Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྟག་ཞོན། རྒྱལ་ཆེན་སྡེ་བཞི། བཀའ་སྲུང་བརྒྱད་མཆོད། ཐང་ལྷ། ཁྱབ་མཇུག རྒྱལ་བཙན། རྡོར་ལེགས། ཞིང་སྐྱོང་། མཐུ་ཆེན་སྡེ་བཞི། ཕུར་སྲུང་རྣམས་ཀྱི་གསོལ་མཆོད། གཞི་བདག་གཏོར་མ་དང་བཅས་པ།
   


 
previousསྟག་ཞོན། རྒྱལ་ཆེན་སྡེ་བཞི། བཀའ་སྲུང་བརྒྱད་མཆོད། ཐང་ལྷ། ཁྱབ་མཇུག རྒྱལ་བཙན། རྡོར་ལེགས། ཞིང་སྐྱོང་། མཐུ་ཆེན་སྡེ་བཞི། ཕུར་སྲུང་རྣམས་ཀྱི་གསོལ་མཆོད། གཞི་བདག་གཏོར་མ་དང་བཅས་པ། next

སྟག་ཞོན། རྒྱལ་ཆེན་སྡེ་བཞི། བཀའ་སྲུང་བརྒྱད་མཆོད། ཐང་ལྷ། ཁྱབ་མཇུག རྒྱལ་བཙན། རྡོར་ལེགས། ཞིང་སྐྱོང་། མཐུ་ཆེན་སྡེ་བཞི། ཕུར་སྲུང་རྣམས་ཀྱི་གསོལ་མཆོད། གཞི་བདག་གཏོར་མ་དང་བཅས་པ།


GLG025_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

སྟག་ཞོན། རྒྱལ་ཆེན་སྡེ་བཞི། བཀའ་སྲུང་བརྒྱད་མཆོད། ཐང་ལྷ། ཁྱབ་མཇུག །རྒྱལ་བཙན། རྡོར་ལེགས། ཞིང་སྐྱོང་། མཐུ་ཆེན་སྡེ་བཞི། ཕུར་སྲུང་རྣམས་ཀྱི་གསོལ་མཆོད། གཞི་བདག་གཏོར་མ་དང་བཅས་པ་བཞུགས་སོ། །


GLG025_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མགོན་སྟག་ཞོན་གྱི་གསོལ་མཆོད་བཀླགས་ཆོག་འཁྱེར་བདེ་གསར་སྒྲིགས་ནས་ཕྱུང་བ་ནི། མཆོད་གཏོར་སྤྱན་གཟིགས་རྣམས་ཕྱག་ལེན་ལྟར་འདུ་བྱས་ལ། །ཧཱུཾ། རབ་འཇིགས་དུར་ཁྲོད་ཆེན་པོ་ལྕང་ལོ་ཅན། །རི་བོ་མ་ལ་ཡ་ཡི་གནས་མཆོག་ནས། །གནམ་ལྕགས་ཨུར་མོ་རབ་ཏུ་ཏ་ལ་ལ། །རཀྟའི་རྒྱ་མཚོ་རྦ་ཀློང་མེར་རེ་རེ། །ཞིང་ཆེན་ཀེང་རུས་ལྷུ་དུམ་ཁྲོལ་ལོ་ལོ། །འདབ་ཆགས་ཤ་ཟ་མང་པོའི་ལྡིང་ཞིང་འདུར། །གསུར་ཆེན་དུད་པའི་ཚོགས་ནི་འཁྱིལ་ཞིང་འཚུབ། །དེ་འདྲའི་དུར་ཁྲོད་རབ་ཏུ་འཇིགས་པ་ནས། །གྱིང་ཆེན་མགོན་པོ་ཡབ་ཡུམ་སྐུ་བསྐྱེད་ལ། །གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་འདིར། །གྱིང་བདུད་མ་མོ་འཁོར་དང་བཅས་པ་རྣམས། །དམ་ཚིག་དབང་གིས་སྤྱན་འདྲེན་གཤེགས་སུ་གསོལ། །ཨཱོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ་ཏྲི་ཡཾ་ཛཿཛཿ ཏྲག་རཀྴ་ཧ་ལ་ཛཿཛཿ དུན་རུ་ཏྲ་རུ་ཐུཾ་བྷ་ཏི་ཛཿ ཤུ་ལ་ར་ཙ་ཏྲི་ཤཾ་ཛཿ ཡཾ་ཛ༔བཛྲ་ཏྲི་རྣ་ས་དྷུ་ཁ་ཐུཾ་ཏྲི་ས་མ་ཡ་ཛཿཛཿ ས་པ་རི་ཝཱ་ར་ཨཱ་གཙྪ་ཡ་ཡཱ་གཙྪ་ཡ། (༢ན)


GLG025_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

པྲ་བེ་ཤཱ་ཡ་པྲ་བེ་ཤཱ་ཡ། ཏིཥྛ་ཏིཥྛ། བནྡྷཱ་ཡ་བནྡྷཱ་ཡ། ཨ་ཝ་ལོ་ཀཱ་ཡ། ཨ་ཝ་ལོ་ཀཱ་ཡ། ཨཱ་ཀཪྵཱ་ཡ་ཧཱུཾ་ཛཿ ཧཱུཾ། རྡོ་རྗེ་འཛིན་པའི་སྤྱན་སྔ་རུ། ཁས་བླངས་དམ་བཅས་མ་བསྙེལ་པར། །གྲུ་གསུམ་མཐིང་ནག་དཀྱིལ་འཁོར་འདིར། །བཞུགས་ལ་བཅོལ་བའི་འཕྲིན་ལས་མཛོད། །མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཏིཥྛ་བཛྲ་ས་མ་ཡ་སྟྭཾ། ཧཱུཾ། བསྟན་པ་བསྲུང་བར་ཞལ་བཞེས་པའི། །ནག་པོ་ལྕམ་དྲལ་འཁོར་བཅས་ལ། །ཛ་གད་བདུད་རྩི་རཀྟ་དང་། །དབང་པོའི་མེ་ཏོག་གསུར་ཆེན་སྤོས། །ཞུན་ཆེན་སྒྲོན་མེའི་སྣང་གསལ་དང་། །དམར་ཆེན་མཁྲིས་པའི་དྲིའི་བྱུག་པ། །དམར་ནག་བཤོས་བུ་འབར་བའི་ཟས། །རོལ་མོའི་སྒྲ་དབྱངས་མཆོད་པར་འབུལ། །ཨཱོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྟ་པྲ་ཏཱིཙྪ་ཡེ་སྭཱ་ཧཱའི་བར་བརྗོད། ཧཱུཾ། ལྕང་ལོར་བཅས་པའི་དུང་ཆེན་བནྡྷ་རུ། །བྱང་ཆུབ་སེམས་དང་མཾ་ས་རཀྟ་དང་། །དྲི་ཆེན་གོ་ཀུ་ཆུ་སྟེ་བདུད་རྩི་ལྔ། །གཉིས་མེད་སྦྱར་བའི་དམ་རྫས་ཨ་མྲྀ་ཏ། །ནག་པོ་སྟག་ཞོན་འཁོར་དང་བཅས་ལ་འབུལ། །ཨཱོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ་ས་པ་རི་ཝཱ་(༢བ)


GLG025_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

ར་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཧཱུཾ། བདུད་འདུལ་དབང་ཕྱུག་ནག་པོ་འཇིགས་བྱེད་ཆེ། །མ་ཧཱ་ཀཱ་ལ་རྡོ་རྗེ་འཇིགས་པའི་ཚོགས། ཁམས་གསུམ་སྒྲོལ་གྱིང་ཆེན་པོའི་དངོས་གྲུབ་ནི། །སྒྲུབ་མཆོག་རྣལ་འབྱོར་བདག་ལ་དུས་འདིར་སྩོལ། །ཨཱོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཀཱ་ཡ་སིདྡྷི་ཨཱོཾ། ཝཱ་ཀྐ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུཾ། ཧཱུཾ། རླུང་ནག་འཚུབ་མའི་ཀློང་དཀྱིལ་ནས། །མོན་པ་ནག་པོ་བརྡ་མི་འཕྲོད། །མགྱོགས་བྱེད་དཔའ་བོ་སྟག་ལ་ཞོན། །བདུད་བཙན་སྲིན་པོ་མ་མོ་གྱིང་། །ཀླུ་ཡི་ཚོགས་དང་བཅས་པ་ཡི། །ནག་པོ་ཆེན་པོ་འཁོར་བཅས་ལ། །དམ་རྫས་རཀྟ་དམར་ཆེན་འབུལ། །བདག་གི་དགྲ་བགེགས་མྱུར་དུ་སྒྲོལ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ་ས་པ་རི་ཝཱ་ར་མ་ཧཱ་མཾ་ས། མ་ཧཱ་ཙིཏྟ། མ་ཧཱ་ཀིཾ་ནྲྀ་ཏི་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ་ས་པ་རི་ཝཱ་ར་ས་མ་ཡ་སྨ་ར། ས་མ་ཡ་མ་ཏི་ཀྲ་མ། ས་མ་ཡ་རཀྵ་ནྟུ། ཀྱེ། སྟག་ལ་ཞོན་པའི་ནག་པོ་ཆེ། །འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས། །ཞི་རྒྱས་དབང་དྲག་ལས་རྣམས་ཀུན། །བཅོལ་བ་ཇི་བཞིན་སྒྲུབ་པར་མཛོད། །ཧཱུཾ། གཏོར་ཚོགས་མི་དམིགས་སྟོང་པའི་ངང་། །ཨེ་ལས་གནམ་ལྕགས་འབྲུབ་ཁུང་ནང་། །ཪྣྲི་དང་ཏྲི་ལས་དགྲ་བགེགས་ཀྱི། །གཟུགས་བརྙན་ཉམ་ཐག་རྣམ་པར་གྱུར། །རྣི་ཛཿ ཏྲི་ཛཿ བཛྲ་ཨཾ་ཀུ་ཤ་ཛཿ བཛྲ་པཱ་ཤ་ཧཱུཾ། བཛྲ་སྤོ་ཊ་བཾ། བཛྲ་གྷཎྚ་ཧོཿ བཛྲ་པྲ་བེ་ཤཱ་ཡ་ཕཊ། ཨ་བེ་ཤཱ་ཡ་ཨ། རང་དང་མགོན་པོའི་ཐུགས་ཀ་ལས། །འཕྲོས་པའི་འོད་ཟེར་ལྕགས་ཀྱུ་ཡིས། །གནོད་བྱེད་དམ་ཉམས་དགྲ་བགེགས་ཚོགས། །སྐད་ཅིག་ཙམ་ལ་འདིར་ཁུག་ཅིག །(༣ན)


GLG025_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

གྲི་གུག་འབར་བས་ཁོག་པ་ཤོགས། །ཚེ་སྲོག་དྲོད་དང་རྣམ་ཤེས་གོ །སྲུང་བ་འབྲུ་གསུམ་རྣམ་པར་ཐོན། །རང་གི་གནས་གསུམ་དག་ལ་ཐིམ། །ཨཱོཾ་ཨཱཿཧཱུཾ། ཕོ་ཉའི་ཚོགས་ཀྱི་མཚོན་ཆ་ཡིས། །ཤ་ཁྲག་རུས་པ་དུམ་བུར་གཏུབས། །འབྲུ་གསུམ་གྱིས་མཚན་འོད་ཟེར་གྱིས། །དུག་གསུམ་སྦྱངས་ནས་བདུད་རྩིར་བསྒྱུར། །ཧཱུཾ། ད་ནི་ཁྲོ་བོའི་རྒྱལ་པོ་སྟེ། །ལག་ན་རྡོ་རྗེ་རྡོ་རྗེ་འཆང་། །རྡོ་རྗེའི་ལུས་ལ་རྡོ་རྗེ་འཕྲོས། །ཐམས་ཅད་མ་ལུས་ཟིལ་གྱིས་གནོན། །དེ་ཡི་བཀའ་ཉན་མཐུ་བོ་ཆེ། །ཆོས་སྐྱོང་མགོན་པོ་བསྟན་སྲུང་མགོན། །མ་ཧཱ་ཀཱ་ལ་མཐུ་རྩལ་ཅན། །ཟས་སུ་དགྲ་བོའི་ཤ་ཟ་ཞིང་། །སྐོམ་དུ་དགྲ་བོའི་སྙིང་ཁྲག་འཐུང་། ཁྱོད་ནི་ཤ་ཟ་ཁྲག་འཐུང་སྟེ། །བསྟན་པ་གཉན་པོ་བསྲུང་སླད་དུ། །རྨད་དུ་བྱུང་བའི་གཏོར་མ་དང་། །དགྲ་བོའི་ཤ་ཁྲག་མཆོད་པར་བཞེས། །བཅོལ་བའི་འཕྲིན་ལས་མྱུར་དུ་སྒྲུབས། །དམ་ཉམས་དགྲ་འདི་ད་ལྟ་སྒྲོལ། །དུས་ལ་བབ་བོ་ས་མ་ཡཱ། །ཨོཾ་ཤྲཱི་སོགས། མགོན་པོ་ཡབ་ཡུམ་མོན་པ་དང་བཅས་པའི་སྔགས་སྦྲེལ་བའི་རྗེས་སུ། ས་པ་རི་ཝཱ་ར་སརྦ་བིགྷ་ན་ཤ་ཏྲཱུཾ་མཱ་ར་ཡ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་དབུལ་ལོ། །ཚར་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའི་གཏོར་ཆོག་སྟེང་ནས་ཟ་ཧོར་བནྡེས་ཉུང་ངུར་བསྡུས་པའོ། །རྒྱལ་ཆེན་སྡེ་བཞི་མཆོད་པ་ནི། བདག་ཉིད་ལྷ་ཡི་ཐུགས་ཀ་ནས། །ཞེས་པ་ནས། ཤཔྡའི་བར་ཕུར་པའི་སྒྲུབ་ཆེན་དངོས་གྲུབ་རྒྱ་མཚོ་ལྟར་གཏོང་། །བྱང་གཏེར་བཀའ་སྲུང་བརྒྱད་ཀྱི་(༣བ)


GLG025_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་སོ་སོར་རམ་མདོར་བསྡུས་འཁྱེར་བདེ་བྱེད་པ་ཕྱག་ལེན་ལྟར་སྐབས་ཐོབ་དང་སྦྱར་ཏེ་བཤམས་ལ། ཧཱུཾ། ཀུན་བཟང་ཐུགས་སྤྲུལ་སངས་རྒྱས་ཀུན་གྱི་ཡུམ། །ཞལ་གཅིག་ཕྱག་གཉིས་ཁ་ཊྭཱཾ་བྷནྡཱ་ཐོགས། །སྨུག་ནག་སྤྲིན་དཀར་འཇའ་ཡི་མཐའ་ཅན་གྱོན། །ཨེ་ཀ་ཛཱ་ཊཱི་རལ་གཅིག་གཤེགས་སུ་གསོལ། །དུར་ཁྲོད་བརྒྱད་དབུས་མ་མོ་རོ་ཁ་མ། །ནམ་གྲུ་ཙ་མུནྟི་གསུམ་༴ ཉི་མ་བྱང་ཕྱོགས་གནས་ནས་རེ་མ་ཏཱི། །མ་གཅིག་དཔལ་ལྡན་གནས་འདིར་༴ དམར་ནག་པདྨ་ཁྲོས་པའི་དུར་ཁྲོད་ནས། །དབང་གི་མ་མོ་མཆེད་བདུན་༴ རི་ལུང་ཐང་དམར་ཟངས་མཁར་དམར་པོ་ནས། །སྒྲོལ་གིང་ཆེན་པོ་བཙན་རྒོད་༴ སྟེང་ཕྱོགས་ནམ་མཁའ་འོད་ཀྱི་གཞལ་ཡས་ནས། །ལེགས་ལྡན་ཆེན་པོ་གནས་འདིར་༴ སྙིང་ཉེ་བཀའ་ཉན་གཏེར་བདག་གཤོག་རྒོད་རྩལ། །དམ་ཅན་རྡོ་རྗེ་ལེགས་པ་༴ དྲི་ཟའི་རྒྱལ་པོ་རྡོ་རྗེ་འབར་བ་རྩལ། །སྔོན་གྱི་དམ་ཚིག་དགོངས་ལ་༴ ཁ་བ་ཅན་གྱི་ཡུལ་བདག་སྲུང་མ་ཆེ། །བསྟན་མ་བཅུ་གཉིས་འཁོར་བཅས་༴ བཀྲ་བཟང་རི་བོའི་གནས་ནས་ཉེ་བའི་དབང་། །རི་དེའི་ཕྱོགས་བཞིར་ལྷ་བདུད་བཙན་ཀླུ་ཡི། །དགེ་བསྙེན་ཁྲོམ་པ་སྐྱེས་བཞི་མཚམས་བཞི་ནས། །ཀླུ་སྲས་བུ་ལེ་དཀར་པོ་རྒྱལ་ཐང་དཀར། །ཀླུ་བཙན་སྤུན་གསུམ་རྣོ་མྱུར་ནག་པ་སོགས། །གཏེར་སྲུང་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཨཱོཾ་བཛྲ་ཏྲ་ག་རཀྴ་ཨེ་ཀ་ཛཱ་ཊཱི་མ་མ་རཀྨོ་ཏྲ་ཏྲ་ཏྲཀ །མ་ཧཱ་ཡཀྴ་ནག་མོ། པདྨ་ཌཱ་ཀི་ནཱི་ཡ་མ་ཤུ་ཏྲི། མ་ཧཱ་ཀཱ་ལ། བཛྲ་སཱ་ཧཱུཾ། བཛྲ་ཐང་ཀ་ར། མ་མ། ཁ་ཁ། (༤ན)


