Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཉན་ཆེན་ཐང་ལྷའི་འཕྲིན་ལས་བདུད་རྩིའི་ཆུ་རྒྱུན།
   
   


 
previousགཉན་ཆེན་ཐང་ལྷའི་འཕྲིན་ལས་བདུད་རྩིའི་ཆུ་རྒྱུན།next

གཉན་ཆེན་ཐང་ལྷའི་འཕྲིན་ལས་བདུད་རྩིའི་ཆུ་རྒྱུན།


GLG025_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

གཉན་ཆེན་ཐང་ལྷའི་འཕྲིན་ལས་བདུད་རྩིའི་ཆུ་རྒྱུན་བཞུགས་སོ། །


GLG025_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་ཐོད་འཕྲེང་ཁྱོད་ཞབས་བྱང་ཆུབ་བར། །གཙུག་ཏུ་འབྲལ་བ་མེད་པར་རྟག་བསྟེན་ནས། །ལྷ་ཆེན་ཚངས་པའི་རྒྱལ་པོ་དགྱེས་བསྐྱེད་པའི། །འཕྲིན་ལས་བདུད་རྩིའི་ཆུ་རྒྱུན་དེང་འདིར་སྦྲེང་། །སྐྱབས་སེམས་ནི། ཐུགས་རྗེའི་དབང་གིས་འགྲོ་དོན་མཛད། །བླ་མ་རྣམས་ལ་སྐྱབས་སུ་མཆི། །རང་ལ་ཡེ་ཤེས་ཤར་བའི་སྐུ། །ཡི་དམ་ལྷ་ལ་སྐྱབས་སུ་མཆི། །དམ་ཚིག་རྣམ་པར་དག་པའི་སྐུ། །མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི། །སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས། །འགྲོ་དོན་སངས་རྒྱས་ཐོབ་བྱའི་ཕྱིར། །སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ། །སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར། །གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད། །དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས། །རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ། །ཞེས་ལན་གསུམ་བརྗོད། གོང་གནོན་གྱི་ལྷ་བསྐྱེད་པ་ནི། སྐད་ཅིག་གིས་རང་རིག་ཧྲཱིཿ ཡིག་དམར་པོ་ཡོངས་སུ་གྱུར་པ་ལས། དབང་ཆེན་རྟ་མཆོག་སྐུ་མདོག་དམར་ནག་དབུ་ཚངས་པའི་འཇིག་རྟེན་དུ་སླེབས་པ། ཞབས་རྒྱ་མཚོའི་གཏིང་དུ་བརྐྱང་བ། ཉི་ཟླ་གཟའ་སྐར་རྐེད་ལ་འཁོར་བ། རི་རབ་ལ་སྟེགས་བྱས་པ། ཕྱག་གཡས་པས་གཟུགས་ཁམས་འདེགས་ཤིང་། གཡོན་པས་འདོད་ཁམས་གནོན་པ། དུར་ཁྲོད་ཀྱི་ཆས་ཀུན་(༢ན)


