུ་ཐོབ། །མིང་ཙམ་བརྡ་ཙམ་མེད་པ་ཐལ་བར་རློག །ཅེས་བསྐུལ་བའི་རྗེས་སུ་ལྕགས་སམ་བྷནྡྷས་བསྐུལ་ཏེ་དགྲ་བགེགས་ཀྱི་ཕྱོགས་སུ་འཕང་། བཟློག་བསད་ཀྱི་སྔགས་ཟབ་མོའི་འུར་བ་སློང་། ཉེས་པ་བསྒྲག་པ་ནས་བཟུང་དམོད་རིང་ཐལ་རྡེབ་ཀྱི་བར་གོང་ལྟར་ལ་ཐུན་རྡེག་པའི་ཚེ་བསད་པའི་དམིགས་རིམ་མན་ངག་ལྟར་བྱ། ཐུན་གཏོར་གསར་བ་བཤམ་པ་ནས་ཟོར་ཞོར་སྒྲུབ་ཀྱི་བར་བཟློག་པ་དང་འདྲ། གཟུགས་ཅན་ལ་ཐུན་གྱི་ངེས་པ་མེད་པར་བླ་སྲོག་འགྱུ་དུས་དང་བསྟུན། བླ་ཕུར། སྙིང་ཕུར། སྲོག་ཕུར་སྔགས་དང་བཅས་ནས་བརྡེག་སྟེ་དགུག་ཕྱུང་བཅད་པའི་ལས་བྱ་ཞིང་བླ་སྲོག་འཛོམ་དུས་ཐུན་ཟོར་དང་བདེན་པ་བརྗོད་དགོས་པའི་གནད་འགག་ཟབ་མོ་ཞལ་ལས་འདྲི། འདིར་བཟློག་པའི་དུས་ནས་ཐུན་མཐར་ཐུན་བརྡེག་པ་སོགས་གཤིན་རྗེ་གཟའ་གདོང་གི་ཐུན་ཐམས་ཅད་ལ་མི་བརྡེག་པ་དང་ཅུང་ཟད་མི་མཐུན་ནའང་བསད་ལས་ཟིན་ནས་ཀྱང་འབྱུང་བཞིའི་ལས་བྱེད་པའི་རང་སྐད་ལ་ལྐུགས་མའི་རིགས་འགྲེའི་དབུ་སྦྲོས་མི་འཚལ་ལོ། །ཐུན་དྲུག་ཏུ་ཉམས་སུ་བླངས་པས་རྟགས་མཐོང་བ་ན་རྟག་གཏོར་གཏོང་བ་ནས་ངག་འགྲོལ་བའི་བར་ཡང་མཚུངས། བཅུ་བཞི་པ་འབྱུང་བཞིའི་ལས་སྦྱོར་ནི། བདག་ལྕེ་རྡོ་རྗེ་ལྟེ་བའི་ཧཱུཾ་ཡིག་ལས། །འོད་ཟེར་རྭ་དགུའི་རྩེ་མོའི་ཁོང་སེང་བརྒྱུད། །དམར་ནག་ཕཊ་དགུ་བསྐུལ་ལས་ཡཾ་ལྗང་གུ །འཕྲོས་པ་རླུང་གི་འཁོར་ལོའི་གཟུགས་རིས་དང་། །རྩིབས་བརྒྱད་ལ་ཕོག་བྲིས་པའི་འཁོར་ལོ་དེ། །འབྱུང་བ་རླུང་དངོས་གྱུར་ནས་སྟོང་གསུམ་གང་། །དགྲ་བགེགས་རླུང་གིས་གཡོས་ཤིང་གཏོར་བྱས་ཏེ། །ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པར་བསམ། །དམར་ནག་ཕཊ་དགུ་བསྐུལ་ལས་རཾ་དམར་པོ། །འཕྲོས་པ་མེ་ཡི་འཁོར་ལོའི་གཟུགས་རིས་དང་། །རྩིབས་བརྒྱད་ལ་ཕོག་བྲིས་པའི་འཁོར་ལོ་དེ། །འབྱུང་པོ་རླུང་དངོས་(༩ན)


GLG025_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ནས་སྟོང་གསུམ་གང་། །དགྲ་བགེགས་མེ་ཡི་གདུང་ཞིང་བསྲེགས་བྱས་ཏེ། །ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པར་བསམ། །དམར་ནག་ཕཊ་དགུ་བསྐུལ་ལས་མཾ་སྔོན་པོ། །འཕྲོས་པ་ཆུ་ཡི་འཁོར་ལོའི་གཟུགས་རིས་དང་། །རྩིབས་བརྒྱད་ལ་ཕོག་བྲིས་པའི་འཁོར་ལོ་དེ། །འབྱུང་བ་རླུང་དངོས་གྱུར་ནས