GLG025_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལ། ལེ་ལེ། ཏ་ཏ། ཏེ་ཏེ། དྷ་རྨ་པཱ་ལ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿ དེ་ནས་མཆོད་འབུལ་ནི། ཧཱུཾ། བཀའ་སྲུང་འཁོར་དང་བཅས་པའི་སྤྱན་ལམ་དུ། །རཀྟ་གསུར་ཆེན་དུད་པ་ཚིལ་ཆེན་སྒྲོན། །ཤ་རུས་ཞལ་ཟས་ཐོད་རྔ་རོལ་མོའི་སྒྲ། །དམ་རྫས་གཏོར་མ་བདུད་རྩི་ཨ་མྲྀ་ཏ། །དྲི་ཟའི་རྒྱལ་པོ་བཤོས་དང་གཡའ་གངས་ཆུ། །སྤོས་དཀར་དུད་པ་རིན་ཅེན་རྣམ་པ་ལྔ། །དར་དང་ཟ་འོག་འབྲས་དཀར་གཙང་མ་དང་། །གསང་ལུག་ལ་སོགས་རང་རང་མཐུན་པའི་རྫས། །ཀླུ་རྣམས་དཀར་གསུམ་བདུད་རྩི་རིན་ཅེན་ལྔ། །ཀླུ་སྨན་ལ་སོགས་རང་རང་དགྱེས་པ་ཡི། །འདོད་པའི་ལོངས་སྤྱོད་ཚོགས་རྣམས་རབ་འབུལ་གྱི། །དགའ་བདེར་སྤྱོད་ལ་མཐུན་པའི་ལས་རྣམས་སྒྲུབས། །གོང་གི་ས་པ་རི་ཝཱ་རའི་མཇུག་ཏུ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ཧཱ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། འཕྲིན་བཅོལ་ནི། བཀའ་སྲུང་སྡེ་བརྒྱད་མཆེད་ཟླ་བྲན་གཡོག་རྣམས། །རྒྱལ་བའི་བསྟན་དང་རྣལ་འབྱོར་མ་གཡེལ་སྲུངས། ཁྱད་པར་གསང་སྔགས་ཟབ་མོའི་ཆོས་འདི་སྐྱོངས། །ལོག་པར་འདྲེན་པའི་དམ་ཉམས་དགྲ་བོ་ལ། །བསད་བསྐྲད་རེངས་རྨོངས་རྫུ་འཕྲུལ་སྣ་ཚོགས་སྟོན། །བོད་ཁམས་རུ་བཞི་ནད་འཁྲུག་ཉེར་འཚེ་ལས། །སྐྱོབས་ལ་གནས་ཆེན་བྱིན་རློབས་ཟབ་གཏེར་སྲུངས། །མདོར་ན་བཅོལ་བའི་ལས་ཀུན་སྒྲུབ་པར་མཛོད། །ཅེས་རྡོ་རྗེ་དྲག་པོ་རྩལ་གྱི་གཏོར་སྲུངས་རྣམས་ལ་མཆོད་གཏོར་འབུལ་ཚུལ་མདོར་བསྡུས་འདི་ཡང་མེད་དུ་མི་རུང་བའི་ཕྱིར་ཐུགས་སྒྲུབ་རྣམ་གསུམ་གྱི་ཆ་(༤བ)


GLG025_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ཏུ་གཏེར་གཞུང་དངོས་བསྟན་མ་འཁྱོངས་པས་འཁྱེར་བདེ་བའི་སླད་དུ་ཟ་ཧོར་བནྡེས་བཀོད་པའོ། །ཐང་ལྷ་སྒེར་དུ་གསོལ་བ་ནི། ཧཱུཾ། ཡེ་ཤེས་ལྷ་བྲག་གཏེར་གཞུང་ལྷད་མེད། གཞལ་ཡས་བསྐྱེད་ཀྱིས་རྒྱ་མ་ཆུང་། །སེང་གེ་གླང་ཆེན་ཁྲི་བཤམས་དཔངས་མ་དམའ། །ཉི་ཟླ་པདྨའི་གདན་བཏིང་བཀྲག་མ་ཞན། །ཡེ་ཤེས་ལྷ་མཆོག་བསྙེན་ཅིང་རྒྱང་མ་རིང་། །འཇིག་རྟེན་སྲུང་མ་བསྒྲུབ་ཀྱི་མཐུ་མ་ཆུང་། འདིར་གཤེགས་ཉི་ཟླའི་གདན་ལ་བཞུགས་སུ་གསོལ། །རྡོ་རྗེ་འབར་བ་རྩལ། །ས་མ་ཡ་ཛཿཛཿ ཧཱུཾ། སྐུ་ལྷའི་ཡབ་སྨོས་པ། འོ་དེ་གུང་རྒྱལ་ལགས། སྐུ་ལྷའི་ཡུམ་སྨོས་པ། །གཡུ་བྱ་གཤོག་གཅིག་ལགས། །སྐུ་ལྷ་ཉིད་སྨོས་པ། ཡ་ཞུར་གཉན་གྱི་ལྷ། །གཞུགས་ཡུལ་མཚན་གསོལ་བ། །འདམ་ཤོད་སྣར་མ་ལགས། ཁྲི་རྒོད་གཡུ་ལྗང་འཁྲིལ། །དབྱར་སྔོ་དགུན་ཡང་སྔོ། །བཞུགས་ཡུལ་ཉམས་རེ་དགའ། །དགྱེས་སོ་ལྷ་ཡི་ཡུལ། །མི་ཆོས་མཚན་གསོལ་བ། །ཐང་ལྷ་ཡ་ཞུར་ལགས། །ལྷ་ཆོས་མཚན་གསོལ་བ། །དྲི་ཟའི་རྒྱལ་པོ་ནི། །ཟུར་ཕུད་ལྔ་པ་ལགས། །གསང་བའི་མཚན་གསོལ་བ། །རྡོ་རྗེ་འབར་བ་རྩལ། །སྐུ་ལ་ཅི་གསོལ་ན། །དར་དཀར་རས་དཀར་གསོལ། །ཆིབས་སུ་ཅི་ཆིབས་ན། །ལྷ་རྟ་ངང་དཀར་ཆིབས། ཁམས་གསུམ་ཀུན་ཏུ་རྒྱུ། །མདོག་དཀར་འོད་ཟེར་འབར། །གཡས་ན་སྤ་ལྕག་འཕྱར། །མ་བདུན་ལས་ལ་འགྱེད། །གཡོན་པ་ཤེལ་འཕྲེང་འདྲེན། །ཐུགས་དམ་དབྱིངས་སུ་ཟློ། །སྤྲུལ་པ་ཅི་འགྱེད་ན། །རྟ་དམག་འབུམ་སྡེ་འགྱེད། །ཕྲན་གཡོག་འཁོར་དང་བཅས། །འདིར་(༥ན)


GLG025_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོན་འཕྲིན་ལས་མཛོད། །དམ་ཅན་ཀུན་གྱི་ལྷ། །དམ་མེད་ཀུན་གྱི་གཤེད། །མནའ་ཟན་ཀུན་གྱི་བདུད། །རྣལ་འབྱོར་ཀུན་གྱི་དཔལ། །སྒྲུབ་མཆོག་བདག་གི་གྲོགས། །འཕྲིན་ལས་སྐལ་ཕོག་པ། །སྨྱོ་བའི་འདྲེ་འདུལ་ཞིང་། །སྡང་བའི་དགྲ་སྲོག་གཅོད། །མགྱོགས་སུ་རྟ་གཏོད་ཀྱི། །རྨིག་ཐོགས་ཟོར་མ་ལྕི། །རྣོ་རུ་མཚོན་བརྡར་གྱི། །རྩེ་མོ་དབལ་མ་ཞན། །ཅི་དང་དོ་སྔོ་ན། །དོ་ཐག་ཆད་ཏ་རེ། །མགྱོགས་དང་དཀྱུས་མཉམ་ན། །དཀྱུས་ཐོག་ཤོར་ར་རེ། །སྡང་དགྲས་འཁྱེར་ར་རེ། །བྱམས་ཀྱིས་སྐྱོང་ཏ་རེ། །དུས་ལ་བབ་བོ་ས་མ་ཡ། །དམ་ཚིག་རྗེས་སུ་དྲན་པར་གྱིས། །ལས་ལ་བབ་བོ་བགེགས་ཀྱི་རྒྱལ། །བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །དབུས་གཙང་རུ་བཞིའི་ཡུལ་ལྷ་ཁྱེད། །ཆོས་སྐྱོང་རྒྱལ་པོ་ལྷ་ཡི་སྲས། ཁྲི་སྲོང་ལྡེའུ་བཙན་སྐུ་ལྷ་ཡིན། །ཨྱོན་པདྨ་འབྱུང་གནས་ཀྱིས། །དམ་ལ་བཏགས་པའི་དམ་ཚིག་ཅན། །ད་ལྟ་ཅི་བསྒོའི་ལས་རྣམས་ཉོན། །ཕྱི་རབས་བསྟན་པའི་ཐ་མ་ལ། །ཨྱོན་པདྨ་འབྱུང་གནས་ཀྱི། །རྗེས་སུ་འཇུག་པའི་སྔགས་འཆང་དང་། །ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི། །ལྷ་བརྒྱུད་ཆགས་པའི་རྗེ་རེགས་རྣམས། །མཐོ་མཐོ་གུང་ལ་རིག་པ་དང་། །དམའ་དམའ་བུ་བཞིན་སྐྱོང་བར་གྱིས། །བོད་ཁམས་རུ་བཞི་ཕྱུགས་བཞིན་སྐྱོངས། །བསམ་ཡས་ལྷ་ཁང་དཀོར་བཞིན་སྲུངས། །བསྐལ་བ་ཐ་མའི་སེམས་ཅན་ལ། ཁྱེད་ཀྱིས་སྲུང་སྐྱོབ་མ་བྱེད་དུ། །དང་པོ་བྱང་ལམ་བར་པ་རུ། །གསང་བདག་ཕྱག་ན་རྡོ་རྗེ་ཡིས། །སྲོག་སྙིང་གཟིར་བ་མི་དྲན་ནམ། །བར་དུ་བསམ་ཡས་ཧས་པོ་རིར། །དབང་ཆེན་(༥བ)


GLG025_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་ཧེ་རུ་ཀས། །དབང་དུ་བསྡུས་པ་མི་དྲན་ནམ། །ཐ་མ་རི་རྒྱལ་བཀྲ་བཟང་གི །རྩེ་མོར་ལྷ་སྲིན་ཀུན་བསགས་ནས། །དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡིས། །དམ་ཚིག་ཕོག་པ་མི་དྲན་ནམ། །ང་ནི་པདྨ་འབྱུང་གནས་ཡིན། ཁྱོད་ནི་གཉན་ཆེན་ཐང་ལྷ་ཡིན། །ཡུལ་ནི་དབུས་གཙང་རུ་བཞི་ཡིན། །བྱིན་རླབས་སྤྲིན་ལྟར་ཐིབས་སེ་ཐིབ། །ཐུགས་རྗེ་ཆར་ལྟར་ཤར་ར་ར། །དམ་ཚིག་མདངས་ལྡན་ཡལ་ལ་ལ། །ཐང་ལྷ་གཉན་པོ་གཤེགས་སུ་གསོལ། །སྐུ་ལྷ་གཉན་པོ་འཁོར་བཅས་ལ། །བརྗིད་ལྡན་བཟང་རིར་བཤོས་ཀྱིས་མཆོད། །གཡའ་ཆུ་གངས་ཆུ་གཙང་མས་མཆོད། །དྲི་ཞིམ་སྤོས་དཀར་དུད་པས་མཆོད། །གསེར་དངུལ་རིན་ཅེན་སྣ་ལྔས་མཆོད། །རྔོན་ཆ་དར་དང་ཟ་འོག་མཆོད། །གསང་ལུག་འབྲས་དཀར་གཙང་མས་མཆོད། །ཨོཾ་བཛྲ་ཐང་ཀ་ར་མུན་ཉིང་ཁུ་ཤ་ལི་ཤ་ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱ་ཧཱ། །རྒྱལ་བ་ཀུན་གྱི་མཐུ་སྟོབས་ནུས་པའི་ཚོགས། །གཅིག་བསྡུས་གསང་བའི་བདག་པོ་རྡོ་རྗེ་འཛིན། །དབྱེར་མེད་དཔལ་ལྡན་རྩ་བའི་བླ་མ་ལ། །སྙིང་ནས་འདུད་དོ་བརྩེ་བའི་སྤྱན་གྱིས་སྐྱོངས། །སྲིད་གསུམ་དྲེགས་པ་ཟིལ་གནོན་མཚོ་སྐྱེས་རྗེ། །དྲག་སྔགས་གཏེར་གྱི་སྒོ་འབྱེད་ལས་འབྲེལ་རྩལ། །ཚུལ་འདིར་མཁས་ཤིང་གྲུབ་པ་བརྙེས་པ་ཡི། །རིགས་འཛིན་བླ་མའི་ཚོགས་རྣམས་ཕྱག་གི་ཡུལ། །གང་ཞིག་ལས་ལ་སྦྱར་ན་སྨོས་ཅི་དགོས། །གདེངས་ལྡན་གནོད་ཀྱིས་བསྐུལ་བ་ཙམ་གྱིས་ཀྱང་། །དགྲ་དཔུང་ཕྱེ་མར་འཐག་པ་རཱ་ཧུ་ལའི། །འཕྲིན་ལས་དུག་མདའ་(༦ན)


GLG025_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་དེང་འདིར་སྤྲོ། །མཆོད་གཏོར་སྤྱན་གཟིགས་རྫས་རྣམས་མན་ངག་ལྟར། །འཁྲུལ་མེད་མཐོང་བརྒྱུད་ཕྱག་བཞེས་ལྟར་བཤམས་ནས། །བདག་བསྐྱེད་སྤྱིར་བཏང་དམིགས་བསལ་སྐབས་ཐོབ་རྣམས། །དཔྱོད་ལྡན་མན་ངག་ཇི་བཞིན་ཉམས་སུ་ལོང་། །ཨ་མྲི་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་མདུན་དུ་པད་ཟླའི་སྟེང་། །ཧཱུཾ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཧཱུཾ། །མཚན་པར་འོད་འཕྲོས་རྡོ་རྗེའི་ས་གཞི་དང་། །ར་གུར་བླ་བྲེ་ཡེ་ཤེས་མེ་འབར་བའི། །སྲུང་འཁོར་དབུས་སུ་འཇིགས་རུང་དུར་ཁྲོད་ཆེ། ཁྲག་མཚོ་རྦ་ཀློང་འཁྲུག་དབུས་ཨེ་ལས་ནི། །གྲུ་གསུམ་མཐིང་ནག་མཁའ་མཉམ་ལྟེ་བ་ལ། །པ་རཾ་ཨ་རྣི་ཏྲི་ལས་པདྨ་དང་། །ཉི་ཟླ་དགྲ་བགེགས་གན་རྐྱལ་བསྣོལ་བའི་སྟེང་། །དུ་བའི་མདོག་ཅན་ཏྲི་ལས་འོད་འཕྲོས་པས། །དགྲ་བགེགས་ཚར་བཅད་ཚུར་འདུས་ཏྲིར་ཐིམ་པས། །གཟའ་བདུད་དུད་ཁ་ཞལ་དགུའི་སྟེང་དབུས་དཀར། །བྱ་རོག་མགོ་བཅས་ཞལ་རེར་དམར་ཟླུམ་སྤྱན། །སུམ་ལྡན་རལ་བ་དམར་སེར་གནམ་ས་ཁྱབ། །ཐོད་སྐམ་ལྔ་པ་རིན་ཅེན་རྩེ་ཕྲན་ཅན། །ཆུ་སྲིན་རྒྱལ་མཚན་རལ་གྲིའི་ཡུ་བ་ལྡན། །གཡས་འཛིན་གཡོན་པར་སྦྲུལ་ཞགས་འོག་མ་གཉིས། །མདའ་གཞུ་འགེངས་ཤིང་དུག་མདའ་དགྲ་ལ་འཕེན། །སྐུ་སྨད་དུག་སྦྲུལ་འཁྱིལ་ཞིང་འཇིགས་པའི་ཁ། །ལྟོ་བར་རབ་བགྲད་སྐུ་ལ་སྤྱན་སྟོང་མཛེས། །ཧ་ཧ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕེཾ་ཕེཾ་སྒྲ། །ཞལ་ནས་རབ་སྒྲོག་དགྲ་བོ་ཆེམ་ཆེམ་གསོལ། །གར་དགུའི་ཉམས་ལྡན་ཆེ་ཞིང་ཡན་ལག་རགས། །(༦བ)