GLG025_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བརྒྱན་པ། རྟ་སྐད་གཡས་གཡོན་སྟེང་འོག་ཏུ་བསྒྲགས་པས་ཕོ་རྒྱུད་མོ་རྒྱུད་གཟའ་ཀླུ་ཐམས་ཅད་དབང་དུ་སྡུད་པ། ཧྲཱིཿཧཱུཾ་ཕཊ་གསུམ་གྱི་སྒྲ་འབྲུག་ལྟར་ལྡིར་བ། ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པའི་སྐུར་གྱུར། ཧྲཱིཿམ་ཧཱ་ཀྲོ་ཏ་པདྨཱ་ནྟ་ཀྲྀ་ཏ་ཧ་ཡ་གྷྲཱི་ཝ་ཧཱུཾ་ཧཱུཾ་ཕཊ་ཡ་མ་རཱ་ཙ་དུ་ཏྲི་ཕུ་ཏི་ཧྲཱིཿཧཱུཾ་ཕཊ། ཅེས་ཅི་རིགས་བཟླས་ལ་བསྟོད་པ་ནི་འཇམ་རོལ་དང་བཅས། རྟ་མགྲིན་རྒྱལ་པོ་དབང་གི་ལྷ། །དྲེགས་པ་ཀུན་འདུས་པདྨ་འབྱུང་། །བླ་མ་རིགས་འཛིན་སྤྲུལ་སྐུ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །མཆོད་གཏོར་བརླབ་པ་ནི། ཧྲཱིཿམ་ཧཱ་ཀྲོ་ཏ་པདྨཱ་ནྡྷ་ཀྲྀ་ཏ་ཧ་ཡ་གྷྲཱི་བ་ཧཱུཾ་ཧཱུཾ་ཕཊ་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཕྱི་ནང་གསང་པའི་མཆོད་རྫས་རྣམས་བཟང་ཞིང་གྱ་ནོམས་པ། ལྷ་ཆེན་འཁོར་དང་བཅས་པ་མཉེས་པར་བྱེད་པའི་མཆོད་སྤྲིན་ནམ་མཁའ་མཛོད་ལ་མངའ་བརྙེས་པ་བསམ་གྱིས་མི་ཁྱབ་པར་གྱུར། ཨོཾ་སརྦ་བིད་པཱུ་ར་པཱུ་ར། སུ་ར་སུ་ར། ཨ་ཝ་རྟ་ཡ་ཨ་ཝ་རྟ་ཡ་ཧོཿ བཛྲ་སྥ་ར་ཎ་ཁཾ། ལན་གསུམ་བརྗོད། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཁ་དོག་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པའི་སྟེང་དུ་(༢བ)


GLG025_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཿཧཱུཾ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་འཁོར་འདས་ཀྱི་རོ་བཅུད་ཐམས་ཅད་བསྡུས་ཏེ་གཏོར་མར་ཐིམ། ཡི་གེ་གསུམ་ཡང་འོད་དུ་ཞུ་ནས་དབྱེར་མེད་གཅིག་ཏུ་འདྲེས་པས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོ་ཟད་མི་ཤེས་པའི་རང་བཞིན་དུ་བསམ། ཨོཾ་ཨཱཿཧཱུཾ་མ་ཧཱ་བྷ་ལིནྟ་ཏེ་ཛྭ་བྷ་ལིནྟ་བྷ་ལ་བྷ་ཏེ་གུ་ཧྱ་ས་མ་ཡེ་སྭཱ་ཧཱ། ཞེས་ལན་གསུམ་མམ་བདུན་གྱིས་བྱིན་གྱིས་བརླབ། རྟེན་བསྐྱེད་པ་ནི། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རང་གི་མདུན་དུ་ཤེལ་གྱི་ཁང་བཟང་རིན་པོ་ཆེ་སྣ་ཚོགས་ཀྱི་སྒོ་ལྕོག་འོད་འབར་བ། རྩ་བར་བདུད་རྩིའི་རྒྱ་མཚོ་འཕྱུར་བ། རྐེད་པར་འཇའ་འོད་ན་བུན་གྱི་གུར་ཕུབ་པ། རྩེ་མོར་སྤྲིན་དཀར་རིན་པོ་ཆེའི་ཟིལ་ཆར་འབེབས་པ། ས་གཞི་ལྗང་སྔོན་མེ་ཏོག་སྣ་ཚོགས་རྒྱས་པ། ཁོར་ཡུག་ཏུ་གནམ་ལྷ་བརྒྱད་ཀྱི་གངས་རི་ཤེལ་གྱི་མཆོད་རྟེན་ལྟ་བུས་བསྐོར་བ། དེའི་སྟེང་དུ་ཉི་ཟླ་པདྨའི་གདན་ལ་སྟོབས་ལྡན་རྟ་མཆོག་ངང་དཀར་ལ་རིན་པོ་ཆེའི་སྒ་རྒྱན་དུ་མས་མཛེས་པའི་སྟེང་ན་ལྷ་ཆེན་རྡོ་རྗེ་འབར་བ་རྩལ་སྐུ་མདོག་ཤེལ་གྱི་རི་བོ་ལྟར་བརྗིད་པ། ཞལ་འཛུམ་ཞིང་མཆེ་བ་ཅུང་ཟད་གཙིགས་པ། སྤྱན་གསུམ་རབ་ཏུ་བཀྲ་བ། དབུ་སྐྲའི་ཐོར་ཚུགས་དར་དཀར་པོས་བཅིངས་པ། ཕྱག་གཡས་རྡོ་རྗེ་རྩེ་ལྔས་མཚན་པའི་སྦ་ལྕག་ནམ་མཁའ་ལ་འཕྱར་བ། གཡོན་པ་ཤེལ་དཀར་ཕྲེང་བ་འདྲེན་པ། ཟབ་ཆེན་དཀར་དམར་མཐིང་གསུམ་གྱི་བེར་གསོལ་བ། སྤྱི་བོ་ནོར་བུ་འབར་བའི་ཏོག་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་དང་བཅས་པ། སྐུ་གཞོན་ཞིང་མཛེས་པ། རྒྱལ་པོ་རོལ་པའི་ཆ་ལུགས་སུ་བཞུགས་པ། དེའི་གཡོན་དུ་ཡུམ་གནམ་མཚོའི་རྒྱལ་མོ་རྡོ་རྗེ་གཡུ་སྒྲོན་མ་སྐུ་མདོག་སྔོ་བསངས་ཞལ་གཅིག་ཕྱག་གཉིས་ལ་སྤྱན་གསུམ་དང་ལྡན་པ། གཡས་རྒྱལ་མཚན་དང་གཡོན་མེ་ལོང་འཛིན་ཅིང་། དབུ་སྐྲ་ཐོར་ཚུགས་ལྷག་མའི་ཟར་བུ་ཐུར་དུ་འཕྱང་བ། སྨན་བཙུན་མཛེས་མ་ཡིད་དུ་འོང་བའི་ཆ་བྱད་(༣ན)