་སྟོང་གསུམ་གང་། །དགྲ་བགེགས་ཆུ་ཡི་བསུབས་ཤིང་ཁྱེར་བྱས་ཏེ། །ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པར་བསམ། །དམར་ནག་ཕཊ་དགུ་བསྐུལ་ལས་ནན་སེར་པོ། །འཕྲོས་པ་ས་ཡི་འཁོར་ལོའི་གཟུགས་རིས་དང་། །རྩིབས་བརྒྱད་ལ་ཕོག་བྲིས་པའི་འཁོར་ལོ་དེ། །འབྱུང་བ་རླུང་དངོས་གྱུར་ནས་སྟོང་གསུམ་གང་། །དགྲ་བགེགས་ས་ཡིས་འཐིབས་ཤིང་མནན་བྱས་ཏེ། །ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པར་བསམ། །ཨཱོཾ་ལོག་ཏྲི་པཱ་ལ་ནན་ཡ་རཾ་འབྱུང་བ་གཅིག་གམ་གཉིས་ཀྱི་ལས་ཙམ་ཐ་མ་མི་བྱེད་ན་སྔགས་ཀྱི་ཤམ་བུ་ཟུར་ཁྱད་ཡོད་པ་ཞལ་ལས་འདྲི། བཾ་ནན་ཞེས་ཤམ་བུ་ཅན་དམིགས་པ་དང་བཅས་ཏེ་ཐུན་དྲུག་ཏུ་བཟླ་ཞིང་སྡེ་བརྒྱད་བསྐུལ་བའི་དམིགས་པ་རྣམས་ཀྱང་བྱ། གཏོར་མ་འབུལ་ཚིག་གི་བ་ལིཾ་ཤ་ཁྲག་གཏོར་མ་འདི་བཞེས་ལ་ཡན་བཟློག་བསད་ལྟར་ལ། གནོད་བྱེད་དགྲ་བགེགས་སྡེ་བརྒྱད་འབྱུང་པོ་སྤྱི། ཁྱད་པར་དམིགས་ཀྱི་བཀར་བའི་ཆེ་གེ་འདི། །བསྐལ་བའི་རླུང་གི་འཚུབ་མས་བསྐྲད་ཅིང་གཏོར། །དུས་མཐའི་མེ་ཡིས་རྩ་སྦུར་བཞིན་དུ་སྲེགས། །ཆུ་བོ་རྦ་རླབས་འཁྲུགས་པའི་ཀློང་དུ་ཁྱེར། །ས་ཆེན་རི་ཡིས་བསྐལ་བར་མི་ལྡང་གནོན། །འབྱུང་བའི་སྟོབས་ཀྱིས་རྡུལ་ཕྲན་བཞིན་དུ་རློག །ཅེས་བཏགས་པའི་མཇུག་ཏུ་ལྕགས་སམས་བྷནྡྷས་


GLG025_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་གཏོར་བསྐུལ་ཏེ་འབྲུབ་ཁུང་ནང་དུ་བརྡེག །བཟློག་བསད་ཀྱི་སྔགས་བཟླ་བ་ནས་བཟུང་ངག་འགྲོལ་བའི་བར་འདྲ། བཅོ་ལྔ་པ་ནས་སྤོར་བ་ནི། དེ་ལྟར་བསྒྲུབས་པས་བཟློག་བསད་འབྱུང་བཞིའི་ལས་གང་འགྲུབ་ཀྱི་རྟགས་བརྟན་པོར་མཐོང་བའི་ཚེ་འཁོར་ལིང་རྣམས་ཚུར་ཕྱུང་ལ་ལྕགས་སྣོད་དུ་གཅེར། གསེར་སྐྱེམས་ནས་བཟུང་ཐུན་བརྡེག་ཐལ་རྡེབ་ཀྱི་བར་གཏང་རྗེས་གྱེར་སྒོམ་རྩེ་གཅིག་ཏུ་བསྒྲིལ་ཏེ། ཨེ་མ་ཁམས་གསུམ་སེམས་ཅན་རྣམས། །མ་རྟོགས་འཁྲུལ་པ་སྙིང་རེ་རྗེ། །སྙིང་རྗེས་བསྒྲལ་པའི་དམ་ཚིག་ནི། །བསད་ཅིང་མནན་པ་མ་ཡིན་ཏེ། །ཐུགས་རྗེ་ཐབས་ཀྱི་སྦྱོར་བ་ཡིས། །ཕུང་བོ་བསྒྲལ་བའི་ཞིང་དུ་བྱས། །རྣམ་ཤེས་ཡུམ་གྱི་མཁའ་ལ་སྦ། །ཡེ་ཤེས་དཔའ་བོར་བྱིན་བརླབས་ཏེ། །རིག་པ་ཆོས་ཀྱི་དབྱིངས་སུ་འཕངས། ཁྱོད་ནི་རྒྱལ་བའི་སྲས་སུ་སྐྱེ། །ཞེས་བརྗོད། སླར་གདབ་ཕུར་ལིངྒའི་ནྲི་འམ་ཏྲི་མིག་ཏུ་བསྒྲིལ་ཞིང་བཏབ་ལ། ཧཱུཾ། ཡེ་ཤེས་རྩལ་ལྡན་ཕུར་བུ་འདི། །དགྲ་བགེགས་སྙིང་ལ་བཏབ་པ་ཡིས། །ཉོན་མོངས་དུག་ལྔ་རྩད་ནས་གཅོད། །ལས་ངན་རྣམ་སྨིན་འཕྲོ་བཅད་ནས། །ཡེ་ཤེས་དབྱིངས་སུ་གནས་སྤར་རོ། ཧཱུཾ། དགྲ་གདོན་ཁྱོད་ཀྱི་སྙིང་ནང་ན། །ལུས་སྲོག་རྣམ་ཤེས་ཆགས་པའི་རྟེན། །རླུང་དངས་སྔོ་སྐྱ་མཐེ་བོང་ཙམ། །དེ་ནང་རཀྟའི་དངས་མ་ནི། །དམར་སེར་རྒྱ་སྲན་གའུ་ཙམ། །དེ་དབུས་རྣམ་ཤེས་ངོ་བོ་ནི། །ཐིག་ལེ་དཀར་པོ་ཡུངས་འབྲུ་ཙམ། །དེ་ལ་ཡེ་ཤེས་ཕུར་བུ་ཡི། །རྣོ་དཔལ་གཟི་འོད་རེག་ཙམ་གྱིས། །རླུང་གི་དངས་མ་འཇའ་ལྟར་ཡལ། །རཀྟའི་དངས་མ་འུབ་ཀྱིས་བསྐམས། །རྣམ་ཤེས་ངོ་བོ་ཐིག་ལེ་དེ། །ཡེ་ཤེས་ཕུར་(༡༠ན)


GLG025_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་ཁོང་གསེང་དུ། །བྱང་ཆུབ་རྒྱུན་ལམ་ནང་དུ་ཞུགས། །ཆང་བཟུང་ལོགས་བརྒྱད་ཕོ་བྲང་དུ། །དཔལ་ཆེན་ཡབ་ཡུམ་ཐུགས་ཀ་རུ། །སྐད་ཅིག་ཉིད་ལ་ཐིམ་མ་ཐག །དེ་ལུས་སོལ་སྡོང་གོག་པོ་བཞིན། །ནག་ཁོག་གཟི་བཀྲག་མེད་པར་གྱུར། །ཕཊ་ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ། ཨེ་ཡཾ་རཾ་སྥ་ར་ཎ་ཕཊ། བྷོ་དྷི་ཙིཏྟ་ནྲི་ཏྲི་སཾ་ཧ་ར་ཎ་ཧཱུཾ། ཞེས་འདོན་སྒོམ་ཟུང་འཇུག་ལ་དམིགས་པ་ཤིན་ཏུ་གསལ་བར་བྱའོ། །གདབ་ཕུར་དེ་ཉིད་ལག་ཏུ་བསྒྲིལ་ཞིང་། ཧཱུཾ། རྡོ་རྗེ་ཕུར་བུ་ཀཱི་ལཱ་ཡ། །སངས་རྒྱས་འཕྲིན་ལས་ཡོངས་རྫོགས་སྐུ། །དྲེགས་འདུལ་དྲང་སྲོང་ཁྲོ་ཆེན་གྱི། །སྲས་མཆོག་བཛྲ་ཀཱི་ལཱ་ཡ། །བསྒྲིལ་ཞིང་བསྒྲིལ་ཞིང་བཏབ་ཙམ་གྱིས། །དགྲ་བགེགས་ལུས་ངག་ཡིད་གསུམ་དང་། །ཕུང་ཁམས་སྐྱེ་མཆེད་འབྱུང་བ་ལྔ། །ལས་ཉོན་བག་ཆགས་ཤེས་སྒྲིབ་བཅས། །སྐད་ཅིག་ཉིད་ལ་བསྒྲལ་ནས་ཀྱང་། །ཐལ་བའི་རྡུལ་བཞིན་བརླག་པར་མཛོད། །ཨཱོཾ་ཏྲང་དུ་ཏྲི་ན་ཏྲང་དུ་ཛཿཛཿ། བཛྲ་ཀཱི་ལི་ཀཱི་ལཱ་ཡ་དགྲ་བགེགས་སརྦ་ནྲི་ཏྲི་ཤ་ཏྲཾ་ཏྲིག་ནན་རྦད་ནན་བྷི་ན་ཙིཏྟ་རྦད་ནན་ནྲི་ཏྲི་ཧུར་ཐུམས་ཛ་མཱ་ར་ཡ་རྦད་རྦད། ཅེས་དང་ཐུན་སྔགས་སྤུ་གྲི་དྲག་སྔགས་རིང་མོའང་བཟླ་ཞིང་ལིངྒ་རྣམས་ཀྱི་གནས་ལྔ་དང་དབང་པོ་ལྔ་དང་། བླ་གནས་རྣམས་སུ་སྲེག་པའི་རིགས་ལ་དཔལ་ཚུབ་ཙམ་དུ་གདབ་བོ། །མི་བཟད་པའི་མཚོན་ཆ་ཐོགས་ཏེ། ཧཱུཾ། ད་ནི་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་ཡིན་ཏེ་ཡེ་ཤེས་སྐུ། །འཁོར་ལོ་རྡོ་རྗེ་རིན་ཆེན་དང་། །པདྨ་རྒྱ་གྲམ་རབ་འབར་བ། །ཡེ་ཤེས་རྣོ་བའི་མཚོན་ཆ་ཡིས། །དགྲ་གདོན་བག་ཆགས་(༡༠བ)