GLG025_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མ་འབུམ་གྱི་གཟི་འོད་ལས་ལྷག་སྐུར། །སྦྲུལ་གྱི་དོ་ཤལ་ཆུན་པོ་སེ་རལ་ཁ། །མི་མགོའི་དོ་ཤལ་དར་ནག་རིན་ཆེན་རྒྱན། །མི་ལྤགས་གཡང་གཞི་སྟག་ལྤགས་ཤམ་ཐབས་གསོལ། ཁམས་གསུམ་ཡོངས་སུ་ཁེངས་པར་བཞུགས་པའི་གཡས། ཁྲག་མཚོ་རུས་ཁྲིར་རྡོ་རྗེ་སྲིན་པོ་ཡབ། །ཟླ་གམ་རཀྟར་རྡོ་རྗེ་གློག་འགྱུ་ཡུམ། །ཡབ་ཡུམ་སྲས་གསུམ་ནུབ་དང་ཤར་ལྷོ་བྱང་། །ལྷོ་ནུབ་ཤར་དང་ནུབ་བྱང་ལྷོ་དང་ནི། །བྱང་ཤར་རྣམས་སུ་གདུག་ཅན་གདན་སྟེང་ན། །ལྗང་སྔོན་ཆེན་པོ་དྲང་སྲོང་དཀར་སེར་དང་། །བདུད་པོ་རོག་ཏི་བིཥྚི་པ་ཏྲ་དང་། །བིཥྞ་རཱ་ཛ་དུ་བ་མཇུག་རིང་དང་། ཁྱབ་འཇུག་ཆེན་པོ་སྒྲ་གཅན་འཛིན་པ་སྟེ། །ནང་གི་གཟའ་ཆེན་རྣམས་དང་ཕྱོགས་བཞི་ན། །སྟག་སྲིན་ཟོར་གདོང་ཁམ་སྲིན་དྲེད་ཀྱི་གདོང་། །ཀོང་སྲིན་གླང་གདོང་འབྲོག་སྲིན་ཆུ་སྲིན་གདོང་། །གདོང་མོ་བཞིར་བཅས་དེ་དག་ཕྱི་རོལ་ཏུ། །ཉི་མ་ཟླ་བ་ལ་སོགས་གཟའ་ཆེན་བརྒྱད། །བདུད་དང་གཤིན་རྗེ་ལ་སོགས་ལྷ་སྲིན་བརྒྱད། །ཚངས་པ་བརྒྱ་བྱིན་ལ་སོགས་ལྷ་ཆེན་བརྒྱད། །དགའ་བོ་འཇོག་པོ་ལ་སོགས་ཀླུ་ཆེན་བརྒྱད། །སྨིན་དྲུག་ལ་སོགས་རྒྱུ་སྐར་ཉི་ཤུ་བརྒྱད། །ཕྱོགས་སྐྱོང་བཅུ་དང་ནག་པོ་སྟོང་གི་ཚོགས། །ཤ་ཟ་འབུམ་སྡེ་མ་མོ་བྱེ་བ་དང་། །ལྷ་དམག་བྱེ་བ་དུང་ཕྱུར་ལ་སོགས་པ། །མདོར་ན་སྲིད་གསུམ་འབྱུང་པོའི་དམག་ཚོགས་བཅས། །ཤ་དགའ་ཁྲག་སྲེད་དབུགས་རྔམ་རོ་ལ་འཇིབ། ཁྲོ་གཏུམ་ཆ་ལུགས་ཆོ་འཕྲུལ་ཅིར་ཡང་སྟོན། །སྲིད་གསུམ་ཐལ་བར་རློག་པའི་མཐུ་སྟོབས་ཅན། །འཁོར་(༧ན)


GLG025_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཡོངས་བསྐོར་གཙོ་འཁོར་ཐམས་ཅད་ཀྱི། །གནས་གསུམ་ཡི་གེ་གསུམ་གྱིས་མཚན་པར་གྱུར། །རང་གི་ཐུགས་ཀ་ལས་བྱུང་འོད་འཕྲོས་པས། །གར་བཞུགས་གནས་ནས་གཟའ་བདུད་རཱ་ཧུ་ལ། །འཁོར་བཅས་རྩ་བརྒྱུད་བླ་མའི་དམ་ཚིག་རྣམས། །དྲན་པ་ཙམ་གྱིས་སྔགས་འཆང་བདག་ཅག་གི །ལས་རྣམས་བསྒྲུབ་ཕྱིར་གནས་འདིར་གཤེགས་སུ་གསོལ། །བཛྲ་ས་མ་ཡ་ཛཿ ཧྲི་ཤག་རུ་རག་རཾ་ན་གེ་ཙིཏྟ་ཏྲཾ་མ་མ་ཡོང་ཟ་འགྲཾ་ཧ་ཧི་ཀེ་ཤེ་ལ་ཛཿཛཿ ས་མ་ཡ་ཛཿཛཿ སྤྱན་འདྲེན་པ་ནི། ཧཱུཾ། ཀུན་བཟང་སྤྲུལ་པ་ཕྱག་ན་རྡོ་རྗེ་ཡི། །ཕོ་ཉ་ཞིང་བཅུའི་དགྲ་བོ་འདུལ་པ་ལ། །འཇིག་རྟེན་འདི་ན་འགྲན་ཟླ་མེད་པའི་སྐུ། །ཆོས་ཀྱི་དབྱིངས་ནས་སྤྱན་འདྲེན་གཤེགས་སུ་གསོལ། །གནམ་ལྕགས་རྩེ་ནས་སྤྱན་འདྲེན་༴ དུར་ཁྲོད་གནས་ནས་༴ འཇིགས་པའི་གཟའ་མཆོག་༴ མཐོང་བའི་དུག་ཅན་༴ རེག་པའི་དུག་ཅན་༴ ཁ་རླངས་དུག་ཅན་༴ ཁྱབ་འཇུག་ཆེན་པོ་༴ སྤྲུལ་པའི་གཟའ་བརྒྱད་༴ སྐར་ཆེན་ཕོང་ཀར་༴ དུ་བ་མཇུག་རིང་༴ ལྗང་སྔོན་ཆེན་པོ་༴ མ་རུ་ཙེ་ཉིད་༴ གདོང་མོ་མཆེད་བཞི་༴ རྒྱུ་སྐར་ཉེར་བརྒྱད་༴ ལྷ་སྲིན་སྡེ་བརྒྱད་༴ བཀའ་ཉན་འཁོར་ཚོགས་༴ ཨོཾ་ར་ཧུ་ལ་གྷྲྀ་ཧྞ་ཨཱ་གཙྪ་ཡ་ཧཱུཾ་ཛཿ བཞུགས་སུ་གསོལ་བ་ནི། ཐོགས་མེད་དྲག་རྩལ་རྫུ་འཕྲུལ་མངའ་བའི་ལྷ། །འབར་བའི་གདན་ལ་དགྱེས་པར་བཞུགས་སུ་གསོལ། །རཱ་ཧུ་ལ་ས་མ་ཡ་ཏིཥྛ་ལྷན། །ཕྱག་འཚལ་བ་ནི། མངོན་སྤྱོད་འཕྲིན་ལས་བསྒྲུབ་པའི་བསྟན་སྲུང་ཆེ། །(༧བ)


GLG025_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོ་ར་ཧུ་ལ་ལ་ཕྱག་འཚལ་ལོ། །རཱ་ཧུ་ལ་ཨ་ཏི་པུ་ཧོཿ པྲ་ཏི་ཙྪ་ཧོཿ སྨན་རག་གཏོང་གསུམ་ནི། གཟའ་མཆོག་རྒྱལ་པོ་སྤྲུལ་པ་ཡང་སྤྲུལ་དང་། །འཁོར་བཅས་དམ་རྫས་བདུད་རྩི་ཨ་མྲྀ་ཏ། །དམར་ཆེན་རཀྟ་གཏོར་མ་འདི་བཞེས་ལ། །དབང་དང་དངོས་གྲུབ་སྩོལ་ལ་དགྲ་ཡུལ་དུ། །ཐོག་སེར་ཕོབ་ཅིག་སྲོག་སེར་སྐྱིན་ཐང་གི ། ལས་རྣམས་མཐར་ཕྱིན་སྒྲུབ་པའི་འཕྲིན་ལས་མཛོད། །རཱ་ཧུ་ལ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། རཱ་ཧུ་ལ་མ་ཧཱ་རཀྟ་ཁཱ་ཧི། །རཱ་ཧུ་ལ་མ་ཧཱ་བ་ལིཾ་ཏ་ཁཱ་ཧི། བསྐང་བ་ནི། ཧཱུཾ། ཁྱབ་འཇུག་ཆེན་པོ་འཁོར་བཅས་ཀྱི། །སྤྱན་གྱི་དབང་པོ་ཚིམ་བྱའི་ཕྱིར། །མེ་ཏོག་སྟོང་གིས་ཐུགས་དམ་བསྐང་། །སྙན་གྱི་དབང་པོ་ཚིམ་བྱའི་ཕྱིར། །གླུ་གར་རོལ་མོས་༴ ཤངས་ཀྱི་དབང་པོ་༴ གསུར་ཆེན་དུད་པ་༴ ལྗགས་ཀྱི་དབང་པོ་༴ མཾ་ས་ཤ་ཡིས་༴ ཐུགས་ཀྱི་དབང་པོ་༴ རོལ་མོ་སྒྲ་ཡིས་༴ རྟག་ཏུ་མི་འབྲལ་འགྲོགས་པའི་ཕྱིར། །རྟག་གཏོར་ཆེན་པོས་༴ རྒྱུན་དུ་འཕྲིན་ལས་འཆོལ་བའི་ཕྱིར། །རྒྱུན་གཏོར་ནར་མས་༴ གནས་ཀྱི་དམ་རྫས་ཡིན་པའི་ཕྱིར། །ཐོད་མཁར་འབར་བས་༴ བཞུགས་པའི་དམ་རྫས་ཡིན་པའི་ཕྱིར། །ཉི་ཟླ་པདྨས་༴ མཐུན་པའི་དམ་རྫས་ཡིན་པའི་ཕྱིར། །རཀྟ་དམར་གྱིས་༴ དམ་ཚིག་གཅིག་ཏུ་བསྲེ་བའི་ཕྱིར། །བདུད་རྩི་སྨན་གྱིས་༴ དམ་ཉམས་དགྲ་བོ་གསོད་པའི་ཕྱིར། །ཙིཏྟ་སྙིང་གིས་༴ དགྲ་བགེགས་ཤ་ལ་ཟ་བའི་ཕྱིར། །མཾ་ས་ཤ་ཡིས་༴ དབང་པོ་སྣ་ལྔས་༴ གོ་རོ་ཙ་ནས་༴ ཀེང་རུས་ཚིལ་ཆེན་༴ ནང་(༨ན)


GLG025_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོལ་སྣ་ལྔས་༴ ཚིལ་ཆེན་སྣང་གསལ་༴ བྱང་སེམས་དཀར་དམར་༴ བྷ་ལིང་གཏོར་མས་༴ ཛ་གད་ཕུད་ཀྱིས་༴ བདུད་རྩི་སྣ་ལྔས་༴ ཁྲག་སྣ་ལྔ་ཡིས་༴ ཆུ་སྣ་ལྔས་ཡིས་༴ འདོད་ཡོན་གཏོར་མ་ཐུགས་དམ་བསྐང་། །དེ་ལྟར་བསྐང་བ་གསོ་གསོ་ནས། །རྣལ་འབྱོར་ཉམས་ཆགས་སྐོང་གྱུར་ཅིག །བསྟོད་པ་ནི། ཧཱུཾ། ལྷུན་གྲུབ་སྐུ་གསུམ་རོལ་པའི་ངང་ཉིད་ལས། །དགྲ་བགེགས་སྲོག་རྩ་དམར་འབྱིན་ཁྲོ་གཏུམ་ཅན། །དྲེགས་པ་ཀུན་གྱི་ནང་ནས་རྫུ་འཕྲུལ་གྱི། །ཟླ་བྲལ་གཟའ་བདུད་རཱ་ཧུ་ལ་ལ་བསྟོད། །འཇིགས་རུང་བཟོད་པར་དཀའ་བའི་དུར་ཁྲོད་ནང་། །དམར་ནག་རྦ་ཀློང་འཁྲུག་པའི་ཁྲག་མཚོའི་དབུས། །ལྷུན་པོ་ལྟ་བུའི་མི་སྡུག་སྲིན་པོའི་གཟུགས། །རབ་འབར་བསྐལ་བའི་མེ་དཔུང་གྱོན་ལ་བསྟོད། །དམར་ཟླུམ་མིག་སྟོང་བལྟ་བས་ལེགས་ཉེས་འབྱེད། ཁ་གདངས་ཉི་མ་ཟླ་བ་ལྟོ་རུ་ཟ། །རྣོ་ངར་མཚོན་གྱིས་བརྣག་པའི་དགྲ་སྙིང་འབིགས། །དུག་སྦྲུལ་ཞགས་པས་ལོག་འདྲེན་འཆིང་ལ་བསྟོད། །ཚ་གྲང་འཐབ་པའི་རྐན་བརྡེབ་དུག་རླངས་འཕྱོ། །གནམ་ལྕགས་མེ་ཡི་ཐོག་འབེབས་སེར་བ་གཏོང་། །དགྲ་དཔུང་ཡུལ་བཅས་ཕྱེ་མར་འཐག་བྱེད་པའི། །སྲིད་གསུམ་རྣམ་པར་རྒྱལ་བ་ཁྱོད་ལ་བསྟོད། ཁྱོད་ཀྱི་འཁོར་ན་ཕྱི་ནང་གསང་བ་ཡི། །གཟའ་ཆེན་བརྒྱད་དང་གདོང་མོ་རྣམ་པ་བཞི། །ལྷ་སྲིན་སྡེ་བརྒྱད་སྲིད་གསུམ་འབྱུང་བ་ཡི། །གྲངས་མེད་དམག་ཚོགས་འཁོར་དང་བཅས་ལ་བསྟོད། །དེ་ནས་བསྐུལ་ཞིང་འཕྲིན་ལས་བཅོལ་བ་(༨བ)


GLG025_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

ནི། ཧཱུཾ། ཀི་ཀང་རོག་ཏི་མགོ་དགུ་བྱ་རོག་དབུ། །མགོ་བརྒྱད་གཟའ་ཆེན་བརྒྱད་དེ་གྲི་རྒོད་དང་། །དྲང་སྲོང་ནད་དང་སེར་ཆེན་གློ་བུར་འཁྲུག །འཇིག་རྟེན་འཁྲུག་དང་ལྷ་སྲིན་མ་ལུས་དང་། །སྲོག་གཅོད་མུ་གེ་ནད་ཡམས་ཀི་ཀང་བརྒྱད། །ལོག་འདྲེན་དགྲ་ལ་འབེབས་པའི་དུས་ལ་བབ། །དམ་རྫས་རྒྱན་གྱི་མཆོད་པ་འདི་བཞེས་ལ། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །ཧྲཱིཿ སྲིན་པོའི་གཟུགས་ཅན་མགོ་དགུ་རོ་སྨད་སྦྲུལ། །སྣ་ཚོགས་མཚོན་འཛིན་གནམ་ལྕགས་ཐོག་ཆེན་གྱིས། །དགྲ་བོ་མ་ལུས་གསོད་པའི་མཐུ་བོ་ཆེ། །ལྷོ་ནུབ་མཚམས་ནས་སྐུ་བཞེངས་ཟླ་རྗེས་སྤྱོད། །ཤར་དུ་རྒྱུ་ཞིང་བྱང་ཤར་མཚམས་ནས་ནི། །སྐུ་བཞེངས་ཉི་མའི་རྗེས་སྤྱོད་ནུབ་ཏུ་རྒྱུ། །ཉིན་མཚན་རྒྱུ་བས་མཚམས་བཞི་ཕྱོགས་བཞི་འཇོམས། །དུས་ཚོད་ཚེས་གྲངས་འབྱུང་བ་ལྔ་ཡི་བདག །སྡེ་བརྒྱད་བྲན་འཁོལ་འཇིག་རྟེན་ཁམས་ཀུན་འཁྲུག །ལོ་ཉེས་འཁྲུག་པ་ཐོག་སེར་འབེབས་ཤིང་གཏོང་། །མདུན་དུ་སུ་བྱུང་ཁྱུར་མིད་གཏོང་བྱེད་པའི། །འཇིག་རྟེན་འདི་ན་ཟླ་བྲལ་མཐུ་རྩལ་ཅན། །སྔོན་གྱི་ཁས་བླངས་དམ་བཅའ་མ་བསྙེལ་པར། །དམ་རྫས་རྒྱན་གྱི་མཆོད་པ་འདི་བཞེས་ལ། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །ཧྲཱིཿ ལྗང་སྔོན་ཆེན་པོ་དྲང་སྲོང་དཀར་སེར་དང་། །བདུད་པོ་རོག་ཏི་བིཥྛི་པ་ཏྲ་ཆེ། །བིཥྞཱ་རཱ་ཛ་དུ་བ་མཇུག་རིང་དང་། ཁྱབ་འཇུག་ཆེན་པོ་སྒྲ་གཅན་འཛིན་པ་སྟེ། །གཟའ་ཆེན་བརྒྱད་ཀྱི་ཐུགས་དམ་དུས་ལ་བབ། །སྔོན་གྱི་ཁས་བླངས་དམ་བཅའ་མ་བསྙེལ་པར། །དམ་རྫས་རྒྱན་གྱི་མཆོད་པ་འདི་བཞེས་ལ། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །ཕྱོགས་བཅུ་ནམ་མཁའ་(༩ན)