GLG025_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་གཙོ་བོ་ལ་འདུད་པའི་རྣམ་པ་ཅན་གཡུ་འབྲུག་ལ་བཅིབས་པ། ཤར་དུ་ཞི་མཛད་རྡོ་རྗེ་འབར་བ་རྩལ། ལྷོར་རྒྱས་བྱེད་རྡོ་རྗེ་འབར་བ་རྩལ། ནུབ་ཏུ་དབང་གི་ལྷ་རྡོ་རྗེ་འབར་བ་རྩལ། བྱང་དུ་ལས་ཀྱི་ཁྲོ་བོ་རྡོ་རྗེ་འབར་བ་རྩལ། ཤར་ལྷོར་ལྷ་ཆེན་སྐྱེས་བུ་བཞིན་བཟང་། ལྷོ་ནུབ་དུ་ལྷ་ཆེན་གྱི་ངོ་བོ་འབྲོང་གཡག་ཞོལ་དཀར། ནུབ་བྱང་དུ་དཔལ་བོ་རྡོ་རྗེ་འབར་བ་རྩལ། བྱང་ཤར་དུ་ལྷ་མཆོག་སྲིད་གསུམ་གྱི་བདག་པོ་ཚངས་པ་ཆེན་པོ། རྣམ་འགྱུར་དེ་རྣམས་ཀྱི་འཁོར་དུ་མཆེད་འཁོར་སུམ་བརྒྱ་དྲུག་ཅུ། དམག་ཚོགས་བྱེ་བ་འབུམ་སྡེ། ཐམས་ཅད་ཀྱང་དཔུང་ཚོགས་བཞི་པའི་ཆ་ལུགས་སུ་འཇིགས་ཤིང་དཔའ་བ། སྟེང་དང་ཕྱོགས་མཚམས་ཀུན་ནས་སྤྲུལ་པའི་དུང་ཁྲ་དཀར་པོ་ལྡིང་ཞིང་། དུང་སྤྱང་ཕོ་མོ་དང་། འབྲོང་གཡག་ཞོལ་ཆེན་མང་པོ་ཁྲོ་ལ་ངར་བ། དེ་རྣམས་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨཿདཀར་པོ་དྲི་མ་མེད་པའི་འོད་ཟེར་དང་། བདག་ཉིད་ཡི་དམ་དུ་གསལ་བའི་ཐུགས་ཀར་ཉི་དཀྱིལ་ལ་གནས་པའི་ཧྲཱིཿཡིག་དམར་པོ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་རང་བཞིན་གྱི་གནས་ནས་སྐུ་ལྷ་ཆེན་པོ་སྤྲུལ་འཁོར་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་སྤྲིན་ཕུང་གཏིབས་པ་བཞིན་དུ་བྱོན་པར་བསམ། ཧཱུཾ། ཡེ་ཤེས་གཞལ་ཡས་བསྐྱེད་ཀྱིས་རྒྱ་མ་ཆུང་། །སེང་གེ་གླང་ཆེན་ཁྲི་བཤམས་དཔངས་མ་དམའ། །ཉི་ཟླ་པདྨའི་གདན་གཏིང་བཀྲག་མ་ཞན། །ཡེ་ཤེས་ལྷ་མཆོག་བསྙེན་ཅིང་རྒྱང་མ་རིང་། །འཇིག་རྟེན་སྲུང་མ་བསྒྲུབ་ཀྱི་མཐུ་མ་ཆུང་། །འདིར་གཤེགས་ཉི་ཟླའི་གདན་ལ་བཞུགས་སུ་གསོལ། རྡོ་རྗེ་འབར་བ་རྩལ། ས་མ་ཡ་ཛཿཛཿཛཿཧཱུཾ་བཾ་ཧོཿ། པདྨ་ཀ་མ་ལ་ཡེ་སྟྭཾ། ཕྱི་མཆོད་འབུལ་བ་ནི། ཨཱོཾ་བཛྲ་ཐང་ཀ་ར་ས་པ་རི་ཝཱ་ར་ཨརྒྷཾ། པུཥྤེ་ནས། ཤཔྟ་པྲ་ཏཱི་ཙྪ་སྭཱ་ཧཱའི་བར་བརྗོད། སྨན་གཏོར་འབུལ་བ་ནི།(༣བ)


