Nitartha Digital Library
Tibetan
༄༅།། རྗེ་སྒམ་པོ་པས་མཛད་པའི་ཏེ་ལོ་ནཱ་རོའི་རྣམ་ཐར་བཞུགས།། །།

9 occurrences of ཐ་མལ་གྱི་ཤེས་པ་
[Clear Hits]


 


9 occurrences of ཐ་མལ་གྱི་ཤེས་པ་
[Clear Hits]

 
no previousno next

(༡)རྗེ་སྒམ་པོ་པས་མཛད་པའི་ཏེ་ལོ་ནཱ་རོའི་རྣམ་ཐར་བཞུགས།། །།

(༢)བླ་མ་དང་ནི་རྡོ་རྗེ་འཛིན། །མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །སྒྲུབ་བརྒྱུད་བླ་མ་རིན་པོ་ཆེའི། །ཡོན་ཏན་མདོར་བསྡུས་བརྗོད་པར་བྱ། །སྤྱིར་སྒྲུབ་པ་པོའི་གདམ་ངག་ལ་གཉིས་ཏེ། རྒྱུ་ལམ་དུ་འཁྱེར་བ་ཕ་རོལ་དུ་ཕྱིན་པའི་ཐེག་པ་ཇོ་བོ་རྗེ་ལྷ་ཅིག་ནས་བརྒྱུད་པ་ལ་སོགས་པ་དང་། །འབྲས་བུ་ལམ་དུ་འཁྱེར་བ་གསང་སྔགས་རྡོ་རྗེ་ཐེག་པ་དཔལ་ནཱ་རོ་པ་ནས་བརྒྱུད་པ་ལ་སོགས་པའོ། །དེ་ཡང་རྒྱ་བོད་ན་སྒྲུབ་པ་མཛད་

(༣)པ་རྣམས་ཁྱེད་པར་དུ་བརྒྱུད་པ་དེ་གཉིས་ཚོལ་བའོ། །དེ་ལ་སྤྱིར་མདོ་རྒྱུད་ལ་སོགས་པ་འཆད་པ་པོ་ནི། གསུང་བ་པོ་སངས་རྒྱས་དང་། འབྲེལ་བ་མཁན་པོའི་ཡོན་ཏན་རྣམ་བརྗོད་པར་བྱ་བ་ཡིན་ལ། སྒྲུབ་པ་པོས་ནི་སྒྲུབ་བརྒྱུད་ཀྱི་བླ་མའི་ཡོན་ཏན་སྦྱང་ནས་ཡིད་ཆེས་བར་བྱ་སྟེ། གུས་པས་གསོལ་བ་འདེབས་དགོས་པ་ཡིན་པས་དེའི་ཕྱིར་མཉེས་པར་བྱ་དགོས་སོ། །དེ་ལ་རྒྱུད་གསུང་པ་པོ་ནི། དཔལ་རྡོ་རྗེ་འཆང་ཆེན་པོ་སྟེ། སེམས་ཅན་གདུལ་བྱ་དབང་པོ་རབ་

(༤)དང་ཡང་རབ་སྣང་བ་དགབ་རྣམ་ལ་ལོངས་སྤྱོད་རྫོགས་པའི་སྐུ་རྡོ་རྗེ་འཆང་ལ་སོགས་པའི་སྐུར་སྤྲུལ་ནས་དེའི་སྣང་བས་དོན་བྱེད། དབང་པོ་འབྲིང་དང་། ཐ་མ་ལ་སོགས་པ་རྣམ་ལ། ཤཱཀྱ་ཐུབ་པ་ལ་སོགས་པར་སྐུ་སྤྲུལ་ནས། གང་ལ་གང་འཚམས་བདེའི་སྣང་བས་སེམས་ཅན་གྱི་དོན་བྱེད་དེ་མཚན་ཉིད་ཀྱི་ཐེག་པ་གསུངས། དབང་པོ་རབ་དང་ཡང་རབ་ཏུ་གྱུར་བ་རྣམ་ལ་རྡོ་རྗེ་འཆང་ལ་སོགས་པར་སྤྲུལ་ནས། གསང་སྔགས་རྡོ་རྗེ་ཐེག་པ་གསུངས་པ་ཡིན་ནོ། །དེའི་ཐུགས་ཀྱི་སྤྲུལ་པ་ནི་བསྡུང་བ་པོ་ཕྱག་ན་རྡོ་རྗེ་སྟེ། དེ་ཡང་རྒྱུད་སམ་པཱུ་ཊི་ལས། ཆོས་ཆེན་འཆད་པ་ང་ཉིད་སྟེ། །ཚོགས་ཀྱི་ནང་ན་སྟོན་པ་ང་། །བསྡུང་པ་པོ་ཡང་ང་ཉིད་དོ། །ཅེས་གསུངས་སོ། །དེ་ཡང་དངོས་སུ་གསན་པ་ཏེ་ལོ་པ་སྟེ། སྐུ་འཁྲུངས་པའི་ཡུལ་ནི། ཤར་ཕྱོགས་ཟ་ཧོར་ཏེ། དེ་ལ་ཡོན་ཏན་དཔག་ཏུ་མེད་པ་བརྗོད་ཀྱིས་མི་ལང་བ་མངའ་སྟེ། སྤྲུལ་པའི་

(༥)གང་ཟག་ཡིན། འོན་ཀྱང་རེས་འགའ་ནི་ཏེ་ལོ་པ་རང་ལུག་སུ་འབྱོན། རེས་འགའ་དགེ་སློང་དུ་འབྱོན། རེས་འགའ་ཏེ་ལོ་པ་གཅིག་བུར་འབྱོན། རེས་འགའ་ནི་ཏེ་ལོ་པ་བརྒྱ་སྟོང་མང་པོ་སྤྲུལ་ནས་འབྱོན། རེས་འགའ་རྣལ་འབྱོར་པ་གཅིག་བུར་བར་འབྱོན། དེ་ཡང་ཕྱག་ན་རྡོ་རྗེ་དང་ཐ་དད་མེད་པར་སྤྲུལ་སྐུ་ཡིན་ཏེ། ཞལ་ནས་ཀྱང་། མི་བརྗེད་གཟུངས་ཐོབ་ནཱ་རོ་པས། །བཅུ་གཉིས་བར་དུ་ང་བརྟེན་བྱས། །ཕྱི་རབས་སེམས་ཅན་དོན་གཉེར་རྣམས། །ངའི་རྣམ་ཐར་ཁོ་ལ་ཡོད། རྟོགས་པར་འདོད་ན་ཁོ་ལ་འཐུང་། །སྤྲུལ་པ་བྱེ་བ་ཕྲག་བརྒྱ་ཡིས། །ཤཱཀྱ་ཐུབ་པ་ཀླུ་གྲུབ་དང་། །ཨཱ་རྱ་དེ་བ་ལ་སོགས་པ། གཞན་རྣམ་དང་ཡང་ངེས་གཏམ་བྱས། །ཆོས་ཉིད་བདེན་པ་ངས་ཀྱང་མཐོང་། །གསུངས། ཏེ་ལོ་པ་དེའི་སྲས་ནཱ་རོ་པ་སྟེ། དེ་ནུབ་ཕྱོགས་ཀྱི་ཤྲཱི་ནཱ་གར་ར་སྐུ་འཁྲུངས་པ་ཡིན་ཏེ། །དེ་དང་པོ་ནས་རིག་པའི་གནས་རྣམ་པ་ལྔ་ལ་མཁས་པ་ཡིན་ཏེ། དུ་ཁྲོད་གཅིག་ན་གསང་སྔགས་ཡི་གེ་བདུན་པ་སྒྲུབ་ཡིན་བཞུགས་ཙ་ན།

(༦)མཐོ་རངས་ཁ་ཊཱ་ཀྱི་མ་གཅིག་གིས་རྨི་ལམ་དུ་ལུང་བསྟན་ཏེ། རིགས་ཀྱི་བུ་ཁྱོད་ཤར་ཕྱོགས་ན་སོང་ལ། རྣལ་འབྱོར་པ་ཏཻ་ལོ་ཤེས་རབ་བཟང་པོ་བྱ་བ་ཡོད་པས། ཕྱག་རྒྱ་ཆེན་པོའི་གདམ་ངག་ཞུས་ཅིག་གསུང་ནས། དེ་ནས་ཡུལ་ག་ན་ཡོད་མ་དྲིས་པར། ཤར་ཕྱོགས་སུ་སོང་ནས་རྣལ་འབྱོར་པ་ཏཻ་ལོ་པ་བྱ་བ་མཐོང་ངམ། ཞེས་བཙུན་པ་ཀུན་ལ་དྲིས་པ་ལས། བཙུན་པ་ཀུན་ན་རེ། རྣལ་འབྱོར་པ་ཏཻ་ལོ་བྱ་བ་མ་མཐོང་། མུ་ཏོ་བ་ཏཻ་ལོ་པ་བྱ་བ་ཅིས་འདི་ཀུན་ན་འདྲུག་ཟེར་ནས། དེར་བཙུག་ལག་ཁང་དེའི་སྒྲོ་ཙར་བྱོན་ཙ་ན། རྣལ་འབྱོར་པ་རས་ཧྲུལ་ཧྲུལ་གྱོན་པ། མདོག་དམར་ལྕོག་ལྕོག་པ་ཅིག་ལག་པ་གཡོན་པ་ན་ཉ་གསོན་པོ་བཞི་ལྔ་ཙམ་ཐོགས་ནས་ལག་པ་གཡས་པས་ཤིང་མེ་ཐོགས་ནས། དགེ་འདུན་ཆོས་སྟོན་གསོལ་བའི་གྲལ་དུ་ཉ་དེ་རྣམ་ཐབ་ཏུ་སྲེག་ཅིང་བདུག་པ་ལ་རབ་ཏུ་བྱུང་བ་རྣམ་མ་དད་ནས། ངེད་ཀྱི་གྲལ་དུ་འདི་གཙུག་བྱེད་པ་ཟེར་ནས་དབྱུག་པ་ཐོགས་ནས་བརྒྱས་ཏུ་བྱུང་བ་ལ། ཏཻ་ལོ་པའི་ཞལ་ནས། ཁྱེད་མི་དགའ་ན་གསུང་ནས་སེ་གོལ་ ཅིག་བསྡབས་ནས་སོང་

(༧)བྱས་པས། ཉ་དེ་རྣམ་ནམ་མཁའ་ལ་བསོན་པོར་འཕུར་ནས་སོང་ངོ་། །དེ་ནས་ནཱ་རོ་པའི་ཐུགས་དགོངས་ལ། ངོ་མཚར་ཆེ་འདི་ངེས་པར་ཏཻ་ལོ་པ་ཡིན་ངེས་སྙམ་པ་དང་། དེར་བཙུན་པ་ཀུན་གྱིས་གྲུབ་ཐོབ་དུ་ཤེས་ནས་ཕྱག་གསུམ་གསུམ་བསྐོར་བ་གསུམ་བྱས། བཟོད་གསོལ་བྱས་པས། བླ་མས་དེ་ཀུན་གྱི་བཟོད་གསོལ་བླངས་སོ། །དེ་ནས་ནཱ་རོ་པའི་ཐུགས་དགོངས་ལ། ངེས་པར་འདི་ཏཻ་ལོ་པ་ཡིན་ཏེ། ཐེ་ཚོམ་མེད་དགོངས་ནས། དེར་ནཱ་རོ་པས་བླ་མ་ལ་ཕྱག་གསུམ་སྐོར་བ་གསུམ་བྱས། ཞབས་སྤྱི་བོར་བླངས་ནས་བདག་ལུང་བསྟན་པ་ཡིན་པས། འཁོར་བ་ལས་འདོན་དུ་གསོལ། ཞེས་བྱས་པས། ཅང་མི་གསུང་བར་བཞུད་པའི་ཕྱི་བཞིན་དུ་འབྲངས་ནས་བྱོན། དེ་ནས་སྙུག་མའི་ཚལ་ཅིག་ན་མར་བྱོན་ཙ་ན། བྱེ་མའི་ཁུང་བུ་ཅིག་ཏུ་འགྱེལ་ནས་སྙུག་མའི་ཚལ་བུ་ཅིག་ལུས་ཀྱི་གནད་དུ་བརྒྱབ་ནས། ནཱ་རོ་པའི་གདོང་དུ་གཅེར་པ་ཅིག་བལྟས་ནས་གཤེགས། དེར་བཞུགས་པར་ཞུ་བྱས་པས་བཅད་མི་གསུང་བར་

(༨)བཞུང་ངོ་། །དེ་ནས་ཞག་གསུམ་ན་བྱོན་ནས་ཁྱོད་ནའམ་གསུང་། ན་རོ་བཞིན་ཐལ་བྱས་པས་ལུས་ལ་ཕྱག་ཡུག་བྱས་པས་སངས་ཀྱེས་སོ། །མིང་ཡང་ནཱ་རོ་པར་ཐོགས་སོ། །ཡང་ཕྱི་བཞིན་འབྲངས་ནས་བྱོན་ཙ་ན། དུས་གཅིག་གིས་ཚེ་ཁྱིམ་བདག་ཅིག་ཆོས་སྟོན་བྱེད་པ་ལ། རབ་ཏུ་བྱུང་བ་རྣམ་གྲལ་ལ་བཀོད་ནས། ཟས་མ་དྲངས་པའི་སྐབས་སུ། ནཱ་རོ་པ་ང་ལྟོགས་ནས་ཚུགས་པ་མེད། ཁྱོད་སོང་ལ་སྔོན་ལ་སློངས་ཅིག་གསུངས་ནས་ནཱ་རོ་པས་ཕྱིན་པ་ལ། དགེ་བདུན་ལ་མ་དྲངས་པར་ཁྱོད་ལ་གར་འོད་ཟེར་ནས་མ་སྟེར་བ་ལ། ནཱ་རོ་པས་ཚད་ཚད་པས་ཐོད་པ་གང་བཅུས་ནས་བྲོས་པ་དང་། དབྱུག་པ་ཐོགས་ནས་ཕྱིན་མར་ལ་དེད་པ་ལ། བླ་མ་ཏཻ་ལོ་པས་མཐོང་ནས། དེ་དེ་མི་རྣམ་རེངས་ནས་འགྲོ་མ་ཤེས། དེར་རེངས་པ་བཤིག་གསུང་། དེར་བླ་མ་ལ་དྲངས་ནས་ཕྱིར་འབྲེངས་ཙ་ན། དུས་གཅིག་གི་ཚེ་གཙུག་ལག་ཁང་གི་རྒྱ་ཕིབས་ཀྱི་སྟེང་དུ་བྱོན་ནས། སྐྱེས་བུ་བླ་མའི་བཀའ་མ་ཅོག་པ་ཡིང་ན། གཡང་འདི་ལ་འཆོང་བ་ཡིན་ཏེ་གསུང་བས། ནཱ་རོ་པའི་ཐུགས་དགོངས་ལ།

(༩)སློབ་མ་གཞན་ནི་འདི་ན་མེད། ང་ལ་གསུང་པ་ཡིན་སྙམ་ནས་འཆོངས་པས་རྐང་པ་གཉིས་ཀྱང་ཆག །བླ་མ་དྲུང་དུ་བྱོན་ནས་གཟིགས་ནས་བཞུད། དེ་ནས་ཞག་གཉིས་གསུམ་ན་ལོ་གནས་བྱོན་ཏེ་ཁྱོད་ནའམ་གསུང་། ནཱ་རོ་བཞིན་ཐལ་བྱས་པ་ལ། ཕྱག་ཡུག་པ་ཅིག་མཛད་པས་སངས་ཀྱི་སེས་སོ། ཡང་དུས་གཅིག་གི་ཚེ་དཔོན་སློབ་རང་གཉིས་འགྲོགས་ནས་བྱོན་ཙ་ན། མེ་ཏོག་གི་ཕྲེང་བ་མང་རབ་ཅིག་བསྡུས་ནས། ནཱ་རོ་པ་ལ་གཏང་ནས་ལམ་མདོ་ན་མར་ལ། གཉེ་པོ་གཉིས་ཀྱིས་བག་མ་ཅིག་ཁྲིད་ནས་འོང་གིས། བག་མ་དེ་ལ་མེ་ཏོག་གི་རྒྱན་འདི་ཐོགས་ཅིག །དེར་གཉེ་པོ་མགུ་ནས་ཁྱོས་མ་སྟེར་དུ་འོང་སྟེ། དེ་ཙ་ན་མ་ལེན་པར་བག་མའི་ནུ་མ་ཉེང་ཅིག་གསུང་། །དེ་ནཱ་རོ་པས་དེ་ལྟར་བྱས་པས། དེར་གཉེའོ་འཁྲོས་ནས་ནཱ་རོ་པ་བཏགས་སོ། །དེར་ཏཻ་ལོ་པ་བྱོན་ནས་ཁྱོད་ཅི་ཉེས་གསུང་། བླ་མའི་གསུང་བཞིན་བྱས་པས་ཁོང་གིས་བཏགས་ཏེ། འགུམ་པ་ལ་ཐུགས་བྱས་པས། དེར་ཏཻ་ལོས་ཕྱག་ཡུག་པ་མཛད་པས་སངས་ཀྱིས་

(༡༠)སོས། ཡང་དུས་གཅིག་གི་ཚེ་ན། ཨིནྜཱ་བོ་དྷིའི་ཆུང་མས་ཚོགས་འཁོར་དབོན་ལ་སྤྱན་དྲང་འདོད་ནས། ཏཻ་ལོ་པ་ཤེས་རབ་བཟང་པོ་ཁྱོད་ལ་མངོན་པར་ཤེས་པ་ཡོད་ཟེར་བ། ངའི་ཚོགས་འཁོར་ལ་འབྱོན་པར་ཞུ་བྱས་ནས་མོས་གསོལ་པ་བཏབ་པས། ཉིན་ལམ་མང་པོ་ཅིག་ཞིག་ཅིག་ལ་བཅད་ནས་བྱོན། དེའི་དུས་སུ་ནཱ་རོ་པས་ཀྱང་རྫུ་འཕྲུལ་ཐོབ། དེའི་ཁྱིམ་ཅིག་གི་ལུགས་སུ་བསྡད་རྩ་ན། མི་ཅིག་ན་རེ་ཁང་པའི་ཕུགས་ན་སྤྲང་པོ་གཉིས་འདུག་ཟེར་ནས་བཟླས་པས། །ཨིནྜཱ་བུདྡྷིའི་ཆུང་མ་ན་རེ། ངས་ཏཻ་ལེ་པ་ལ་ཚོགས་འཁོར་ལ་འབྱོན་པའི་གསོལ་བ་བཏབ་པས་དེ་ཡིན་སྲིད་བྱས་ནས་དྲིས་པ་ལ་ཡིན་གསུང་སྐང་། དེར་ཚོགས་འཁོར་དང་བསྙེན་བསྐུར་བྱས་སོ། །ཡང་ཕྱི་བཞིན་འབྲེངས་ནས་བྱོན་ཙ་ན་ཆུ་ཆེན་པོ་ཅིག་གི་འགྲམ་དུ་ཉལ་ནཱ་རོ་པ་ང་ལྟོགས་ཟས་སློངས་ལ་ཤོག་གསུང་། དེར་ཆུ་བོ་རྒལ་ནས་འབྲས་ཟན་སླངས་ནས་བྱོན་ཙ་ན། བླ་མའི་མལ་ན་དགེ་སློང་ཅིག་འདུས་བླ་མའི་སྤྲུལ་པ་ཡིན་སྙམ་ནས་དྲངས་པས།

(༡༡)ངན་པ་འདི་དགེ་སློང་ལ་ནུབ་མོ་འདྲེན་ནམ་གསུང་ནས་དབྲལ་བར་དུ་རྒྱབ་ནས་བཞུད། ནཱ་རོ་པའི་ཐུགས་དགོངས་ལ། དགེ་སློང་དུ་སྤྲུལ་ནུས་པ་འདི་ངེས་པར་གྲུབ་པ་ཐོབ་པ་ཡིན་སྙམ་ནས་ཕྱིར་འབྲངས་ནས་བྱོན་ཙ་ན། བླ་མ་ནག་གསེབ་ཅིག་ན་གཤེགས་འཕྲོ་ལ་ཡར་ལོག་ཡང་མར་གཤེགས་ཡར་ལོག་མར་གཤེགས་མི་ཐར་བ་ལྟར་མཛད་པས། བལྟས་ཙ་ན་ཆུ་མདོམ་གང་ཙམ་ལ་མི་ཐར་བར་མི་འཆོངས་པ་ཅིག་འདུག །དེའི་ནང་ན་སྲིན་བུ་པད་པ་མང་པོ་འདུག་པས། བླ་མ་ལ་ངས་ཟམ་པ་བྱས་པའི་སྟེང་ན་ཕར་ལ་བླ་མ་གཤེགས་སམ་ཞུས་པས་རུང་གསུང་ནས། དེ་བཞིན་དུ་བྱས་ཅིང་ཏཻ་ལོ་པས་དལ་བུས་བྱོན་པས་རིང་པར་ཐོགས་སོ། །དེ་ནས་ཏཻ་ལོ་པ་བཞུད་ནས། ནཱ་རོ་པ་ཡར་ལངས་ཙ་ན། སྲིན་བུས་ནཱ་རོ་པའི་ལུས་གང་ནས་ཁྲག་ཐམས་ཅད་འཐུངས་ནས། ནཱ་རོ་པས་རྒྱལ་ནས་ལུས། བླ་མ་གཤེགས་ནས་ཞག་གསུམ་ཙ་ན། བླ་མ་བྱོན་ནས་ཁྱོད་ནའམ་གསུང་། ནཱ་རོ་བཞིན་ཐལ་བྱས་པས། ཕྱག་ཡུག་མཛད་པས་སངས་ཀྱིས་སོས།