GLG025_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་པའི་སེམས། །ལོག་རྟོག་འཁོར་བ་རྒྱུན་ཆོད་ཅིག །ཨཱོཾ་མནྟྲ་སུམྦྷ་ནི་བཛྲ་ཛྭ་ལ་ཧཱུཾ། ཨཱོཾ་བྷྲུཾ། ཧཱུཾ་བྷྲུཾ། ཏྲཱཾ་བྷྲུཾ། ཧྲཱི་བྷྲུཾ། ཨཿབྷྲུཾ། ཚལ་བ་ཚལ་བ་མཱ་ར་ཡ་ཛཿཛཿ། ཞེས་མཚོན་ཆས་བསྣུན་པའི་ཚེ། །ཕུར་བའི་དཔལ་ནས་མཚོན་ཆ་སྣ་ཚོགས་ཀྱི་ཆར་བབས་པས་ཁོའི་གཟུགས་ཕུང་རྣམས་དུམ་བུར་བཏང་བར་བསམ། རླུང་ཆུ་ས་བཟློག་བསད་ཀྱི་ལིངྒ་རྣམས་སྒྲོལ་བའི་ཚུལ་ཙམ་མ་གཏོགས་དངོས་སུ་དུམ་བུར་མི་བསྒྲལ། མེའི་བཅའ་གཞི་རྒྱས་པའི་སྐབས་ཡིན་ན་རབས་ཐོད་ནང་གི་བསད་འཁོར་བསྒྲལ་ཚུལ་ཙམ་ལས་དངོས་སུ་མིན་བསྒྲལ་སྦྱང་རྩེའི་ཁུག་མའི་ནང་གི་བསད་འཁོར་བསྒྲལ་ནས་མེའི་འཁོར་ལོ་དང་ལྷན་ཅིག་སྦྱིན་སྲེག་བྱས་ཀྱང་རུང་བ་ཡིན་ནོ། །འཁོར་ལོ་དུམ་བུར་བཏང་ལ་བསྒྲལ་ལོ། །ལིང་རོ་རྣམས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་དྲག་སྔགས་ཀྱི་ངར་བཏགས་པས་བརྡུང་ཞིང་། གཏུན་ཁུང་ཡུམ་གྱི་བྷ་གར་ཐོབ་ཡབ་ཀྱི་རྡོ་རྗེས་བརྡུངས་པས་ཁོའི་རྣམ་སྨིན་གྱི་ལུས་དམར་ཉོག་ཉོག་བརྡུངས་ནས་བརླག་པ་བསམ་ཞིང་། ཧཱུཾ། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། །བཀའ་ལས་འདའ་བྱེད་སྡིག་ཅན་འདི། །རྡོ་རྗེའི་མཚོན་ཆས་བསྒྲལ་ནས་ཀྱང་། ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེའི་ཐོ་བས་བརྡུངས་པ་ན། །ལྷ་ཡང་རུང་སྟེ་བརླག་བགྱིད་ན། །དགྲ་གདོན་གནོད་བྱེད་སྨོས་ཅི་དགོས། །ཨཱོཾ་པདྨ་ཨ་ཀོ་ཊ་ཡ་ཁ་ཐམ་ཁ་ཐམ་ཁ་ཐམ། ཞེས་བརྡུང་ངོ་། །རྒྱས་པར་ནི་ཟན་ལིང་ཤ་ཁྲག་རུས་པས་སྤགས་པ་ཞིག་གོང་དུ་འཁོར་ལོ་ལིངྒ་རྣམས་དང་ལྷན་ཅིག་ཏུ་བསྒྲལ་པའི་ལིང་རོ་ཤ་ཁྲག་རུས་པར་བཅས་པ་གཏོར་མར་བཏབ་ལ། བསྡུ་ན་འཁོར་ལོ་རྣམས་གཏོར་མར་འབུལ་ཚུལ་ཙམ་བྱས་ཀྱང་རུང་། སྨན་རཀ་སྦྲན་(༡༡ན)