GLG025_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ། རྩ་བརྒྱད་སྟོང་སྦྱར་བདུད་རྩི་ཨ་མྲྀ་ཏ། །རྩ་བརྒྱུད་བླ་མ་ཡི་དམ་དཀྱིལ་འཁོར་ལྷ། །རྡོ་རྗེ་འབར་རྩལ་འཁོར་དང་བཅས་ལ་འབུལ། །བཞེས་ནས་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཧཱུཾ། དཀར་གསུམ་དངར་གསུམ་བཟང་སྨན་འབྲུ་དཀར་ཟིན། །ལེགས་སྦྱར་ཡེ་ཤེས་བདུད་རྩིར་བྱིན་བརླབས་པ། །རོ་མཆོག་བརྒྱ་ཕྲག་ལྡན་པའི་བྷ་ལིནྟ། །འབུལ་གྱིས་བཞེས་ལ་དངོས་གྲུབ་སྩལ་དུ་གསོལ། །རྡོ་རྗེ་ཐལ་མོ་ཁ་ཕྱེ་བའི་ཕྱག་རྒྱ་དང་བཅས། །ལྷ་ཆེན་རྡོ་རྗེ་འབར་བ་རྩལ་འཁོར་དང་བཅས་པའི་ལྗགས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་འོད་ཀྱི་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་བསམ། ཨཱོཾ་བཛྲ་ཐང་ཀ་ར་ས་པ་རི་ཝཱ་ར་མ་ཧཱ་བྷ་ལིམྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། གཙོ་བོ་ལ་བདུན་ནམ་ཉེར་གཅིག །ཨཱོཾ་ཨ་ཀཱ་རོས་གཙོ་འཁོར་སྤྱིར་ལན་གསུམ་མམ་བདུན་གྱིས་འབུལ། བསྐང་རྫས་རྣམས། སྟོང་གསུམ་ཀུན་ཏུ་དྲི་ངད་འབྱུང་གྱུར་བ། །ཞེས་སོགས་སྔགས་དྲུག་དང་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབས་ནས། །གཡའ་ཆུ་གངས་ཆུ་གཙང་མའི་མཆོད་ཡོན་སྦྲེང་། །སྣ་ཚོགས་མེ་ཏོག་འཕྲེང་བའི་ཐོད་ཆིངས་མཛེས། །དྲི་ཞིམ་བསངས་སྤོས་དུད་པ་སྤྲིན་ལྟར་འཁྲིགས། །རིན་ཆེན་འབྲུ་མར་སྣང་གསལ་འོད་མདངས་བཀྲ། །ག་པུར་གུར་གུམ་དྲི་སྦྱོར་བྱུག་པའི་རྫས། །རོ་བདའ་ལྷ་མིའི་ཞལ་ཟས་རི་ལྟར་སྤུངས། །སྙན་བརྗིད་རོལ་མོ་གྱེར་དབྱངས་བསམ་མི་ཁྱབ། །ལྷ་ཆེན་འཁོར་བཅས་ཐུགས་དམ་བསྐང་ཕྱིར་འབུལ། །རྟ་མཆོག་ངང་དཀར་སྒ་སྲབ་ཆས་ཀྱིས་མཛེས། །འབྲོང་དཀར་དུང་ཁྲ་གཙང་ལུག་ཤེལ་ལྟར་འཚེར། །གདུགས་དཀར་རྒྱལ་མཚན་དར་འཕན་ལྡ་ལྡི་བྲེས། །རང་སྐྱོབ་གོ་དང་དགྲ་འཇོམས་སྣ་ཚོགས་མཚོན། །ཟབ་བེར་རིན་ཆེན་རྒྱན་སོགས་ཞི་དྲག་ཆས། །སྦ་ལྕག་(༤ན)