(༡༢)ཡང་དུས་ཅིག་གི་ཚེ་བླ་མ་དང་གཉིས་དུ་ཁྲོད་ཅིག་ན་ཕར་གཤེགས་ཙ་ན། ནཱ་རོ་པས་བསོད་སྙོམས་བྱས་ནས་འོངས་པས། དེར་ཟས་ཀྱི་རོ་སྔོན་ཟ་མ་མྱོང་བ་ཅིག་བྱུང་བས། རང་གིས་བཟའ་བར་འཕངས་ནས་བླ་མ་ལ་དྲངས་དགོས་སྙམ་ནས་དྲངས་སོ། །བླ་མས་ཀྱང་ནཱ་རོ་པས་ཚོགས་རྫོགས་པར་བྱ་བའི་ཕྱིར་རྐན་སྒྲ་དང་བཅས་ཤིང་གསོལ་ནས། ནཱ་རོ་པའི་ཚོད་མ་ཞི་མ་མོ་གསུངས་པས། ནཱ་རོ་པ་མགུ་བ་སྟེ། ངའི་བླ་མ་འདི་ལ་ཅི་དྲངས་ཀྱང་མགུ་པ་མེད་པ་ལ། དེ་ལ་ཤིན་དུ་མཉེས་པས། ད་རུང་ཅིག་བཙལ་ལམ་བྱས་པས་རུང་གསུང་། དེར་གཞན་ན་བཙལ་བསད་ཅིའི་དེ་མ་སྙེད། ང་ཅིའི་དེར་འགྲོ་བ་རྒྱ་གར་ལུགས་ཀྱི་ཉི་མ་རེ་ལ་ལན་གཉིས་སློང་བའི་ལུགས་མེད་པས། རྟོག་པ་བྱེད་ཀྱང་ཕྱིན་ནཱ་ད་ཅིའི་ཟས་བླུག་པའི་སྣོད་ཅིག་འདུག་པ་ཁྱེར་ཏེ་བྲོག་ནས་བྱོན་པ་ལ་ཕྱི་བཞིན་མིས་བརྡས་པས་ཟིན་ནས། དེར་ནཱ་རོ་པ་བཏགས་ཏེ་འགུལ་མི་ནུས་པ་བྱས་སོ། །ཡང་བླ་མ་བྱོན་ནས་ཅི་ཉེས་

(༡༣)གསུང་པ་ལ། སྔར་གྱི་ལོ་རྒྱུས་བསྙད་པས་ཡང་ཕྱག་ཡུག་མཛད་པས་སངས་ཀྱིས་སོས། ཡང་དུས་ཅིག་གི་ཚེ་ན་ཏཻ་ལོ་པའི་ཞལ་ནས། ནཱ་རོ་པ་ཁྱོད་ཐང་ཆེན་པོའི་དི་ལ་ངལ་མ་སོ། །ཟས་སྐོམ་མ་འཐུང་བར་ཕྱམ་ཕྱམ་སོད་ཅིག་གསུངས་པས། ནཱ་རོ་པས་དེ་བཞིན་བྱས་པས་འགྱེལ་ནས་ཤིལ་ཡང་འདུག་ཙ་ན། ཏཻ་ལོ་པ་བྱོན་ནས་ཅི་ཉེས་གསུང་པ་ལ། སྔར་བླ་མས་དེ་སྐད་གསུང་པ་བཞིན་བྱས་པས། འདི་གཙུག་ཐལ་ལོ་བྱས་པས་ཡང་ཕྱག་ཡུག་བྱས་པས་སངས་ཀྱིས་སོས་སོ། །ཡང་དུས་ཅིག་གི་ཚེ་ན། ཏཻ་ལོ་པས་མེ་དགྱེད་ཆེ་བ་གསུམ་བུས་ནས། འདིའི་བར་དུ་བསྡོད་ནུས་པ་ཡོད་དམ་གསུང་། དེར་མི་གཞན་ན་མེད། ང་ལ་གསུང་བ་ཡིན་སྙམ་ནས། ནཱ་རོ་པས་བསྡད་པས་ཤ་ཐམས་ཅད་དང་རུས་པ་ཐམས་ཅད་དཀར་ཟངས་ཀྱིས་སོང་ནས། ཀུན་གཞི་བག་ལ་ཞ་བྲོས་ལ་ཁང་ཙ་ན། ཏཻ་ལོ་པ་བྱོན་ནས་ཕྱག་ཡུག་མཛད་པས་སངས་ཀྱིས་སོས་སོ། །ཡང་དུས་ཅིག་གི་ཚེ་ན་ཏཻ་ལོ་པས། ནཱ་རོ་པ་ལ། ཁྱོད་ཀྱིས་རྒྱལ་པོའི་བཙུན་མོ་ཁུག་ཅིག་བྱས་ནཱ་རོ་པས་

(༡༤)འགུགས་སུ་ཕྱིན་ཏེ། རང་དབང་མེད་པར་རྒྱལ་པོའི་བཙུན་མོ་ལ་བཇུས་ཏེ་བཀུག་པས། ཁོའི་འཁོར་རྣམ་ཀྱིས་བཏགས་པ་ལ་བླ་མའི་དོན་ཡིན་སྙམ་པ་ཙམ་གྱིས་སོས་སོ། །ཡང་དུས་ཅིག་གིས་ཚེ་ན་རྒྱལ་པོའི་བཙུན་མོ་ཁྱོགས་ལ་བཏེག་ནས་བྱུང་བ་ལ། ཏཻ་ལོ་པ་ན་རེ། འདི་ལ་འཇུ་ནུས་པ་ཡོད་དམ་གསུང་། ནཱ་རོ་པས་ང་ལ་ཟེར་བ་ཡིན་སྙམ་ནས་འཇུས་པས་རྒྱལ་པོའི་འཁོར་བས་བརྡུངས་སོ། །དེ་ལ་ཏཻ་ལོ་པ་བྱོན་ནས་ཕྱག་ཡུག་པ་མཛད་པ་སངས་ཀྱིས་སོས་སོ། །ཡང་དུས་ཅིག་གིས་ཚེ་ན། བློན་པོའི་ཆུང་མ་ཁྱོགས་ལ་བཏེག་ནས་བྱུང་བ་ལ། ཏཻ་ལོ་པའི་ཞལ་ནས། འདི་ལ་འཇུ་ནུས་པ་ཡོད་དམ་གསུང་པ་ལ། ནཱ་རོ་པའི་ཐུགས་དགོངས་ལ་ང་ལ་ཟེར་བ་ཡིན་སྙམ་ནས་འཇུས་པས། བློན་པོའི་འཁོར་བས་ཡན་ལག་བཞིག་པ་ཅད་དོ། །ད་ང་མི་སོས་སྙམ་ཙ་ན། ཏཻ་ལོ་པ་བྱོན་ནས་ཁྱོད་ཅི་ཉེས་གསུང་། །བློན་པོའི་ཆུད་མ་ལ་འཇུས་པས་ཁོང་གིས་བཅད་ཞུས་པས། དེར་ཏཻ་ལོ་པས་ཡན་ལག་བཞི་ཀ་མཐུད་ནས་ཕྱག་ཡུག་མཛད་པས་སོས་སོ། །དེ་ཐམས་ཅད་དུ་བླ་མ་ལ་མི་དང་པའི་སེམས་སྐད་ཅིག་

(༡༥)ཀྱང་མ་སྐྱེས་པ་ཡིན་གསུང་ངོ་། །དེ་ལྟར་ནཱ་རོ་པས་ལོ་བཅུ་གཉིས་སུ་བསྡད། དཀའ་བ་བཅུ་གཉིས་སྦྱང་། ཞབས་རྟོགས་བྱས་ནས་དབང་།།།།།ངག་ཞུ་དགོས་སྙམ་ནས། རང་གིས་ཁྲག་གིས་མཎྜལ་ཕུལ་ནས་ཞུས་པས། རང་གི་རིག་པ་དེ་ཁོ་ན་ཉིད་ཀྱིས་ཡེ་ཤེས་ཏེ། ཏཻ་ལོ་པ་ལ་བསྟན་དུ་ཅི་ཡང་མེད་དོ་གསུང་། དེ་ལས་མ་གནང་གསུང་། ཡང་དུས་ཅིག་ན་ཕྱག་འཚལ་སྐོར་བ་བྱས་ནས་བདག་རྗེས་སུ་བཟུང་བར་ཞུ་འཚལ་བྱས་པས། སྤྱན་ཕར་ཅར་ཚུར་ཅར་མཛད་ནས། མཆི་ལྷམ་ཕུད་ནས་འདུག་པ་བླངས་ནས་སྨིན་འཚམས་སུ་རྒྱབ་བས། ནཱ་རོ་པ་རྒྱལ་རྒྱལ་བ་སངས་ཙ་ན། གསང་སྔགས་རྒྱུད་སྡེ་བཞི་ཚིག་དང་དོན་དུ་བཅས་པ་རྣམ་བློ་ལ་སྦྱུང་ངེ་འདུག །ཁྱད་པར་དུ་ཡི་གེ་ཨ་ཐུང་གི་གདམ་ངག་དངོས་སུ་གནང་བ་ཡིན་གསུང་ངོ་། །དེར་ངས་ཀྱང་ཞབས་རྟོག་རེ་ཙམ་བགྱིས་ཏེ། བླ་མས་ཀྱང་ཐུགས་ལ་བཏགས། བྱིན་གྱིས་བརླབས། དོན་གྲུབ་སྙམ་ནས་གཞན་དུ་བྱོན་ཙ་ན། གར་ང་ལ་བཤད་པ་དང་སྒྲུབ་པ་གཉིས་ཀའི་གདམ་ངག་ཡོད་པ་ལ། བཤད་དམ་སྒྲུབ་པ་མ་དྲི་སྙམ་ནས་སླར་ལོག་ནས་ཞུས་ཙ་ན།

(༡༦)ཐོད་པ་དག་གི་ནང་དུ་རྣམ་སྣང་རླངས་པ་རོངས་པ་ཅིག་བླུག་ནས། མིའི་རྩིབ་མའི་ཐུར་མ་ཅིག་རྩུགས་ནས་བྱིན་ཏེ། ནཱ་རོ་པ་ཁྱོད་འདི་ཟོ་ལས་དོན་གོ་བར་གྱིས་ཅིག་གསུང་ནས་བྱོན་པས། ཟོས་པས་རོ་སྔོན་མ་མྱོང་བ་རོ་བརྒྱ་དང་ལྡན་པ་ཤིན་ཏུ་ཞིམ་པ་ཅིག་བྱུང་བས། དེར་ནཱ་རོའི་ཐུགས་དགོངས་ལ། ཐོད་པའི་དྲི་ཆེན་དང་། མིའི་རྩིབ་མའི་ཁེམ་བུ་ནི་མི་གཙང་བའི་རྫས་ཡིན་པ་ལ། བྱིན་བརླབས་ཀྱིས་ཤིན་ཏུ་ཞིམ་པར་འདུག །དེ་བཞིན་དུ་ཆོས་མ་བྱས་ན་མི་གཙང་བའི་རྫས་དང་འདྲ། བསྒོམས་ན་མིས་ཙང་བ་དེ་བྱིན་གྱིས་བརླབས་པ་དང་འདྲ་བར། དེ་བསྒོམས་ཅིག་བྱའི་བརྡ་ཡིན་སྙམ་ཙ་ན། བླ་མའི་ཞལ་ནས། ཁྱོད་རང་གིས་གོ་བ་ཁོ་ན་ལྟར་ཡིན་གསུང་། དེ་ནས་ཕྱི་ཕྱག་བཙལ་ནས་བཞུད་པའི་ལམ་ཁར། གྲོང་ཁྱེར་ཆེན་པོ་ཅིག་དུ་བྱོན་ཙ་ན། འདི་རྣལ་འབྱོར་པ་བཟང་པོ་ཅིག་བདུག་ཟེར་ནས་འབུལ་བ་བྱེད་པ་མང་པོ་བྱུང་། དེར་མུ་ཏིག་མཁར་གཞོང་གང་པ་ཅིག་རྙེད་ནས། །དགའ་ནས་བླ་མའི་སྤྱན་སྔར་བྱོན་ནས། བླ་མ་ཡང་བཀའ་དྲིན་ཆེ་སྟེ། ང་ཡང་ཞབས་ཏོག་མི་ཆུང་སྙམ་ནས་

(༡༧)འབུལ་དུ་བྱོན་ཙ་ན། བླ་མའི་ཐུགས་དགོངས་ལ་ནཱ་རོ་པའི་དད་རུང་། རྣལ་འབྱོར་པ་བཟང་པོར་མི་འདུག་སྙམ་ནས་ནཱ་རོ་པའི་ཐུགས་རྒྱལ་བཅག་པའི་ཕྱེད་དུ། བླ་མ་མུ་ཏིག་གི་ཁྲི་ཆེན་པོ་ཅིག་གི་སྟེང་ན་བཞུགས་ནས་འདུག་པས། བླ་མ་ཏཻ་ལོ་པ་ཐུགས་ཀྱི་སྐོར་མཛོད་ལ་མངའ་མཛད་པ་ལ། ངའི་དེ་འདྲ་བ་ལ་ངོ་མཚར་ཆེ་རྒྱུ་མེད་སྙམ་ནས་དཀྱིལ་འཁོར་ལ་གཏོར་ནས་ལོག་ནས་བྱོན་ཏེ། བླ་མ་ཏཻ་ལོ་པའི་དྲུང་ནས་ཡུལ་དུ་བཞུད་པའི་ལམ་ཁར་ཡང་གྲོང་ཁྱེར་ཅིག་ཏུ་ཕྱིན་ཙ་ན། དེ་འགར་བའི་གྲོང་ཁྱེར་དུ་འདུག །དེར་གཟིམས་ནས་ནང་བར་སྔ་མོར་ལངས་ནས་དགེ་སྦྱོར་བྱས་པས། འགར་ཆུང་གི་ཡིད་ལ་ནམ་ལངས་སོ་སྙམ་ནས་ཐུག་བྱས་པས། འགར་བ་ཐམས་ཅད་བཏུག་ཏིར་གྱིས་སོང་ནས། བསྒོམ་དུ་མ་བདེ་བ་ལ་ཞེ་སྡང་སྐྱེས། འདི་སུས་ལན་མང་དུ་བསམ་པས་རང་གིས་ལན་འདུག་སྙམ་ནས། དུས་དེར་ཞེ་སྡང་གི་རྩ་བ་ཆོད། མ་རིག་པ་ངོ་ཤེས། དེ་སྐྱེ་མེད་དུ་ཤེས། དེ་བླ་མའི་དྲིན་དུ་ཤེས་ཏེ། དུས་དེར་ཆོས་ཀྱི་རྩ་བ་ཆོད་པ་ཡིན་གསུང་།

(༡༨)དེ་ནས་དཔལ་ན་ལེནྟར་བྱོན། དེའི་གཙུག་ལག་ཁང་དེ་ལ་སྒོ་བཞི་བསྲུང་བའི་པནྜི་ཏ་བཞི་དགོས་པ་དེ་ཙ་ན། ཤར་ན་ངག་གི་དབང་ཕྱུག་གྲགས་པ། ལྷོ་ན་ཤེས་རབ་འབྱུང་གནས་སྦས་པ། ནུབ་ན་རད་ནཱ་ཀར་ཤིནྟི་པས་བསྲུང་ལ། བྱང་སྒོ་བསྲུང་བའི་པཎྜིི་ཏ་མེད་པས། རྒྱལ་པོས་ནཱ་རོ་པ་ལ་ཞུས་པས། ནཱ་རོ་པའི་ཐུགས་དགོངས་ལ་ག་རེ། བླ་མའི་ཞལ་ནས། ང་ལ་སྒོ་བཞི་བསྲུང་བའི་སློབ་དཔོན་པཎྜི་ཏ་དེ་མ་བྱེད་ཅིག་གསུང་པ་ཡིན་ཏེ། དོན་ཆེ་བས་བྱས་ཀྱང་མི་ལྟོ་སྙམ་ནས་ཁས་བླངས་ཏེ། དེར་རྒྱལ་པོས་སྤྱི་བོས་བཏེག །དབང་བསྐུར། ཆོས་བཤད། གཉིས་ཀ་མཛད། དེ་ནས་དུས་ཅིག་ན། བྱང་སྒོར་མུ་སྟེགས་ཅིག་བགྲོ་གླེངས་ལ་བྱུང་བས། ནཱ་རོ་པས་ཉི་མ་དང་པོ་ལ་མ་ཐུག་ཁོ་རྒྱལ། དེར་བཙུན་པ་རྣམ་གནས་ཤོར་གྱིས་དོགས་ཙ་ན། ནཱ་རོ་པས་དེའི་ནུབ་མོ་བླ་མ་ཏཻ་ལོ་པ་ལ། གསོལ་བ་བཏབ་པས་ཏཻ་ལོ་པ་མདུན་དུ་བྱོན། །དེར་བླ་མ་ནཱ་རོ་པས་ཐུགས་རྗེ་རེ་ཆུང་། ཁས་སང་བགྲོ་གླེངས་བྱེད་ཙ་ན་རོགས་མི་མཛད་པར་བྱས་ཙ་ན། ཏཻ་ལོ་པའི་ཞལ་ནས། ཁྱོད་ཀྱི་དྲུང་ན་ཡོད་དེ། ཁྱོད་ཀྱིས་

(༡༩)ངའི་བཀའ་ཅག་པས་ལན་པ་ཡིན། ང་ཁྱོད་བགྲོ་གླེངས་བྱེད་ཙ་ན་ལག་པ་སྡིག་འཛུབ་གྱིས་ལ་ཁོ་ལ་གཏོང་ལ་དེ་ནས་བགྲོ་གླེངས་གྱིས་གསུང་། དེ་ནས་སང་ཡང་བགྲོ་གླེངས་ལ་ཚོགས་ཙ་ན་སྡིག་འཛུབ་ཁོ་ལ་གཏད་པ་ཙམ་གྱིས་མུ་སྡེགས་ཐམས་ཅད་འདར་ཡེངས་ཡེངས་བྱེད་ནས། མུ་སྟེགས་མང་པོ་ཅིག་འཕམ་ནས་ནང་པ་སངས་རྒྱས་པ་ལ་ལོག་པ་ཡིན་གསུངས། གཞན་ཡང་བྱང་ཕྱོགས་ཀྱི་སྒོར་གླང་པོ་ཤིན་དུ་ཆེ་བ་ཅིག་ཤིབས། རོ་དེ་ལུས་ན་བྱང་ཕྱོགས་ཐམས་ཅད་དུ་ནད་འོད་ཟེར་ནས་མི་དེ་རྣམ་མྱ་ངན་གྱིས་ཟིན་པ་ལ། དེར་ནཱ་རོ་པས། གྲོང་པས་ཐག་གར་བདེ་བ་ཅིག་ཏུ་འདིའི་རོ་ཤོང་བའི་ཁུག་ཅིག་བྲུས་ཅིག་བྱས་ནས། དེ་ལ་རླུང་སེམས་གྲོང་བཇུག་བྱས་ཏེ། གླང་པོ་ལ་ཞུགས་ནས་གླང་པོ་ཆེ་དེའི་རོ་ཁུང་དེར་སྐྱལ་ནས། སློབ་དཔོན་ཉིད་ལ་ཞུགས་གསུང་། གཞན་ཡང་ནཱ་རོ་པས་ཁྲུས་བྱེད་པའི་དུས་ན། ཨཥྚ་ནའི་བསྲུང་བ་འཁོར་ལོ་ཅིག་ཡོང་པ་དེ་ཕ་ཚད་དུ་བཞག་པས། བྱ་རོག་ཅིག་གིས་ཁྱེར་ནས་

(༢༠)སོང་བ་ལ། ནཱ་རོ་པས་བྱ་རོག་ལ་སྡིག་འཛུབ་ཅིག་གཏད་དེ། ལྟ་སྟངས་ཅིག་བྱས་པས་བྱ་རོག་དེ་རེངས་པ་ཡིན་ཏེ། ཕྲིན་ལས་གྲུབ་པའི་རྟགས་སོ། །དེ་ནས་ནགས་ཀྱི་པུཥྤ་ཧ་རིའི་དགོན་པར་གཤེགས་ནས། ལོ་བཅུ་གཉིས་བསྒོམས་པས་རིག་པ་བརྟུལ་ཞུགས་ཀྱིས་སྤྱོད་པ་ནུས་པ་ཅིག་བྱུང་། དུས་ཅིག་གི་ཚེ་སློབ་དཔོན་ཤཱནྟི་པ་དཔོན་གཡོག་རྣམས་ཚོགས་འཁོར་མཛད་ནས། འཁོར་ཅིག་གཏོར་མ་སྐྱེལ་དུ་བཏང་ཙ་ན། གཏོར་སྟེགས་ཁ་ན་རྣལ་འབྱོར་པ་གཅེར་བུ་པ་ཅིག་འདུག་པས་བྲེད་ཁྱིམ་དུ་ལོག་ནས་འདི་ལྟ་བུ་ཅིག་སྣང་བྱས་པས། སློབ་དཔོན་ན་རེ། ང་ཡིས་བལྟ་ཡིས་གསུང་ནས་བཤེགས་པས་ནཱ་རོ་པ་ཆེན་པོ་ཡིན་པར་འདུག་གསུང་། འཁོར་གྱིས་ཁོང་འདིར་ཅི་ལ་ཕྱིན་དྲིས་པས། ཁྱོད་ལྟ་བུས་ཚོགས་འཁོར་བྱས་སམ། ཚོགས་ཀྱི་དཔོན་ང་ལྟ་བུས་བྱེད་དགོས་བྱ་བའི་བརྡ་ཡིན་གསུང་། ཡང་དུས་ཅིག་གི་ཚེ། པཎྜི་ཏ་རིག་པའི་གནས་ལྔ་ལ་མཁས་པ་ཅིག་འཁོར་དང་བཅས་པ་བཞུགས་ཙ་ན། ནཱ་རོ་པ་དཔོན་གཡོག་ཚན་ཅིག་ཀྱང་དེར་ཕྱིན་ནས་བཞུགས་པ་ལ། པཎྜི་ཏ་དེས་ནཱ་རོ་པ་ལ་གང་མང་གཞུ་བྱས་པས། ཁྱོད་