GLG025_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཧཱུཾ། ཆོས་དབྱིངས་ངང་ལས་སྙིང་རྗེ་ཡི། །རྩལ་སྣང་ཁྲོ་བོའི་སྐུར་བསྟན་པ། ཁྲོ་རྒྱལ་ཞེ་སྡང་རྡོ་རྗེ་ཞེས། །མཐིང་ནག་མི་སྡུག་ཁྲོ་ཚུལ་ཅན། ཁམས་གསུམ་སྲིད་གསུམ་ཟ་བྱེད་པ། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །རི་རབ་ཙམ་གྱི་སྐུར་བཞེངས་ཤིག །གནམ་ས་ཙམ་གྱི་ཞལ་གདོངས་ཤིག །གངས་རི་གཏམས་འདྲའི་མཆེ་བ་གཙིགས། །གློག་སྟོང་འགྱུ་འདྲའི་ལྗགས་བསྐྱོད་ལ། །དགྲ་གདོན་བསྒྲལ་པའི་ཤ་ཁྲག་རུས། །ཕུང་ཁམས་སྐྱེ་མཆེད་དབང་པོ་ལྔ། །དོན་སྣོད་ཀླད་རྐང་ཁུ་བར་བཅས། །ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི། །མགུར་དུ་འདྲིལ་ལོ་ཨ་ར་ལི། །དབྱིངས་སུ་བསྟིམ་མོ་ས་མ་ཡ། །བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧིཿ བྷྱོ། དྲེགས་འདུལ་ཁྲོ་རྒྱལ་འབར་བ་ཡི། །སྐུ་གསུང་ཐུགས་ཡོན་འཕྲིན་ལས་ཀྱི། །སྤྲུལ་པ་ཡང་སྤྲུལ་ལ་སོགས་པ། །ལས་བྱེད་རྣོ་མྱུར་རྫུ་འཕྲུལ་ཅན། །བྱེ་བ་འབུམ་སྡེའི་ཚོགས་བཅས་རྣམས། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །རི་རབ་ཙམ་གྱི་སྐུར་བཞེངས་ཤིག །གནམ་ས་ཙམ་གྱི་ཞལ་གདོངས་ཤིག །གངས་རི་གཏམས་འདྲའི་མཆེ་བ་གཙིགས། །གློག་སྟོང་འགྱུ་འདྲའི་ལྗགས་བསྐྱོད་ལ། །དགྲ་གདོན་བསྒྲལ་པའི་ཤ་ཁྲག་རུས། །ཕུང་ཁམས་སྐྱེ་མཆེད་དབང་པོ་ལྔ། །དོན་སྣོད་ཀླད་རྐང་ཁུ་བར་བཅས། །ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི། །མགུར་དུ་འདྲིལ་ལོ་ཨ་ར་ལི། །དབྱིངས་སུ་བསྟིམ་མོ་ས་མ་ཡ། །བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧིཿ བྷྱོ། ཁྲོ་རྒྱལ་ཞེ་སྡང་རྡོ་རྗེ་ཡི། །ཡང་གཡོག་བཀའ་ཉན་ལས་བྱེད་པ། །མགོན་པོ་ས་བདག་ཀླུ་རིགས་ལྔ། །མ་མོ་བཙན་བདུད་གཟའ་རྒྱལ་འགོང་། །སྣང་སྲིད་དྲེགས་པ་སྡེ་དཔུང་བཅས། །རང་རང་སྤྲུལ་པ་ཡང་སྤྲུལ་དང་། །གཡོག་དང་ཡང་གཡོག་ཕོ་ཉར་བཅས། །སྟོང་གསུམ་གང་བའི་དྲེགས་པ་རྣམས། ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །


GLG025_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