GLG025_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

ཤེལ་ཕྲེང་ལ་སོགས་ཕྱག་མཚན་རིགས། །གནམ་ལ་འཕུར་དགུ་ས་ལ་འཛུལ་དགུ་དང་། །རི་དྭགས་འཕྱོ་དགུའི་ཚོགས་ཀྱིས་ཐུགས་དམ་བསྐང་། །རིན་ཆེན་སྣ་བཞི་ལས་གྲུབ་ལྷུན་པོ་ལ། །གསེར་གྱི་རི་བོ་རོལ་མཚོ་བདུན་གྱིས་བསྐོར། །གླིང་བཞི་གླིང་ཕྲན་རིན་ཆེན་རི་བོ་དང་། །ཡོངས་འདུའི་ལྗོན་པ་འདོད་པ་འཇོ་བའི་བ། །མ་སྨོས་ལོ་ཏོག་རྒྱལ་སྲིད་སྣ་བདུན་དང་། །ཉེ་བའི་སྣ་བདུན་བཀྲ་ཤིས་རྫས་རྟགས་སོགས། །ལྷ་ཀླུ་གནོད་སྦྱིན་མི་ཡི་འབྱོར་ཚོགས་ཀྱིས། །ལྷ་ཆེན་ཚངས་པ་འཁོར་བཅས་ཐུགས་དམ་བསྐང་། །མཎྜལ་གྲུ་བཞི་སྨྱུག་རྒོད་དར་སྣས་བརྒྱན། །བྲིས་འབུར་ཞལ་བརྙན་ཡེ་ཤེས་སེམས་དཔའ་འཁྱིལ། །དར་དཀར་གཞི་མར་ལེགས་བྲིས་སྙིང་པོའི་ཕྲེང་། །ལྷ་ཆེན་ཆགས་པའི་ཕྱི་སྒྲུབ་རྟེན་དུ་འབུལ། །རཾ་ཡཾ་ཁཾ་དང་འབྲུ་གསུམ་གྱིས་བརླབས་པའི། །གསེར་སྐྱེམས་བདུད་རྩིའི་རྒྱ་མཚོ་ཆེན་པོ་འདི། །སྟེང་འོག་གདོན་དང་རྒྱལ་འགོང་དམ་སྲི་སོགས། །བར་ཆད་འདུལ་ཕྱིར་མཆོད་པས་ཐུགས་དམ་བསྐང་། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས། །མི་ཟད་འདོད་ཡོན་ཚོགས་ཀྱིས་མཆོད་པ་འདིས། །དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་ཡིས། །དངོས་གྲུབ་མ་ལུས་སྩོལ་ཕྱིར་ཐུགས་དམ་བསྐང་། །དཀར་གསུམ་གཙང་ཕྱེ་སྨན་ཕུད་ཡོངས་སྦྱར་བར། །སྣ་ཚོགས་རྒྱན་གྱི་ཁྱད་པར་བཀོད་ལེགས་པ། །ཤེལ་མཁན་རིན་ཆེན་སྒོ་ལྕོག་འཕར་བའི་དབྱིབས། །དམ་རྫས་གཏོར་མ་ནང་གི་རྟེན་དུ་འབུལ། །ལྷ་ཆེན་ཚངས་པའི་རྒྱལ་པོ་ཆེན་པོ་དང་། །གསང་ཡུམ་རྡོ་རྗེ་གཡུ་སྒྲོན་མཉམ་སྦྱར་བ། །ཟག་མེད་དགའ་བ་བཅུ་དྲུག་ཆ་རྫོགས་པའི། །བདེ་ཆེན་གསང་བའི་མཆོད་པས་ཐུགས་དམ་བསྐང་། །བདེ་གསལ་མི་རྟོག་དབྱིངས་རིག་དབྱེར་མེད་པ། །དུས་གསུམ་རྒྱལ་བ་རྒྱ་མཚོའི་བགྲོད་གཅིག་ལམ། །ལྷ་(༤བ)