(༢༡)མཁས་པ་ཆེན་པོ་ཡིན་ཡང་། ང་སྒྲུབ་པ་པོ་ཡིན་པས་སྒྲུབ་པ་པོས་མཁས་པ་ལ་གང་མ་ངག་བཤད་པར་གསུང་པ་ཡིན་པས་ངས་བཤད་ཀྱིས་གསུངས་པས། པཎྜིི་ཏ་དགའ་ནས་ཡོང་ཙ་ན། སྲོད་ལ་གླིང་བུའི་སྒྲ་དི་རི་རི་འདུག་པས། པཎྜིི་ཏའི་རྨི་ལམ་ན་གཏོར་མ་མཛད་པ་ཡིན་སེམས་ཙ་ན། ནང་བར་ནཱ་རོ་པ་གཤེགས་ནས་མི་འདུག །དེར་གར་བཞུད་དྲིས་པས་ཕྱོགས་འདི་ཞེས་བྱ་བར་ངའི་བླ་མ་བྱོན་པས་དེར་འགྲོ་དགོས་པར་འདུག་ཟེར་ནས་བཞུད་ཟེར། ཡང་དུས་ཅིག་ན་ཐོད་པ་ཐོགས་ནས་སློང་པའི་སྤྱོད་པ་མཛད་པ་ལས། སུ་ཕྲང་ཕྲད་ལ་སློངས་གསུངས་པས། ཇག་པ་ཚན་ཅིག་གིས་ཆུ་གྲི་ཐོད་པར་བཅུག་སྐྱོམས་མཛད་པས། དེ་ལྟེམས་ཀྱིས་ཞུ་ནས་གསོལ་གསུང་། དེ་ལ་སོགས་པ་སེང་གེ་ལ་ཆིབས་ནས་ནམ་མཁའ་ལ་གཤེགས་པའམ། རྫུ་འཕྲུལ་ཡ་མ་ཟུང་མང་པོ་བསྟན་པའམ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མཉེས་པས་ཡོན་ཏན་དཔག་ཏུ་མེད་པ་མངའ་བ་ཡིན་གསུང་།། །།

(༢༢)

(༢༣)རྗེ་མར་པ་དང་རྗེ་བཙུན་མི་ལའི་རྣམ་ཐར་བཞུགས་སོ།། །།

(༢༤)དེའི་སྲས་སུ་གྱུར་པ་མར་བ་ལོ་ཙྪ་བ་འདི་ཉིད་ཡིན་ཏེ། དེ་གཞོན་པའི་དུས་མི་ཐམས་ཅད་དང་འཐབ་པ་ལ་དགའ་བ་ཅིག་ཡིན་པས། ཕའི་བསམ་པ་ལ་ངའི་འདིས་མི་བསོད་དམ། ཡང་ན་འདི་མིས་བསོད་ངེས་པས། འདི་སློབ་གཉེར་ལ་བཏང་ན་ཤེས་པ་བྱེ་བ་སྲིད་སྙམ་ནས། ཀ་ཅ་མང་པོ་བསྐུར་ནས་འབྲོག་མི་ལོ་ཙྪ་བ་ཅན་དུ་བ་བཏང་སྟེ། དེར་འབྲོག་མི་ལ་རྟ་ཅིག་ཕུལ་ནས་

(༢༥)ཆོས་ཉན་པ་ལ། འབྲོག་མི་ལོ་ཙྪ་བ་ཆོས་ལ་དམ་པར་བྱུང་ནས། བལ་ཡུལ་དུ་བྱོན་ནས། བལ་པོ་སྤྱི་ཐེར་བ་ལ་ཆོས་ཉན་ཙ་ན། བལ་པོ་ཀུན་ཡང་རྒྱ་གར་དུ་ཆོས་ཉན་དུ་འགྲོ་ཡིན་འདུག་ནས། དེར་ཅིས་ཏེ་མི་འགྲོ་སྙམ་ནས་རྒྱ་གར་དུ་བྱོན། དེ་དང་པོ་བླ་མ་པེནྟ་བ་དང་། ཀརྨ་ཙ་ཞེས་བྱ་བ་དང་མཇལ་ནས་ལོ་གསུམ་བརྟེན། དེ་ནས་བོད་ཀྱི་བྱང་གསེར་ཁ་ཚུན་ཆད་དུ་བྱོན་ནས། པེནྟ་པ་ལ་གསེར་སྲང་གསུམ་ཕུལ་བས་ཤིན་ཏུ་མཉེས་ནས། ང་ལ་བླ་མ་ནཱ་རོ་པ་བྱ་བ་ཡོད་པས་ཁྱོད་དེར་སྐྱལ་ཅིག་གསུང་ནས། །

(༢༦)འབྲི་ཀ་མ་ཤྲི་ལར་སྤྲང་པ་ཡིན་གསུང་། དེ་ནས་ནཱ་རོ་པ་དང་མཻ་ཏྲི་པ་ལ་སོགས་པ་ལ་ཆོས་གནས་གསུང་། ཡོན་ཏན་གྱི་དབང་དུ་བྱས་ན། ནཱ་རོ་པའི་སྤྱན་སྔར་ལོ་དྲུག་བཞུགས་པ་ལ་སོན་པ་ཅིག་ཀྱི་ངམ་བྱུང་བ་ཡིན། བསོད་ནམས་བསགས་པའི་རྟགས་ནཱ་རོ་པ་དང་འཇལ་བ་ཅིག་བུས་ཆོག་པ་ཡིན་གསུང་། དེ་ནས་བཤད་རྒྱུད་དང་སྒྲུབ་བརྒྱུད་ཀྱི་མན་ངག་རྣམ་སྒོམས་ནས་བོད་དུ་བྱོན་པའི་ལམ་ཁར་ཆོས་བག་རེ་བཤད། དབུས་སུ་མར་པ་མགོ་ཡགས་ཀྱིས་གསེར་སྲང་བཅུ་ཕུལ་ནས་ཆོས་ཞུས། དེ་ནས་བསྣུབས་ལ་མཚོ་ལ་རྒལ་ནས་མན་ངག་ཡིག་ཆུང་རྣམ་ཆུ་ལ་ཤོར། གཉོས་ལོ་ཙྪ་བས་འཕྲག་དོག་བྱས་ནས་ཆུའོ་གངྒ་ལ་བསྐུར་ཟེར་བ་ཡང་ཡོད། ཡང་ལོག་ནས་བླ་མ་ཚོལ་དུ་ཕྱིན་པ་ལ། བླ་མ་ནགས་སུ་སྤྱོད་པ་ལ་གཤེགས་ནས་མ་རྙེད། ཐ་མ་རྙེད་ཙ་ན་གསུང་ངག་བཅད་ནས་མ་གནང་། བླ་མ་ཆོས་མི་འཆད་པར་རྫས་ཅི་ཡོད་སྤོང་དག་བྱས་ནས་ཐོང་བ་ཅིག་ལས་མ་བཟུང་བར་བདུག །ཚོགས་དཔོན་དང་བྱིན་རླབས་ཙམ་གནང་། བླ་མ་མར་བ་སློབ་མ་རྙིང་པ་ཡིན་

(༢༧)པས། ཐོད་པ་དེ་ཡང་གནང་། དེར་ལོ་གཉིས་བཞུགས་ནས་ཡང་དང་ཡང་དུ་ཞུ་བ་ཕུལ་བས། དེ་ནས་སྡོད་སྔར་བས་བག་རྩིང་བ་གནང་བ་ཡིན་གསུང་། དེ་ནས་ལྷོ་བྲག་དུ་བྱོན་ནས་བཞུགས་ཙ་ན། གཙང་རོང་གི་མེས་སྟོན་ཚོན་པོས་ཞིང་བྲེ་དྲུག་གིས་ནོར་གྱིས་བཀང་ནས་ཕུལ། ཆོས་ཞུས། དགེ་བཤེས་གཞུང་བས་དགེ་བཤེས་དགྱེར་ཆུང་བ་ལ་གསང་སྔགས་རྙིང་མ་གསན་ཅིང་བཞུགས་ཙ་ན། དགེ་བཤེས་དགྱེར་ཆུང་བས་བླ་མ་ལྷོ་པའི་ལོར་རྒྱུས་ཐོས་པས། རྡོག་ལ་རང་ཅག་གཉིས་ཁོང་ལ་ཆོས་ཉན་དུ་འདེང་གསུང་ནས། དེར་ལྷོ་བྲག་དུ་དཔོན་གཡོག་ལྔས་ཕྱིན་པས། བླ་མ་མར་བ་ལ་རྟ་ཅིག་ཕུལ། བླ་མ་ཀུ་རེ་གསུང་། ཁྱོད་ཀྱི་རྟ་འདི་ཕྱག་རྟེན་ཡིན་ན་ཆེས་འབུལ་བ་ཡིན་ན་ཆུང་ས་གསུང་། དེར་ཆོས་གསན་པས་གདམས་པ་ཤིན་ཏུ་ཆེ་བར་དགོངས་ནས། མེས་ཚོན་པོས་ཀྱང་བཙུན་པ་བཏང་ནས་གཙང་དུ་འབྱོན་པའི་ཞུ་བ་ཕུལ་བས། མར་བ་ལྷོ་བྲག་པ་ཡར་བཞུད་པའི་ཐུགས་དགོངས་བྱས། གཞུད་པའི་བསམ་པ་ལ། ད་ནི་གཙང་

(༢༨)དུ་མི་ཐོན་ཕ་མ་གཉིས་ཀྱང་ཡོད། ཆོས་ཀྱི་ང་འཕྲོད་འདུག་པས་བསྡད་སྙམ་ནས་གཞུང་དུ་གཤེགས་པར་ཞུས་པས་རུང་གསུང་ནས། དེར་བྱོན་འབྲིག་ནས་བདུན་བཅུ་ཐམས་པ། སྦྲ་ཅིག་ཁྱི་ཅིག །དཀར་ཡོལ་ཅིག་དང་བཅས་པ་ཕུལ། དེ་ནས་ཕྱིས་མི་ལས་གཡོག་བྱས་ལུག་བརྒྱ་དུ་མ་ཅིག་ཀྱང་ཕུལ་གསུང་རབས་ཕལ་ཆེན་ཅིག་གིས་སྣ་དྲངས་པ་པོ་ཏི་བརྒྱ་བཅུ་ཕུལ། དེ་རྣམ་ཕུལ་བས་བླ་མས་ཀྱང་ཆོས་གདན་བཞི། མ་ཧཱ་མ་ཡ། གུར། དགྱེས་རྡོར་ལ་སོགས་པ་གནང་གསུང་། དེ་མེན་ཡང་མི་ཆེ་མགུ་ཐམས་ཅད་ཀྱིས་ཞབས་རྟོག་བྱས་ནས་ཆོས་ཞུས་པས་གདམ་པ་གནང་བ་ལགས་གསུང་། །དེ་ནས་དུས་ཅིག་ན་སློབ་མ་རྣམས་བསགས་ནས་ཁྱིམ་ཅིག་དུ་བུག་པ་དང་། སྐར་ཁུང་བཀག་ནས། ཕུ་རོན་གྱི་རོ་ལ་རྣམ་ཤེས་བཅུག་ནས་འཕུར་ལ་ཁད་མཛད་པ་ཡིན། ཡང་དུས་ཅིག་ན་གཡག་ཅིག་ལྷོག་པས་ཤི་ནས་འདུག་པས། བླ་མའི་ཞལ་ནས་གཡག་ཤི་ནས་གདའ་འམ་གསུང་། འཁོར་ཅིག་གིས་ཤི་ནས་གདའ་བྱས་པས། བླ་མ་གཡངས་ཤུན་ཧྲུལ་པོ་ཅིག་

(༢༩)བསྣམས་ནས་བཞུགས་ཙ་ན། ཡངས་པ་ཅིག་ན་སྐྱལ་ནས་འདུག་གསུང་། ཕྱག་རྗེས་མཁར་དགུ་ཐོག་པ་ཅིག་བཙིགས། མདོ་མངས་ཅིག་བཞེངས། ཁོང་ལོ་ཙྪ་བ་ཆེན་པོ་དུས་རྟག་ཏུ་མི་བསྒོམ་པ་ལྟར་བཞུགས་ཀྱང་། རྟག་ཏུ་ཏིང་ངེ་འཛིན་ལས་མ་ཡེངས་པར་བཞུགས་པས་ཡིན། །ཆོས་ཉིད་བདེན་པ་གཟིགས་པ་ཡིན་ཏེ། སྤྲུལ་པ་ལྟ་བུར་བཞུགས་པ་ཡིན། བུ་སློབ་མ་བས་ཀྱང་ཡང་སློབ་བཟང་བྱ་བ་ལ་སོགས་པའི་ལུང་སྟོན་པ་ཡིན་གསུང་། དེའི་སྲས་སུ་གྱུར་པ་བླ་མ་རྔོག་གཞུང་པ་ཡིན་ཏེ། གཞོན་ནུ་ནས་ཐོས་པ་མང་པོ་བྱས། དེ་ནས་བླ་མ་མར་བ་དང་མཇལ། སྤོང་དག་ལན་གསུམ་བྱས་ནས་ཞབས་ཏོག་ཆེ་བས་བླ་མས་གདམ་ངག་མ་ལུས་པར་གནང་བ་ཡིན། རྨི་ལམ་སྒྱུ་ལུས་ཀྱི་སྒོ་ནས་བདག་མེད་མ་ལྷ་མོ་བཅོ་ལྔའི་ཞལ་གཟིགས་པ་ཡིན་གསུང་ངོ་། །༅། །དེ་གཉིས་ཀྱི་སྲས་བླ་མ་མི་ལ་རས་པ་ཡིན་ཏེ། གུང་ཐང་གི་གདུང་རུས་མི་ལ། མཚན་ཐོས་པ་དགའ་བྱ་བ་ཡིན་ཏེ། ཡབ་སྲས་གཉིས་ལས་མེད་པས་ཤིན་ཏུ་འཁས་

(༣༠)ཉེས་ཏེ། དབུས་སུ་མཐུ་ཚོལ་དུ་ཕྱིན་པས། མཐུ་མང་པོ་བརླབས་ནས་ཡར་ལོག །དེ་ནས་གཙང་རོང་དུ་སྟོན་པ་ལྷ་དགའ་བྱ་བ་ལ་ཆོས་གསན་པས། སྟོན་པ་ན་རེ་ཁྱོད་ད་རེ་སྐྱིད་དམ་ཆོས་རྫོགས་པ་ཆེན་པོ་ཐེག་པ་ཐམས་ཅད་ཀྱི་ཡངས་རྩེ། མན་ངག་ཐམས་ཅད་ཀྱི་ཉིང་ཁུ། ནང་རྟོགས་ན་ནང་སངས་རྒྱ། ནུབ་རྟོགས་ན་ནུབ་སངས་རྒྱ་བ་ཡོང་བ་ཟེར། ཕྱིས་བླ་མ་མར་བ་བྱོན་པ་ཐོས་པ་དང་། སྟོན་པ་ན་རེ་འོ་ཅག་གིས་ཆོས་འདི་ཡང་རྟག་ཏུ་བསྒོམས་ཀྱང་བསྐྱེད་མི་ཡོང་བར་འདུག་པས། ཁྱོད་མར་བ་ལོ་ཙྪ་བ་ཟེར་བ་གདམས་པ་ཅན་ཅིག་བྱོན་ཟེར་བས་དེར་སོང་། ང་ན་སོ་རྒས་པས་འགྲོ་མི་ནུས། ནུས་ན་འགྲོ་བ་ཡིན་ཏེ་གསུངས་པ་དང་། བླ་མ་མར་བའི་སྙན་པ་ཐོས་པས་སྔོན་གྱི་བག་ཆགས་སང་ནས། བླ་མ་མར་པའི་དྲུང་དུ་བྱོན་ནས། ང་ལ་བརྒྱགས་ཀྱང་མེད་ཆོས་དང་ཟང་ཟིང་གཉིས་ཀ་ཞུ་བྱས་པས། གཉིས་ཀ་མི་འོང་གང་འདོད་གསུངས་པས། ཆོས་འདོད་བྱས་པས་འོ་ན་ཆུ་ལེན་པ་ལ་སོགས་པ་གྱིས་གསུང་། དེ་ནས་མིང་མཐུ་ཆེན་བྱ་བར་བཏགས་སོ། །དེའི་ནང་པར་ནས་ཉེ་གནས་སུ་ཆུད། དེའི་ལོ་རྒྱས་

(༣༡)མང་དུ་ཡང་ཡོད་གསུང་། དེར་བླ་མ་མར་པ་ལོ་ལྔ་བརྟེན། སྒྲུབ་བརྒྱུད་ཀྱི་གདམ་ངག་རྣམ་ཞུས། །དེ་ནས་རྔོག་ལོ་གཅིག་བརྟེན་ནས། རྔོག་གི་དགྲ་ལ་སེར་བ་ཕབ་ནས་ཞབས་ཏོག་བྱས། ཞུ་བཏུག་བྱས་པས་ལྷག་ཆད་མེད་པར་བྱུང་བས། བླ་མ་མར་པ་ལ་ཕྱིས་དད་པ་ཅིག་བྱུང་གསུང་། དེར་མི་ལ་ཕུག་ཏུ་མར་མེ་ཅིག་མགོ་ཐོག་ཏུ་གཞག་ནས་བསྒོམས་པས། ནམ་ཕྱེད་ཙམ་ནས་སྤྱན་ཕྱེ་གསད་ཀར་ཡལ་ལེ་འདུག་ནས། ངལ་དེ་མ་ཐོག་དུ་ཡོན་ཏན་ཅིག་སྐྱེས་སྙམ་ཙ་ན་མར་མེ་བརྗེད་པ་ཡིན་པར་འདུག་གསུང་། ཡར་ཡུལ་དུ་བཞུད་འདོད་པ་ལ་བླ་མས་བཞུད་མ་སྟེར། དེར་ཡང་ཡང་ཞུ་བ་བྱས་པས་བླ་མས་གནང་ནས། དེ་ནས་གུང་ཐང་དུ་བྱོན་ཙ་ན་ཡབ་འདས་ནས་ལོ་མང་པོ་སོང་འདུག །སྔོན་གྱི་ཁང་ཐོག་ལ་རྩ་སྐྱེས་སྒོ་ཀུན་ཡང་ཧར་ཧར་པོ་སོང་། དེར་གཟིམས་པས་ཐུགས་ཤིན་ཏུ་མུག་པར་བྱུང་ནས། སང་གི་ཉི་མ་ལ་ཁང་པ་དང་། ཞིང་ཁ་ཡོད་པ་སྔོན་གྱི་སློབ་དཔོན་སྔགས་པ་ཅིག་ལ་ཕུལ་ནས། གྲོད་བལྟག་གི་དགོན་པ་ཅིག་ཏུ་བྱོན་ནས་འོག་

(༣༢)སྟན་དང་མ་བྲལ་བར་བསྒོམས་གསུང་། བརྒྱགས་ནི་མེད་ཟས་ལ་ལྟོ་བྱས་པས་བླ་མ་སྔོན་པོར་སོང་། ཁོག་མ་དང་ཕོར་པ་གཟའ་རུ་ཡང་སྔོན་པོར་སོང་། སྲིང་མོ་དང་ནེ་ནེ་གཉིས་ཀྱི་ནས་ཕུལ་ཙྭ་ལྔའི་ཆང་ཁྱེར་ནས་བྱུང་། ཁོང་རང་གཉིས་དང་གསུམ་ཀས་འཐུངས་པས་ཆེར་མ་ཐུབ། ཉིན་ཅིག་ཁོང་རང་གཉིས་ངེད་ཀྱི་མིང་པོ་འདི་ཅི་ཉེས་པོ་ཡིན་འདི་ཙུག་སོང་བ་ཟེར་ནས་དུས་པས། དེར་བླ་མས་ལུས་ལ་བལྟས་ཙ་ན། ཤ་ཡེ་མེད་པར་རུས་མགོ་ལྤགས་ཀྱིས་གཡོགས་པ་ཙམ་དུ་སོང་ནས་འདུག །རྐང་སྐྱ་བཏང་དེ་ཙམ་ལས་མི་འདུག །སྔར་དེ་ཙུག་མ་རྟོགས་གསུང་། དེ་ནས་རི་ལ་གཤེགས་ནས་སྟོན་རྩས་མའི་ཚེ། ཡུལ་མཐོང་བའི་ལ་ཁར་བྱོན་པས་རྩས་མ་རྔ་ནས་འདུག །གནག་ལུག་ཐམས་ཅད་ཀྱིས་རླུངས་བཀང་ནས་འདུག་པས་འགྲོ་སྙིང་འདོད་པར་བྱུང་ནས་བྱོན་པས་ཞོ་མར་མང་པོ་སྟེར་བ་བྱུང་གསུང་། དེར་ཞག་གཉིས་གསུམ་བཞུགས་པས་སྐྱོ་བ་སྐྱེས་ནས་ཡར་རིལ་གཤེགས་ནས་ཡུན་རིང་དུ་བསྒོམས་པས་ལོག་གསུམ་ན་རས་ཐུབ་ནས་

(༣༣)སྲིང་མོ་ལ་གོས་བྱས་མི་དགོས་བྱས་པས་ངའི་མིང་པོ་གྲུབ་པ་ཐོབ་ཟེར་ནས་དགའ། ཡང་དུ་ཅིག་ན་རྒྱགས་ཟད་ནས་ཡུལ་ན་མར་ལ་སློང་ཕྱིན་ཙ་ན། ཆོ་ག་བྱེད་པ་ཅིག་གི་སྒོ་ཙ་ན་སྤྲང་པོ་ཚན་བཅིས་བདུས་པའི་སེབ་ཏུ་བཞུགས་ཙ་ན། གྲལ་ནས་སྔགས་པ་ཚན་ཅིག་ཆོས་གཏམ་བྱེད་འཕྲོ་ལ། །ཅིག་ན་རེ་མི་ལ་རྣལ་འབྱོར་པ་ཅིག་བསྒོམ་དུ་སོང་ནས་ལོ་མང་པོ་ལོན། དེ་ད་ལྟ་གྲུབ་པ་ཐོབ་ནས་ཡོད་ཟེར་བ་ལ། ཅིག་ན་རེ་དེ་ཁོ་ཡིན་པར་ངོ་མཚར་ཆེ་ཞལ་བལྟ་དགོས་ཚོལ་དུ་ཕྱིན་ན་རྙེད་དམ་ཟེར་བ་ལ། ཅིག་ན་རེ་འདི་རང་ན་དི་རིང་འདུག་ཟེར། དེ་ཅང་ཡིན་ཁོ་རི་ལ་བསྒོམ་པ་ལ་བྱས་པས། ཅིག་ན་རེ་དེ་ཁོ་ཡིན་པར་ངོ་ཤེས་པ་ལ་ཟེར། འོ་ན་དེ་གང་ཡིན་ཟེར་པ་ལ། བླ་མ་ལ་བཟུང་ནས་འདི་ཡིན་ཟེར། དེར་ངའི་མཆོད་གནས་བྱེད་ཟེར་ཞིང་མ་མཐུན་པས་ད་རེ་མི་དགར་བྱུང་གསུང་། དེར་ཁོང་ཚོལ་བ་ལ་ཡེངས་ཀྱི་བར་དུ་བྲོས་ནས་ཅིག་ཅར་རི་དགོན་ལ་གཤེགས་ནས། ཉི་མ་རྒྱད་ཙན་ཕར་རང་བྱོན་ནས། ཡུལ་དུ་ཡེ་མ་ཕྱིན་པར། མང་ཡུལ་གུང་ཐང་གི་རི།