རི་རབ་ཙམ་གྱི་སྐུར་བཞེངས་ཤིག །གནམ་ས་ཙམ་གྱི་ཞལ་གདོངས་ཤིག །གངས་རི་གཏམས་འདྲའི་མཆེ་བ་གཙིགས། །གློག་སྟོང་འགྱུར་འདྲའི་ལྗགས་བསྐྱོད་ལ། །དགྲ་གདོན་བསྒྲལ་པའི་ཤ་ཁྲག་རུས། །ཕུང་ཁམས་སྐྱེ་མཆེད་དབང་པོ་ལྔ། །དོན་སྣོད་ཀླད་རྐང་ཁུ་བར་བཅས། །ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི། །མགུར་དུ་འདྲིལ་ལོ་ཨ་ར་ལི། །དབྱིངས་སུ་བསྟིམ་མོ་ས་མ་ཡ། །བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧིཿ །ཞེས་དབུལ་ཞིང་བསྟབ་པས་དགྲ་གདོན་བྱད་མའི་ཤ་ཁྲག་རྣམས་ཁྲོ་རྒྱལ་དྲེགས་པའི་འཁོར་ཚོགས་དང་བཅས་པས་ཧབ་ཧབ་ཧུབ་ཧུབ་ཆེམ་ཆེམ་གསོལ་ཞིང་དགྱེས་པའི་གད་མོའི་འབྲུག་སྟོང་ལྡིར་བ་ལྟར་བསྒྲགས་ནས་ཚིམ་ཞིང་དགྱེས་པར་བསམ། དམོད་པའི་བདེན་སྟོབས་བརྗོད་པ་ནི། བཀའ་ལྟར་མི་བྱེད་ཅིང་སོགས་ནས་ཟློག་ཏུ་ནན་གྱི་བར་སྔར་ཐལ་རྡེབ་ཀྱི་སྐབས་ལྟར་བྱ། གཞན་ཡང་འདོད་པའི་དོན་ལ་གསོལ་བ་གདབ་བོ། །བཅུ་དྲུག་པ་མངའ་གསོལ་ཐུགས་རྗེའི་ཟློས་གར་མ་དང་བཟློག་བསྒྱུར་ཐུན་མོང་བའི་སྐབས་ལྟར་བྱ། བཟློག་སྔགས་བཟླ། དམོད་པ་བྱ་ཞིང་ཐལ་མོ་བརྡབ། རྒྱས་པར་སྤྲོ་ན་ཐུན་བརྒྱབ་པའི་རྗེས་སུ་བཟློག་གཞུང་འདི་ཚར་རེ་བཏང་ན་ལེགས་གསུང་། བཅུ་བདུན་པ་ལས་ལ་སྦྱར་བ་ནི། བསད་བཟློག་དང་འབྱུང་བཞི་སྡེ་བརྒྱད་ཀྱི་འཁོར་ལོ་རྣམས་མནན་སྲེག་འཕྱར་གཡེང་བྱེད་ལུགས་མཐོང་བ་བརྒྱུད་པའི་ཕྱག་ལེན་ཞལ་ལས་ཤེས་པར་བྱ་ཞིང་མེ་འཁོར་སོགས་སྲེག་པའི་ལས་སྤྱོར་བྱས་པའི་ཐལ་བ་རྣམས་ཕྱེད་མནན་པ་དང་ལྷན་ཅིག་ཏུ་སྤ། ལྷག་མ་རི་རྩེ་ནས་རླུང་ལ་འཕྱར་རོ། །ཐོག་ནས་གསེར་སྐྱེམས་འབུལ་ཞིང་ཟོར་འཕེན་པ་ཐུན་མོང་བའི་སྐབས་དང་འདྲ། སྒྲུབ་གཏོར་དེ་ཤེས་པ་སུམ་ལྡན་ཡིན་པས་དྲང་སྲོང་གི་དམག་ཚོགས་སུ་གསལ་བཏབ། ཤ་ཟན་གྱིས་གསོ་བ་དང་སྨན་རག་སྦྲན་པ་ནས་བཟུང་ཆད་མཐོའི་བར་


GLG025_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་མོང་བ་ལྟར་བཏང་རྗེས། དགྲ་བགེགས་ཀྱི་ལིངྒ་གང་ཡང་རུང་བ་ཞིག་དཔལ་འབར་གྱི་མེ་ལ་བསྲེགས་ཏེ། གཟུ་དཔང་དང་བཅས་པ་ཞེས་སྒྲ་དྲག་པོ་ལན་གསུམ་བྱ། གཤེགས་སྐྱེམས་ཀྱི་གཏོར་མ་ཕུལ་ནས་ཐེམ་འོག་གམ་ལམ་རྒྱ་གྲམ་སོགས་དམིགས་གང་ཡིན་དུ་ས་འཁོར་གྱིས་མཚོན་པའི་གནོན་དགོས་མངོན་སྤྱོད་སྤྱི་གཞུང་ནས་བཤད་པ་ལྟར་བཅས་རྣམས་ཐོག་མ་ནས་ལག་ཏུ་བླངས་པའི་འདོན་ཆ་མཐའ་དག་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱིས་མཛད་པའི་འཇམ་དཔལ་དམར་ཆུང་གི་ཆོག་སྒྲིགས་ཁ་བསྒྱུར་ན་བརྗོད་བདེ་ཞིང་ལེགས། ཆུ་རླུང་སོགས་ལས་གཞན་རྣམས་ཡུལ་དུས་ཀྱི་འཕྲལ་དུ་མ་ཐུབ་ན་སླར་གཟའ་ཚེས་དང་བསྟུན་ཆོག་པས་མནན་པའི་རྗེས་སུ་ཟ་ལམ་སྟོན་པའི་ཕྱིར་གསེར་སྐྱེམས། བསྐུལ། གཏོར་མ་འཕེན་པ་ནས་བཟུང་ཤིས་བརྗོད་ཀྱི་བར་དཀྱུས་བཞིན་ནོ། །རྩ་བའི་བཞི་པ་བཅས་བསྡུས་པའི་གཏོར་མ་ལ་བརྟེན་པ་ནི། ས་སྟེགས་འབྲུབ་ཁུང་གི་རྒྱས་བསྡུས་གོང་དང་འདྲ་བའི་ཁར་ཐུན་མོང་པའི་སྐབས་བཞིན་གཏོར་ཆེན་བཅའ། འཁོར་ལིང་གི་ལག་ལེན་རྣམས་ཞལ་ཤེས་མཐོང་བརྒྱུད་བཞིན་བསྟར། གཏོར་མ་ལྷར་བསྐྱེད་པ་སོགས་ཐུན་མོང་བའི་སྐབས་དང་གཞན་མ་མཆོད་རྟེན་རང་གི་སྒོས་ཆོས་དོར་བའི་བཅའ་གཞི་ངག་འདོན་དམིགས་པ་མཐའ་དག་བཅས་རྒྱས་པའི་སྐབས་སོར་བཞག་གོ །རྩ་བའི་ལྔ་པ་འབྱུང་བཞི་དང་བཟློག་བསད་ཀྱི་ལས་ཁོལ་བུར་བསྒྲུབ་པ་ནི། མཆོད་རྟེན་དང་གཏོར་ཆེན་གྱི་སྤྲོས་པ་དོར་ཞིང་འབྲུབ་ཁུང་དུ་ལས་གང་བྱེད་ཀྱི་འཁོར་ལིང་(༡༢བ)


GLG025_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྟེན་ནས་སྒྲུབ་པས་ལག་ལེན་གྱི་ཁོག་རྒྱས་པ་ཉིད་ཀྱིས་འབུགས་པ་ཡིན་ནོ། །གཞན་ཡང་མཚོན་དོན་དང་སྦྱར་བའི་འབྱུང་བཞི་ཅིག་ཅར་བའི་ལས་བཤད་པའི་ཉམས་སུ་བསྟར་ན་དམ་སྲིའི་འཚུབ་ལྷོངས་ཀྱི་ཚེ་མར་ལ་ལྕགས་བསྲེགས་ལྟར་འགྲོ་བ་མྱོང་བས་གྲུབ་བོ། །འདི་དག་རྣམས་མཐོང་བརྒྱུད་དང་ཞལ་ཤེས་ཕྲ་ཞིབ་ལ་བལྟོས་ནའང་སྔོན་བྱུང་གི་གཏེར་བྱུང་དང་བླ་མ་གོང་མ་རྣམས་ཀྱི་ཡིག་ཆའི་ཁྲོད་ན་ཤིན་ཏུ་གསལ་བ་ཞིག་བྱུང་སོང་བས་བརྒྱུད་པའི་བླ་མ་དང་གསང་སྔགས་རྙིང་མའི་བསྟན་པ་ལ་ཅུང་ཟད་ཙམ་ཡང་མི་སེམས་པར་སྡང་སེམས་དང་ལྡན་བཞིན་དུ་རང་གི་དགྲ་འདུལ་གཉེན་སྐྱོང་གི་ཆེད་དུ་འབད་པས་འཚོལ་བའི་སྣོད་མིན་ལ་སྟོམ་པ་དང་རྒྱུ་ནོར་ངོ་དགའ་ཙམ་གྱི་ཆེད་དུ་འཆོལ་བར་བཤད་ན་ར་སྤུའི་འུར་རྡོ་བཞིན་དུ་རང་ལ་འཁོར་བའི་ཉེན་ཆེ་བས་རྟ་ཤིའི་སོ་ལྟར་དམ་པར་བྱེད་དགོས་པས་བག་མེད་འཆོལ་པར་བསྟན་པ་བྱུང་ན་ཆོས་འདིའི་གཏེར་གྱི་སྲུང་མ་རྣམས་དང་ཁྱད་པར་བཤན་པ་གཟའ་རྒོད་མིག་དམར་གྱིས་མི་ནོར་ཐམས་ཅད་ཀྱི་སྟེང་དུ་ཆད་པ་དྲག་པོ་ཐོག་ལྟར་ཕོབ་ཅིག །ས་མ་ཡ། སྔགས་རྒོད་ལོག་ཏྲི་ལག་ཏུ་ལོན་ནོ་ཞེས། ཁ་བོ་དབྱིངས་སུ་འཛེར་བའི་བན་སྔགས་ཀྱིས། །གངས་ཅན་འཛིན་མའི་ལྟོ་བ་གང་ན་ཡང་། །ཚུལ་ལྡན་ཤེས་པ་ཉིན་མོའི་སྐར་མ་བཞིན། །ང་ཚོའི་ཁེངས་པས་མཁས་གཞན་མི་བསྟེན་འགྱིང་། །ལ་ལ་སྔོན་ནས་སོང་ཞེས་ཟོག་རྫུན་བྱེད། །འགའ་ཞིག་ཨ་ཕའི་གསོལ་ཞལ་གཙང་བར་ཞེན། །ཕལ་ཆེར་སྐྱུར་བཟིའི་བློ་ཤེད་འདྲེ་ལ་འཚོང་། ཁོ་བོས་ཚད་ལྡན་མཁས་རྣམས་འབད་པས་བཙལ། །ལག་ལེན་དཀའ་བའི་གནད་ཀྱི་འཕྲང་ལ་གཅུར། །པད་(༡༣ན)