GLG025_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ཐུགས་ཀྱི་དགོངས་པ་ཟབ་ཞི་དང་། །ཇི་བཞིན་མཉམ་པར་བཞག་པས་ཐུགས་དམ་བསྐང་། །བསྟོད་ཅིང་འཕྲིན་ལས་འཆོལ་བ་ནི། ཧཱུཾ། དཔལ་ལྡན་ལྷ་ཡི་ལྷ་མཆོག་ཁྱོད། །འཛམ་གླིང་བྱང་ཕྱོགས་ཁ་བ་ཅན། ཁ་བ་ཅན་གྱི་བྱང་ལྗོངས་སུ། །ས་གཞི་ལྗང་སྔོན་རྩི་བཅུད་རྒྱས། །མེ་ཏོག་པདྨ་འོད་དུ་འཕྲོ། །གངས་དཀར་ཤེལ་གྱི་ཕྲེང་བས་བསྐོར། །ཡིད་འོང་མཚོ་ཆེན་མདངས་དང་ལྡན། །ཤེལ་མཁར་རིན་ཆེན་སྒོ་ལྕོག་འབར། །རྩ་བ་ཡིད་བཞིན་རྒྱ་མཚོས་བརྟེན། །རྐེད་པར་འཇའ་འོད་ན་བུན་ཐིབས། །རྩེ་མོར་དཀར་གསལ་དགོས་འདོད་ཀྱི། །རིན་ཆེན་ཆར་འབེབས་འབྲུག་སྒྲ་སྒྲོག །གཞལ་ཡས་དེ་ཡི་ནང་ཤེད་ན། །ཉི་ཟླ་པདྨ་རྟ་མཆོག་སྟེང་། །དམ་ཅན་རྡོ་རྗེ་འབར་བ་རྩལ། །སྐུ་མདོག་དཀར་ལ་ཁྲོ་འཛུམ་འགྱིང་། །ཕྱག་གཡས་རྡོ་རྗེའི་སྦ་ལྕག་འཕྱར། །གཡོན་པ་ཟླ་བའི་ཤེལ་ཕྲེང་འདྲེན། །དར་དཀར་ཐོད་བཅིངས་དབུ་སྐྲའི་རྩེར། །ཡིད་བཞིན་ནོར་བུ་འབར་བས་བརྒྱན། །སྐུ་ལ་བེར་ཆེན་ཕྲུག་གསུམ་གསོལ། །གཞོན་མཛེས་ཡིད་འཕྲོག་རྒྱལ་པོའི་ཆས། །འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོ། །མཆེད་འཁོར་སུམ་བརྒྱ་དྲུག་ཅུ་དང་། །དམག་དཔུང་བྱེ་བ་འབུམ་སྡེས་བསྐོར། །ཀུན་ཀྱང་ཁྲོ་གཏུམ་བརྗིད་པའི་གཟུགས། །དར་ཚོན་རོལ་མོས་ནམ་མཁའ་གང་། །བདེ་གཤེགས་སྟོང་གི་བསྟན་པ་བསྲུང་། །པདྨ་འབྱུང་གནས་བཀའ་བཞིན་བསྒྲུབ། །ཆོས་རྒྱལ་མངའ་རིས་བུ་བཞིན་སྐྱོང་། །དབུས་གཙང་རུ་བཞིའི་ཡུལ་ལྷ་མཛད། །རྗེ་དཔོན་ཡོངས་ཀྱི་དགྲ་ལྷར་གྱུར། །རྡོ་རྗེ་འབར་བ་རྩལ་ལ་བསྟོད། །ལྷ་ཆེན་ཡོངས་ཀྱི་རྗེ་བོར་བསྟོད། །དྲི་ཟའི་རྒྱལ་པོ་ཁྱོད་ལ་བསྟོད། །དེང་ནས་རིགས་འཛིན་མཆོག་ཐོབ་བར། །སྙན་པ་ནམ་མཁའི་འབྲུག་ལྟར་སྒྲོགས། །གྲགས་པ་གཟའ་སྐར་འོད་ལྟར་ཁྱེ། །དབུ་འཕང་རི་རྒྱལ་རྩེ་ལྟར་བསྟོད། །རིགས་བརྒྱུད་ཆུ་བོའི་གཞུང་ལྟར་སྤེལ། །དགོས་འདོད་དཔག་(༥ན)