(༣༤)བྲག་དཀར་རྟ་སོ་བྱ་བ་ལ་ཡུན་རིང་དུ་བཞུགས་ནས་དུས་ཅིག་གི་ཚེ། བླ་མ་བསོད་ནམས་ཆེ་བས་གུང་ཐང་གི་གནས་ཆུང་ཅིག་གིས་ཕྲ་དོག་བྱས་ནས་དམའ་ཕབ་པའི་ཆེད་དུ་ཁོང་གིས་སྤྱན་དྲངས་དེར་བྱོན་པས། བཙུན་པ་རྣམས་ཀྱིས་ཁྱེད་གྲུབ་པ་ཐོབ་པ་ཡིན་པས་ངེད་ཀྱིས་མཆོད་གནས་བྱེད་ཟེར་ནས། ལྷ་ཁང་ནང་དུ་བཅུག་ནས་སྒོ་ལྕགས་ཕྱིར་དྲངས་ཏེ། ཕྱི་རུ་ཕྱིན་ཙ་ན་བླ་མ་ཡང་བྱོན་འདུག །དེར་ཡིད་མཆེས་ནང་དུ་བལྟས་ཙ་ན་ནང་དུ་བཞུགས་འདུག་པས། དེར་གྲུབ་པ་ཐོབ་པར་ཤེས་པས་བཙུན་པ་ཀུན་གྱིས་བཟོད་གསོལ་བྱས་སོ། །དེ་ནས་སྙེན་མ་དང་མང་ཡུལ་གཉིས་ཀྱི་རི་ལ་གཤེགས་པ་ཡིན། ཡང་དུས་ཅིག་ན་རབས་ཆད་རྒན་རྒོན་གཉིས་ཀྱི་མཆོད་གནས་བྱས་ཏེ། ཕྱེ་བྱེ་དྲུག །མར་ཚུད་བུ་ཅིག་ཤ་གཟུག་ཅིག་བསྣམས་ནས་ལ་ཕྱི་གངས་ལ་གཤེགས་པས། དགུན་རིལ་གྱིས་ཁ་བ་བྱུང་ནས། དེར་ཡུལ་མི་ཐམས་ཅད་ཀྱིས་རྒན་རྒོན་གཉིས་ལ་གྱོད་བརྡལ་བྱས། རྒན་རྒོན་གཉིས་བླ་མའི་ཕྱོགས་སུ་ཁ་བལྟས་ཡིན་དུ་བ་མེན་པ་གཞན་མེད། སང་དཔྱིད་ཀ་ཁ་བ་ཨེན་ཅིག་ཞུ་ནས། གལ་ཏེ་རྒྱ་ལ་བླ་མ་མ་འདས་པར་ཡོད་པ་དག་སྲིད་དམ་བྱས་ནས་མི་གསུམ་ལ་རྒྱགས་ཕྱེ་དང་། ཁ་ལྷམ་བསྐུར་ནས་ཚོལ་དུ་བཏང་བས། མི་གསུམ་པོས་ཁ་བ་ཞུ་བའི་འཁར་ཕྱིན་ནས་པོས་པས། བླ་མའི་ཐུགས་དགོངས་ལ་མི་ཡེ་མི་ཡོང་།

(༣༥)རི་དགས་ཡིན་དགོངས་པ་ལ། འོན་ཀྱང་མི་སྐད་ཇི་འདྲ་ཇི་འདྲར་བྱུང་ནས། དུ་བ་བཏང་དེར་དུ་བ་མཐོང་ནས་དུ་བས་དྲུང་དུ་ཕྱིན་ཙ་ན་བླ་མ་བཞུགས་ནས་འདུག་པས། ཕྱེའི་སུམ་ཆ་ཙམ་ཅིག་འདུག །མར་ཕྱེད་ཙམ་ཅིག་འདུག །མི་གསུམ་པོ་ལ་བྱིན། ཞག་གསུམ་ཙམ་ངལ་གསོས་ནས་ཡུལ་དུ་བྱོན་ཙ་ན། ལམ་དུ་མི་གསུམ་པོ་ཁ་བས་འཁྱགས་ནས་བླ་མའི་དྲུང་དུ་ཉལ་བས་དྲོ་བར་བྱུང་ཟེར། དེར་ཡུལ་དུ་བྱོན་པས་ཡུལ་མིས་ཕྱག་བྱས་ནས་སྙུང་གསོལ་བས། བླ་མས་དེའི་ཚེ་ན་ལ་ཕྱི་གངས་ཀྱི་མགུར་བཞེངས་པར་ཡིན་གསུང་། ཡང་དུས་ཅིག་ན་བླ་མ་བལ་བོར་ཐུགས་གཏང་ནས་དཔོན་སློབ་ཚན་ཅིག་གཤེགས་པ་ལ། ལམ་དུ་ཚོང་པ་མང་པོ་དང་ཕྲད་པས། ཚོང་དཔོན་གྱིས་བླ་མའི་སྦ་མཁར་ལ་འཇུས་ནས་ཁྱོད་སུ་ཡིན་ཟེར་བས། བླ་མའི་ཞལ་ནས་ང་ལྟ་སུ་ཡིན་ཆ་ཡོད་དམ། ད་ལྟ་སུ་ཡིན་མ་ཤེས་ན། ང་ལ་མི་ལ་རྣལ་འབྱོར་ཡིན། བྱ་བ་ལ་སོགས་པའི་བྲ་མཁར་གྱི་མགུར་དེ་བཞེངས་

(༣༦)པ་ཡིན་གསུང་། དེ་ནས་ཡུལ་མཐོང་བའི་ལ་ཀ་ཅིག་ཏུ་བྱོན། ང་ཡུལ་དུ་མི་འགྲོ་རི་རྩེ་འགྲིམ་དུ་འགྲོ་གསུང་། འཁོར་གྱིས་ངེས་པར་རི་རྩེ་ཅིག་འགྲིམ་ན་ལོ་བདུན་ཡང་མི་དྷོ་ལ་ན། ཡུལ་དུ་གཤེགས་པར་རྒྱུ་བྱས་པས་མ་གཞད། མི་ལ་རྣལ་འབྱོར་རི་ཡ་ཀི་ལ་གཤེགས་བྱས་པས་ལག་བསྟོད་དུ། མི་གཅེས་པ་ཅིག་ཤི་ནས་ཆོས་སྟོན་བྱེད་པ་ལ། མི་མང་པོ་ཁྲིད་ནས་བཙལ་བས་རྙེད་ནས་ད་ཡུལ་དུ་སྤྱན་དྲངས། དེར་ཚོགས་པ་ཐམས་ཅད་ཀྱིས་ཀྱང་འབུལ་བ་མང་པོ་བྱས། ཡོན་བདག་ངེས་ཡུལ་ལས་སྟོད་ན་དགའ་བའི་རྟ་ཅིག་ཕུལ། བླ་མའི་ཞལ་ནས་ཁྱེད་རང་གི་འབུལ་བ་ཐམས་ཅད་ཁྱེད་རང་གིས་ཁྱེར། ང་ཚགས་མི་བྱེད་པ་ཡིན་གསུངས་པས་དེར་སོ་སོར་ཁྱེར། ཡོན་བདག་དེའི་རྟ་ཡང་མ་བཞེས་པས། ཡོན་བདག་དེས་ངའི་ཕང་ཟོད་ཤི་བྱས་ནས་ཐུགས་བླ་མའི་ཞལ་ནས། འོ་ན་རྟ་ལ་གཏད་པའི་གཡངས་ཤུན་དེ་ང་ལ་སློང་གསུང་། དེ་ནས་བཀྲ་ཤིས་ཚེ་རིང་ས་ལ་གཤེགས་ནས་བཞུགས་པའི་དུས་སུ། དགེ་བཤེས་རྔ་སུག་པ། འབྲིང་སྟོན་འཕགས་པ། ཇོ་སྲས་མཆོད་པ་བྱ་བ་ཡུལ་ལ་སྟོན་ན་མི་ཆེ་བ་གསུམ་གྱིས་བླ་མ་

(༣༧)བཙལ་བས་རྙེད་ནས་ཡུལ་དུ་སྤྱན་དྲངས། བསྙེན་བཀུར་ཇི་ལྟར་བགྱིས་པའི་ལོ་རྒྱུས་གསུངས། དེ་ནས་བླ་མ་གཤེགས་པར་བཞེང་པ་ལ། འཁོར་གྱིས་གཤེགས་སུ་མ་སྟེར་ནས། ཕྱིས་འབྱོན་པའི་དབུ་བསྙུང་བཞེས་པ་དང་། དེ་ནས་གཤེགས་ཙ་ན། མས་ཡར་རླུང་ལོག་སྟེ་སྤྱི་གཙུག་ཏུ་སོང་སྟེ། ཁ་སྣའི་དབུགས་རྒྱུ་བ་ཆད་ནས། དེར་བསྒོམས་པས་བདེ་བ་སྙམ་བྱེད་ནས། ནམ་ཕྱེད་ཙ་ན་བུད་མེད་མང་པོ་བླ་མའི་མདུན་ན་ཐལ་མོ་སྦྱར་ནས། བླ་མ་ལ་ད་རུང་ཐུགས་དམ་མ་ཡེངས་པར་གྱིས་ཟེར། བླ་མས་ཐུགས་མར་ཕབ་ནས་དེ་ལྟར་བསྒོམས་པས། ཨེན་ཅིག་ལོན་ནས་རླུང་གནས་སུ་ཚུད། དེ་ནས་ཕྱིན་ཙ་ན་ཉི་མ་ཟེར་ལ་ཁད་ཙ་ན་ཡང་སྔར་བཞིན་བྱུང་ནས། ཡང་བསྒོམ་པས་སོར་ཆུད། མི་གནོད་སྙམ་ནས་མནའ་འདོར་བ་ཡིན་པ་ལ་གནོད་པར་བྱུང་གསུང་། དེ་ནས་བྲིན་སྙེ་ནམ་གཉིས་ཀྱི་བར་དུ། བྲག་དམར་པོ་མཐོ་བྱ་བ་ལ་བཞུགས་པའི་ཚེ། འོག་ན་ཐང་དཀར་རྒོང་པོ་ལྡིང་བ་ལ་སོགས་པའི་མགུར་བཞེངས་པ་ཡིན་གསུང་། ཡང་དུས་ཅིག་ན་བླ་མ་ནགས་ཀྱི་མཐོངས་ཅིག་ན་བཞུགས་པའི་ཚེ། ཡོན་བདག་

(༣༨)ཅིག་ཙར་བྱུངས་ནས་ལོག་ནས་སོང་། བླ་མས་བོས་བས་བྱུང་། བར་དེར་ཁྱོད་ཀྱིས་གར་སྡད་བྱས་པ་ལ། བླ་མ་ནི་མ་མཐོང་མཆོད་རྟེན་ཅིག་གིས་ཙར་སྡད་ཟེར། །ཡང་དུས་ཅིག་གི་ཚན་ཡོན་བདག་ཅིག་ཕྱག་མི་བྱེད་པར། ཅེར་པ་ཅིག་བལྟས་ནས་སོང་། བླ་མས་པོས་པས་ཙར་བྱུང་། ཁྱོད་ད་ཅི་ཕྱག་མི་བྱེད་པ་ཅི་ཙུག་ཡིན་བྱས་པས། བླ་མ་གཟིམས་མལ་ན་མི་གདའ་ཟེར་སྐང་། རིན་པོ་ཆེས་བླ་མ་ལ་དུས་དེར་ཅི་མཛད་ཞུས་པས། ངས་ཅང་བྱས་པ་མེད། དཱི་པཾ་ཀ་རས་བསམ་ཡས་དབུ་རྩེའི་རྩེ་མོ་ལ་བསྐོར་བ་བྱེད་པ་མིས་མཐོང་ཟེར་ཏེ། ཁོང་གིས་བྱས་པ་ཅང་ཡོད་དམ་གསུང་། བྱས་པ་མེད་ཀྱང་བརྟེན་འབྲེལ་གྱིས་གཞན་སྣང་ལ་དེ་ལྟར་འོང་བར་འདུག་བདེ་བས་ན་གཟུགས་སྐུ་རྣམས་གཉིས་ཀྱང་གཞན་སྣང་བ་ཇི་ལྟར་འཚལ་བར་སྣང་གིས། མཛད་པ་མེད་པ་ཡིན་གསུངས། ཡང་དུས་ཅིག་ན་བྲིན་གྱི་བཀྲ་ཤིས་ཚེ་རིངས་བྱ་བ་ལ་བྱོན་ནས། འཁོར་ཚན་ཅིག་དང་འགྲོགས་ནས་བྱོན་པས་བླ་མ་གཡང་ཆེན་པོ་ཅིག་ལ་ལྷུང་བས། རྦབ་དུ་ཤོར་བས་འཁོར་རྣམ་ཀྱིས་དུ་ཡིན་མཐའ་ཙར་ཕྱིན་ཙ་ན་བླ་མ་

(༣༩)གྱེན་ལ་བྱོན། དེར་འཁོར་རྣམས་ཀྱིས་གཡང་དེ་ཙམ་པ་ལ་བླ་མ་ལྷུང་བ་ལ། མ་འདས་པར་བྱོན་པ་ཅི་ཙུག་ཡིན་ཞུས་པས། བླ་མའི་ཞལ་ནས་གཞན་ཅིག་ཡིན་ན་ཤ་དུམ་བུ་ཆད་དེ་འགྲོ་སྟེ། ང་ཡང་དགའ་རབ་བྱུང་གསུང་། ཡང་དུས་ཅིག་ན་ཤེལ་གྱི་མཆོད་རྟེན་དུ་བྱས་ནས། ནམ་མཁའ་ལ་གཤེགས་པ་ཡིན་སྐད། ཡང་དུས་ཅིག་ན་བླ་མ་ལ་བལ་བོའི་རོང་ཁ་བཞི་མི་ཅིག་གིས་མི་ལ་ལྟར་འོངས་ཙ་ན། ཁོང་བླ་མ་ལ་མ་དད་ནས་མི་ལ་རྣལ་འབྱོར་པ་ཁྱོད་སྒྲ་ཆེས་དོན་ཆུང་བ་ཅིག་འདུག །དགེ་བཤེས་བྱ་བའི་ལོ་ཙྪ་བ་ལ་ཟེར་བ་ཡིན། གདུག་སམ་ཟང་དུད་ངམ་སུ་ཕྲང་ལ་གསེར་སྟེར་ལུགས་སམ། ཟེར་ནས་སོང་ཞག་འགའ་ན་རོང་ཁ་བཞིའི་མི་རྣམས་བླ་མ་ནུབ་རེ་ལ་ལན་གསུམ་གསུམ་ནམ་མཁའ་ལ་སེང་གེ་ཞོན་ནས་འབྱོན་ཡང་ཟེར། བྱོན་པ་ཡང་མཐོང་བས་དེར་ཤིན་དུ་དད་ནས། བསྙེན་བཀུར་བྱེད་པ་མང་པོ་བྱུང་བས། བླ་མའི་འཁོར་གྱིས་ཁྱེད་དེ་བྲག་གི་མི་ནི་སྨྲ། ང་བསྙེན་བཀུར་བྱེད་པ་ཅི་ཙུག་ཡིན་བྱས་པ་ལ། ངེད་ཀྱིས་ནམ་མཁའ་ན་ཕར་ལ་བླ་མ་ནུབ་རེ་ལན་གསུམ་གསུམ་བྱོན་པས་

(༤༠)དེར་དང་པོ་ཡིན་ཟེར་ལོ། །རིན་པོ་ཆེའི་ཞལ་ནས། དེ་ངས་ཕྱིན་པའི་སྔ་དེའི་ལོ་ཡིན་གསུང་། མངོན་པར་ཤེས་པའི་ཤ་རོ་བསྟན། མ་ཆུང་གང་སྡོམས་པས་སྔར་མ་འཐུངས། བུད་མེད་གཞོན་ནུ་མ་ལ་བུ་སྐྱེད་གསུངས། མགུར་མོའི་མཁར་སྟོན་གྱིས་སྲང་དུ་ཕྱིན་པ་ལ། ཁོ་ན་རེ་ངའི་རིག་པ་འདི་ཡིན་ཟེར། བུད་མེད་ཅིག་ན་རེ་ཁྱོད་ཀྱི་བླ་མ་ལ་ཡོན་ཏན་ཅི་ཡོད་ཟེར་བ་ལ། ཁས་ཏིང་ངེ་འཛིན་བཟང་པོ་ཡོད་པའམ། མངོན་པར་ཤེས་པ་ཡོད་པའམ་རྟོགས་པ་དང་བྲལ་བའི་ཡོན་ཏན་བརྗོད་པས་མོ་ན་རེ། ཁྱེད་ཀྱི་བླ་མ་ཡོན་ཏན་ཤེས་པ་ཅིག་འདུག་གིས་ཟེར་ནས་ནས་ཁོ་ལ་མགུ་བ་ལ་ཁྱོད་ཀྱིས་ཤེས་སམ་མཐོང་འམ་བྱས་ལ། མོས་མཚན་ཁུང་ནས་རའི་ཟེའུ་ཅིག་ཕྱུགས་དྭ་གསོལ་བ་བཏབ་པའི་དུས་སུ། འདིར་བླ་མ་ནུབ་རེ་ལ་ལན་གསུམ་གསུམ་འབྱོན་པ་ཡིན་པས། ངས་བླ་མ་ལ་མཆོད་པ་བྱེད་པ་ཡིན་ཟེར། བུད་མེད་མཁའ་འགྲོ་མ་ཡིན་གསུང་། །དུས་ཅིག་གིས་ཚེ་ན་འཁོར་རྣམས་དང་འགྲོགས་བྲིན་གིས་ལྕགས་དྲང་ལུང་པ་བྱ་བ་ནས་བྱོན་ཙ་ན། ཁ་བ་ཆེན་པོ་བྱུང་བ་ལ་བླ་མ་འཕུར་ནས་བཞུད། འཁོར་རྣམས་ཀྱིས་ཡེ་མ་སླེབ་ཟེར། རིན་པོ་ཆེ་ལ་

(༤༡)དྲིས་པ་ལ། འཕུར་པ་ནི་མེན་ཏེ་ངས་རྐང་པ་ཨེན་ཅིག་བཏེག་གེ་བྱས་རླུང་ཨེན་ཅིག་མནན་ནས་ཕྱིན་པས། བྱ་རྗེས་ཙམ་ལས་མ་བྱུང་བ་ཡིན་ནོ་གསུང་། རིན་པོ་ཆེ་ཟླ་བ་བཅུ་གསུམ་བཞུགས་ནས་མར་བྱོན་པའི་དུས་སུ། ཡོན་བདག་མོ་ལེགས་སེའི་ཁྱིམ་དུ་བཞུགས་པ་ལ། བླ་མ་ལ་འོ་ཅག་གིས་རྒྱགས་བསྐྱལ་མི་དགོས་ཟེར། ཅི་ཙམ་བསྐྱལ་བྱས་པ་ལས། བྲེ་དྲུག་བསྐྱལ་ཟེར། དེས་ཅི་ཙམ་ཕྱིད་བྱས་པས། ཟླ་བ་རེ་ལ་ནས་འབྲས་ཕུང་གང་རེས་ཆོག་ཟེར་སྔར་མ་ལྟོགས་པ་བདེན་ནམ་རྫུན་ནམ་དྲི་སྙམ་ནས། ཉིན་ལམ་ཅིག་གིས་ནས་ལོག་ནས་ཕྱིན་པས། བླ་མའི་ཞལ་ནས་ཁྱོད་ལོག་གམ་གསུང་ནས། ཇ་ཅིག་བཀོལ་ནས་གནང་། དེར་ཞུས་པས་མོ་མེད་ཙ་ན་མཁའ་འགྲོ་མས་ཟས་སྣ་ཆང་སྣ་ལ་སོགས་པ་ཡང་དག་པ་སྟོབས་པས། སྲིན་ལག་གིས་ཁ་ལ་རེག་ཙམ་མེན་པ་མེད་ཀྱང་། ཞག་ལྔ་ལྔ་དྲུག་དྲུག་ལྟོ་ཟབ་བརྗེད་ནས་མི་དྲན། རེས་ཞག་རེ་ཙམ་ཏིང་ངེ་འཛིན་ལ་སོང་ནས། མ་ཟོས་གསུང་། ཡང་བླ་མའི་ཞལ་ནས་བྲག་མཐོན་པོའམ། མཁར་མཐོན་པོའི་རྩེ་མོ་ལ་ཞག་མང་པོ་བསྒོམས་

(༤༢)ཀྱང་ཡང་བར་བདུག་གསུང་། ཡང་ང་རས་བལྟན་བྱ་བ་ཅིག་བྱེས་སུ་སོང་བ། ཤི་ཟེར་ནས་ཉེ་འབྲེལ་རྣམས་དུས་པ་ལས། བླ་མའི་ཞལ་ནས་ཅི་ཉེས་གསུང་། དར་མ་བརྟན་ཤི་ཟེར་ནས་དུ་བྱས་པ་ལ། མ་ཤི་ཁོང་ལྟ་འོང་གསུང་། འོ་ན་ཁོང་ལ་དེ་སྐད་བགྱི་ལ་མ་ཞུག་པ་ལ། གྱིས་གསུང་། དེ་སྐད་བྱས་པས་ཁོ་ཡིད་ཆེས་ནས་དུ་འཕྲོ་བཅད། དེར་ཁ་བྱུང་གསུང་། དེ་ལ་སོགས་པ་ཡོན་ཏན་དཔག་ཏུ་མེད་པ་མངའ། ཏིང་ངེ་འཛིན་ལས་མི་གཡོ། མཉམས་གཞག་དང་རྗེས་ཐོབ་ལ་ཁྱད་པར་མི་མངའ། ཆོས་ཉིད་བདེན་པ་གཟིགས་པ་སྤྲུལ་པའི་གང་ཟག་ཡིན་གསུང་། ཕྱིས་འདས་ཙ་ན་ཏི་སེ་དང་། བྲིན་གཉིས་ཀར་སྤུར་སྦྱངས་པ་ཡིན་གསུང་ངོ། །བླ་མ་མི་ལས་ཇི་ལྟར་རྟོགས་པའི་ཡོན་ཏན་དང་། མཛད་སྤྱོད་ཟུར་ཙམ་རྣམ་པར་བཤད་པའོ།། །།བདེ་བར་གཤེགས་པའི་གོ་འཕང་མྱུར་ཐོབ་ཤོག། །།བཀྲ་ཤིས། །