GLG025_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

ཡངས་པའི་དཀྱིལ་འཁོར་ནས། །སྦས་ཤིང་གབ་པའི་གདོང་མོ་མཆེད་བཞི་ནི། །ནམ་མཁའི་དབྱིངས་ནས་འབྲུག་གི་སྒྲ་སྒྲོག་ཅིང་། །བར་སྣང་ཁམས་ནས་དྲག་པོ་གློག་འཁྱུག་པ། །རི་རབ་རྩེ་ནས་གནམ་ལྕགས་ཐོག་ཆེན་འབེབས། །སྲིང་མོ་གདོང་མོ་མཆེད་བཞིའི་དུས་ལ་བབ། །སྔོན་གྱི་ཁས་བླངས་དམ་བཅའ་མ་བསྙེལ་པར། །དམ་རྫས་རྒྱན་གྱི་མཆོད་པ་འདི་བཞེས་ལ། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །འཛམ་གླིང་ཕྱོགས་མཚམས་ནམ་མཁའི་དཀྱིལ་ཡངས་ནས། །བར་སྣང་ཁམས་ལ་དབང་སྒྱུར་གཟའ་ཆེན་བརྒྱད། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ་སོགས་ཏེ། །སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས་པ་རྣམས། །ལོག་འདྲེན་དགྲ་བགེགས་འདུལ་བའི་དུས་ལ་བབ། །ཞི་རྒྱས་དབང་དྲག་འཕྲིན་ལས་བསྒྲུབ་པའི་ཕྱིར། །སྔོན་གྱི་ཁས་བླངས་དམ་བཅའ་མ་བསྙེལ་པར། །དམ་རྫས་རྒྱན་གྱི་མཆོད་པ་འདི་བཞེས་ལ། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །ཆད་མཐོ་ནི། སྨན་རག་སྦྲན་ལ། ཧཱུཾ། སྔོན་ཚེ་སློབ་དཔོན་པདྨ་ཡིས། །སིནྡྷུ་རྒྱ་མཚོའི་མཚོ་གླིང་དུ། །ནམ་མཁའི་གཟའ་རྣམས་དམ་ལ་བཏགས། །བཀའ་ཡི་གཏོར་མ་འདི་ལོང་ལ། །བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། ཧཱུཾ། ཡར་སྟོད་ཤམ་པོ་གངས་ཀྱི་ར་བ་རུ། །རིགས་འཛིན་ཆེན་པོ་ཀུ་མཱ་རཱ་ཛ་དང་། །རྫོགས་ཆེན་རྣལ་འབྱོར་ཀློང་ཆེན་རབ་འབྱམས་ཀྱིས། །ཡེ་ཤེས་ཐིག་ལེའི་དཀྱིལ་འཁོར་ཞལ་ཕྱེ་ཚེ། །སྔགས་བདག་གཟའ་རྣམས་མ་ལུས་ཐམས་ཅད་ཀྱིས། །སོ་སོའི་གཟུགས་མཆོད་དམ་པ་བསྟན་ནས་ཀྱང་། །སྒྲུབ་པ་པོ་ལ་དངོས་གྲུབ་སྟེར་བ་དང་། །བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ། །རྣལ་འབྱོར་ཚེ་སྲོག་བསྲིང་བར་མ་ཆད་(༩བ)


GLG025_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

དམ། །བཅོལ་བའི་འཕྲིན་ལས་བསྒྲུབ་པར་མ་ཆད་དམ། །སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར། །ཤ་ཁྲག་རྒྱན་གྱི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །ཅེས་གཏོར་མ་སྐབས་ཐོབ་དང་སྦྱར་ཏེ་སྐྱེལ། །དེ་ནས་བྲིས་སྐུ་སོགས་ཡོད་ན་བརྟན་བཞུགས་སྨོན་ལམ་མཇུག་ཆོག་རྣམས་བྱའོ། །དེ་ལྟར་དྲང་སྲོང་ཁྱབ་འཇུག་ནག་པོ་ཡི། །ལས་བྱང་ཆད་ལྷག་མེད་ཅིང་འཁྱེར་བདེ་འདི། །རྒྱལ་བའི་བསྟན་པ་བསྲུང་བའི་བཙས་སུ་བཀོད། །སྐལ་མེད་ལོག་ལྟ་ཅན་ལ་གསང་བའི་རྒྱ། །དྲང་སྲོང་ཁྱབ་འཇུག་རཱ་ཧཱུ་ལའི་འཕྲིན་ལས་དུག་མདའ་ནག་པོ་ཞེས་བྱ་བ་འདི་ནི་གསར་རྩོམ་ཐོར་བུས་ཅུང་ཟད་བདེ་རུ་བཏང་ཞིང་ཕལ་ཆེར་གཏེར་གཞུང་གཙོ་བོར་བྱས་ཏེ་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པ་རྣམས་ཀྱི་རྒྱུན་འཁྱེར་དུ་བདེ་བའི་ཆེད་ཆོས་སྐྱོང་འདི་ཉིད་ཉེ་བར་བསྙེན་ཅིང་སྒྲུབ་པའི་རིག་སྔགས་འཆང་བའི་རྒྱུད་དུ་སོན་པ་ཟིལ་གནོན་དྲག་རྩལ་རྡོ་རྗེས་ཆུ་ཕོ་རྟ་ལོ་ཁྲུམས་ཀྱི་ཟླ་བའི་དམར་ཕྱོགས་ཀྱི་གྲལ་ཚེས་ལ་ཉེ་བར་བཀོད་པའི་ཡི་གེ་པ་ནི་ངག་དབང་དགེ་ལེགས་སོ། །དུས་གསུམ་རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནི། །གྲུབ་པའི་དབང་པོའི་གར་གྱིས་རྣམ་རོལ་བ། །སྲིད་གསུམ་བླ་མ་པདྨ་འབྱུང་གནས་ཀྱིས། །དངོས་གྲུབ་ཀུན་སྩོལ་བགེགས་ཀུན་གཞོམ་པར་མཛོད། །ལྷུན་གྲུབ་གདོད་མའི་གཤིས་ལས་མ་གཡོས་ཀྱང་། །བསྟན་པ་བསྲུང་ཕྱིར་སྣ་ཚོགས་སྤྲུལ་པའི་གར། །ཅིར་ཡང་འཆར་(༡༠ན)


GLG025_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྤྲུལ་པའི་ཆོས་རྒྱལ་ཆེ། །འཁོར་དང་བཅས་པ་གནས་འདིར་ད་ཚུར་སྤྱོན། །སྣ་ཚོགས་རིན་ཅེན་ལས་གྲུབ་གཞལ་ཡས་ཁང་། །མུ་ཏིག་ཚོགས་འབར་རིན་ཅེན་བ་གམ་ཅན། །ཏིང་འཛིན་པིར་གྱིས་བྲིས་པའི་ཕོ་བྲང་དུ། །པདྨ་ཉི་ཟླའི་གདན་ལ་བཞུགས་སུ་གསོལ། །དུས་གསུམ་རྒྱལ་དབང་པདྨ་ཐོད་ཕྲེང་གིས། །དམ་ཚིག་རྡོ་རྗེ་སྤྱི་བོར་བཞག་ནས་ཀྱང་། །བསྟན་པ་བསྲུང་དང་དམ་ལྡན་འཕྲིན་ལས་ཀུན། །སྒྲུབ་པར་བཀའ་བསྒོས་དམ་བཅས་དྲན་པར་མཛོད། །དམ་རྫས་རྒྱན་གྱི་གཏོར་མ་རི་ལྟར་སྤུངས། །ཟག་མེད་བདུད་རྩིའི་བཏུང་བ་མཚོ་ལྟར་བསྐྱིལ། །ཕྱི་ནང་སྤྱན་གཟིགས་ས་དང་བར་སྣང་ཀུན། །རྒྱས་པར་བཀང་སྟེ་འཁོར་དང་བཅས་ལ་འབུལ། །གཏོར་མ་དབུལ། ཞི་རྒྱས་དབང་དྲག་འཕྲིན་ལས་བསྒྲུབ་པར་དང་། །བསྟན་པ་བསྲུང་ཕྱིར་ཁྲོ་ཆགས་ཞི་དང་སྒེག །ཉམས་བརྒྱའི་རོལ་པས་གར་མཛེས་རྣམ་འགྱུར་ཅན། །རྒྱལ་པོ་སྐུ་ལྔའི་སྐུ་ལ་བདག་བསྟོད་དོ། ཁྱོད་ཞལ་ནམ་མཁའ་མཆེ་བའི་ཆུ་འཛིན་འཁྲིགས། །ལྗགས་ཀྱི་གློག་འཕྲེང་སྲིད་གསུམ་ཟ་བ་བཞིན། །ཧ་ཧའི་གད་བརྒྱངས་ཧཱུཾ་ཧཱུཾ་འབྲུག་སྒྲ་ཅན། ཁམས་གསུམ་དབང་སྡུད་ཁྱོད་ལ་བདག་བསྟོད་དོ། །རང་བཞིན་ལྷུན་གྲུབ་གདོད་ནས་སྤྲོས་དང་བྲལ། །མ་བཅོས་རང་བྱུང་ལྷན་ཅིག་སྐྱེས་པའི་དངོས། །ཀུན་ཁྱབ་ཀུན་གྱི་རང་བཞིན་ཅིར་ཡང་འཆར། །གནས་ལུགས་དོན་གཟིགས་ཁྱོད་ལ་བདག་བསྟོད་དོ། །རྣམ་མང་ཡོན་ཏན་ཚོགས་ལ་མངའ་བརྙེས་(༡༠བ)


GLG025_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་། ཁྱོད་ལ་མཆོད་བསྟོད་བསྙེན་ཅིང་བསྒྲུབས་པ་ལས། །འཇིག་རྟེན་འཇིག་རྟེན་འདས་པའི་ཡོན་ཏན་ཀུན། །ཕྱོགས་བཅུར་རྒྱས་མཛད་ཁྱོད་ལ་བདག་བསྟོད་དོ། །ཞི་རྒྱས་དབང་དྲག་རབ་འབྱམས་འཕྲིན་ལས་ཀུན། །དུས་གསུམ་རྒྱལ་བས་ཇི་ལྟར་བཀའ་བསྒོས་བཞིན། །ཐོགས་པ་མེད་པར་སྒྲུབ་མཛད་དམ་ཚིག་ཅན། །ཆོས་སྐྱོང་ཆེན་པོ་ཁྱོད་ལ་བདག་བསྟོད་དོ། །ཧཱུཾ། ཟག་མེད་ཡེ་ཤེས་བདེ་ཆེན་གྱི། །རྣམ་རོལ་ལས་བྱུང་སྟོང་གསུམ་ཁྱོན། །གང་བའི་མཆོད་གཏོར་འདི་བཞེས་ལ། །དེ་རིང་བཅོལ་བའི་འཕྲིན་ལས་མཛོད། །སྔོན་གྱི་ལས་དང་འཕྲལ་རྐྱེན་ལས། །བྱུང་བའི་མི་འདོད་ཉེར་འཚེ་ཀུན། །ཞི་ཞིང་ཚེ་དང་བསོད་ནམས་དང་། །འཁོར་དང་བསྟན་པ་རྒྱས་པར་མཛོད། །འཇིག་རྟེན་གསུམ་ན་གནས་པ་ཡི། །ཟས་ནོར་ལོངས་སྤྱོད་ཐམས་ཅད་དང་། །དྲེགས་ལྡན་སྐྱེ་བོ་མ་ལུས་པ། །སྐད་ཅིག་ཉིད་ལ་དབང་དུ་སྡུས། །ལོག་པར་སེམས་པའི་དགྲ་དང་བགེགས། །ཕྱོགས་དང་མཚམས་ན་གནས་པ་ཀུན། །རྡུལ་ཕྲན་ཙམ་ཡང་མ་ལུས་པར། །སྐད་ཅིག་ཉིད་ལ་ཚར་ཆོད་ཅིག །དུས་གསུམ་རྒྱལ་བའི་བསྟན་པ་དང་། །དཔལ་ལྡན་བླ་མའི་སྐུ་ཚེ་སྲིངས། ཁྱད་པར་བདག་གི་བསམས་དོན་རྣམས། །ལྷུན་གྱིས་གྲུབ་པའི་འཕྲིན་ལས་མཛོད། །ཅེས་ཆོས་རྒྱལ་ཆེན་པོ་ལ་མཆོད་བསྟོད་འཕྲིན་བཅོལ་དང་བཅས་པ་གོང་མ་ཆོས་རྒྱལ་ཆེན་པོའི་བཀའ་ལུང་སྤྱི་བོས་མཆོད་དེ་ཆོས་སྨྲ་བ་དགེ་འདུན་རྒྱ་མཚོའི་དཔལ་གྱིས་སྤྲུལ་པའི་གཙུག་ལག་ཁང་ར་ས་འཕྲུལ་སྣང་(༡༡ན)


GLG025_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྦྱར་བའོ། །བདེ་ཆེན་ཆོས་སྐུ་སྣང་བ་མཐའ་ཡས་དཔལ། །ལོངས་སྤྱོད་རྫོགས་སྐུ་རྟ་མགྲིན་དབང་གི་ལྷ། །གྲངས་མེད་སྤྲུལ་པའི་རྣམ་རོལ་པདྨ་འབྱུང་། །སྐུ་གསུམ་དབྱེར་མེད་དངོས་གྲུབ་ཆར་ཆེན་ཕོབ། །གདོད་ནས་དག་པ་གསལ་སྟོང་དབྱིངས་ཀྱི་ངང་། །ལྷུན་གྲུབ་ཞི་ཁྲོ་རབ་འབྱམས་འོད་ལྔའི་ཀློང་། །གཅིག་ལས་དུ་མར་སྣང་བ་ཆུ་ཟླའི་གར། །རིགས་ཀུན་ཁྱབ་བདག་པདྨ་ཐོད་ཕྲེང་རྩལ། །མཁའ་ལ་འཇའ་ཚོན་སྣ་ལྔའི་མདངས་བཀྲག་ལྟར། །ལས་བཞི་སོ་སོར་སྒྲུབ་པའི་ཐུགས་གསུང་སྐུའི། །སྣ་ཚོགས་ཆོ་འཕྲུལ་སྟོང་གི་གཟི་བྱིན་དཔུང་། །སྐྱེད་ལ་སྡེ་བརྒྱད་ཚོགས་ཀུན་དབང་དུ་སྡུས། །སྣང་སྲིད་དྲེགས་པ་ཀུན་གྱི་ཅོད་པན་དུ། །མི་འདའ་རྡོ་རྗེའི་ཕྱག་རྒྱ་ཉེར་བཀོད་ནས། །བོད་ཡུལ་གངས་ཅན་ལྗོངས་འདིར་བསྟན་འགྲོ་ཡི། །ཕན་བདེའི་ལེགས་ཚོགས་མ་ལུས་རབ་རྒྱས་ཤིང་། ཁྱད་པར་རིགས་འཛིན་སྔགས་འཆང་བདག་ཅག་གི །ཆོས་སྲིད་འདོད་པའི་རེ་བ་སྐོང་བ་དང་། །སྲུང་བ་རྡོ་རྗེའི་ར་བར་བཅུག་རྣམས་ཀྱི། །བར་ཆད་ཀུན་ཞི་མཐུན་པའི་དངོས་གྲུབ་སྤེལ། །དངོས་དང་བརྒྱུད་པའི་སྒོ་ནས་མི་སྲུན་པའི། །ལོག་འདྲེན་དགྲ་བགེགས་རྩད་ནས་གཅོད་པ་སོགས། །འཕྲིན་ལས་ཐོགས་མེད་སྒྲུབ་པའི་གཟུ་དཔང་མགོན། །དུས་འདིར་མཛོད་ཅིག་པདྨ་ཐོད་ཕྲེང་རྩལ། །བརྒྱུད་ལྡན་བླ་མའི་དམ་ཚིག་གཉན་པོ་དང་། །རྣལ་འབྱོར་གདུང་བའི་ཡིད་ཀྱིས་འབོད་བྱེད་ན། །སྤྲུལ་པའི་ཆོས་རྒྱལ་སྐུ་ལྔ་འཁོར་བཅས་རྣམས། །(༡༡བ)