GLG025_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་ཤིང་ལྟར་སྩོལ། །སྡེ་བརྒྱད་དྲེགས་པ་བྲན་ལྟར་བཀོལ། །སྨྱོ་འདྲེ་རྒྱལ་པོ་རྡུལ་བཞིན་ཐུལ། །དམ་མེད་མནའ་ཟན་བགེགས་བཞིན་སྒྲོལ། །བདག་གི་ལུས་དང་གྲིབ་མ་བཞིན། །འགྲོགས་ནས་དངོས་གྲུབ་རྣམ་གཉིས་སྩོལ། །ཞེས་འདོད་དོན་ལ་གསོལ་བ་གདབ་ཅིང་མེ་ཏོག་གཏོར། །ཡི་གེ་བརྒྱ་པས་ལྷག་ཆད་ཁ་བཀང་། །མ་འབྱོར་བ་དང་ཉམས་པ་དང་། །གང་ཡང་བདག་བློ་རྨོངས་པ་ཡིས། །བགྱིས་པ་དང་ནི་འགྱིད་སྩལ་གང་། །དེ་ཀུན་མགོན་པོས་བཟོད་པར་གསོལ། །ལྷག་པ་དང་ནི་ཆད་པ་དང་། །ཆོ་གའི་ཡན་ལག་ཉམས་པ་དང་། །བདག་སོགས་བརྗེད་ངས་ཅི་མཆིས་པ། །དེ་ཡང་བཟོད་པར་མཛད་དུ་གསོལ། །འདི་ནི་གཟུགས་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཨཱོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཞེས་མེ་ཏོག་གཏོར་ནས་རྟེན་ལ་བསྟིམ་ཞིང་བརྟན་བཞུགས་ཀྱང་བྱ། ཤིས་བརྗོད་ནི། ཧཱུཾ། གར་དབང་འོད་མཐའ་ཡས་པ་ཆོས་ཀྱི་སྐུ། །གདུག་པ་འདུལ་མཛད་རྟ་མགྲིན་ལོངས་སྤྱོད་རྫོགས། །མཚོ་ལས་སྐྱེས་པའི་རྡོ་རྗེ་སྤྲུལ་པའི་སྐུ། །དབྱེར་མེད་ཡེ་ཤེས་སུམ་ལྡན་བཀྲ་ཤིས་ཤོག །ས་བརྒྱད་བརྙེས་ཀྱང་བསྟན་དང་འགྲོ་བའི་དོན། །དྲེགས་པའི་སྡེ་དཔོན་ཚུལ་འཛིན་གཉན་གྱི་རིགས། །དྲི་ཟའི་རྒྱལ་པོ་རྡོ་རྗེ་འབར་བ་རྩལ། །རྣམ་འགྱུར་ཅིར་ཡང་སྟོན་པའི་བཀྲ་ཤིས་ཤོག །ཞི་རྒྱས་དབང་དྲག་ལས་ཀུན་བསྒྲུབ་མཛད་པའི། །གསང་ཡུམ་མཆེད་བློན་སྤྲུལ་པ་ཡང་སྤྲུལ་དང་། །སྡེ་བརྒྱད་དྲེགས་པའི་དམག་གི་དཔུང་ཚོགས་སོགས། །གྲངས་མེད་འཁོར་ཚོགས་རྒྱ་མཚོའི་བཀྲ་ཤིས་ཤོག །བདུད་དང་རྒྱལ་འགོང་དམ་སྲི་འབྱུང་པོའི་རིགས། །དངོས་དང་ཡིད་ལ་བརླབས་པའི་སྐྱེ་བོའི་མཚོན། །ནག་པོའི་རྩ་ལག་བ་དན་རབ་བསྙལ་(༥བ)