(༤༣)ཆོས་ཀྱི་རྗེ་དཔལ་ལྡན་སྒམ་པོ་པ་ཆེན་པོའི་རྣམ་པར་ཐར་པ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཀུན་ཁྱབ་སྙན་པའི་བ་དན་ཐར་པ་རིན་པོ་ཆེའི་རྒྱན་གྱི་མཆོག་ཅེས་བྱ་བ་བཞུགས་སོ། །

(༤༤)ན་མོ་གུ་རུ། མཁྱེན་གཉིས་ཡོན་ཏན་མཆོག་གི་སྐུ། །སྲིད་ཞི་ཀུན་གྱི་དཔལ་གཅིག་པོ། །མཚུངས་མེད་ཡོངས་གྲགས་སྒམ་པོ་པ། །འགྲོ་མགོན་བླ་མའི་ཞབས་ལ་འདུད། །འདྲེན་པ་ཆོས་རྗེ་རིན་ཆེན་གྱི། །ཡོན་ཏན་བརྗོད་ཀྱིས་མི་ལང་ཡང་། །མཐོང་ཐོས་མོས་གུས་བསྐྱེད་བྱའི་ཕྱིར། །མཛད་སྤྱོད་རྣམ་ཐར་ཅུང་ཟད་བྲི། །འདིར་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོར་གྱུར་པ།

(༤༥)གདུལ་བྱ་རིགས་ཅན་རྣམས་ལ་སྤྲུལ་པའི་སྐུ་སྣ་ཚོགས་སུ་འཆར་ཞིང་། གསོལ་བ་གཏབ་པས་མཆོག་ཐུན་མོང་ཀྱི་དངོས་གྲུབ་མ་ལུས་པ་འབྱུང་བ། མདོ་སྡེ་དུ་མ་ལས་ལུང་བསྟན་པའི་སངས་རྒྱས་འཇིག་རྟེན་དུ་བྱོན་པ། མཚན་བརྗོད་པར་དཀའ་བའི་བླ་མ་རིན་པོ་ཆེ་སྒམ་པོ་པའི་རྣམ་པར་ཐར་བ་ལ་གཉིས་ཏེ། སྔོན་བྱུང་གི་རྣམ་ཐར་དང་། ད་ལྟར་གྱི་རྣམ་ཐར་གཉིས་ལས། དང་པོ་ནི།

(༤༦)རྗེ་སྒམ་པོ་པ་ཆེན་པོ་འདི་སྐྱེ་བ་ཐོག་མ་མེད་པ་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་སྤྱད་དེ། དེ་ཡང་སྔོན་གྱི་དུས་སུ་སྐྱེ་བ་བཞེས་པ་ནི། མདོ་ཏིང་ངེ་འཛིན་རྒྱལ་པོའི་ལེའུ་སུམ་བཅུ་རྩ་དྲུག་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ཀུན་དགའ་བོ་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་གྲངས་མེད་པ་བས་ཀྱང་ཆེས་གྲངས་མེད་པ། ཚད་མེད་པ་བསམ་གྱིས་མི་ཁྱབ་པ་གཞལ་དུ་མེད་པ་མཚུངས་པ་མེད་པར་གྱུར་པ་དེའི་ཚེ་འདིའི་དུས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་པོ་ཆེ་པདྨའི་ཟླ་བ་རྣམ་པར་དག་པ་མངོན་པར་འཕགས་པའི་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། །དེའི་སྐུ་ཚེའི་ཚད་ནི་སྐལ་པ་བྱེ་བ་ཁྲག་ཁྲིག་ཕྲག་དགུ་བཅུ་རྩ་དགུར་གྱུར་ཏོ། །དེ་ཉི་མ་རེ་རེ་བཞིན་ཡང་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་

(༤༧)དགུ་སངས་རྒྱས་ཀྱི་ཆོས་ལས་ཕྱིར་མི་ལྡོག་པ་ལ་བཀོད་དོ། །རབ་ཏུ་བཀོད་ཅིང་ཡོངས་སུ་མྱ་ངན་ལས་འདས་ནས། སེམས་ཅན་དཔག་ཏུ་མེད་པ་རྣམས་ཟག་པ་ཟད་པ་དགྲ་བཅོམ་པ་ཉིད་ལ་བཀོད་དོ། །རབ་ཏུ་བཀོད་ཅིང་མྱ་ངན་འདས་ནས་སེམས་ཅན་གྲངས་མེད་དཔག་ཏུ་མེད་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་མི་ལྡོག་པ་ལ་བཀོད་དོ། །ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཏོ། །བཅོམ་ལྡན་འདས་ནས་ལྔ་བརྒྱ་ཐ་མ་ལ་དམ་པའི་ཆོས་ནུབ་པར་འགྱུར་བའི་དུས་ཀྱི་ཚེ། དམ་པའི་ཆོས་རབ་ཏུ་འཇིག་པར་གྱུར་བ་ན། ཡུལ་ཁམས་དེར་རྒྱལ་པོ་དཔའ་བས་བྱིན་ཞེས་བྱ་བ་ཞིག་བྱུང་སྟེ། རྒྱལ་པོ་དཔའ་བས་བྱིན་ལ་བཙུན་མོའི་འཁོར་བུད་མེད་བརྒྱ་ཁྲི་བཞི་སྟོང་དེ་མྱ་ངན་ལས་འདས་ཡོད། བུ་སྟོང་ཡོད། བུ་མོ་ནི་ལྔ་བརྒྱ་ཡོད་དོ། །དེའི་ཚེའི་དེའི་དུས་རྒྱལ་པོ་དཔའ་བས་བྱིན་གྱིས་ཕོ་

(༤༨)བྲང་འཁོར་རིན་ཆེན་ལྡན་ཞེས་བྱ་བ། ཡངས་ཤིང་རྒྱ་ཆེ་ལ་སྒོ་བཞི་ཡོད་པ། སྟེག་བུ་དང་སྒོ་ཁང་དང་། རྟ་བབས་དང་། སྐར་ཁུང་དང་པུ་ཤུ་དང་ཁེང་བ་དང་ཁང་བརྩེགས་པ་དང་། སྐྱེད་མོས་ཚལ་གྱིས་རྒྱན་ཅིང་རྣམ་པར་བཀྲ་བ་ལྟ་ན་སྡུག་པ། ལྷའི་གནས་བཞིན་དུ་སྣང་བ་སེམས་ཅན་གྲངས་མེད་དཔག་ཏུ་མེད་པའི་གནས་སུ་གྱུར་བ་ཞིག་ཡོད་དོ། །ཀུན་དགའ་བོ་དེའི་དུས་ན་མདོ་སྡེ་འདི་ལྟ་བུ་དག་ནི་སྐྱེ་བོ་མང་པོས་སྨད་ཅིང་། སྤངས་ཏེ་སྐྱེ་བོ་མང་པོ་དང་མི་འཕྲོད་ཅིང་བོར་བར་གྱུར་ཏེ། འཇིགས་པ་ཆེན་པོ་མི་ཟད་པའི་དུས་སུ་གྱུར་པ། འཚེ་བ་མང་ཞིང་ཆར་ཆེ་བའི་དུས་ཀྱི་ཚེ། ཆར་མི་འབབ་པའི་དུས། དུས་མ་ཡིན་པར་ཆར་འབབ་པའི་དུས། སྤྲུལ་འབྱུང་བའི་དུས། ལྕེ་འབབ་པའི་དུས། མུ་གེ་འབྱུང་བའི་དུས། ལོག་པར་ལྟ་བའི་དུས། ཡང་དག་

(༤༩)པ་མ་ཡིན་པར་ལྟ་བའི་དུས། མུ་སྟེག་ཅན་གྱི་སྔགས་ཚོལ་བའི་དུས། སངས་རྒྱས་ཀྱི་བསྟན་པ་འཇིགས་པར་གྱུར་བའི་དུས་ཀྱི་ཚེ། །བྱང་ཆུབ་སེམས་དཔའ་བདུན་སྟོང་གྲོང་དང་གྲོང་ཁྱེར་དང་གྲོང་བརྡལ་དང་། ཡུལ་འཁོར་དང་རྒྱལ་པོའི་ཕོ་བྲང་འཁོར་དང་། ལྗོངས་ན་བསྐད་ནས། དེ་དག་ཆོས་སྨྲ་བ་མེ་ཏོག་ཟླ་མཛེས་ཞེས་བྱ་བ་བཞུགས་པ་དང་ལྷན་ཅིག་ཏུ་ཀུན་ཏུ་བཟང་པོ་ཞེས་བྱ་བའི་ནག་ཁྲོད་དེར་བརྟེན་ཅིང་གནས་ཏེ། མེ་ཏོག་ཟླ་མཛེས་དེ་ཡང་དགེ་སློང་དེ་དག་ལ་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་འདི་སྟོན་ཏོ། །ནགས་ཁྲོད་དེ་ཡང་དུས་ཐམས་ཅད་དུ་སྣང་བའི་མེ་ཏོག་སྣ་ཚོགས་སྙེ་མ་དང་འཁྲོ་ཤིང་དང་འབྲས་བུ་དག་དང་ལྡན་པ། དཔག་བསམ་ཤིང་དང་འདྲ་བའི་ཤིང་སྣ་ཚོགས་ཀྱིས་གང་ཞིང་།

(༥༠)ས་གཞི་ཡང་གཟུགས་དང་ཁ་དོག་དུ་མ་དང་མྱུ་གུ་ཐམས་ཅད་ཀྱིས་རྒྱན་པ། བྲག་དང་རྡོ་བ་སྣ་ཚོགས་མཛེས་ཤིང་དྲི་མ་མེད་པ་ཡངས་ཤིང་མཐོ་བ། གསེར་གྱི་རི་དྭགས་གིས་མཛེས་པར་བྱས་ཤིང་འདུག་པ། རིགས་སྔགས་འཆང་དང་དྲི་ཟ་དང་སྐྱེས་བུ་དང་དྲང་སྲོང་དང་མིའམ་ཅི་དག་གནས་པ། བྱང་གཟུགས་དང་ཁ་དོག་ཆེ་ཞིང་རྣམ་པ་སྣ་ཚོགས་མང་པོ་དག་ལ་གནས་པ། སངས་རྒྱས་མང་པོ་བཞུགས་པའི་དགའ་ཚལ་དང་འདྲ་བ། ཀུན་དུ་བཟང་ཞིང་རྣལ་འབྱོར་དང་མཐུན་པའི་ནགས་ཚལ་དམ་པ་ཀུན་དུ་བཟང་པོ་དེ་ན། བྱང་ཆུབ་སེམས་དཔའ་དེ་དག་རྣལ་འབྱོར་ལ་རྗེས་སུ་བརྩོན་ཞིང་གནས་པར་གྱུར་ཏོ། །ཀུན་དགའ་བོ་ཆོས་སྨྲ་བ་མེ་ཏོག་ཟླ་མཛེས་དེ་ཅིག་པུར་དབེན་པར་སོང་ནས། ནང་དུ་ཡང་དག་འཇོག་ལ་ཞུགས་ཏེ། ལྷའི་

(༥༡)མིག་རྣམ་པར་དག་པ་མི་ལས་འདས་པས་བལྟས་པ་ན། བྱང་ཆུབ་སེམས་དཔའ་ཁྲག་ཁྲིག་མང་པོ་དགེ་བའི་རྩ་བ་བསྐྱེད་པ། སངས་རྒྱས་ཀྱི་ཞིང་སྣ་ཚོགས་འདིར་སྐྱེས་ཏེ། དེ་དག་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་འདི་ཉན་པ་རྙེད་ན་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར། གལ་ཏེ་ཆོས་ཀྱི་རྣམ་གྲངས་འདི་ཉན་པ་མ་རྙེད་ན། བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་བཟློག་པར་མཐོང་ངོ་། །དེ་ནས་ཆོས་སྨྲ་བ་མེ་ཏོག་ཟླ་མཛེས་དྲན་ཤིང་ཤེས་བཞིན་དུ་ཏིང་ངེ་འཛིན་དེ་ལས་ལངས་ནས་བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་ག་ལ་གཡོད་པ་དེར་སོང་སྟེ་ཕྱིན་ནས། བྱང་ཆུབ་སེམས་དཔའི་ཚོགས་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་དག་ཁོ་བོ་ནི་འགྲོ་འོ། །གྲོང་དང་གྲོང་ཁྱེར་དང་གྲོང་འདབ་དང་། ལྗོངས་

(༥༢)དང་ཡུལ་འཁོར་དང་རྒྱལ་པོའི་ཕོ་བྲང་འཁོར་དུ་སོང་སྟེ། སེམས་ཅན་རྣམས་ལ་ཆོས་བསྟན་པར་བྱའོ། །ཞེས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས་ཆོས་སྨྲ་བ་མེ་ཏོག་ཟླ་མཛེས་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ནགས་ཁྲོད་འདི་ནས་གྲོང་དང་གྲོང་ཁྱེར་དང་། གྲོང་འདབ་དང་ལྗོངས་དང་ཡུལ་འཁོར་དང་རྒྱལ་པོའི་ཕོ་བྲང་དང་། ཡུལ་འཁོར་དུ་འགྲོ་བ་ནི་ཁོ་བོ་ཅག་འདོད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ལྷག་པའི་པའི་ང་རྒྱལ་ཅན་མང་པོ་དམ་པའི་ཆོས་སྤོང་བའི་དུས་ལ་བབ་ཀྱིས། དེ་དག་གིས་ཚེ་དང་ལྡན་པ་སྲོག་གཅོད་པར་གྱུར་ན་མ་ལེགས་སོ། །ཚེ་དང་ལྡན་པ་ཁྱོད་ནི་ཤིན་དུ་མཛེས་ཤིང་བྱད་བཞིན་བཟང་ལ་བལྟ་ན་སྡུག་སྟེ། དང་པོའི་ལང་ཚོ་དང་ལྡན་ཞིང་ན་ཚོད་དར་ལ་བབ་སྟེ།

(༥༣)མདོག་ནི་གསེར་གཙོ་མ་དང་འདྲ། དཔྲལ་བ་ནི་དུང་དང་ཟླ་བ་དང་། མེ་ཏོག་ཀུན་དེའི་ཁ་དོག་ལྟ་བུས་མཛོད་སྤུ་རྒྱན། སྐྲ་དང་ཐོར་ཙུགས་ནི་མཐོན་མཐིང་ལྕང་ལོར་འཁྱིལ་པ་ཡིན་པས། རྒྱལ་པོའམ་རྒྱལ་པོའི་བློན་པོའམ། དེ་ལྟ་བུ་གཞན་དག་ཀྱང་ཕྲ་དོག་དང་འཇུངས་པས་ནོན་པའི་སེམས་ཀྱིས་གང་ཁྱོད་ཀྱི་སྲོག་བཅད་ན་མ་ལེགས་སོ། །དེ་བས་མི་གཤེགས་པར་གསོལ་ཞེས་པ་ལ། མེ་ཏོག་ཟླ་མཛེས་ཀྱིས་བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་དེ་ལ་འདི་སྐད་དུ། གལ་ཏེ་ཁོ་བོས་བདག་ཉིད་བསྲུང་བ་བྱས་ན། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྟན་པ་བསྲུང་བར་མི་འགྱུར་རོ། །ཞེས་ཟེར་ནས་ཚིགས་སུ་བཅད་པ་ཡང་སྨྲས་ཏེ། བདག་ཏུ་འདུ་ཤེས་འདི་ལ་གནས་ནས་སུ། བསྟན་པ་འདི་ལ་བསྲུང་བར་ཡོངས་མི་ནུས། །མི་ཟད་ཕྱི་དུས་བདེ་

(༥༤)བར་གཤེགས་པ་ཡིན། །བྱང་ཆུབ་བསྟན་པ་བཀོད་པ་ཆེན་པོ་ཡིན། །བདག་གིས་བདག་ཏུ་འདུ་ཤེས་ཀུན་སྤངས་ཤིང་། །སེམས་ཅན་འདི་དག་གང་ཟང་སྨ་གནས་དང་། །གཟུགས་དང་སྒྲ་དང་དྲི་དང་རོ་རྣམས་དང་། །རེག་བྱ་སྤོང་བ་དེ་ནི་བསྟན་པ་བསྲུབ། །བསྐལ་པ་བྱེ་བ་གང་གའི་བྱེ་སྙེད་དུ། །དད་པའི་སེམས་ཀྱིས་ཟས་དང་སྐོམ་རྣམས་དང་། །གདུགས་དང་བ་དན་མར་མེའི་ཕྲེང་བ་ཡིས། །སངས་རྒྱས་བྱེ་བ་ཁྲག་ཁྲིག་རིམ་འགྲོ་བྱས། །གང་གིས་དམ་ཆོས་རབ་ཏུ་འཇིག་པ་དང་། །བདེ་གཤེགས་བསྟན་པ་འགག་པར་འགྱུར་བའི་ཚེ། །ཉིན་མཚན་དུ་ནི་སླབ་པ་ཅིག་སྤྱོད་པ། །བསོད་ནམས་འདི་ནི་དེ་བས་བྱེ་བྲག་འཕགས། །སྐྱེས་བུ་ཁྱུ་མཆོག་གིས་ནི་དམ་པའི་ཆོས། །འཇིག་པར་འགྱུར་ཚེ་གང་དག་བཏང་སྙོམས་བསྒོམ། །དེ་ཡིས་རྒྱལ་བ་བཀུར་སྟིར་བྱས་མ་ཡིན། །འདྲེན་པ་དག་ལ་རི་མོར་ངེས་མ་

(༥༥)བྱས། །ཁྱེད་བདེ་རང་གི་དོན་གྱིས་ལ། །བདག་ཉིད་རབ་ཏུ་བསྲུང་བར་གྱིས། །ཁྱེད་ནི་རྟག་ཏུ་བྱམས་གནས་ཤིང་། །འདུལ་བ་འདི་ལ་བག་ཡོད་ཀྱིས། །མ་འདྲེས་དག་གཙང་དྲི་མེད་པ། །ཚུལ་ཁྲིམས་དྲང་པོ་བསྲུང་བ་གྱིས། །གང་གིས་ཚུལ་ཁྲིམས་དྲི་མ་མེད། །སངས་རྒྱས་བསྔགས་པ་བསྲུངས་པ་ནི། །དེ་ཡིས་ཇི་སྙེད་སྔོན་བྱུང་བ། །བདེ་གཤེགས་ཐམས་ཅད་རི་མོར་བྱས། །དེ་ཡིས་ཐམས་ཅད་སྐྱབས་པ་ཡིན། །སྐྱེ་བོའི་ཚོགས་རྣམས་བྱང་ཆུབ་བཀོད། །སྔོན་གྱི་སངས་རྒྱས་དག་གིས་བསྟོད་པ་ཡི། །ཚུལ་ཁྲིམས་དྲི་མེད་པ་སྟེ་སུས་བསྲུངས་པ། །དེ་དག་གིས་ནི་སེམས་ཅན་མང་པོ་ཡང་། །སེམས་ཅན་དམྱལ་བ་དང་ནི་སྡིག་ལས་དྲངས། །ཆོས་མཆོག་རིན་ཆེན་བྱིན་པ་སྦྱིན་པར་གྱིས། །བཟོད་པ་དག་ཀྱང་རྟག་ཏུ་བསྲུང་གྱིས་ལ། །དགོན་པར་གནས་ཤིང་ཏིང་འཛིན་མཁས་པ་དང་། །འཇམ་

(༥༦)ཞིང་མཉེན་པ་དག་ཀྱང་སྒོམ་པར་གྱིས། །རྣམ་པ་ཀུན་དུ་རྩོད་པ་མ་བྱེད་པར། །སྤྱད་པ་ཞི་མཆོག་འདི་ལ་རྣམ་པར་སྤྱོད། །བདག་ནི་སེམས་ཅན་རྣམས་ཀྱང་བསྐྱབ་པའི་ཕྱིར། །གྲོང་དང་རྒྱལ་པོའི་ཕོ་བྲང་འགྲོ་བར་བྱ། །ཅེས་མེ་ཏོག་ཟླ་མཛེས་འགྲོ་བར་བྱས་པ་དང་། །བྱང་ཆུབ་སེམས་དཔའ་དེ་དག་ཁ་ཅིག་ནི་རྐང་བ་ལ་འཇུ་བར་བྱེད། སྙིང་རྗེས་དུ་ཞིང་འཆི་མ་འཛག །མཁས་པ་བློ་གྲོས་ཆེན་པོ་བདག་ཉིད་བསྲུང་བར་མཛོད་ལས་མ་བཟུང་ཅིག །ཅེས་སྨྲས་པ། བློ་གྲོས་ཆེ་འཆང་སེམས་ཅན་དམ་པ་མཆོག །དྲང་སྲོང་དེ་ནི་འགྲོ་བར་བྱས་པ་དང་། ཁ་ཅིག་རྐང་པ་ལ་ཡང་འཇུ་བར་བྱེད། །སྙིང་རྗེ་བར་ཡང་དུ་ཞིང་མཆི་མ་ཟག །མཁས་པ་བློ་གྲོས་ཆེན་པོ་མ་བཞུད་པར། །སྒྲ་འཇམ་ཡིད་དུ་འོང་ཞིང་མཛེས་པ་ཡིས། །ཞིང་འདི་རྣམས་ལ་གཟིགས་ཤིང་རྟོག་པ་མཛོད། །བདག་ཉིད་བསྲུང་བ་མཛོད་