GLG025_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བའི་ཕོ་བྲང་ཆེ་ནས་སྐུ་བཞེངས་ཤིག །ཕུལ་བྱུང་བདེ་ཆེན་དབྱིངས་ལས་མ་གཡོས་ཀྱང་། ཁྲོ་ཆགས་ཞི་སོགས་རྣམ་འགྱུར་གྲངས་མེད་ཀྱིས། །བསྟན་དང་བསྟན་འཛིན་སྐྱོང་པའི་མཐུ་རྩལ་ཅན། །ཆོས་རྒྱལ་སྐུ་ལྔ་འཁོར་བཅས་གནས་འདིར་གཤེགས། །དམ་ཅན་སྤྲིན་ལྟར་འདུ་བའི་གནས་མཆོག་འདིར། །ཕྱི་ནང་གསང་མཆོད་རྟེན་པའི་དམ་རྫས་རྣམས། །ཆོས་སྐྱོང་འབོད་པའི་ཆེད་དུ་བཤམས་ལགས་ན། །དབྱར་གྱི་ཆར་སྤྲིན་ལྟ་བུར་ཐིབས་བཞིན་སྤྱོན། །རྐང་གླིང་དུང་ཆེན་འབྲུག་གི་སྒྲ་ལྟར་ལྡིར། །ཤ་ཆེན་སྤོས་དཀར་བསྲེག་ཅིང་དམར་ཆེན་སྦྲེངས། །དར་ཚོན་སྣ་ལྔས་གཡབ་ན་བསྟན་སྲུང་ཁྱོད། །དགུན་གྱི་འཐོར་རླུང་བཞིན་དུ་འཚུབ་བཞིན་སྤྱོན། །སྙན་འགྱུར་དབྱངས་དང་སྣ་ཚོགས་རོལ་མོའི་སྒྲ། །ཏིང་འཛིན་གསལ་དང་གདུང་སེམས་དྲག་པོ་ཡི། །དྲེགས་པའི་སྡེ་དཔོན་གནས་འདིར་སྤྱན་འདྲེན་ན། །ཚུར་སྤྱོན་དགྱེས་པའི་གདན་ལ་བརྟན་པར་བཞུགས། །དཔལ་ཆེན་ཁྲག་འཐུང་དབང་པོར་ལེགས་བཞུགས་ནས། །བདག་གིས་རྒྱལ་པོ་ཆེན་པོ་མཆོད་ཅིང་བསྟོད། །སྲུང་མ་ཁྱོད་ཀྱིས་བདག་གི་འཕྲིན་ལས་རྣམས། །སྒྲུབ་པའི་རྡོ་རྗེ་དམ་ལས་མ་འདའ་ཞིག །ཁ་དོག་སྣ་ཚོགས་རབ་བཀྲའི་མེ་ཏོག་དང་། །དྲི་བཟང་བསྲེགས་པའི་དུད་པས་ནམ་མཁའ་གང་། །མེ་ཤེལ་མར་མེའི་འཕྲེང་བ་ཚར་དུ་དངར། །བཟང་པོའི་སྨན་གྱི་ངད་ལྡན་དྲི་ཆབ་འཁྲུག །རོ་བརྒྱའི་དཔལ་འཛིན་ལྷ་མིའི་ཞལ་ཟས་སྤུངས། །སྙན་ཅིང་བརྗིད་པའི་གྲངས་མེད་རོལ་(༡༢ན)


GLG025_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་ཚོགས། །སྤྲུལ་པའི་ཆོས་རྒྱལ་སྐུ་ལྔ་འཁོར་བཅས་ལ། །དགྱེས་པ་བསྐྱེད་ཕྱིར་འབུལ་གྱི་བཞེས་སུ་གསོལ། ཁྲག་གི་ཨརྒྷཾ་དབང་པོའི་མེ་ཏོག་དང་། །ཤ་ཆེན་དུད་པ་ཞུན་ཆེན་མར་མེ་སྤར། །ཤ་རུས་ཞལ་ཟས་རྐང་གླིང་རོལ་མོའི་སྒྲ། །མི་ལྤགས་གཅན་གཟན་གཡང་གཞིའི་བླ་བྲེ་དང་། །རྒྱུ་མའི་དྲ་བ་གློ་སྙིང་ཡན་ལག་གི །ལྷུ་དུམ་ལྡ་ལྡི་འཕྲེང་བར་སྤེལ་བ་རྣམས། །སྤྲུལ་པའི་ཆོས་རྒྱལ་སྐུ་ལྔ་འཁོར་བཅས་ལ། །དགྱེས་པ་བསྐྱེད་ཕྱིར་འབུལ་གྱི་བཞེས་སུ་གསོལ། །ཅང་ཤེས་རྟ་མཆོག་དར་གྱི་ཅོད་པན་ཅན། །འབྲོང་གཡག་མ་ཧེ་རྣོ་བའི་རྭ་ཆེན་གདེངས། །གླང་སེང་ཁྱི་སྤྱང་ར་ལུག་འདོད་འཇོའི་བ། །སྤྲ་སྤྲེལ་ཁྱིམ་བྱ་མོན་ནག་ཨ་ཙ་ར། །རྔ་མོ་བོང་བུ་དྲེལ་སོགས་བཞོན་པའི་ཚོགས། །འབག་སེང་གླུ་གར་རྩེད་འཇོ་མཐའ་ཡས་པ། །སྤྲུལ་པའི་ཆོས་རྒྱལ་སྐུ་ལྔ་འཁོར་བཅས་ལ། །དགྱེས་པ་བསྐྱེད་ཕྱིར་འབུལ་གྱི་བཞེས་སུ་གསོལ། །ཞྭ་ནག་ཕོད་ཀ་ཐེབ་ཞུ་གསག་ཐེབ་དང་། །ཟ་འོག་འཇོལ་བེར་སྣམ་སྦྱར་པགས་པའི་གོས། །སྦྲུལ་གྱི་ཆུན་པོ་རིན་ཅེན་རུས་པའི་རྒྱན། །སྲ་བརྟན་གོ་ཁྲབ་རྣོ་བའི་མཚོན་ཆའི་ཚོགས། །སྟག་སྤྲེལ་བྱ་རྒོད་སྤྱང་ཀི་ཟ་འོག་གི །རྒྱལ་མཚན་ཕྱོགས་བཅུ་མ་ལུས་ཟིལ་གནོན་པ། །སྤྲུལ་པའི་ཆོས་རྒྱལ་སྐུ་ལྔ་འཁོར་བཅས་ལ། །དགྱེས་པ་བསྐྱེད་ཕྱིར་འབུལ་གྱི་བཞེས་སུ་གསོལ། །རྩ་བརྒྱད་ཡན་ལག་སྟོང་སྤྱར་ཨ་མྲྀ་ཏ། །དགྲ་བགེགས་སྙིང་ཁྲག་བསྐྱིལ་བའི་རཀྟའི་མཚོ། །སྒྲུབ་གཏོར་ཁང་བཟང་རྒྱ་ཕུབས་ཏོག་གིས་མཛེས། །མཆོད་གཏོར་ཤ་ཁྲག་གསང་ཕྱིའི་རྟགས་ཀྱིས་བརྒྱན། །གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ། །དངོས་བཤམས་ཡིད་ཀྱིས་སྤྲུལ་པའི་མཆོད་པ་རྣམས། །སྤྲུལ་པའི་ཆོས་རྒྱལ་སྐུ་ལྔ་འཁོར་བཅས་ལ། །དགྱེས་པ་བསྐྱེད་ཕྱིར་འབུལ་གྱི་བཞེས་སུ་གསོལ། །ཕྱི་རྟེན་སྲོག་(༡༢བ)


GLG025_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་དཀར་པོ་མཛེས་ཤིང་བརྗིད། །ནང་རྟེན་སྨྱུག་རྒོད་རྔ་མ་དར་སྣས་བརྒྱན། །གསང་རྟེན་མདོས་རིགས་སྣ་ཚོགས་སྐུ་འབག་དང་། །དྲེགས་པ་རང་བཞིན་འདུ་བའི་རྫས་ཀྱི་མཆོག །བླ་རྡོ་སྲོག་གི་འཁོར་ལོ་བཅས་པ་སོགས། །རྒྱུད་དང་མན་ངག་དེ་བཞིན་ལེགས་བཤམས་པ། །སྤྲུལ་པའི་ཆོས་རྒྱལ་སྐུ་ལྔ་འཁོར་བཅས་ལ། །དགྱེས་པ་བསྐྱེད་ཕྱིར་འབུལ་གྱི་བཞེས་སུ་གསོལ། །བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་རིན་ཅེན་བདུན། །ལྕགས་རི་མུ་ཁྱུད་རི་རབ་ལྷུན་པོ་དང་། །གླིང་བཞི་གླིང་ཕྲན་ཉི་མ་ཟླ་བ་ཟུང་། །འདོད་པའི་འབྲས་སྟེར་དཔག་བསམ་ཡོངས་འདུའི་ཤིང་། །ཡན་ལག་བརྒྱད་ལྡན་མཚོ་དང་རྫིང་བུ་སོགས། །ལྷ་མིའི་དཔལ་འབྱོར་ལོངས་སྤྱོད་ཇི་སྙེད་པ། །སྤྲུལ་པའི་ཆོས་རྒྱལ་སྐུ་ལྔ་འཁོར་བཅས་ལ། །དགྱེས་པ་བསྐྱེད་ཕྱིར་འབུལ་གྱི་བཞེས་སུ་གསོལ། །རྒྱལ་པོ་སྐུ་ལྔ་འཁོར་དང་བཅས་པའི་ལྗགས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་འོད་ཀྱི་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་བསམས་ལ་རྡོ་རྗེ་ཐལ་མོ་ཁ་ཕྱེ་ནས། །ཨཱོཾ་མ་ཧཱ་རཱ་ཛ་ས་པ་རི་ཝཱ་ར་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི། ལན་གསུམ་མམ་བདུན་གྱིས་གཙོ་བོ་དང་། ཨ་ཀྵ་རོ་ལན་གསུམ་གྱིས་འཁོར་རྣམས་ལ་དབུལ། ས་པ་རི་ཝཱ་རའི་མཐར་ཨརྒྷཾ་སོགས་ཀྱིས་མཆོད། འབྲུ་གསུམ་སྦྱར་བས་ནང་མཆོད་འབུལ། ཆོས་དབྱིངས་བདེ་བ་ཆེ་ལས་མ་གཡོས་ཀྱང་། །ལོག་འདྲེན་དགྲ་བགེགས་མ་ལུས་བསྒྲལ་པའི་ཕྱིར། །སྲོག་བདག་བཤན་པའི་གཟུགས་ཀྱིས་རྣམ་རོལ་བ། །སྤྲུལ་པའི་ཆོས་རྒྱལ་ཆེན་པོ་སྐུ་ལྔར་བསྟོད། །གདོང་ལྔའི་དབང་པོ་རབ་ཏུ་དགྱེས་པའི་སྟེང་། །ཞལ་གསུམ་ཕྱག་དྲུག་སྣ་ཚོགས་མཚོན་ཆ་ཐོགས། ཁྲོ་(༡༣ན)


GLG025_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

གཏུམ་གར་གྱི་རོལ་པའི་མཐུ་སྟོབས་ཅན། །འཕྲིན་ལས་རྒྱལ་པོ་ཁྱོད་ལ་བདག་བསྟོད་དོ། །མུན་པ་བྱེ་བས་བྱུགས་པའི་ལྷུན་པོ་ལ། །ཉིན་བྱེད་འབུམ་གྱིས་འཁྱུད་འདྲའི་གཟི་བྱིན་ཅན། །གླང་ཆེན་ཞོན་ནས་སྟོང་གསུམ་སྐད་ཅིག་མྱུལ། །ཐུགས་ཀྱི་རྒྱལ་པོ་ཁྱོད་ལ་བདག་བསྟོད་དོ། །མིག་སྨན་མདོག་ཅན་སྲིན་པོ་ཁྲོས་པའི་གཟུགས། །སེང་གེ་ཞོན་ནས་བརྣག་པའི་དགྲ་བགེགས་སྒྲོལ། །གྲངས་མེད་ཆོ་འཕྲུལ་སྣ་ཚོགས་སྟོན་མཛད་པའི། །སྐུ་ཡི་རྒྱལ་པོ་ཁྱོད་ལ་བདག་བསྟོད་དོ། །དཔག་པར་དཀའ་བའི་མཐུ་སྟོབས་རྫུ་འཕྲུལ་གྱིས། །ཆོས་འཁོར་སྐྱོང་མཛད་གནོན་སྦྱིན་ཤིང་བྱ་ཅན། །སྐུ་མདོག་ནག་པོ་དགྲ་བོའི་བླ་ཚེ་འགུགས། །ཡོན་ཏན་རྒྱལ་པོ་ཁྱོད་ལ་བདག་བསྟོད་དོ། །རྟ་གདོང་མེ་ཡི་ཕུང་པོ་ལྟར་དམར་ཞིང་། །འཇིགས་བརྒྱངས་ང་རོ་དྲག་པོས་ས་གསུམ་གཡོ། །རླུང་གི་ཤུགས་འཆང་དྲེལ་རྟ་ལ་ཞོན་པ། །གསུང་གི་རྒྱལ་པོ་ཁྱོད་ལ་བདག་བསྟོད་དོ། །ཟག་མེད་བདེ་བའི་ཉམས་ལྡན་གསང་བའི་ཡུམ། །བཀའ་ཉན་བློན་པོ་སྤྲུལ་པ་ཡང་སྤྲུལ་དང་། །རུ་འདྲེན་སྡེ་བཞི་དྲེགས་པ་སྡེ་བརྒྱད་ཀྱི། །འཁོར་ཚོགས་དམ་ཅན་རྒྱ་མཚོའི་ཚོགས་ལ་བསྟོད། །ཆོས་སྐྱོང་རྒྱལ་པོ་སྡེ་ལྔ་འཁོར་བཅས་རྣམས། །རིགས་འཛིན་མཚོ་སྐྱེས་པདྨ་ཐོད་ཕྲེང་གིས། །དབུ་རྩ་མཆིམས་ཕུ་ཤེལ་གྱི་བྲག་ཕུག་ཏུ། །སྲོག་གི་སྙིང་པོ་བླངས་ནས་དམ་ལ་བཏགས། །དེ་རྗེས་མྱང་བན་ཉི་མ་འོད་ཟེར་དང་། །མངའ་བདག་ཆོས་ཀྱི་དབང་ཕྱུག་ལ་སོགས་པ། །ཟབ་གཏེར་བརྒྱུད་(༡༣བ)


GLG025_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བླ་མ་གྲངས་མེད་ཀྱིས། །དཀྱིལ་འཁོར་ཞལ་ཕྱེ་སྔོན་གྱི་མཐའ་ཚིག་བསྒྲགས། །པདྨ་དབང་དང་ལེགས་ལྡན་རྡོ་རྗེའི་ཞབས། །བཀྲ་ཤིས་སྟོབས་ཀྱི་རྒྱལ་པོ་ལ་སོགས་པའི། །པདྨའི་གདུང་གསོབ་རིག་པ་འཛིན་རྣམས་ཀྱིས། །དམ་ཚིག་གཉན་པོ་བསྒྲགས་པ་དེང་འདིར་དགོངས། །རྒྱལ་པ་ཀུན་དངོས་དགེ་འདུན་རྒྱ་མཚོའི་དཔལ། །མཐུ་སྟོབས་དབང་ཕྱུག་བསོད་ནམས་རྒྱ་མཚོ་སྡེ། །རིགས་འཛིན་བདག་གིས་མཆོད་བསྟོད་གཉེར་གཏད་པའི། །དམ་བཅའ་དགོངས་ལ་བཅོལ་བའི་འཕྲིན་ལས་སྒྲུབས། །ཕན་བདེའི་འབྱུང་གནས་རྒྱལ་བོའི་བསྟན་པ་དང་། །དེ་འཛིན་སྐྱེས་བུ་ཁྲིམས་ལྡན་འདུས་པའི་སྡེ། །བཤད་དང་སྒྲུབ་པའི་ཆོས་ལྡན་བྱ་བ་ཀུན། །ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད། །གངས་རིས་སྐོར་བའི་བོད་ཀྱི་རྒྱལ་ཁམས་འདིར། །མི་ནད་ཕྱུགས་ནད་མུ་གེ་མཐའ་དམག་དང་། །དུས་འཁྲུག་མཐའ་འདྲེའི་ཁ་རླངས་ཀུན་ཞི་ནས། །བདེ་སྐྱིད་དགའ་སྟོན་དཔལ་འབྱོར་རྒྱས་པར་མཛོད། །བློ་ཆེན་འཇམ་དཔལ་དཔའ་བོ་ངུར་སྨིག་གི །རྣམ་རོལ་སྐལ་བཟང་དཔྱིད་གྱུར་གྲགས་པའི་སྡེའི། །དྲི་མེད་ལུང་དང་རྟོགས་པའི་བསྟན་པ་མཆོག །སྲིད་མཐའི་བར་དུ་མི་ཉམས་རྒྱས་པར་མཛོད། །ནོར་འཛིན་ཆོས་བཞིན་སྐྱོང་བ་མི་ཡི་བདག །གནམ་བསྐོས་གསེར་གྱི་འཁོར་ལོ་རྩིབས་སྟོང་གིས། །དབང་སྒྱུར་ས་སྤྱོད་རྒྱལ་པོའི་མངའ་ཐང་དང་། །སྐུ་ཚེ་ཆབ་སྲིད་བརྟན་ཅིང་འཕེལ་བར་མཛོད། །ངོ་མཚར་སྡེ་བཞི་དགའ་སྟོན་དང་ལྡན་པའི། །ཕྱོགས་ལས་(༡༤ན)


GLG025_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་རྒྱལ་བའི་ཕོ་བྲང་ཆེའི། །བསྟན་སྲིད་ཡིད་བཞིན་དབང་གི་རྒྱལ་པོ་མཆོག །སྲིད་ཞིའི་རྒྱལ་མཚན་རྩེ་མོར་འབར་གྱུར་ཅིག །མཆོག་ཐུན་དངོས་གྲུབ་ཕན་དང་བདེ་བའི་དཔྱིད། །ངེས་གསང་ལེགས་པར་བཤད་པ་འདུས་པའི་གླིང་། །ལུགས་ཟུང་རྣམ་པར་རྒྱལ་བའི་རུ་མཚོན་ཆེ། །སྲིད་པའི་རྩེ་མོར་བར་དུ་བསྒྲེང་བར་མཛོད། །རྒྱལ་བའི་བསྟན་བཤིག་དཀོན་ཅོག་དབུ་འཕང་སྨད། །བླ་མའི་སྐུ་དགྲ་སེམས་ཅན་བདེ་སྐྱིད་འཇོམས། །རྣལ་འབྱོར་སྒོས་སུ་འཚེ་བའི་དགྲ་བགེགས་རྣམས། །མངོན་སྤྱོད་དྲག་པོའི་ལས་ཀྱིས་ཚར་ཆད་ཅིག །ཁྱད་པར་ཟ་རིག་སྔགས་འཆང་བ་བདག་ཅག་ལ་ཞེས་བསྒྱུར། ཧོར་སྔགས་འཆང་བདག་ཅག་ལ། །སྔ་དགྲ་ལག་དར་ཕྱི་དགྲ་ཡིད་ལ་སེམས། །ད་དགྲ་གནོད་བྱེད་དུག་མཚོན་དམག་གཤོམས་བྱེད། །ཕྲག་དོག་མཐོ་གནོན་ལེགས་བསུབ་ཉེས་པ་སྒྲོག །རང་ནུས་མ་ཐོན་གཞན་དག་ཁྱི་ལྟར་རྦད། །དངོས་དང་བརྒྱུད་ནས་འཚོ་བའི་དམ་ཉམས་དགྲ །ཡིད་ལ་བརྣག་ཅིང་བསྒྲལ་པའི་ཞིང་གྱུར་པ། །སྟེང་འོག་ཕྱོགས་མཚམས་བར་གསུམ་གར་འདུག་ཀྱང་། ཁ་རྗེ་དབང་ཐང་སྟོབས་དང་གཟི་བརྗིད་ཆོམས། །ལོ་ཟླར་མ་འཇོག་བླ་སྲོག་ཚེ་གསུམ་ཁུག །དོན་སྙིང་དམར་པོ་ཞལ་དུ་བསྟབ་ནས་ཀྱང་། །རྗེས་མེད་རླུང་ལ་སྐུར་ཞིག་རྩལ་མ་ཞན། །སྐྱབས་འོས་སྲུང་བའི་འཁོར་ལོར་བཅུག་རྣམས་ཀྱི། །བར་ཆད་ཉེར་འཚེའི་ཚོགས་ཀུན་རབ་ཞི་ཞིང་། །ཚེ་དང་བསོད་ནམས་དཔལ་འབྱོར་ལེགས་ཚོགས་ཀུན། །འཕེལ་ཞིང་རྒྱས་པའི་སྟོང་གྲོགས་མཐའ་དག་མཛོད། །(༡༤བ)


GLG025_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་མཁྱེན་འཇམ་དཔལ་སྙིང་པོའི་བསྟན་པ་མཆོག །ཐོས་སྒོམ་འཆད་རྩོད་རྩོམ་པས་འཛིན་པ་སོགས། །རྨད་བྱུང་རྣམ་པར་དཀར་བའི་འཕྲིན་ལས་ཀུན། །བསམས་པ་ཇི་བཞིན་ལྷུན་གྱིས་གྲུབ་པར་མཛོད། །ཚེ་རིང་ནད་མེད་ལེགས་པའི་ཡོན་ཏན་སྤེལ། །སྲིད་གསུམ་ཟིལ་གནོན་ཁམས་གསུམ་དབང་དུ་སྡུས། །ཕུན་ཚོགས་འདོད་པའི་དོན་གྱི་རེ་བ་རྣམས། །འབད་མེད་ལྷུན་གྱིས་གྲུབ་པའི་འཕྲིན་ལས་མཛོད། །མདོར་ན་འདོད་འཇོའི་བ་དང་བུམ་པ་བཟང་། །དཔག་བསམ་ཤིང་དང་ཡིད་བཞིན་ནོར་བུ་ལྟར། །དགོས་འདོད་སྩོལ་བའི་ཆོས་སྐྱོང་ཆེན་པོ་ཡིས། །དགྲ་ལྷ་མཛོད་ལ་བཀྲ་ཤིས་དགེ་ལེགས་སྩོལ། །ཞེས་སྤྲུལ་པའི་ཆོས་རྒྱལ་ཆེན་པོ་ལ་མཆོད་གཏོར་འབུལ་ཚུལ་དངོས་གྲུབ་ཆར་འབེབས་འདིའང་གནས་ཆུང་པེ་ཧར་ལྕོག་ཏུ་མདོས་བཙུགས་སྐབས་ཆོས་སྐྱོང་ཆེན་པོས་འདི་ལྟར་གྱིས་ཞེས་བསྐུལ་མ་མཛད་པ་ལྟར་ཟ་ཧོར་གྱི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་རྒྱ་མཚོའོ། །ས་ལུག་ཧོར་ཟླ་དྲུག་པའི་ནང་དུ་ཆོས་སྐྱོང་ཆེན་པོས་བསྐུལ་མ་བྱུང་བ་ལྟར་བརྩམས་པ་ནས་རྒྱལ་བཙན་གཉིས་ཁོལ་དུ་ཕྱུང་བ། ཧཱུཾཿ འཇིག་རྟེན་མཆོད་བསྟོད་དཀྱིལ་འཁོར་གྲུ་འཛིན་པ། །དྲེགས་པའི་སྡེ་དཔོན་སུམ་ཅུའི་ནང་ཚན་ནས། །པེ་ཧར་རྒྱལ་པོ་སྐུ་ལྔ་གསང་ཡུམ་དང་། །བློན་པོ་འཁོར་ཚོགས་རྒྱ་མཚོ་ད་ཚུར་སྤྱོན། ཁྱད་པར་དགྲ་ལྷ་སྐྱེས་གཅིག་གསུང་གི་རྒྱལ། །བློན་པོ་རྡོ་རྗེ་གྲགས་ལྡན་མཐུ་རྩལ་ཅན། །སྐུ་ལྔའི་རྣམ་རོལ་གཅིག་ཏུ་མ་ངེས་པར། །སྟོན་མཛད་སྤྲུལ་པའི་ཆོས་རྒྱལ་(༡༥ན)


GLG025_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

གནས་འདིར་གཤེགས། ཁྲག་གི་སྒོ་ང་བདུན་ལས་ཉེར་བརྡོལ་བའི། །བཙན་རྒོད་དམག་དཔོན་འབར་བ་སྤུན་བདུན་དང་། ཁྱད་པར་ཙེའུ་དམར་བོ་ཡང་ལེ་བེར། །ཕོ་ཉ་མངག་གཞུག་འཁོར་བཅས་གནས་འདིར་སྤྱོན། །དམར་ཆེན་གཏོར་མའི་རི་བོ་མཁའ་ལ་བསྙེག །ཁྲག་ཆང་བཏུང་བ་རྒྱ་མཚོ་ལྟ་བུར་བསྐྱིལ། །ཕྱི་ནང་གསང་བའི་མཆོད་པ་འབུལ་བྱེད་ན། །རོལ་ཞིག་ཁ་རཾ་ཁཱ་ཧི་ཞལ་དུ་དབུལ། །པདྨ་ཐོད་ཕྲེང་སོ་ཟུར་གནུབས་མྱང་སོགས། །སྔགས་འཆང་རྣམས་ཀྱིས་ཁྲག་འཐུང་དཀྱིལ་འཁོར་དུ། །དབང་བསྐུར་དམ་ཚིག་གཉན་པོ་ཉེར་ཕབ་ནས། །ཐུབ་བསྟན་སྐྱོང་བའི་སྲུང་མར་མ་བསྐོས་སམ། །མ་གཡེལ་མ་གཡེལ་སྔོན་གྱི་ཐ་ཚིག་དགོངས། །གསང་བ་སྔགས་ཀྱི་དམ་ཚིག་རྒྱ་མ་དྲལ། །རྡོ་རྗེའི་རི་མོ་སྤྱི་བོའི་གཙུག་མ་ཡལ། །ལྕེ་ལ་བདུད་རྩིའི་རོ་མཆོག་མ་ཉམས་པས། །བཤད་སྒྲུབ་བསྟན་པ་ཡར་ངོའི་ཟླ་ལྟར་རྒྱས། །བསྟན་འཛིན་སྐྱེས་བུ་བླ་མཆོད་སྡེ་གཉིས་སྤེལ། །གངས་ལྗོངས་ཡུལ་འདིར་འཐབ་རྩོད་མུ་གེ་ནད། །དུས་ཀྱི་འཁྲུག་པ་མ་ལུས་ཞི་བར་མཛོད། །དགའ་བའི་དཔལ་ལྡན་སྡེ་བཞིའི་ཕོ་བྲང་ཆེའི། །ཆོས་སྲིད་ཟུང་དུ་འཇུག་པའི་མངའ་ཐང་དར། །ཆབ་སྲིད་བརྟན་ཅིང་དབུ་རྨོག་བཙན་པ་སོགས། །ཞི་རྒྱས་དབང་དྲག་འཕྲིན་ལས་མ་ལུས་སྒྲུབས། །བརྡ་ཡིག་ཡོད། པཎ་ཆེན་སྐུ་མཆེད་ཀྱི་གཏེར་གཞུང་ལྷད་མེད། ཧྲཱིཿ པདྨ་ཙནྡྷ་མ་ཧཱ་ཀྲོ་དྷ་ཧ་ཡ་གྷྲཱི་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ༔ མཆོད་གཏེར་ལེགས་པར་བཤམས་ལ་བྱིན་གྱིས་བརླབས་(༡༥བ)


GLG025_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། རོལ་པ་སྐྱ་བདུན་གྱི་ལས་བྱང་ནི། དྲེགས་པར་བརྒྱུད་པ་ཡིན་པས་བསྐྱེད་མི་དགོས་ལ། བདག་ཉིད་རྟ་མགྲིན་དབང་ཆེན་དུ་གསལ་བའི་ཐུགས་ཀའི་ཡི་གེ་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་སྤྲོས་ཏེ། སོ་སོའི་གནས་ནས་སྤྱན་དྲང་བ་ནི༔ སྤོས་དང་ཕྱེ་མར་བསྲེག་ཅིང་༔ དར་དམར་པོས་གཡབས་ལ་གདུང་བའི་ང་རོས་འབོད་པ་ནི༔ ཀྱེ། ཕྱོགས་ཕྱོགས་དེ་ནི་ཕ་གི་ན༔ ཉི་མ་ནུབ་ཕྱོགས་ཕ་གི་ན༔ བཙན་ཡུལ་ཟངས་ཐང་དམར་པོ་ན༔ པདྨ་དབང་གི་བཀའ་ཉན་པ༔ ཆེ་བཙན་རོལ་པ་སྐྱ་བདུན་ནི༔ ཕལ་ཆེར་སྐུ་མདོག་དམར་པོ་ལ༔ ཕྱག་ན་བ་དན་ཞགས་པ་བསྣམས༔ སྡེ་བརྒྱད་དྲེགས་པའི་ཚོགས་དང་བཅས༔ ཚུར་སྤྱོན་ཚུར་སྤྱོན་གནས་འདིར་སྤྱོན༔ ཤུ་ལ་ཧྲཱིཿབཛྲ་ས་མ་ཡ་ཛཿ བྷྱོ། བཙན་མཁར་དམར་པོའི་ནང་ཤེད་ན༔ ཤ་ཁྲག་ལོངས་སྤྱོད་བསམ་མི་ཁྱབ༔ ཡིད་འོང་སྤྱན་གཟིགས་ཀུན་ནས་མཛེས༔ དམ་ཚིག་གཙང་མའི་གདན་ལ་བཞུགས༔ ས་མ་ཡ་ཏིཥྛ་ལྷན༔ ཀྱེ། སྐྱེས་བུ་རོལ་བ་སྐྱ་བདུན་ནི༔ འཕྲིན་ལས་མཛད་པ་བསམ་མི་ཁྱབ༔ པདྨ་དབང་གིས་བཀའ་སྩལ་པའི༔ དམ་ཚིག་གཉེར་བདག་ཁྱོད་ལ་བསྟོད༔ གཙང་མའི་སྐུ་ཁྲུས་འདི་འབུལ་ལོ༔ བདག་དང་ཡོན་གྱི་བདག་པོ་ལ༔ ཐུགས་རྗེའི་དབང་གིས་ཉེ་བར་མཛོད༔ ཨརྒྷཾ་བི་ཤུདྡྷེ་སྭཱ་ཧཱ༔ གཙང་མའི་བདུག་སྤོས་སྤྲིན་ལྟར་གཏིབས༔ མེ་ཏོག་སྣང་གསལ་དྲི་མཆོག་དང་༔ ཞལ་ཟས་སྙན་པའི་རོལ་མོ་འབུལ༔ ཐུགས་རྗེའི་དབང་གིས་ཉེ་བར་མཛོད༔ དྷཱུ་པེ། པུཥྤེདྷཱི་པཾ། གནྡྷེ། ནཻ་བི་དྱེ། ཤཔྟ་པཱུ་ཙ་ཧོཿ ཀྱེ། (༡༦ན)


GLG025_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་བུ་སྲོག་གི་བདག་པོ་ནི༔ འཇིགས་བྱེད་རོལ་བ་སྡེ་བདུན་ཚོགས༔ ཁྱེད་ལ་དགྱེས་པའི་ལོངས་སྤྱོད་ནི༔ ཤ་ཁྲག་དམར་གཏོར་རི་ལྟར་སྤུངས༔ ཟག་མེད་བདུད་རྩི་མཚོ་ལྟར་བསྐྱིལ༔ རཀྟའི་ཡོན་ཆབ་རྫིང་ལྟར་གཏམས༔ སྤྱན་གཟིགས་ལོངས་སྤྱོད་སྐར་ལྟར་བཀྲམ༔ རྔ་གླིང་རོལ་མོ་འབྲུག་ལྟར་སྒྲོག༔ གླུ་དབྱངས་སྙན་པའི་ཚོགས་དང་བཅས༔ དམ་ཅན་མཆེད་བདུན་ཐུགས་དམ་བསྐང་༔ བཙན་འཁོར་འབར་བའི་༴ སྡེ་བརྒྱད་བསྡོངས་ཟླའི་༴ དཀོར་སྲུང་དམ་ཅན་༴ ལས་བཞི་ཕོ་ཉའི་༴ ཧཱུཾ་བསེ་མཁར་དམར་པོ་ལྡེམས་སེ་ལྡེམ༔ དར་དམར་རུ་མཚོན་པུར་རུ་རུ༔ བ་དན་དམར་པོ་ཡེངས་སེ་ཡེང་༔ དྲེགས་པ་མདའ་འཕེན་སྒྲེངས་སེ་སྒྲེང་༔ ལས་བྱེད་བཤན་པ་རོལ་ལོ་ལོ༔ བཤུག་པའི་འབོད་སྒྲ་དིར་རི་རི༔ བྷྱོ། ཆེ་བཙན་བདག་པོའི་ཐུགས་དམ་བསྐང་༔ སློབ་དཔོན་པདྨའི་སྤྱན་སྔ་རུ༔ ཐུགས་དམ་ཞལ་བཞེས་དེ་དགོངས་ལ༔ ཁྲི་སྲོང་ལྡེ་བཙན་རྗེ་རིགས་དང་༔ རྣལ་འབྱོར་དམ་ལྡན་བརྒྱུད་པར་བཅས༔ དམ་ཚིག་གཅིག་ཏུ་སྐྱོང་བ་དང་༔ སྐུ་ལ་བསྡོ་བའི་རིགས་བརྒྱུད་ཆོད༔ ལོག་ལྟའི་སྡེ་དཔུང་ཆམ་ལ་ཕོབ༔ སྔགས་འཆང་རྡོ་རྗེའི་དམ་མ་དྲལ༔ བཅོལ་ལོ་གཉེར་རོ་མཐུ་རྩལ་སྐྱེད༔ ཡལ་ཡོལ་འདྲིད་སྐོར་མ་མཛད་ཅིག༔ ངོ་བསྲུང་ཟས་ཕྱིར་མ་འབྲེང་མཛོད༔ ཐུགས་དང་འགལ་བ་སྐོངས་གྱུར་ལ༔ བུ་སྡུག་ཚ་བོ་བཞིན་དུ་སྐྱོངས༔ ཞེས་ཕུད་གཙང་ཕྱོགས་བཅུར་གཏོར་ཞིང་བསྐུལ་ལོ༔ བྲག་བཙན་(༡༦བ)