GLG025_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། །དཀར་ཕྱོགས་རྒྱལ་མཚན་བསྒྲེང་པའི་བཀྲ་ཤིས་ཤོག །བོད་སྐྱོང་ལྷ་རིགས་དངོས་དང་དངོས་འདྲ་བ། །ཆེ་མཉམ་བསོད་ནམས་ལྡན་པ་ཡ་རབས་ཀྱི། །སྐུ་ལྷ་གཉན་པོ་མཛད་ནས་གངས་ལྗོངས་འདིར། །བདེ་སྐྱིད་དགའ་སྟོན་དཔལ་འབར་བཀྲ་ཤིས་ཤོག །ཅེས་མེ་ཏོག་གི་ཆར་དབབ་བོ། །བྱང་སེམས་ནམ་མཁའི་སྙིང་པོ་གདུལ་དཀའི་འགྲོ །གཉན་པོར་སྲིད་གསུམ་བདག་པོ་ཚངས་པ་ཆེ། །མཆོད་བཀང་ཚིག་ཉུང་དོན་ཚང་འཁྱེར་བདེ་བ། །ཕྱོགས་འདི་གོམས་པའི་བློ་གྲོས་མཐུ་ལས་བྱུང་། ཁྲི་སྲོང་རིགས་ཀྱི་ཐིག་ལེའི་བག་ཆགས་མཐུ། །ཡོངས་སད་བོད་དང་བོད་ཆེན་འཛིན་མའི་གཞིར། །དབང་སྒྱུར་སངས་རྒྱས་རྒྱ་མཚོའི་དགྲ་ལྷ་མཆོག །གསོལ་ཆེད་ཟ་ཧོར་བནྡེས་ཡི་གེར་བཀོད། །སོར་མོའི་འདུ་བྱེད་གོང་དཀར་དཀར་བྲག་པ། །ངག་དབང་བྱམས་པའི་རྣམ་དཔྱོད་ཀྱིས་བསྒྲན་པའི། །བསོད་ནམས་འབྲས་བུ་ཡིད་སྲུབས་ལས་རྒྱལ་ནས། །འགྲོ་ཀུན་སྐྱིད་པའི་ཉི་མ་གུང་འཆར་ཤོག །སརྦ་མངྒ་ལཾ།


previousགཉན་ཆེན་ཐང་ལྷའི་འཕྲིན་ལས་བདུད་རྩིའི་ཆུ་རྒྱུན།next