(༥༧)ལ་མ་བཞུང་ཅིག །སྔོན་གྱི་སྟོབས་བཅུ་འདྲེན་པ་དེ་དག་ཀྱང་། །དབང་པོ་ཞི་ཞིང་ཤིན་དུ་ངེས་པ་རྣམས། །ནགས་ཚལ་བྲག་དང་རི་ཡི་རྩེར་གཤེགས་ནས། །བྱང་ཆུབ་དམ་པ་དག་ནི་ཐུགས་སུ་ཆུད། །བྱང་ཆུབ་རྒྱུར་ཡང་སྤྱོད་པ་དམ་པ་སྤྱད། །དེ་དག་བསོད་ནམས་ཡེ་ཤེས་མཆོག་དང་ལྡན། །དེ་དག་རྗེས་སློབ་ནགས་ཁྲོད་གནས་པར་མཛོད། །བརྟུལ་བཞུགས་བཟང་པོ་འདི་ནས་མ་བཞུང་ཅིག །ལུས་ནི་ཤིན་དུ་མཛེས་པའི་རྒྱན་གྱིས་བརྒྱན། །ཁྱོད་ཀྱི་སྐྲ་ཡང་མཐོན་མཐིང་ཁ་དོག་སྟེ། །གསེར་གྱི་མདོག་འདྲ་འོད་བྱེད་པ། །མཚན་འདི་རྣམས་ཀྱང་རབ་ཏུ་སྣང་བར་གྱུར། །ཁྱོད་ཀྱི་མཛོད་སྤུ་བཞིན་གྱི་སྨིན་མཚམས་ནས། །ཤིན་དུ་མཛེས་པ་དུང་དང་འདྲ་བའི་འོད། །རྒྱལ་པོ་དག་ཀྱང་དེ་བཞིན་སྲིད་ཀྱི་ཕྱིར། །ཕྲ་དོག་སྐྱེས་ནས་ཁྱོད་ཀྱིས་ལུས་བཤིག་འགྱུར་བ་ཅེས་སྨྲས་སོ། །དེ་ནས་ཆོས་སྨྲ་བ་མེ་ཏོག་ཟླ་མཛེས་ཀྱིས། །

(༥༨)བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་དེ་ལ་ཚིགས་སུ་བཅད་པས་སྨྲས་པ། །ཇི་སྙེད་སྔོན་གྱི་བདེ་གཤེགས་བྱུང་བ་ནི། །ཐམས་ཅད་མཁྱེན་ཅིང་ཟག་པ་ཟད་པ་རྣམས། །དེ་དག་ཐམས་ཅད་འཇིག་རྟེན་དོན་མཛད་དེ། །སྲིད་པ་གསུམ་དུ་བྱང་ཆུབ་དམ་པ་རྟོགས། །སྤྱད་པའི་དམ་པ་བྱང་ཆུབ་རྒྱུ་སྤྱད་དེ། །དེ་དག་བསོད་ནམས་ཡེ་ཤེས་མཆོག་དང་ལྡན། །དེ་ཡི་རྗེ་བརླབས་བྱང་ཆུབ་སེམས་དཔའ་ཡང་། །སེམས་ཅན་ཁྲག་ཁྲིག་རྣམས་ཀྱི་སྐྱབས་བྱེད་འདོད། །དྲང་སྲོང་མཁས་པ་ཀུན་གྱིས་བསྐོར་བྱས་ཏེ། །རྐང་བ་ལ་ཡང་ཕྱག་འཚལ་ཤུགས་བྱུང་ནས། །མི་ཟད་སྙིང་རྗེ་བར་ནི་སྒྲ་འབྱིན་ཅིང་། །ཉམ་ཐག་མི་བདེ་ཆོ་ངེས་འདེབས་པར་བྱེད། ཁ་ཅིག་རབ་ཏུ་འགྱེལ་ཅིང་བརྒྱལ་ནས་སུ། །ས་ལ་ལྷུང་བ་ས་ལ་བཅད་འགྱེལ་བཞིན། །འོན་ཀྱང་དྲང་སྲོང་སེམས་ཅན་དོན་འདོད་པ་ །

(༥༩)བསོད་ནམས་བསགས་པས་དེ་ལས་ཕྱིར་མ་ལོག །དྲང་སྲོང་ཆོས་གོས་ལྷུང་བཟེད་ཐོགས་ནས་ཆས། །ཇི་ལྟར་སེང་གེ་རལ་པ་ཅན་དག་བཞིན། །དེ་ནི་ཆོས་ཀྱི་རང་བཞིན་གནས་པས་ན། །དེ་ལ་ཡོན་ཏན་ངེས་པ་བྱ་བ་མེད། །འཇིག་རྟེན་འདིར་ནི་ནགས་ཁྲོད་བདག་གནས་པས། །སེམས་ཅན་ངན་སོང་ཡོད་ན་མ་ལེགས་ཤེས། །དེ་ནི་སེམས་ཅན་བསྐྱབ་པའི་དོན་གྱི་ཕྱིར། །གྲོང་ཁྱེར་ཕོ་བྲང་མཆོག་ཏུ་སོང་བར་གྱུར། །དེ་ནས་ཆོས་སྨྲ་བ་མེ་ཏོག་ཟླ་མཛེས། །གྲོང་དང་གྲོང་ཁྱེར་དང་། གྲོང་བརྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་དུ་འོངས་ནས། སེམས་ཅན་རྣམས་ལ་ཆོས་བསྟན་ཏེ། དེ་སྔ་དྲོ་དེར་འོངས་ནས་སྲོག་ཆགས་ཁྲག་ཁྲིག་ཕྲག་དགུ་བཅུ་རྩ་དགུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ལ་བཀོད་དོ། །ད་

(༦༠)དུང་རྒྱལ་པོའི་ཕོ་བྲང་འཁོར་དེར་མ་ཕྱིན་ནས། །མཐར་གྱིས་རྒྱལ་པོའི་ཕོ་བྲང་འཁོར་རིན་ཆེན་ལྡན་དེར་ཕྱིན་པ་དང་། རྒྱལ་པོའི་ཕོ་བྲང་འཁོར་རིན་ཆེན་ལྡན་དེར་ཉེ་བར་སོང་སྟེ། ཤིང་པླ་ཀྵ་དང་། ས་ལའི་དྲུང་དུ་འདུག་གོ། དེའི་ནུབ་མོ་འདས་པ་དང་། རྒྱལ་པོའི་ཕོ་བྲང་རིན་ཅེན་ལྡན་དུ་ཞུགས་པར་གྱུར་ཏེ། ཞུགས་ནས་སྲོག་ཆགས་བྱེ་བ་ཁྲག་ཁྲིག་ཕྲག་སུམ་བཅུ་རྩ་དྲུག །སངས་རྒྱས་ཀྱི་ཆོས་ལ་ཕྱིར་མི་ལྡོག་པར་བཀོད་ཀྱང་། །ད་དུང་ཟས་ཀྱི་བྱ་བ་མ་བྱས་སོ། །དེ་ནས། རྒྱལ་པོའི་ཕོ་བྲང་འཁོར་རིན་ཆེན་ལྡན་ནས་བྱུང་སྟེ། བཅོམ་ལྡན་འདས་ཀྱིས་སེན་མོའི་མཆོད་རྟེན་གང་ན་ཡོད་པ་དེར་སོང་སྟེ། འགྲེང་བཞིན་དུ་ཉིན་མཚན་འདས་པར་བྱས་སོ། །དེ་དེའི་ནུབ་མོ་འདས་ནས་སྔ་དྲོ་གཉིས་པ་ལ་རྒྱལ་པོའི་ཕོ་བྲང་འཁོར་རིན་ཆེན་ལྡན་དུ་ཞུགས་ནས། སྲོག་ཆགས་བྱེ་བ་ཕྲག་ཉི་ཤུ་རྩ་གསུམ་སངས་རྒྱས་ཀྱི་ཆོས་ལས་ཕྱིར་མི་

(༦༡)ལྡོག་པར་བཀོད་དེ། ད་དུང་ཟས་ཀྱི་བྱ་བ་མ་བྱས་སོ། །དེ་ནས། རྒྱལ་པོའི་ཕོ་བྲང་འཁོར་རིན་ཅེན་ལྡན་ན་བྱུང་སྟེ། བཅོམ་ལྡན་འདས་ཀྱི་སེན་མོའི་མཆོད་རྟེན་གང་ན་ཡོད་པ་དེར་སོང་སྟེ། འགྲེང་བཞིན་དུ་ཉིན་མཚན་འདས་པར་བྱས་སོ། །དེ་དེའི་ནུབ་མོ་འདས་ནས་སྔ་དྲོ་གསུམ་པ་ལ་རྒྱལ་པོའི་ཕོ་བྲང་འཁོར་རིན་ཅེན་ལྡན་དུ་ཞུགས་ནས། སྲོག་ཆགས་བྱེ་བ་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུ་སངས་རྒྱས་ཀྱི་ཆོས་ལས་ཕྱིར་མི་ལྡོག་པར་བཀོད་དེ། ད་དུང་ཟས་ཀྱི་བྱ་བ་མ་བྱས་སོ། །དེ་ནས། རྒྱལ་པོའི་ཕོ་བྲང་འཁོར་རིན་ཅེན་ལྡན་ནས་བྱུང་སྟེ། བཅོམ་ལྡན་འདས་ཀྱི་སེན་མོའི་མཆོད་རྟེན་གང་ན་ཡོད་པ་དེར་སོང་ནས་འགྲེང་བཞིན་དུ་ཉིན་མཚན་འདས་པར་བྱས་སོ། །དེ་དེའི་ནུབ་མོ་འདས་ནས། སྔ་དྲོ་བཞི་པ་ལ་རྒྱལ་པོའི་ཕོ་བྲང་འཁོར་རིན་ཆེན་ལྡན་དུ་ཞུགས་ནས་སྲོག་ཆགས་

(༦༢)བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ལ་བཀོད་དོ། །ད་དུང་ཟས་ཀྱི་བྱ་བ་མ་བྱས་སོ། །དེ་ནས། རྒྱལ་པོའི་ཕོ་བྲང་རིན་ཆེན་ལྡན་ནས་བྱུང་སྟེ། བཅོམ་ལྡན་འདས་ཀྱི་སེན་མོའི་མཆོད་རྟེན་གང་ན་ཡོད་པ་དེར་སོང་ནས་འགྲེང་བཞིན་དུ་ཉིན་མཚན་འདས་པར་བྱས་སོ། །དེ་དེའི་ནུབ་མོ་འདས་ནས་ནས་སྔ་དྲོ་ལྔ་པ་ལ་བཙུན་མོའི་འཁོར་གྱི་ནང་དུ་སོང་ནས། བུད་མེད་བརྒྱད་ཁྲི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ལ་བཀོད་དོ། །གྲོང་ཁྱེར་དེ་ནས་ཀྱང་སེམས་ཅན་གྲངས་མེད་དཔག་ཏུ་མེད་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་བཀོད་དེ། ད་དུང་ཟས་ཀྱི་བྱ་བ་མ་བྱས་སོ། །དེ་ནས། རྒྱལ་པོའི་ཕོ་བྲང་འཁོར་རིན་ཆེན་ལྡན་ནས་བྱུང་སྟེ། བཅོམ་ལྡན་འདས་

(༦༣)ཀྱི་སེན་མོའི་མཆོད་རྟེན་གང་ན་ཡོད་པ་དེར་སོང་ནས་འགྲེང་བཞིན་དུ་ཉིན་མཚན་འདས་པར་བྱས་སོ། །དེ་དེའི་ནུབ་མོ་འདས་ནས་སྔ་དྲོ་དྲུག་པ་ལ་རྒྱལ་པོའི་ཕོ་བྲང་འཁོར་རིན་ཆེན་ལྡན་དུ་ཞུགས་ནས། རྒྱལ་པོའི་བུ་སྟོང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་བཀོད་དེ། ད་དུང་ཟས་ཀྱི་བྱ་བ་མ་བྱས་སོ། །དེ་རྒྱལ་པོའི་ཕོ་བྲང་འཁོར་རིན་ཆེན་ལྡན་ནས་བྱུང་སྟེ། བཅོམ་ལྡན་འདས་ཀྱི་སེན་མོའི་མཆོད་རྟེན་གང་ན་ཡོད་པ་དེར་སོང་ནས་འགྲེང་བཞིན་དུ་ཉིན་མཚན་འདས་པར་བྱས་སོ། །དེ་དེའི་ནུབ་མོ་འདས་ནས་སྔ་དྲོ་བདུན་པ་ལ་རྒྱལ་པོའི་ཕོ་བྲང་འཁོར་རིན་ཆེན་ལྡན་དུ་ཞུགས་པ་དང་། རྒྱལ་པོ་དཔའ་བོས་བྱིན་སྐྱེད་མོས་ཚལ་དུ་འགྲོ་བ་མཐོང་སྟེ། གསེར་གྱི་ཤིང་རྟ་ལ་ངོས་ནི་དངུལ། མངའ་ནི་སྦྲུལ་གྱི་སྙིང་པོ་ཙན་དན། འཁོར་ལོ་

(༦༤)ནི་བཻ་དུརྱ། གདུགས་དང་། རྒྱལ་མཚལ་དང་། བ་དན་བསྒྲེང་བ་དང་། རིན་པོ་ཆེའི་ཤིང་སྣ་ཚོགས་ཀྱིས་རྒྱན། ཤིང་རྟའི་མངའ་ལ་དར་གྱིས་དཀྲིས་ཤིང་། རས་བཅོས་མ་ཕྲུགས་ཀྱིས་གཡོགས་པ་བུ་མོ་གཞོན་ནུ་བརྒྱད་བརྒྱས་རིན་པོ་ཆེའི་ཐེ་གུས་བཏགས་ཤིང་འདྲེན་ཏེ། དེ་དག་བྱད་བཞིན་བཟང་ཞིང་མཛེས་ལ། བལྟ་ན་སྡུག་པ་ཁ་དོག་བཟང་པོ་རྒྱས་པའི་མཆོག་དང་ལྡན་པ། བྱིས་པ་རྣམས་དགའ་བར་བྱེད་ཅིང་། ཚིམ་པར་བྱེད་པ་སྟེ། མཁས་པ་རྣམས་ལ་ནི་མ་ཡིན་ནོ། །རྒྱལ་རིགས་ཤིང་ས་ལ་ཆེན་པོ་ལྟ་བུ་བརྒྱད་ཁྲི་བཞི་སྟོང་ཡང་ཞབས་འབྲིང་མཐོ་དམའ་དུ་འགྲོའོ། །བྲམ་ཟེ་ཤིང་ས་ལ་ཆེན་པོ་ལྟ་བུ་བརྒྱད་ཁྲི་བཞི་སྟོང་ཡང་ཞབས་འབྲིང་མཐོ་དམའ་དུ་འགྲོའོ། །ཁྱིམ་བདག་ཤིང་ས་ལ་ཆེན་པོ་ལྟ་བུ་བརྒྱ་ཁྲི་བཞི་སྟོང་ཡང་ཞབས་འབྲིང་མཐོ་དམའ་དུ་འགྲོའོ། །རྒྱལ་པོའི་བུ་མོ་

(༦༥)ལྔ་བརྒྱ་ཡང་རིན་པོ་ཆེའི་ཁྱོགས་ཀྱི་ནང་དུ་ཞུགས་ནས་མདུན་ཐོགས་ཐག་ཏུ་འགྲོ་སྟེ། དེ་དག་གིས་དགེ་སློང་དེ་མཐོང་མ་ཐག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །བཙུན་མོའི་འཁོར་བརྒྱ་སྟོང་ཕྲག་དྲུག་བཅུ་རྩ་བརྒྱད་ཀྱང་དགེ་སློང་དེ་མཐོང་མ་ཐག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །སྐྱེ་བོའི་ཚོགས་ཆེན་པོ་དེ་དག་ཀྱང་ནོར་བུ་དང་གདུབ་བུ་རྣམས་འགྲོལ་ཏེ། ལྷ་མ་རྣམས་གཞག་ནས། བླ་གོས་ཕྲག་པ་ཅིག་ལ་གཟར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། དགེ་སློང་དེ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ཞིང་འཁོད་དོ། །དེ་ནས་བུ་མོ་གཞོན་ནུ་དེ་དག་ཀྱང་སྔོན་གྱི་དགེ་བའི་རྩ་བ་དག་གིས་བསྐུལ་བས་ཕྱོགས་དེ་དག་ལས་བབས་ནས། ནོར་བུ་དང་གདུབ་བུ་རྣམས་བཀྲོལ་

(༦༦)ཏེ། ལྷ་མ་རྣམས་གཞག་ནས། བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། བུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། དགེ་སློང་དེ་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་ཏེ། ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །དགེ་སློང་འདི་ནི་བྱོན་པའི་ཚེ། །ཉི་མ་ལྟ་བུར་ཐམས་ཅད་དུ། །འདི་དག་རབ་ཏུ་སྣང་བར་བགྱིས། །སྐྱེ་བོའི་ཚོགས་ཀྱང་བདུན་པར་གྱུར། །འདོད་ཆགས་ཞེ་སྡང་རྒྱུན་བཅད་ཅིང་། །གཏི་མུག་དག་ཀྱང་བསལ་བར་གྱུར། །དེ་ཚེ་ཞེ་སྡང་ཁྲོ་བ་དང་། །ཕྲག་དོག་ཐམས་བཅད་པར་གྱུར། །རྒྱལ་པོ་དཔའ་བས་བྱིན་པ་ཡི། །ཞབས་འབྲིང་སྲས་ལ་སོགས་པ་ཡང་། །སུ་ཡང་རྒྱལ་པོ་མི་ལྟ་སྟེ། །སུ་ཡང་ཞབས་རིང་མི་བགྱིད་དོ། །ཇི་ལྟར་ཟླ་བ་ཉ་བ་ནི། །སྐར་མ་དག་གིས་བསྐོར་བ་བཞིན། །རྒྱལ་པོའི་བུ་མོས་མདུན་བདར་བས། །དགེ་སློང་འདི་ཡང་མཛེས་པར་གྱུར། །ཇི་ལྟར་གསེར་གཟུགས་རི་མོ་དག །མཁས་པས་རི་མོ་

(༦༧)བྲིས་པ་དང་། །ས་ལའི་རྒྱལ་པོ་རྒྱས་པ་ལྟར། །དེ་བཞིན་དགེ་སློང་མཛེས་པར་གྱུར། །མཐུ་ཆེན་བརྒྱ་བྱིན་ལྷའི་དབང་པོ་ནི། །གྲོང་ཁྱེར་འཇིགས་པ་བདག་པོ་མིག་སྟོང་ལྡན། །རི་རབ་སྤྱི་ལ་སུམ་བཅུ་རྩ་གསུམ་དབང་། །དེ་བཞིན་དགེ་སློང་བྱོན་པ་འདི་ཡང་མཛེས། །ཚངས་པ་འཇིག་རྟེན་ཚངས་པ་གནས་པ་འདྲ། །རབ་འཕྲུལ་ལྷའི་བུ་ནི་ལྷ་དབང་བཞིན། །འདོད་ཁམས་འཐབ་བྲལ་མཆོག་གི་ལྷ་བཞིན་དུ། །དགེ་སློང་བྱོན་པ་འདི་ཡང་དེ་བཞིན་མཛེས། །ཉི་མ་བཞིན་དུ་བར་སྣང་ལྷན་ནེར་གྱིས། །འོད་ཟེར་སྟོང་ལྡན་མུན་ནག་རབ་ཏུ་སེལ། །ཕྱོགས་རྣམས་ཀུན་དུ་སྣང་བར་བགྱིད་པ་ལྟར། །དེ་བཞིན་དགེ་སློང་བྱོན་པ་མཛེས་པར་གྱུར། །བསྐལ་པ་མཐའ་ཡས་རྒྱ་ཆེར་སྦྱིན་པ་བྱིན། །ཚུལ་ཁྲིམས་མ་འདྲེས་རྟག་ཏུ་བསྲུང་བ་གྱིས། །བཟོད་པ་མཚུངས་མེད་འཇིག་རྟེན་ཀུན་དུ་བསྒོམས། །དེ་ནི་མཚན་གྱིས་རྒྱན་ཅིང་འདི་ལྟར་

(༦༨)མཛེས། །འཕགས་པའི་སྐྱེ་བོས་རབ་བསྟོང་བརྩོན་འགྲུས་བསྐྱེད། །བསམ་གཏན་བཞི་ཡང་ཞུམ་མེད་སེམས་ཀྱིས་བསྙེན། །ཉོན་མོངས་དྲ་བ་བསལ་ཅིང་ཤེས་རབ་བསྐྱེད། །དེ་ཕྱིར་དགེ་སློང་འཇིག་རྟེན་ཀུན་ཏུ་གདའ། །སངས་རྒྱས་བསྟན་པ་མཚུངས་མེད་སེམས་ཅན་སྙིང་པོ་སྟེ། །དཔའ་བོ་འདས་པས་ཆོས་མཆོག་དག་ཀྱང་རབ་ཏུ་བཤད། །མ་འོངས་དུས་དང་དེ་བཞིན་ད་ལྟར་བྱུང་བ་ཡི། །ཆོས་ཀྱི་དབང་པོ་དབང་བརྙེས་རྣམས་ཀྱི་སྲས་དེ་ལགས། །དགེ་སློང་ཁྱོད་ནི་མི་རྟག་ནམ་ཡང་མ་གྱུར་ཅིག །གཟུགས་ནི་ཇི་ལྟར་འཇིག་རྟེན་ཀུན་ནས་རབ་ཏུ་ལྡན། །གཟི་བརྗིད་ཆེ་ཞིང་དབྱངས་སྒྲ་ཤིན་ཏུ་སྙན་པར་གདའ། །རྒྱལ་བའི་གཟི་བརྗིད་ཤིན་ཏུ་ལམ་མེ་སྣང་མི་བགྱིད། །ཆོས་འདི་ཇི་ལྟར་ཁྱོད་བདག་ཉིད་ཀྱིས་རབ་རྟོགས་ཤིང་། །སངས་རྒྱས་དག་གིས་བཀའ་སྩལ་འཇིག་རྟེན་ཀུན་ཏུ་རྒྱུ་