GLG025_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

མཆེད་བདུན་གྱི་གསོལ་བའི་ལས་བྱང་པདྨ་ཐོད་ཕྲེང་རྩལ་གྱིས་མཛད་པ་རྗེའི་སྐུ་ལྷར་བསྔགས་པའོ༔ སྱམྱཡྻ༔ རྒྱ་རྒྱ་རྒྱ༔ པདྨ་དབང་ཆེན་གྱི་བཀའ་སྲུང་ངོ༔ ཁ་ཐཾ༔ བཛྲ་རིན་པོ་ཆེ་ཀུན་བཟང་རྩེ་པའི་ཕྱག་བཞེས་འཁྲུལ་མེད་རྩེ་ལུགས། སྭཱ་དྷུ་ས་མཱ་ཛཿ ལན་གསུམ། རྡོ་རྗེ་ལེགས་པ་དགྲ་ལ་བྷྱོ། །དམ་ཅན་རྡོ་རྗེ་ལེགས་པ་ཁྱོད། །སྐུ་ལ་ངེས་པ་མ་མཆིས་སོ། །སྐུ་ཡི་སྤྲུལ་པ་ཅིར་ཡང་སྟོན། །ཆིབས་ལ་ངེས་པ་མ་མཆིས་སོ། །སེང་གེ་དྲེད་དང་ར་སྐྱེས་ཆིབས། །ཞལ་ནས་གདུག་པའི་ངན་སྔགས་སྒྲོག །ཕྱག་ན་གསེར་གྱི་རྡོ་རྗེ་གསོར། །ནམ་མཁའ་ཡངས་པའི་ཁམས་ཤེད་ན། །འབྲུག་སྒྲ་དྲག་པོ་འུར་རུ་རུ། །བར་སྣང་ཡངས་པའི་ཁམས་ཤེད་ན། །གློག་དམར་དེ་ནི་ཁྱུགས་སེ་ཁྱུག །ས་གཞི་ལངས་པའི་ཁམས་ཤེད་ན། །ཐོག་དང་སེར་བ་ཤར་ར་ར། །མཐིང་གི་ཁུ་འཕང་སིལ་ལི་ལི། །སྒྲུབ་ཁང་གཉན་གྱི་ནང་ཤེད་ན། །རླུང་ནག་འཚུབ་མ་འཁྱིལ་ལི་ལི། །གསང་བའི་བཤུག་ཀླུ་ཀྱུར་རུ་རུ། བསོ་སྒྲ་ཆེན་པོ་འུར་རུ་རུ། །དེ་ན་དམ་ཅན་ཆེན་པོ་བཞུགས། །མངག་པའི་ཕོ་ཉ་ཁྱོད་ཡིན་ནོ། །འགུགས་པའི་ལྕགས་ཀྱུ་ཁྱོད་ཡིན་ནོ། །འཆིང་བའི་ཞགས་པ་ཁྱོད་ཡིན་ནོ། །གསོད་པའི་མཚོན་ཆ་ཁྱོད་ཡིན་ནོ། །རྣལ་འབྱོར་བདག་གིས་ཁྱོད་བསྟེན་ནོ། །སྔགས་ཀྱི་སྲུང་མ་གཤེགས་སུ་གསོལ། །མཐུན་པའི་གྲོགས་པོ་གཤེགས་སུ་གསོལ། །འགྲོ་བ་ཀུན་བཟང་གཤེགས་སུ་གསོལ། །བདུད་ཀྱི་དམག་དཔོན་གཤེགས་སུ་གསོལ། །འདིར་སྤྱོན་དགྱེས་པའི་གདན་ལ་བཞུགས། ཁྱོད་ཀྱི་ཐུགས་དམ་བསྐང་བ་ནི། །སྲོག་(༡༧ན)


GLG025_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དབུགས་ཀྱིས་ཐུགས་དམ་བསྐང་། །དབུགས་མེད་སྲོག་གིས་ཐུགས་དམ་བསྐང་། །དགྲ་བོའི་རྣམ་པར་ཤེས་པས་བསྐང་། །ཛམ་བུ་ཏི་བས་ཐུགས་དམ་བསྐང་། །ཤ་ཁྲག་གཏོར་མས་ཐུགས་དམ་བསྐང་། །ཞལ་ཟས་ཚོགས་ཀྱིས་ཐུགས་དམ་བསྐང་། །རཀྟའི་རྒྱ་མཚོས་ཐུགས་དམ་བསྐང་། །དྲི་ཞིམ་སྤོས་ཀྱིས་ཐུགས་དམ་བསྐང་། །གསལ་བྱེད་མར་མེས་ཐུགས་དམ་བསྐང་། །ཆང་དང་སྙིང་གིས་ཐུགས་དམ་བསྐང་། །རྔ་དང་དབྱངས་ཀྱིས་ཐུགས་དམ་བསྐང་། །གར་དང་རོལ་མོས་ཐུགས་དམ་བསྐང་། །པི་ཝཾ་གླིང་བུ་ཌཱ་མ་རུ། །སྙན་པ་སྒྲ་ཡིས་ཐུགས་དམ་བསྐང་། །ཚོགས་འཁོར་རྒྱ་ཆེན་ཐུགས་དམ་བསྐང་། །མཆོད་གཏོར་སྤྱན་གཟིགས་འདི་བཞེས་ལ། །བསྟན་པ་གཉན་པོ་བསྲུང་བ་དང་། །དགེ་འདུན་སྡེ་རྣམས་སྐྱོང་བ་དང་། །རྐྱེན་ངན་བར་གཅོད་བཟློག་པ་དང་། །མཐུན་རྐྱེན་བསྒྲུབ་ཅིང་དངོས་གྲུབ་སྩོལ། །བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །དམ་ཅན་རྡོ་རྗེ་ལེགས་པ་འཁོར་དང་བཅས་པའི་ལྗགས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་འོད་ཀྱི་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་བསམས་ལ། ཨོཾ་བཛྲ་སྭཱ་དྷུ་ས་པ་རི་ཝཱ་ར་ཨི་དམ་བཾ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། སྔགས་མཐར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། འབྲུ་གསུམ་སྦྱར་བས་ནང་མཆོད་དབུལ། །དམ་ཅན་མགར་བའི་མཚན་ཅན་ནག་པོ་ཁྱོད། །ཞལ་གཅིག་ཕྱག་གཉིས་དབུ་སྐྲ་དམར་སེར་འཁྱིལ། །གཡས་ཀྱི་ཕྱག་ན་ཁྲོ་ཆུའི་ཐོ་བ་ཐོགས། །གཡོན་གྱི་ཕྱག་ན་(༡༧བ)


GLG025_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

མགར་བའི་རྦུད་པ་བསྣམས། །ར་ལ་ཆིབས་ཤིང་སྐུ་ལ་བེར་ནག་གསོལ། །སྤྱན་རྩ་དམར་ཞིང་ལྗགས་ནི་གློག་ལྟར་འཁྱུག །དམ་ཉམས་དགྲ་བོ་ཁྱུར་མིད་བྱེད་མཛད་པ། །ཞལ་ནས་རྐན་སྒྲ་དྲག་པོ་བསྔགས་པ་ཡིས། །ལོག་པར་ལྟ་པའི་བགེགས་རྣམས་འདར་དུ་འཇུག །སྲིད་གསུམ་གདུག་པའི་ཚོགས་རྣམས་ཐམས་ཅད་ཀུན། །ཟིལ་གྱིས་གནོན་ཅིང་དབང་དུ་སྡུད་མཛད་པ། །དམ་ཅན་མགར་བ་ནག་པོ་ཁྱོད་ལ་བསྟོད། །དམ་ཅན་ཁྱོད་ཀྱི་ཐུགས་དང་ཅི་འགལ་བ། །མ་རིག་དབང་གིས་ཉེས་པ་བྱུང་བ་རྣམས། །རབ་ཏུ་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །ཉེས་པ་ཐམས་ཅད་བཟོད་པར་བཞེས་སུ་གསོལ། །བདག་གིས་བསྟོད་ཅིང་བཤགས་པའི་བསོད་ནམས་ཀྱིས། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱི། །མི་མཐུན་ཕྱོགས་རྣམས་མ་ལུས་ཞི་བ་དང་། །བསམ་པ་འགྲུབ་པའི་དངོས་གྲུབ་སྩལ་དུ་གསོལ། །ཞིང་སྐྱོང་སེང་གེའི་གདོང་པ་ཅན་གྱི་ལས་བྱང་གནམ་ལྕགས་སྤུ་གྲི་གསར་སྒྲིགས་ནས་ཁོལ་དུ་ཕྱུང་བ་ནི། ཧཱུཾ། ཀུན་ཏུ་བཟང་པོ་རིགས་འཛིན་པདྨ་འབྱུང་། །གཏེར་སྟོན་རིན་ཅེན་ཚུལ་རྡོར་ལ་སོགས་པ། །རྩ་བརྒྱུད་བླ་མའི་བསྟན་སྲུང་མཐུ་རྩལ་ཅན། །ཞིང་སྐྱོང་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །རྒྱལ་བའི་བསྟན་པ་གཉན་པོ་བསྲུང་བའི་ཚེ། །འཕགས་ཡུལ་རྡོ་རྗེ་གདན་ནས་༴ གསང་སྔགས་ཐེག་པའི་བཀའ་སྲུང་མཛད་པའི་ཚེ། །ཨྱོན་གསལ་བའི་གནས་ནས་༴ དཔའ་བོ་མཁའ་འགྲོའི་གཙོ་བོ་མཛད་པའི་ཚེ། །ཉི་ཤུ་རྩ་བཞིའི་ཡུལ་(༡༨ན)


GLG025_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

ནས་༴ ལྷ་སྲིན་སྡེ་བརྒྱད་དམག་སྣ་འདྲེན་པའི་ཚེ། །དུར་ཁྲོད་བསིལ་བའི་ཚལ་ནས་༴ གྲངས་མེད་སྤྲུལ་པ་ཕྱོགས་བཅུར་འགྱེད་པའི་ཚེ། །ཏེ་སེ་གངས་ཀྱི་རི་ནས་༴ མ་སྲིང་བསྟན་མའི་འཁོར་གྱིས་བསྐོར་བའི་ཚེ། །ལ་ཕྱི་སྒྲུབ་པའི་གནས་ནས་༴ རིགས་འཛིན་དགྲ་ལྷ་ཆེན་པོ་མཛད་པའི་ཚེ། །གནས་མཆོག་ཙ་རི་ཏྲ་ནས་༴ དམ་ཉམས་དགྲ་བོའི་སྲོག་རྩ་གཅོད་པའི་ཚེ། །རྔམ་པ་སྒྲ་སྒྲོག་ཆེ་ནས་༴ ཟབ་མོ་གཏེར་གྱི་སྲུང་མ་མཛད་པའི་ཚེ། །ཟིལ་ཆེན་གསང་བའི་ཕུག་ནས་༴ ཚུར་སྤྱོན་ཚུར་སྤྱོན་སེང་གདོང་ཡབ་དང་ཡུམ། །བམ་རོ་ཕོ་མོ་དྲེགས་པ་སྡེ་བརྒྱད་ཚོགས། །གྲངས་མེད་འཁོར་ཚོགས་རྒྱ་མཚོར་བཅས་པ་རྣམས། །དམ་ལས་མ་འདའ་ཐོགས་མེད་ད་ཚུར་སྤྱོན། །ཨཱོཾ་མ་ཧཱ་ཀཱ་ལ་སིདྷ་མུ་ཁ་ཧཱུཾ་ཕཊ་ཏྲི་ཧྲིང་ཛཿ ཌཱ་ཀི་ནཱི་སིཾ་ན་ར་མ་ཧཱུཾ་ཕཊ་ཏྲི་ཧྲིང་ཛཿ ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་བཛྲ་ས་མ་ཡ་ཛཿཛཿ ཧཱུཾ། འཇིགས་རུང་དུར་ཁྲོད་ཆེན་པོའི་དབུས། །པད་ཉི་དགྲ་བགེགས་གདན་སྟེང་དུ། །བདུད་མགོན་ཡབ་ཡུམ་འཁོར་བཅས་རྣམས། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷན། ཧཱུཾ། མཐུ་སྟོབས་རྫུ་འཕྲུལ་བསམ་མི་ཁྱབ། །བདུད་མགོན་ནག་པོ་སེང་གེའི་གདོང་། །ཡབ་ཡུམ་འཁོར་དང་བཅས་པ་ལ། །འཕྲིན་ལས་བསྒྲུབ་ཕྱིར་ཕྱག་འཚལ་བསྟོད། །ཨ་ཏི་པུ་ཧོཿ པྲ་ཏཱི་ཙྪ་ཧོཿ སྲུང་མ་འཁོར་བཅས་སྤྱན་ལམ་དུ། །ཕྱི་ནང་གསང་བའི་མཆོད་ཚོགས་ཀུན། །དངོས་བཤམས་ཡིད་ཀྱིས་སྤྲུལ་ནས་འབུལ། །བཞེས་ནས་བཅོལ་བའི་འཕྲིན་ལས་མཛོད། །(༡༨བ)


GLG025_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱོཾ་མ་ཧཱ་ཀཱ་ལ་སིདྷ་མུ་ཁ་སིཾ་ན་ར་མ་ཏྲི་ཧྲིཾ་ཡ་མ་རཱ་ཛ་དུ་ཏྲི་ཕུ་ཏྲི་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྡའི་བར་བརྗོད། དམར་ཆེན་གཏོར་མའི་རི་ལྟར་སྤུངས། སྨན་ཕུད་རྒྱ་མཚོ་ལྟ་བུར་བསྐྱིལ། །དམར་ཆེན་ཁྲག་གི་ཨརྒྷཾ་སྦྲེང་། །དམ་ཅན་འཁོར་བཅས་བཞེས་སུ་གསོལ། །གོང་གི་སྔགས་གཤམ་དུ་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ཧཱ་མཾ་ས་གོ་རོ་ཙ་ན་ཙིཏྟ་བྷ་སུ་ཏ་ཀེཾ་ནྲྀ་ཏཾ་ཁ་རཾ་ཁཱ་ཧི། སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། ཧཱུཾ། བསྐལ་བ་དུས་མཐའི་མེ་རླུང་འཁྲུག་པའི་དབུས། །སྟོང་གསུམ་སྐད་ཅིག་མྱུལ་བའི་རྟ་མཆོག་སྟེང་། །འཇིགས་རུང་གར་དགུའི་ཉམས་ཀྱིས་རྣམ་རོལ་བའི། །ཞིང་སྐྱོང་སེང་གེའི་གདོང་ཅན་ཁྱོད་ལ་བསྟོད། །མདོག་དམར་མི་སྡུག་སྲིན་མོ་ཁྲོས་པའི་གཟུགས། །དགྲ་བོའི་དོན་སྙིང་བཟུང་ནས་ཁྲག་རྒྱུན་འཐུང་། །རླུང་གི་ཤུགས་ལྡན་བཙན་རྟ་དམར་པོ་ཆིབས། །མ་མོ་མཁའ་འགྲོའི་གཙོ་མོ་ཁྱོད་ལ་བསྟོད། །མཐོང་བ་ཙམ་གྱིས་འཇིགས་ཤིང་སྐྱི་གཡའ་བ། །རྦད་ན་དགྲ་བགེགས་བདུན་བརྒྱུད་རྩད་ནས་གཅོད། །ལས་ཀུན་ཐོགས་མེད་སྒྲུབ་པའི་མཐུ་རྩལ་ཅན། །སྡེ་བརྒྱད་དྲེགས་པའི་འཁོར་ཚོགས་རྣམས་ལ་བསྟོད། །ཆོས་དབྱིངས་བདེ་བ་ཆེ་ལས་མ་གཡོས་ཀྱང་། །མི་སྲུན་བཤན་པ་བདུད་མགོན་སེང་གེའི་གདོང་། །ཡབ་ཡུམ་གཉིས་ཀྱི་ཐུགས་དམ་དུས་ལ་བབ། །ཤ་ཁྲག་རྒྱན་གྱི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ལ་སྡང་བའི་དམ་ཉམས་དགྲ །སྟེང་འོག་ཕྱོགས་མཚམས་བར་གསུམ་གར་འདུག་ཀྱང་། །ཚེ་སྲོག་སྟོབས་འབྱོར་མངའ་ཐང་ཁ་རྗེ་ཆོམས། །ལོ་ཟླར་མ་འཇོག་སྙིང་ཁྲག་ཞལ་དུ་གསོལ། །(༡༩ན)