GLG025_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་དགོངས་དོན་མཆོག་སྤྲུལ་འབྲི་གུང་པས། །ལོན་དེ་བློ་དང་བརྩོན་པས་ཁོང་དུ་ཆུད། །འདི་ཀོ་ཆོས་ཀྱི་ཁེ་ཚོང་བྱེད་འགེལ་ལག །ཤོར་ན་རང་ཐོག་འཁོར་ཞིང་བསྟན་དང་འགྲོ །འཕུང་ཉེན་ཆེ་ཡང་བདག་དང་བདག་འདྲ་བའི། །རྨོངས་རྣམས་བརྗེད་ངས་འཇིགས་པ་སྤང་ཕྱིར་བཀོད། །དགེ་ཚོགས་སྤུ་གྲིས་དགའ་རབ་དབང་ཕྱུག་མགོ །བཅད་ཞར་སྡེ་བརྒྱད་སྙིང་རྩ་འདར་བ་དང་། །ལྷན་ཅིག་དཀར་པོའི་ཆོས་ལ་འགྲོ་བ་ཀུན། །ཞུགས་ནས་གཏན་གྱི་འདུན་མ་འགྲུབ་པར་ཤོག །ཅེས་སྔགས་རྒོད་ལོག་ཏྲི་པཱ་ལའི་བཟློག་པ་དང་བསད་པའི་ལས་སྦྱོར་གྱི་གསལ་བྱེད་ཡི་གེ་གླང་སྨྱོན་སྣ་རྩེར་བཀོད་པའི་མཚོན་འཁོར་འདི་ནི་ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། ཆོས་རྒྱལ་གཏེར་བདག་གླིང་པ་སྔགས་འཆང་དཀོན་མཆོག་ལྷུན་གྲུབ་སོགས་ཕྱོགས་འདི་ལ་ཚད་མར་གྱུར་པའི་མཁས་པ་རྣམས་འབད་པས་བསྟེན་པའི་མཐུ་ལས་མན་ངག་ཕྲ་མོ་ཙམ་ལའང་ཐེ་མི་ཚོམ་པའི་གདེངས་ཚད་ཅན་གཡོ་རུ་ལྷོ་རྒྱུད་དུ་སྐྱེས་པའི་ཟ་ཧོར་གྱི་སྔགས་སྨོན་ཟིལ་གནོན་དྲག་པོ་རྩལ་གྱིས་བོད་ཡུལ་བསྟན་འགྲོའི་བདེ་ཐབས་སུ་དམ་སྲི་འབྱུང་པོ་འདུལ་པའི་སྒྲུབ་པ་རྣམ་པར་རྒྱལ་པའི་ཕན་བདེ་ལེགས་བཤད་གླིང་པར་འཛུགས་སྐབས། ལག་ལེན་ཁྱེར་བདེ་བའི་ཆེད་དུ་བག་ཡོད་ཅེས་པ་ཆུ་གླང་ནག་པོ་ཟླ་བའི་དམར་ཆའི་ཉེར་བཞི་ལ་འཛིན་མའི་སྤོ་ལས་མངོན་པར་འཕགས་པའི་ཕོ་བྲང་ཆེན་པོ་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་རིགས་འཛིན་གྱི་བཙུན་པ་འཇམ་དབྱངས་གྲགས་པས་བགྱིས་པ་འདིས་ཀྱང་མི་བསྲུན་པའི་དགྲ་ཚོགས་རྣམས་གཡུལ་ཐོག་ཏུ་གསོད་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །།


previousསྔགས་རྒོད་ལོག་ཏྲི་པཱ་ལའི་བཟློག་པ་དང་བསད་པའི་ལས་སྦྱོར་གྱི་གསལ་བྱེད་ཡི་གེ་གླང་སྨྱོན་སྣ་རྩེར་བཀོད་པའི་མཚོན་འཁོར། next