(༦༩)དེ་བཞིན་བདག་ཅག་བུད་མེད་དངོས་པོ་ཀུན་སྤངས་ཏེ། །བདག་ཅག་ཐམས་ཅད་དགེ་སློང་འདི་བཞིན་འགྱུར་བར་བགྱི། །དེ་དག་ཐམས་ཅད་སོར་བཅུའི་ཐལ་མོ་སྦྱར་བྱས་ནས། །ཚིགས་བཅད་འདི་དག་སྨྲས་ཏེ་གོས་རྣམས་འཐོར་བར་བྱེད། །གསེར་གྱི་ཕྲེང་བ་དང་ནི་རིན་ཆེན་དོ་ཤལ་དང་། །རྣ་བའི་རྒྱན་དང་མགུལ་གྱི་རྒྱན་དག་རྣམ་མང་འཐོན། །ཇི་ལྟར་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དག །སྟོབས་ལྡན་ས་འདི་ཀུན་ལ་རྣམ་པར་བལྟ། །སྲས་སུ་འདུ་ཤེས་དག་ནི་ཉེ་བར་འཇོག །གླིང་རྣམས་བཞི་བོ་འདི་དག་ཀུན་དུ་འགྲོ། །རྒྱལ་རིགས་དང་ནི་ཚོང་དཔོན་བྲམ་ཟེ་དང་། །ཁྱིམ་བདག་མཁར་གྱི་རྒྱལ་པོ་དག་གི་མི། །དེ་དག་ཅིག་ལ་ལྷག་པར་སྡུག་པ་མེད། །ཐམས་ཅད་ལ་ཡང་བྱམས་པ་མཉམ་པར་བསྐྱེད། །དེ་བཞིན་དགེ་སློང་ངེས་པ་འདི་ཡང་ནི། །གཟུགས་དང་དབང་རྣམས་

(༧༠)ལ་ནི་ཤིན་དུ་བསླབས། །བྱང་ཆུབ་ཡན་ལག་སྟོབས་དང་དབང་པོ་དང་། །ཡན་ལག་བརྒྱད་པའི་ལམ་ཡང་རྣམ་པར་འབྱེད། །མཚན་མོ་ཟླ་བ་སྐར་ཚོགས་དབུས་ན་ཡང་། །ཇི་ལྟར་རབ་ཏུ་མཛེས་པར་སྣང་བ་བཞིན། །ཇི་ལྟར་ཉི་མའི་དཀྱིལ་འཁོར་འཆར་བའི་ཚེ། །གཟི་བརྗིད་ལྡན་ཞིང་རྣམ་པར་སྣང་བགྱིད་བཞིན། །དབང་པོ་ཞི་ཞིང་སྟོབས་བཅུ་ལྡན་པ་ཡི། །སངས་རྒྱས་ངེས་པ་ཀུན་ལ་ཕྱག་འཚལ་ལོ། །དེ་དག་གི་ནི་བསྔགས་པ་བསྐལ་པ་བརྒྱས། །ཟད་པར་བྱེད་ནུས་སྐྱེས་བུ་སུ་ཡང་མེད། །བསྐལ་པ་བྱེ་བ་སྟོང་ཕྲག་མང་པོར་ནི། །ཡོན་ཏན་བརྗོད་ཀྱང་ཟང་བ་ཡོད་མེད་དེ། །འཇིག་རྟེན་རབ་མཆོག་གི་ནི་སྤུ་གཅིག་ཀྱང་། །བསྔགས་པ་དག་ནི་ཟད་པར་མི་འགྱུར་རོ། །དེས་ནི་མཚུངས་མེད་འཁོར་ལོ་རབ་ཏུ་བསྐོར། །ཡེ་ཤེས་དག་གིས་གནས་ཀྱང་ཤིན་དུ་བསྟན། །

(༧༡)ཞིབ་ཅིང་རྡུལ་བྲལ་ཆོས་རྣམས་བཤད་པ་མཛད། །དེ་ནི་གང་ནའང་སྣང་བར་འགྱུར་བ་མེད། །དགེ་སྤྱོད་དང་ནི་བྲམ་ཟེ་ལྷ་དང་མི། །ལྷ་མིན་བདུད་དང་ཚངས་པར་བཅས་ལ་སོགས། །སངས་རྒྱས་ཐམས་ཅད་མཁྱེན་པའི་ཡོན་ཏན་གྱི། །རྒྱ་མཚོ་དག་ནི་ཟད་པར་ཡོངས་མི་ནུས། །གང་གི་ཐུགས་སྲས་འདི་འདྲ་མངའ་བ་ཡི། །སྨན་རྒྱལ་མཚུངས་མེད་རྒྱལ་ལ་ཕྱག་འཚལ་ལོ། །ཚིགས་བཅད་འདི་དག་སྨྲས་ནས་དེ་ཡི་ཚེ། །རྒྱལ་པོའི་བུ་མོ་གཞོན་ནུ་ཐམས་ཅད་དགའ། །གསེར་དང་གསེར་ཕྱེ་དག་ཀྱང་འཐོར་བར་བྱེད། །གོས་རྣམས་ཀྱང་ནི་རབ་ཏུ་འདིང་བ་བྱེད། །གཙུག་གི་ནོར་བུ་དོ་ཤལ་མཛེས་པ་དང་། །རིན་ཐང་བྱེ་བ་ཕྲག་ནི་བརྒྱ་རི་བས། །དགེ་སློང་དེ་ལ་མངོན་པར་གཡོགས་ནས་ནི། །དགའ་ནས་བྱང་ཆུབ་ཕྱིར་ཡང་རབ་ཏུ་ཞུགས། །དེ་ནས་རྒྱལ་པོ་དཔའ་བས་བྱིན་འདི་

(༧༢)སྙམ་དུ་སེམས་ཏེ། །ཀྱེ་མ་བཙུན་མོའི་འཁོར་འདི་དག་ནི་ལོག་པར་ཞུགས་ཏེ། །སྐྱེ་བོའི་ཚོགས་ཀྱང་ལོག་གོ་སྙམ་མོ། །སྐྱེ་བོ་དེ་དག་ཀྱང་ནོར་བུ་དང་གདུབ་བུ་བཀྲོལ། །ལྷམ་གཞག་ནས་གོས་ཕྲག་པ་གཅིག་ཏུ་བགོས་ཏེ། །བུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། །དགེ་སློང་དེ་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་ནས་ཕྱག་འཚལ་ལོ། །དགེ་སློང་དེ་བྱད་གཟུགས་བཟང་བ་ཙམ་དུ་རྒྱལ་པོ་དཔའ་བས་བྱིན་བྱད་བཞིན་མི་བཟང་། །དེ་ཙམ་དུ་བལྟ་ན་སྡུག་པ་མ་ཡིན། །དེ་ཙམ་དུ་མཛེས་པ་མ་ཡིན་ཏེ། །དེ་རྒྱལ་པོ་དེའི་སྲིད་ཀྱི་ཕྱིར་ཤིན་དུ་སྡངས་པར་གྱུར་ཏོ། །དགེ་སློང་དེའི་གཟུགས་ཀྱི་ལུས་ཡོངས་སུ་རྫོགས་པ་མཐོང་ནས་ཤིན་ཏུ་ཁྲོས་སོ། །དགེ་སློང་དེ་རྒྱལ་པོའི་ལམ་ན་འདུག་པ་དེའི་མིག་ཏུ་རྡུལ་སོང་བ་དང་། འདི་སྙམ་དུ་སེམས་ཏེ། དགེ་སློང་འདི་ཆགས་པའི་སེམས་

(༧༣)ཀྱིས་བཙུན་མོའི་འཁོར་ལ་བལྟས་ཏེ། འདིས་མིག་གིས་ཀྱང་བརྡ་བྱས་སོ། །དེ་འདི་སྙམ་དུ་སེམས་ཏེ། དགེ་སློང་འདི་ལ་སྲོག་གཅོད་པར་བྱེད་པ་སུ་ཡོད་སྙམ་མོ། །དེ་ནས་རྒྱལ་པོ་དཔའ་བས་བྱིན་གྱི་ཞབས་རིང་དུ་བུ་སྟོང་འབྲང་བ་དེ་དག་བོས་ནས། གཞོན་ནུ་དག་དག་དགེ་སློང་འདི་སྲོག་དང་ཕྲོལ་ཅིག་ཅེས་བྱས་ན། གཞོན་ནུ་དེ་དག་རྒྱལ་པོ་དཔའ་བས་བྱིན་ལ་སླར་ཟློག་གོ། །དགེ་སློང་དེའི་ཕྱིར་འཕྱིར་འདི་སྙམ་དུ་སེམས་ཏེ། བདག་གི་བུ་དག་ཀྱང་བཀའ་མི་ཉན་ཏེ། བདག་ཅིག་བུ་གཉིས་སུ་མེད་པར་གཞག་ན། ང་དགེ་སློང་འདི་སྲོག་དང་བྲལ་བར་བྱེད་པ་སུ་ཡོད་སྙམ་མོ། །དེ་ནས་རྒྱལ་པོ་དཔའ་བས་བྱིན་ལ་གསད་པའི་གཤེད་མ་དགའ་བྱེད་ཅེས་བྱ་བ་གཏུམ་པོ། །བསམ་པ་མེད་པ་མ་རུངས་པ་ཞིག་ཡོད་པ་དེ་རྒྱལ་པོའི་ལམ་ན། རྒྱལ་པོ་དཔའ་བས་བྱིན་དང་ཧ་ཅང་མི་རིང་བ་ཞིག་ན་

(༧༤)འདུག་གོ། །རྒྱལ་པོ་དཔའ་བས་བྱིན་གྱིས་ངེ་མཐོང་ནས། །དགའ་མགུ་ཡིད་རངས་ཏེ། རབ་ཏུ་དགའ་བ་དང་། མོས་པ་དང་། ཡིད་བདེ་བ་སྐྱེས་ནས། དེ་འདི་སྙམ་དུ་སེམས་ཏེ། དགའ་བྱེད་འདིས་དགེ་སློང་འདི་སྲོག་དང་བྲལ་བར་བྱེད་དོ་སྙམ་མོ། །དེ་ནས་གསོད་པའི་གཤེད་མ་དགའ་བྱེད་རྒྱལ་པོ་དཔའ་བས་བྱིན་ག་ན་འདུག་པ་དེར་འོངས་པ་དང་། དགའ་བྱེད་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ལ་བྱ་དགའ་ཆེར་སྦྱིན་ན། དགའ་བྱེད་ཁྱོད་དགེ་སློང་འདི་སྲོག་དང་བྲལ་བར་བྱེད་ནུས་སམ། དགའ་བྱེད་ཀྱིས་སྨྲས་པ། ལྷ་ཤིན་དུ་རྡོ་ཐོག་གོ། །བཀའ་བཞིན་འཚལ། དགེ་སློང་འདི་སྲོག་དང་བྲལ་བར་འཚལ་ལོ། །རྒྱལ་པོས་སྨྲས་པ། དགའ་བྱེད་དེའི་ཕྱིར་དེའི་དུས་ལ་བབ་པར་ཤེས་ན། མཚོན་རྣོན་པོ་ཐོགས་ལ། དགེ་སློང་འདིའི་ལག་པ་དང་། རྐང་པ་ཆོད་ཅིག །རྣ་བ་དང་སྣ་ཡང་ཆོད་ཅིག །འདིས་

(༧༥)ཆགས་པའི་སེམས་ཀྱིས་ངའི་བཙུན་མོའི་འཁོར་ལ་བལྟས་ཀྱིས། དེའི་ཕྱིར་འདིའི་མིག་ཀྱང་སྐམ་པས་ཕྱུང་ཤིག་ཅེས་བྱས་སོ། །དེ་ནས་གསོད་པའི་གཤེད་མ་དགའ་བྱེད་ཀྱིས། དེའི་ཚེ་རལ་གྲི་རྣོན་པོ་ཐོགས་ནས། དགེ་སློང་དེའི་ལག་པ་དང་རྐང་པ་བཅད་དོ། །རྣ་བ་དང་སྣའང་བཅད་དོ། །མིག་གཉིས་ཀྱང་ཕྱུང་ངོ་། །དེ་ནས་དགེ་སློང་དེའི་མགོ་བོ་དང་རྩ་བ་དང་རྐང་ལག་བཅད་པ་ལས་འོད་གཟེར་བརྒྱ་སྟོང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་ཡང་བྱུང་། འོ་མའི་རྒྱུན་ཀྱང་བྱུང་སྟེ། ཕྱོགས་བཅུར་བསྐོར་ནས། སླར་ཡང་དགེ་སློང་དེའི་ལུས་ཀྱི་ནང་དུ་ནུབ་པོ། །བཅད་ཅིང་གཏུབས་པའི་འཕྲོ་ནས། དཔལ་བེའུ་དང་། བཀྲ་ཤིས་དང་། འཁོར་ལོ་ལ་སོགས་པ་ནང་ནས་བྱུང་སྟེ། སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀུན་ཏུ་སྣང་ངོ་། །དེ་ནས་རྒྱལ་པོ་དེ་སྐྱེ་བོའི་ཚོགས་ཆེན་པོ་དང་དོང་དོང་

(༧༦)ནས། སྐྱེ་བོའི་ཚོགས་ཆེན་པོ་དེས། དགེ་སློང་ལམ་ན་བཅད་གཏུབས་ཤིང་འདུག་པ་མཐོང་ནས། དེ་དག་སྡུག་བསྔལ་ཞིང་ཡིད་མི་བདེ་སྟེ། ངོ་མཚར་དུ་གྱུར་ནས་ཚོ་ངེས་བཏབ་སྟེ། སྨྲེ་སྔགས་གཏོན་ནས། ཕྱིར་ཡང་རྒྱལ་པོའི་ཕོ་བྲང་འཁོར་རིན་ཆེན་ལྡན་པར་སོང་ངོ། །དེ་ནས་རྒྱལ་པོ་དཔའ་བས་བྱིན་ཞག་བདུན་འདས་པ་དང་། སྐྱེད་མོས་ཚལ་མཆོག་ན་འདུག་པ་མི་དགའ་མི་རྩེ་ཡོངས་སུ་མི་སྤྱོད་དེ། སྐྱེད་མོས་ཚལ་ནས་དེ་ལོག་ནས། ཞག་བདུན་འདས་པ་དང་། རྒྱལ་པོའི་ཕོ་བྲང་འཁོར་རིན་ཆེན་ལྡན་དུ་ཞུགས་པ་དང་། དེས་དགེ་སློང་དེ་རྒྱལ་པོའི་ལམ་དུ་བོར་བ་ཤི་ནས་ཞག་བདུན་ལོན་ཡང་། ལུས་ཀྱི་མདོག་མ་འགྱུར་བ་མཐོང་ནས། དེ་འདི་སྙམ་དུ་སེམས་ཏེ། དགེ་སློང་འདིའི་ལུས་ཀྱི་མདོག་མ་འགྱུར་བ་ལས་བལྟས་ན། དགེ་སློང་འདི་ནི་གདོན་མི་ཟ་

(༧༧)བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཡིན་ཏེ། བདག་གིས་སེམས་ཅན་དམྱལ་བ་ཆེན་པོར་སྐྱེ་བར་འགྱུར་པའི་སྡིག་པའི་ལས་བྱས་ཀྱིས། བདག་ནི་མྱུར་དུ་སེམས་ཅན་དམྱལ་བ་ཆེན་པོར་ལྷུང་བར་འགྱུར་རོ། །ཞེས་དེ་ལྟར་སེམས་དཔའ་ན། སྟེང་གི་བར་སྣང་ལས་ལྷའི་བུ་བརྒྱ་ཁྲིས་སྒྲ་སྐད་དབྱངས་གཅིག་ཏུ་སྨྲས་པ། རྒྱལ་པོ་ཆེན་པོ་འདི་ནི་དེ་བཞིན་ཏེ། ཁྱོད་ཇི་སྐད་ཟེར་བ་ལྟར་དགེ་སློང་འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཡིན་ནོ། །ཞེས་ཟེར་རོ། །བར་སྣང་ལ་ལྷ་དག་གི་སྒྲ་ཐོས་ནས་ཤིན་དུ་འཇིགས་ཤིང་སྐྲག་ནས། བག་ཚ་ཞིང་སྤུ་ཟིང་ཞེས་བྱེད་དེ་འགྱོད་པར་གྱུར་ཏོ། །དེ་ནས་རྒྱལ་པོ་དཔའ་བས་བྱིན་སྡུག་བསྔལ་ཞིང་ཡིད་མི་བདེ་སྟེ། འགྱོད་པར་གྱུར་པས་དེའི་ཚེ་ཚོ་ངེས་ཆེར་

(༧༨)བཏབ་ནས་ཚིག་འདི་སྐད་ཟེར་རོ། །རྒྱལ་པོའི་སྲིད་དང་རྒྱལ་པོའི་ཕོ་བྲང་དང་། །ནོར་བུ་རིན་ཆེན་མུ་ཏིག་གསེར་དབྱིག་སྤང་། །བདག་ཉིད་མཚོན་ཐོགས་བདག་ཉིད་འཆི་བར་བྱ། །བདག་ནི་བྱིས་པའི་བློ་ཅན་ལས་ངན་ལྡན། །དགེ་སློང་མེ་ཏོག་ཟླ་མཛེས་འདིར་བྱུང་བས། །སུམ་བཅུ་རྩ་གཉིས་མཚན་གྱིས་གོ་བགོས་ཏེ། །སྣང་བར་བྱེད་ཅིང་རྒྱལ་པོའི་ཕོ་བྲང་འོངས། །ཟླ་བ་ཉ་ཚེ་སྐར་མའི་རྒྱལ་པོ་བཞིན། །འདོད་པའི་ལོངས་སྤྱོད་ངན་པས་བདག་དཀྲུགས་ཏེ། །རབ་ཏུ་དགའ་བར་བུད་མེད་ཚོགས་རྣམས་དང་། །ཤིང་རྟའི་ནང་དུ་ཞུགས་ཏེ་དེ་ནས་དོང་། །རྒྱལ་རིགས་རྣམས་ཀྱིས་ཡོངས་སུ་འཁོར་ལོ་བསྐོར། །དགེ་སློང་དྲི་མཆོག་མིག་བཟད་འདི་ཉིད་ན། །འདིར་བྱོན་དགེ་སློང་དེ་ཡང་མཐོང་ནས་སུ། །བུད་མེད་ཚོགས་རྣམས་རབ་ཏུ་དགའ་གྱུར་ཅིང་། །མོས་པ་སྐྱེས་ནས་གསེར་གྱི་ཕྲེང་བ་གཏོར། །ཐམས་ཅད་སོར་བཅུའི་

(༧༩)ཐལ་མོ་སྦྱར་བྱས་ནས། །ཚིགས་བཅད་དབྱངས་ཀྱིས་དགེ་སློང་དེ་ལ་བསྟོད། །རྒྱལ་པོ་ཡི་ནི་གླུ་ཡི་དབྱངས་སྒྲ་རྣམས། །དེ་དག་ཐམས་ཅད་རབ་ཏུ་ཞི་བར་གྱུར། །དེ་ཡང་ཤིང་རྟའི་ནང་དུ་ཞུགས་ནས་ནི། །རྒྱལ་རིགས་རྣམས་ཀྱིས་ཡོངས་སུ་བསྐོར་བར་གྱུར། །བདེ་བར་གཤེགས་པའི་སྲས་མཆོག་མཐུ་ཆེ་བ། །དགེ་སློང་དྲི་མཆོག་མིག་བཟང་འདིར་བྱོན་ན། །བདག་གི་སེམས་ནི་རབ་ཏུ་ངན་གྱུར་ཏེ། །དགེ་སློང་རྒྱལ་པོའི་ཕོ་བྲང་འཇུག་པའི་ཚེ། །བུད་མེད་ཚོགས་ཆེན་དགའ་བ་རབ་མཐོང་ནས། །རྨོངས་པས་དེ་ལ་ཕྲག་དོག་ཁྲོ་བ་སྐྱེས། །ཕྱོགས་བཞི་ཀུན་དུ་སྣང་བར་བགྱིས་པ་ནི། །ཟླ་བ་སྒྲ་གཅན་ཟིན་ཐར་མཛེས་པ་བཞིན། །དགེ་སློང་རྒྱལ་པོའི་ཕོ་བྲང་འཇུག་མཐོང་ནས། །བུད་མེད་ཚོགས་རྣམས་དགའ་ཞིང་སྒྲ་ཡང་འབྱིན། །བདག་གིས་དེར་ནི་གཏུམ་པའི་ཚིག་སྨྲས་ཏེ། །བུ་སྟོང་དག་ལ་ད་ཉིད་ཁྱོད་སོང་ལ། །དགེ་སློང་

(༨༠)འདི་ནི་དུམ་བུ་དུམ་བུར་གྱིས། །འདི་ནི་ང་ཡི་དགྲ་མཆོག་མ་རུངས་པ་གཞོན་ནུ་ཐམས་ཅད་མཉེན་ཞིང་ཚུལ་ལྡན་ཏེ། བདག་ལ་ཕན་སེམས་དགེ་སློང་དེ་ལ་འདུད། །རྒྱལ་པོ་འདི་འདྲའི་བཀའ་བཞིན་བགྱིར་མི་རུང་། །དེ་ཚེ་བདག་ནི་མྱ་ངན་ནོན་པར་གྱུར། །དགེ་སློང་ཤིན་དུ་ཚུལ་ཁྲིམས་མཆོག་ལྡན་པ། །བྱམས་ལྡན་ཕ་བཞིན་བཞུགས་པ་མཐོང་ནས་ནི། །ཤིན་དུ་གཏུམ་པའི་སེམས་ཀྱིས་གསོང་དུ་བཏང་། །ཕྱི་དུས་བདག་ནི་ལྷུང་ནས་མནར་མེད་སྲེག །དགའ་བྱེད་དེ་ནི་རྒྱལ་པོའི་ལམ་འདིར་གནས། །མ་རུངས་ལས་བགྱིད་མི་ལ་སྡུག་བསྔལ་བསྐྱེད། །བདག་ནི་བཀའ་བཞིན་འདི་འདྲའི་ལས་བགྱིས་ཏེ། །མེ་ཏོག་ཕྲེང་རྒྱུས་འདྲ་བའི་དགེ་སློང་གཏུབས། །ནགས་མཆོག་ཀུན་ཏུ་བཟང་པོ་དགའ་བ་ན། །བྱ་ཡིས་གང་ཞིང་མེ་ཏོག་དྲི་ཞིམ་རྒྱས། །དེ་ནས་དགེ་སློང་ཚོགས་གཞན་རབ་མང་བ་བུ་ཅིག་པ་ནི་མ་དང་བྲལ་བ་བཞིན། །དགེ་སློང་བཞེངས་ལ་ནགས་སུ་