GLG025_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་སེར་དྲི་ངན་སྤྱི་བོ་ཚུགས་སུ་འགྲོ། །བྱ་སྡེར་སར་བཙུགས་རྐང་པས་དམར་གཏོར་འཕེན། །བམ་ཆེན་ཕོ་མོའི་ཐུགས་དམ་དུས་ལ་བབ། །ཤ་ཁྲག་རྒྱན་གྱི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ལ་སྡང་བའི་དམ་ཉམས་དགྲ །སྟེང་འོག་ཕྱོགས་མཚམས་བར་གསུམ་གར་འདུག་ཀྱང་། །ཚེ་སྲོག་སྟོབས་འབྱོར་མངའ་ཐང་ཁ་རྗེ་ཆོམས། །ལོ་ཟླར་མ་འཇོག་སྙིང་ཁྲག་ཞལ་དུ་གསོལ། །འཇིགས་པའི་གཟུགས་ཅན་སྣ་ཚོགས་མཚོན་ཆ་ཐོགས། །སྟོང་གསུམ་མྱུལ་ཞིང་དགྲ་བོའི་བླ་ཚེ་བརྐུ། །འཁོར་ཚོགས་རྒྱ་མཚོའི་ཐུགས་དམ་དུས་ལ་བབ། །ཤ་ཁྲག་རྒྱན་གྱི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ལ་སྡང་བའི་དམ་ཉམས་དགྲ །སྟེང་འོག་ཕྱོགས་མཚམས་བར་གསུམ་གར་འདུག་ཀྱང་། །ཚེ་སྲོག་སྟོབས་འབྱོར་མངའ་ཐང་ཁ་རྗེ་ཆོམས། །ལོ་ཟླར་མ་འཇོག་སྙིང་ཁྲག་ཞལ་དུ་གསོལ། །བྷྱོ། རིག་རྒྱ་ཞང་ཁྲོམ་གྱི་གཏེར་བྱོན་ལྕགས་འདྲ་པད་ལུགས་སུ་གཏོགས། འཛིན་པདྨ་འབྱུང་གནས་དང་། །གནུབས་ཆེན་རྡོ་རྗེ་ཡང་ཝང་གི །དམ་ལ་གནས་པའི་དད་ཤུགས་འཆང་། །གསང་བ་སྙིང་འཛིངས་གཏེར་བདག་རྣམས། །སྒྲུབ་པའི་སྟོང་གྲོགས་བགྱིད་པ་དང་། །རང་ཉིད་མཆོད་པ་བཞེས་སླད་དུ། །གནས་འདིར་དད་པས་སྤྱན་འདྲེན་གྱི། །དམ་ཚིག་དབང་གིས་གཤེགས་སུ་གསོལ། །བཛྲ་ཨཾ་ཀུ་ཤ་ཛཿཛཿ གཏོར་མ་སྭ་བྷཱ་ཝས་སྟོང་པར་སྦྱངས། །སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨཱོཾ་ཨཱཿཧཱུཾ། ལན་གསུམ་གྱིས་བྱིན་གྱིས་བརླབས། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོཿ ཞེས་སོགས་ཀྱིས་ཕུལ། འདོད་དོན་གསོལ། སྒྲུབ་པ་པོའི་སྙིང་མི་དགའ་བའམ། །ཚིག་པ་ཟ་བའམ། ཁྲོ་སྙིང་འདོད་པའམ། ཤེས་པ་མི་བདེ་བ་ལ་སོགས་བྱུང་ན། གཏེར་སྲུང་གི་སྐྱོན་ཡིན་པས། ཆོས་སྐྱོང་ལ་གཏད་རྒྱ་བཀྲོལ་ཏེ་སྔོན་དུ་ཟིལ་གནོན་གྱི་གཏོར་མ་བསྔོའོ། །གཏེར་བདག་མཆོད་པ་ནི། (༡༩བ)


GLG025_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

མཎྜལ་གྲུ་གསུམ་ནག་པོའི་ཁར། གཏོར་མ་ཤ་ཁྲག་གིས་བརྒྱན་པ་བཞག་ལ། དེ་ལ་དྲག་པོའི་སྔགས་ཀྱིས་ལྷ་ཚོགས་ལ་ཕུལ། གསོལ་བ་བཏབ། གཡས་སུ་རྡོ་རྗེ་རྒྱ་གྲམ་དཀར་པོའི་སྟེང་དུ་གཏོར་མ་དཀར་པོ་ལ་ར་དཀར་མོའི་འོ་མ་བླུག །ཆབ་ཀླུ་སྨན་དང་བཅས་པ་བླུག །དེ་ཀླུ་བདུད་རྡོ་རྗེ་སྤྱན་གཅིག་དང་རྩེ་ལྷ་མཐུ་བོ་ཆེ་ལ་ཕུལ། གཡོན་དུ་རྡོ་རྗེ་རྒྱ་གྲམ་དམར་པོའི་སྟེང་དུ་གཏོར་མ་དམར་པོ་ཞིག་བཞག་གོ །དེ་ལྷ་སའི་བདུད་བཙན་དང་། རྫ་ལྷུད་མོའི་གཏེར་བདག་དང་། ཡེར་པའི་རྫོང་བདག་ལ་བསྔོའོ། །སྒྲུབ་པ་པོའི་རྨི་ལམ་འཁྲུག་པ་དང་། དགྲ་བོ་སྒྲོལ་ན་བྱའོ། །བདག་ཉིད་ཐོད་བཅིངས། ཞུ་བ་པོས་ཕྱག་བཙལ། ཡོན་ཕུལ། རྔ་བརྡུང་ཞིང་སྤོས་དུད་བཏང་ལ་འདི་སྐད་དོ། །བྷྱོ། འགྱུར་བ་མེད་པ་ཆོས་ཀྱི་དབྱིངས། །ཆོས་སྐུ་འགྱུར་བ་མེད་པ་ལས། །ལོངས་སྐུ་ཡ་མཱནྟ་ཀ་བྱུང་། །ལོངས་སྐུ་ཡ་མཱནྟ་ཀ་ལས། །སྤྲུལ་སྐུ་ཚེ་བདག་ནག་པོ་བྱུང་། །སྟོན་པའི་སྐུ་གསུང་ཐུགས་ལ་བབ། །བྷྱོ། གཡུང་ཕུའི་རྩེ་ལྷ་མཐུ་བོ་ཆེ། །ཆིབས་སུ་རྟ་དཀར་ཕྲུམ་དམར་ཆིབས། །སྐུ་ལ་དར་དཀར་སློག་པ་གསོལ། །དབུ་ལ་དར་དཀར་འགྱིང་ཐོད་བཅིངས། །སྟག་རལ་གཡས་ལ་གཟིག་ཤུབས་གཡོན། །ཕྱག་ན་དར་དཀར་མདུང་རིང་བསྣམས། །རྒྱུ་ཐུམས་སྙིང་གཟེར་དགྲ་ལ་ཡཱ། །དགྲ་བོའི་ཡུལ་དུ་དམག་དྲོངས་ཤིག །བྷྱོ། ཡེར་པའི་རྫོང་བདག་མཐུ་བོ་ཆེ། །ཆིབས་སུ་ཞུར་དམར་མདོངས་པོ་ཆིབས། །སྐུ་ལ་དར་དམར་བེར་ཆེན་གསོལ། །དབུ་ལ་དར་གྱི་འགྱིང་ཐོད་བཅིངས། །སྟག་རལ་གཡས་ལ་གཟིག་ཤུབས་གཡོན། །དར་དམར་རུ་མཚོན་གནམ་དུ་འཕྱར། །བཙན་གྱི་ཞགས་པ་ཀླད་ལ་བསྐོར། །དམ་ཉམས་དགྲ་ལ་བཙན་ཞགས་(༢༠ན)


GLG025_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ། །གྲི་འཐབ་ཕོ་གཟེར་དགྲ་ལ་ཕོག །བྷྱོ། ལྷ་སའི་བདུད་བཙན་མཐུ་བོ་ཆེ། །ཆིབས་སུ་བྲ་ནག་རྟིང་དཀར་ཆིབས། །སྐུ་ལ་བེར་ནག་སུམ་བརྩེགས་གསོལ། །དབུ་ལ་ཐོད་ནག་འདོམ་གསུམ་བཅིངས། །སྟག་རལ་གཡས་ལ་གཟིག་ཤུབས་གཡོན། །ཕྱག་ན་དར་ནག་རུ་མཚོན་འཕྱར། །བདུད་ཞགས་ནག་པོ་མདའ་ལྟར་འཕེན། །འཐིབས་ནད་ནག་པོ་དགྲ་ལ་ཡཱ། །བྷྱོ། ཀླུ་བདུད་རྡོ་རྗེ་སྤྱན་གཅིག་མ། །ཆིབས་སུ་རུས་སྦལ་དཀར་ཁྲ་ཆིབས། །སྐུ་ལ་སྡིག་པའི་གཡང་གཞི་གསོལ། །དབུ་ལ་སྦྲུལ་གྱི་གདེངས་ཀ་ཅན། །སྲམ་གྱི་རྒྱལ་མཚན་གནམ་དུ་འཕྱར། །སྦྲུལ་ནག་ཞགས་པ་ཀླད་ལ་བསྐོར། །ཀླུ་ནད་མཛེ་ཤུ་དགྲ་ལ་ཡཱ། །ཞེས་བསྐུལ་ལོ། །གཏོར་མ་ཕུལ། དེ་ནས་ཞུ་བ་པོ་ལ་ལག་གཏོར་བྱས་ལ། ཆོས་ལག་ཏུ་གཏད། དེ་ལྟར་བྱས་ན་བཀྲ་ཤིས་བྱིན་ཆེ། དེ་ལྟར་མ་བྱས་ན་སློབ་དཔོན་མཛེས་ཁྱེར། སློབ་མ་སྨྱོ་འོང་ངོ་། །འདིའི་སྒྲུབ་ལུགས་གཏད་རྒྱ་ལོ་རྒྱུས་ཟུར་དུ་གསལ་ལོ། །གནུབས་བུདྡྷས་གཡས་རུ་རྫ་ལྷུད་མོའི་མཁའ་འགྲོ་མ་གྲོས་འདེབས་ས་རུ་སྦས་སོ། །དེ་བླ་མ་ཞང་ཁྲོམ་གྱིས་བཏོན། དྲེགས་པ་ཅན་བཞི་པོ་འདིས། །བླ་མའི་ལས་ཀ་བྱ་ཡི་གསུངས། །ཆོས་སྐྱོང་དུ་སོང་ནས་གཏོར་མ་རེ་གུད་དུ་དགོས་སོ་གསུང་། སྙིང་འཛིངས་དང་། སྟག་ཞོན་སྙིང་གཅིག་མའི་གཏད་རྒྱ་འགྲོལ་བའི་གདམས་པ། སྤུ་ངན་བདག་གིས་ཕྱི་རབས་གང་ཟག་དོན་དུ་གཏེར་དང་ཕྱོགས་གཅིག་ཏུ་སྦས་སོ། འདི་ལས་ལྷག་པ་ཡོད་ན་ན་ར་ཀན། ཨྠྀི། རྒྱ་རྒྱ་རྒྱ། ཟབ་རྒྱ། གཏེར་བདག་མཆོད་པ་གལ་ཆེ་བས་དབང་སྒྲུབ་དུས་སུ་ངེས་པར་བྱའོ། མ་བྱས་ན་འཁུ་ལྡོག་ཡོང་བར་གྲགས་ཤིང་མངོན་ནོ། །གསར་བྲིས། ཕུར་སྲུང་མཆོད་པའི་རིམ་པ་ནི། དཔལ་ཆེན་(༢༠བ)


GLG025_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་བུ་སྒྲུབ་པའི་སྲུང་མ་མཆོག །དཀར་མོ་ཉི་ཟླ་སྟོང་གི་འཕྲེང་བ་ཅན། །གཡས་པ་རི་རབ་འཕེན་ཅིང་གཡོན་པ་ཡིས། །གླིང་བཞིར་བྷྱོ་བཟློག་རབ་བྱེད་ཉི་ཟླ་བརྒྱས། །དབུར་བརྒྱན་དགུ་བརྒྱས་དོ་ཤལ་རིན་ཅེན་དང་། །སྟག་ལྤགས་སྦྲུལ་ཆུན་དར་དཀར་ན་བཟའ་ཅན། །མཆེ་གཙིགས་སྤྱན་གསུམ་ཁྲོ་མོའི་ཉམས་ལྡན་པ། །འཁོར་བཅས་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །བདུད་ཀྱི་རྒྱལ་པོ་ཐོད་འཕྲེང་མུན་པའི་མདོག །གཡས་པ་བ་དན་གཡོན་པ་མགོ་འཕྲེང་འཛིན། །དར་ནག་གོས་གྱོན་བདུད་རྟ་ནག་པོ་ཆིབས། །འཁོར་བཅས་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །རིགས་འཛིན་སློབ་དཔོན་ཆེན་པོའི་སྤྱན་སྔ་རུ། །ཕུར་བུའི་སྲུང་མར་ཁས་བླངས་མཐུ་རྩལ་ཅན། །ཤྭ་ནག་མཆེད་བཞི་རེ་མ་མཆེད་བཞི་དང་། །བསེ་མོ་མཆེད་བཞི་སྐྱེས་བུ་སྒྲོལ་བའི་གིང་། །སྡེ་བཞིར་བཅས་སོགས་ཕུར་བུའི་སྲུང་མའི་ཚོགས། །འཁོར་བཅས་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །དཀར་བདུད་སྲུང་མ་བཅུ་དྲུག་སྤྱན་ལམ་དུ། །དམར་ཆེན་ཤ་རུས་གཏོར་མ་རི་ལྟར་སྤུངས། །བདུད་རྩི་སྨན་གྱི་མཆོད་པ་མཚོ་ལྟར་བསྐྱིལ། །རཀྟ་ཁྲག་གི་ཨརྒྷཾ་རྦ་ཀློང་འཁྲུག །དབང་པོའི་མེ་ཏོག་ཤ་ཆེན་དུད་པ་དང་། །ཞུན་ཆེན་མར་མེ་ཤ་རུས་ཞལ་ཟས་ཚོགས། །རྐང་གླིང་སྙན་པའི་རོལ་མོར་བཅས་པ་འབུལ། །མཐུན་པའི་དམ་རྫས་འདི་རྣམས་རབ་བཞེས་ལ། །རིགས་འཛིན་བདག་ཅག་བསྙེན་ཅིང་སྒྲུབ་པ་དང་། །ལས་སྦྱོར་བསྐྱེད་རིམ་ཕྱག་རྒྱ་གར་འཆམས་སོགས། །སྲིད་པ་ཕུར་བུ་སྒྲུབ་པར་བྱེད་པ་ལ། །བཅོལ་བའི་འཕྲིན་ལས་མ་ལུས་སྒྲུབ་པར་མཛོད། །གསར་བྲིས། གཞི་བདག་གཏོར་མ་ནི། བཛྲ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་(༢༡ན)


GLG025_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བའི་གཏོར་མ་རང་རང་གི་དབང་པོ་རྣམས་ཚིམ་པར་བྱེད་ནུས་པའི་འདོད་ཡོན་ལྔ་ལྡན་གྱི་བདུད་རྩིའི་རྒྱ་མཚོ་ཟད་མི་ཤེས་པར་གྱུར་པར་བསམས་ལ། ཨོཾ་ཨཱཿཧཱུཾ། ལན་གསུམ་བརྗོད་དེ་བྱིན་གྱིས་བརླབས། རང་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས། ས་གཞི་ཡུལ་གྲོང་ལ་གནས་པའི་སྲུང་མ་ཐམས་ཅད་བཛྲ་ས་མཱ་ཛཿས་སྤྱན་དྲངས་པར་བསམས་ལ། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷ་རྨཱ་ཎཱཾ་ཨཱ་དྱ་ནུ་ཏྤ་ནྣ་ཏྭཱ་ཏ་ཨོཾ་ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱ། ལན་གསུམ་གྱིས་བསྔོས། ཨོཾ་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། མཆོད་སྦྱིན་གྱི་གཏོར་མ་གཟུགས་སྒྲ་དྲི་རོ་རེག་བྱ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད་སའི་ལྷ་མོ་བསྟན་མ། བོད་ཁམས་སྐྱོང་བའི་བསྟན་མ་བཅུ་གཉིས་ལ་སོགས་པ་གནས་བདག །གཞི་བདག །གྲོང་བདག །ཡུལ་བདག་གཉུག་མར་གནས་པ་རྣམས་དང་། མ་ལྟར་བྱམས་ཤིང་སྲིང་ལྟར་ཉེ་བ་རྣམས་ལ་འབུལ་ལོ། །སངས་རྒྱས་ཀྱི་བསྟན་པ་དར་ཞིང་འཇིག་རྟེན་དུ་དགེ་ལེགས་རྒྱ་ཆེན་པོ་འབྱུང་བ་དང་། གནས་མགྲོན་གྱི་དམ་ཚིག་སྲུངས། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་བྱ་བ་དང་སྤྱོད་པ་ཉེས་པ་ལ་ཀོ་ལོང་རུ་ང་ཕྲག་དོག་མ་མཛད་པར། བསམ་སྦྱོར་ཆོས་མཐུན་ཡིད་བཞིན་དུ་འགྲུབ་པའི་འཕྲིན་ལས་གཏོང་གྲོགས་རྒྱ་ཆེན་པོ་མཛད་དུ་གསོལ། ན་མཿ བདག་གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་བྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །དོན་རྣམས་གང་དག་བསམས་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པར། །འཇིག་རྟེན་ཁམས་འདིར་མ་ལུས་པར། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་བདེན་སྟོབས་བརྗོད། སརྦམངྒ་ལཾ།།


previousསྟག་ཞོན། རྒྱལ་ཆེན་སྡེ་བཞི། བཀའ་སྲུང་བརྒྱད་མཆོད། ཐང་ལྷ། ཁྱབ་མཇུག རྒྱལ་བཙན། རྡོར་ལེགས། ཞིང་སྐྱོང་། མཐུ་ཆེན་སྡེ་བཞི། ཕུར་སྲུང་རྣམས་ཀྱི་གསོལ་མཆོད། གཞི་བདག་གཏོར་མ་དང་བཅས་པ། next