(༨༡)གནས་པར་མཛོད། །མི་ཡི་དོན་ཀྱང་ཤིན་ཏུ་རྒྱ་ཆེར་གྱིས། །རྒྱལ་པོའི་ཕོ་བྲང་འཁོར་འདིར་ཕྱིན་པའི་ཚེ། །དགེ་སློང་ཤིན་དུ་སྙིང་རྗེར་དུ་ཞིང་ཚོལ། །ལག་པ་གཡས་པས་མེ་ཏོག་རྒྱལ་མཚན་ཐོགས། །གཡོན་པ་ཡིས་ཀྱང་བལྟ་སྡུག་མཛེས་པ་བཞིན། །ལམ་ཡང་སྦྱངས་ཤིང་གོས་ཀྱིས་ཁེབས་པར་གཡོགས། །དགེ་སློང་བཞེངས་ལ་ཆོས་མཆོག་བཤད་པ་མཛོད། །རྒྱལ་པོའི་ཁབ་འདིར་ཁྱོད་བཞུགས་རིང་ལོན་ཡང་། །དགེ་སློང་རབ་ཏུ་སྙིང་རྗེར་དུ་ཞིང་ཚོལ། །རྒྱལ་བ་མཆོག་གི་བསྟན་པ་འཇིག་པའི་ཚེ། །ཁྱོད་ཀྱི་སྲོག་གི་བར་ཆད་འགྱུར་དུ་དོགས། །ཇི་ལྟར་སྐྱེས་བུ་མཐུ་ཆེན་ལ་ལ་དག །ཕྱོགས་དང་ཕྱོགས་མཚམས་རྟག་ཏུ་སྒྲ་གྲགས་པ། །སྲིད་གསུམ་འདི་ཀུན་ཐམས་ཅད་ཟིལ་མནན་ནས། །གཡང་ས་ཆེན་པོར་འཆོངས་ཏེ་གར་ལྷུང་ལྟར། །དེ་བཞིན་དགེ་སློང་མཚན་མཆོག་རབ་རྒྱན་པ། །

(༨༢)བྱད་བཞིན་བཟང་པོས་འདིར་ནི་འགྱེལ་བར་འགྱུར། །མེ་ཏོག་ཟླ་མཛེས་ཞེ་སྡང་གཏུམ་མེད་པ། །བདག་གིས་སྡིག་པའི་སེམས་ཀྱིས་དུམ་བརླགས། །བདག་གིས་སྡིག་པའི་སེམས་ཀྱིས་དུམ་བུར་བརླགས། །མེ་ཏོག་ཟླ་མཛེས་བཀྲོངས་ནས་སར་ལྷུང་བ། །ཆོས་སྨྲ་འདི་ནི་མཐོང་ནས་མྱུར་བར་ཡང་། །དགེ་སློང་ཐམས་ཅད་སྡུག་བསྔལ་གཟིར་གྱུར་ཏེ། །མི་དགའ་སྐྱེས་འགྱུར་དེ་བཞིན་སེམས་མི་བདེ། །མེ་ཏོག་ཟླ་མཛེས་རི་ཡི་རྒྱལ་པོ་ལྟར། །སུམ་བཅུ་རྩ་གཉིས་མཚན་གྱིས་གོ་པ་གོས་ཏེ། །ཕྲེང་བ་བརྒྱུས་པ་བུད་མེད་ཐོགས་པ་འདྲ། །འདིར་ནི་དུམ་བུ་དུམ་བུར་རྣམ་པར་བཅད། །བདག་གིས་དངོས་སྡིག་ཤིན་དུ་མི་ཟད་བགྱིས། །མགོན་མེད་མནར་མེད་ཤིན་རྗེ་ཡུལ་དུ་འཆི། །འདིར་ཡང་དགེ་སློང་དུམ་བུར་བརླག་པ་ཡིས། །བདག་ནི་སངས་རྒྱས་རྣམས་དང་རིང་བས་རིང་། །བདག་གིས་ཤིན་དུ་ལས་ངན་བགྱིས་པས་ན། །

(༨༣)བུ་དང་གཉེན་བཤེས་ཚོགས་རྣམས་སྐྱབས་མི་འབྱུང་། །བློན་པོ་དང་ནི་ཞབས་འབྲིང་བཀྲབ་པ་ཡང་། །དེ་དག་དམྱལ་བར་བདག་སོད་སྐྱབས་མི་འགྱུར། །སངས་རྒྱས་འདས་དང་དེ་བཞིན་མ་བྱོན་དང་། །ཕྱོགས་བཅུ་དག་ན་གང་སུ་བཞུགས་པ་ཡི། །དེད་དཔོན་སྟོབས་བཅུ་ཉོན་མོངས་མེད་པ་རྣམས། །རྡོ་རྗེ་སྟུག་སྲ་མང་བའི་སྐྱབས་སུ་མཆི། །དེར་ནི་དགེ་སློང་དུམ་བུར་བྱས་མཐོང་ནས། །ལྷ་རྣམས་རབ་ཏུ་སྙིང་རྗེ་ཆོ་ངེས་འདེབས། །དེ་དག་དེར་སོང་དགེ་འདུན་གོ་བར་བྱས། །མེ་ཏོག་ཟླ་མཛེས་རྒྱལ་པོའི་ཁབ་འདིར་བསང་། །ཆོས་སྨྲ་བ་ནི་མཁས་ཤིང་རྟོགས་པ་ང་། །མཐུ་ཆེན་ཕྱོགས་དང་ཕྱོགས་མཚམས་རབ་ཏུ་གྲགས། །བྱང་ཆུབ་སེམས་དཔའ་གཟུངས་གླ་ནས་པ་སྟེ། །མེ་ཏོག་ཟླ་མཛེས་རྒྱལ་པོའི་ཁབ་འདིར་བསད། །བསྐལ་པ་མཐའ་ཡས་སྦྱིན་པ་སྣ་ཚོགས་བྱིན། །ཚུལ་ཁྲིམས་མི་གཡོ་བསྐྱོ་

(༨༤)མེད་གང་བསྲུང་ཞིང་། །འཇིག་རྟེན་ཀུན་དུ་མཚུངས་མེད་བཟོད་བསྒོམ་པ། །མེ་ཏོག་ཟླ་མཛེས་རྒྱལ་པོའི་ཁབ་འདིར་བསད། །བསྐལ་པ་མཐའ་ཡས་རྟག་ཏུ་བརྩོན་ལྡན་ཞིང་། །ཞུམ་མེད་སེམས་ཀྱིས་བསམ་གཏན་བཞི་ལ་སྒོམ། །ཉོན་མོངས་བསྒོམ་པའི་ཤེས་རབ་གང་རྟེན་པ། །མེ་ཏོག་ཟླ་མཛེས་རྒྱལ་པོའི་ཁབ་འདིར་བསད། །ལུས་ལ་ཕངས་པ་ཐམས་ཅད་རབ་སྤངས་ཤིང་། །དེ་བཞིན་སྲོག་ལ་མ་ཆགས་གྱུར་ནས་ནི། །ཀུན་དུ་བཟང་པོའི་ནགས་ནས་བབས་ནས་སུ། །མེ་ཏོག་ཟླ་མཛེས་རྒྱལ་པོའི་ཁབ་འདིར་བསད། །ལྷ་ཡི་ཆོས་རྔ་ ཆེན་པོ་ཐོས་ནས་ནི། །དགེ་སློང་དེ་ཀུན་ཤིན་དུ་སྡུག་བསྔལ་ནས། །མེ་ཏོག་ཟླ་མཛེས་ཉེས་མེད་བསད་པ་ལ། །བལྟ་བའི་ཕྱིར་ཡང་ཐམས་ཅད་གྲོང་དུ་ལྷགས། །ངེས་པ་དེ་དག་རྒྱལ་པོའི་ཁབ་བསད་ནས། །དགེ་སློང་དུམ་བུ་དུམ་བུར་བྱས་མཐོང་སྟེ། །ཉམ་ཐག་སྐད་ཀྱིས་མི་བཟད་ཆོ་ངེས་

(༨༥)འདེབས། །དེ་དག་ཐམས་ཅད་བརྒྱལ་ནས་ས་ལ་འགྱེལ། །དགེ་སློང་དགེ་འདུན་རྒྱལ་པོ་དེ་ལ་སྨྲ། །ཚུལ་ཁྲིམས་སྐྱོན་མེད་ཤིན་དུ་བསྡམས་པ་ཡི། །དགེ་སློང་འདིས་ནི་ཉེས་པ་ཅི་ཞིག་བྱས། །འདི་ནི་སྔོན་གྱི་སྐྱེ་བ་བསམ་ཡས་དྲན། །འདི་ནི་ཡེ་ཤེས་གཟུངས་དབང་ཕ་རོལ་ཕྱིན། །འདི་ནི་འདུས་བྱས་འདི་དག་སྟོང་བར་ཤེས། །འདི་ནི་འགྲོ་བ་དག་ལ་མཚན་མེད་སྟོན། །འདི་ནི་སྨོན་ལམ་འདུ་ཤེས་ཐམས་ཅད་སྤངས། །འདི་ནི་ཡིད་འོང་སྙན་པའི་སྒྲ་དབྱངས་འབྱིན། །འདི་ནི་ངེས་ཤིང་དབང་པོ་རབ་ཏུ་ཞི། །འདི་ནི་སྔོན་གྱི་གནས་ཀྱི་ཕ་རོལ་ཕྱིན། །འཇིག་རྟེན་ཐམས་ཅད་ལས་ཀྱང་མངོན་པར་འཕགས། །འདི་ནི་སངས་རྒྱས་རང་འབྱུང་ཡེ་ཤེས་ཀྱིས། །ཁྱུ་མཆོག་གྱུར་ཅིང་འཇིག་རྟེན་རི་མོར་བྱས། །དག་ཅིང་རབ་རིབ་མེད་པའི་མིག་གིས་བལྟ། །བྱམས་པ་དང་ནི་སྙིང་རྗེ་ཤིན་དུ་ཆེ། །འདོད་

(༨༦)པ་ངན་ཅིང་བསམ་པ་ངན་པ་སྐྱེས། །མཐོ་རིས་རྣམ་པར་མ་རུང་བྱེད་པ་སྟེ། །འདོད་པས་བསྙེན་ན་རྣ་བ་མེད་པར་འགྱུར། །མི་དག་ཤེས་རབ་དང་ཡང་བྲལ་བར་འགྱུར། །མི་རྣམས་འདོད་པ་ལ་ནི་བསྙེན་བྱས་ན། །ལོང་བར་འགྱུར་ཞིང་ཕ་དང་མ་ཡང་གསོད། །འདོད་པ་བསྙེན་བྱས་ཚུལ་ཁྲིམས་ལྡན་པ་གསོད། །དེ་བས་མི་ཡིས་འདོད་པ་རྣམ་པར་སྤང་། །རྒྱལ་པོས་འདོད་པ་དག་ནི་བསྙེན་བྱས་ན། །ས་བདག་དམ་པ་འབྱོར་པ་འདི་བོར་ནས། །མི་བཟད་སྡུག་བསྔལ་རྩུབ་བྱེད་སེམས་དམྱལ་ནས། །སེམས་ཅན་དམྱལ་བ་འཇིགས་པ་ཆེན་པོར་འགྲོ། །འདི་འདྲའི་དགེ་སློང་མཁས་པ་གསོད་བྱེད་དེ། །སྡིག་པའི་ལས་རྣམས་རྟག་ཏུ་བྱེད་པར་འགྱུར། །དེ་ཕྱིར་བྱང་ཆུབ་ཞི་བ་སུ་འདོད་པ། །སྡིག་པ་རྣམ་པ་སྣ་ཚོགས་སྤང་བར་བྱ། །ལུས་ནི་སྒྱུ་མ་གསོག་དང་འདྲ་བ་དང་། །དེ་བཞིན་རྣམ་གི་སྣ་ལྕེ་རིག་ནས་ནི། །

(༨༧)གཟུགས་དང་སྒྲ་དང་དེ་བཞིན་དྲི་མཆོག་དང་། །རེག་བྱ་ཆོས་རྣམས་ཞུམ་མེད་སེམས་ཀྱིས་གཏོང་། །སྦྱིན་ལ་བསླབས་ཤིང་ཚུལ་ཁྲིམས་ཉམ་པ་མེད། །བཟོད་པ་དང་ནི་བརྩོན་འགྲུས་དེ་བཞིན་ཏེ། །བསམ་གཏན་རྟེན་ཅིང་ཤེས་རབ་ཕ་རོལ་སོང་། །སེམས་ཅན་དག་གི་དོན་ཀྱང་རབ་ཏུ་བྱེད། །འཇིག་རྟེན་ལྷ་དང་མིར་བཅས་ཐམས་ཅད་ཀྱང་། །བྱམས་པས་རྒྱལ་བ་ལ་ནི་རབ་ཏུ་བལྟ། །དེ་ཕྱིར་མིག་ནི་མུན་ནག་གཏིབས་གྱུར་ཀྱང་། །བྱང་ཆུབ་ཞི་བ་ཉིད་ནི་འཚང་རྒྱར་འགྱུར། །རྟ་དང་བ་གླང་ཡང་ཐོག་ཁྲི་རྣམས་དང་། །ཁྱོགས་དང་སྔས་རྣམས་ཀྱང་ནི་དེ་བཞིན་ཏེ། །གླང་པོ་དག་དང་གཞོན་དང་བརྒལ་བ་དང་། །གྲོང་དང་ཡུལ་འཁོར་དགའ་བས་སྟོངས་པར་བྱེད། །གྲོང་ཁྱེར་དང་ནི་རྒྱལ་སྲིད་ཡོངས་གཏོང་ཞིང་། །གསེར་དང་དངུལ་དང་ཤེལ་དང་བྱི་རུ་དང་། །དེ་བཞིན་གནས་དང་བུ་དང་བུ་མོ་དང་། །རང་གི་

(༨༨)མགོ་ཡང་གཏོང་ཞིང་བྱང་ཆུབ་ཞུགས། །མེ་ཏོག་དང་ནི་སྤོས་དང་བདུག་པ་དང་། །གདུགས་དང་རྒྱལ་མཚན་ལྷའི་བ་དན་དང་། །རོལ་མོའི་ཆ་བྱད་སྣ་ཚོགས་ཐོགས་ནས་ནི། །དགའ་ནས་མཆོད་པ་མཚུངས་པ་མེད་པ་བྱེད། །སྲིད་པ་དག་ནི་སྟོང་བར་ཤེས་ནས་ཀྱང་། །སྲིད་པའི་འགྲོ་བ་དག་ལ་དགའ་མི་བྱེད། །དེ་ཕྱིར་སྟོབས་བཅུ་མཚན་གྱིས་རབ་རྒྱན་ཅིང་། །ཕྱོགས་བཅུ་ཐམས་ཅད་དུ་ཡང་སྣང་བར་བྱེད། །བྱང་ཆུབ་སེམས་དཔའ་གཟུངས་ལ་གང་གནས་པ། །འདོད་པའི་ཁམས་རྣམས་དང་ནི་གཟུགས་ཀྱི་ཁམས། །གཟུགས་མེད་ཁམས་ལ་དེ་དག་མི་ཆགས་ཏེ། ཁམས་གསུམ་དག་ལ་སྔ་ནས་ཆགས་པ་མེད། །བྱང་ཆུབ་སེམས་དཔའ་གཟུངས་ལ་གང་གནས་པ། །བདག་ཏུ་འདུ་ཤེས་སེམས་ཅན་འདུ་ཤེས་མེད། །སྲོག་ཏུ་འདུ་ཤེས་གང་ཟག་འདུ་ཤེས་མེད། །ཚངས་པར་སྤྱད་པ་མ་འདྲེས་རྟག་ཏུ་

(༨༩)སྤྱད། །བྱང་ཆུབ་སེམས་དཔའ་གཟུངས་ལ་གང་གནས་པ། །དངོས་པོར་འདུ་ཤེས་དངོས་མེད་འདུ་ཤེས་མེད། །བདེ་བར་འདུ་ཤེས་མི་བདེ་འདུ་ཤེས་མེད། །གྲངས་སུ་འདུ་ཤེས་གྲངས་མེད་འདུ་ཤེས་མེད། །བྱང་ཆུབ་སེམས་དཔའ་གཟུངས་ལ་གང་གནས་པ། །ཡོད་པར་འདུ་ཤེས་མེད་པར་འདུ་ཤེས་མེད། །བུད་མེད་འདུ་ཤེས་སྐྱེས་པར་འདུ་ཤེས་མེད། གྲོང་དུ་འདུ་ཤེས་གྲོང་ཁྱེར་འདུ་ཤེས་མེད། །བྱང་ཆུབ་སེམས་དཔའ་གཟུངས་ལ་གང་གནས་པ། །ཡུལ་འཁོར་འདུ་ཤེས་གྲོང་འདབ་འདུ་ཤེས་མེད། །འདོད་ཆགས་འདུ་ཤེས་འདོད་བྲལ་འདུ་ཤེས་མེད། །ཞེ་སྡང་འདུ་ཤེས་སྡང་བྲལ་འདུ་ཤེས་མེད། །གཏི་མུག་འདུ་ཤེས་འདོད་བྲལ་འདུ་ཤེས་མེད། །བྱང་ཆུབ་སེམས་དཔའ་གཟུངས་ལ་གང་གནས་པ། །ང་རྒྱལ་ང་རྒྱལ་བྲལ་བའི་འདུ་ཤེས་མེད། །མ་རིག་

(༩༠)མ་རིག་མ་ཡིན་འདུ་ཤེས་མེད། །ལྟ་དང་ལྟ་བ་མ་ཡིན་འདུ་ཤེས་མེད། །བྱང་ཆུབ་སེམས་གཟུངས་ལ་གང་གནས་པ། །དེ་དག་དབང་པོ་སྟོབས་ལ་མི་ཆགས་ཏེ། །བྱང་ཆུབ་ཡན་ལག་བསམ་གཏན་ཆགས་པ་མེད། ཁམས་གསུམ་ཉེས་པ་ཐམས་ཅད་རྣམ་པར་སྤོང་། །འདོད་ཆགས་ཆགས་མེད་ཞེ་སྡང་གཏུམ་པ་མེད། །གཏི་མུག་རྨོངས་མེད་རྟག་ཏུ་གཡོ་མེད་འགྱུར། །སངས་རྒྱས་སྟོབས་བཅུ་མཐོང་ནས་བཀུར་བསྟི་བྱེད། །བློ་གྲོས་ལྡན་པ་མཐོ་རིས་སྨོན་མི་བྱེད། །སུ་དག་གཞན་ལས་ཆོས་མཆོག་ཐོས་ནས་ནི། །དེ་ལ་ནམ་ཡང་ནེམ་ནུར་མི་བྱེད་པ། །འབྲུ་མར་གང་བའི་སྣོད་བཞིན་དངས་ཤིང་དག །བཅད་དང་མ་བཅད་གཞན་གྱི་བློ་ཡང་ཤེས། །མཛའ་བ་བྱས་ན་རྗེས་སུ་ཆགས་པ་སྐྱེ། །དེ་ཡང་ཉོན་མོངས་པ་ནི་ཆེན་པོ་ཡིན། །ཞེ་སྡང་བྱས་ན་ཁོང་ཁྲོ་སྐྱེ་བར་འགྱུར། །དགྲ་དང་།

(༩༡)འཇིགས་པ་སྡིག་པ་རྣམས་ཀྱང་འབྱུང་། །འདི་གཉིས་རབ་ཏུ་རྣམ་པར་སྤངས་བྱས་ཏེ། །བློ་གྲོས་ལྡན་པ་དག་ནི་བྱང་ཆུབ་ཞུགས། །དེ་དག་མི་ཡི་ཁྱུ་མཆོག་སྟོབས་བཅུར་ནི། །འཇིག་རྟེན་དུ་ཡང་མངོན་པར་འབྱུང་བར་འགྱུར། །ནང་དང་ཕྱི་རོལ་དག་ཀྱང་རྣམ་སྤངས་ཏེ། །ཆོས་ཀྱི་ངོ་བོ་ཉིད་ལ་རབ་གནས་ཤིང་། །ཚུལ་ཁྲིམས་ཕུང་པོ་དག་ཀྱང་རྣམ་པར་སྦྱངས། །རལ་པ་མེད་ཅིང་མ་འདྲེས་སྐྱོན་ཡང་མེད། །ནམ་ཡང་དག་གི་ནི་ཚུལ་ཁྲིམས་དག །འཕགས་ཤིང་འདྲེས་པ་བདག་ཏུ་མི་འགྱུར་རོ། །མཐའ་དག་གི་ནི་གཉིས་པོ་ཡོངས་སྤངས་ནས། །བློ་གྲོས་ཚངས་པ་བྱང་ཆུབ་ཞི་རྟོགས་འགྱུར། །དེ་ནས་རྒྱལ་པོ་དཔའ་བས་བྱིན་གྱིས་དགེ་སློང་གི་དགེ་འདུན་པས་ཆོས་སྨྲ་བ་མེ་ཏོག་ཟླ་མཛེས་ཀྱི་ཡོན་ཏན་གྱི་བྱེ་བྲག་ཆེན་པོ་ཡངས་ཤིང་རྒྱ་ཆེ་བ་ཐོས་ནས། །སྡུག་བསྔལ་ཞིང་ཡིད་མི་དགའ་སྟེ། །དེའི་ཚེ་བྱང་ཆུབ་སེམས་

(༩༢)དཔའི་ཚོགས་ཆེན་པོ་ལ་ཚིགས་སུ་བཅད་པས་སྨྲས་པ། །ནགས་ཁྲོད་སྟུག་པོ་ཀུན་དུ་བཟང་པོ་ནི། །སྡོང་པོ་ཆེན་པོས་གང་ཞིང་འབྲས་བུས་མཛེས། །དུས་ཀུན་སྐྱེ་བའི་མེ་ཏོག་འདུག་པས་རྒྱན། །སྣ་ཚོགས་ཐ་དད་བྱ་རྣམས་སྒྲ་ཡང་འབྱིན། །གསེར་གྱི་རི་ཡང་མཛེས་ཤིང་མཐོ་བས་རྒྱན། །མི་འམ་ཅིའི་གླུ་དབྱངས་སྙན་པ་དང་། །རོལ་མོའི་ཤིན་དུ་ཐབས་ལྡན་ཡིད་འོང་གྲགས། །གྲུབ་པའི་བུ་མོ་རྟག་ཏུ་གར་ཡང་བྱེད། །ནགས་ཏེ་ལྷ་ཡི་དགའ་བའི་ཚལ་བཞིན་ཏེ། །གཟུགས་བཟང་གཟུགས་འབར་བ་ཡི་ཤིང་གིས་དཀྲིས། །མེ་ཏོག་རྣམ་པ་སྣ་ཚོགས་ཐ་དད་བཀྲམ། །ཨུཏ་པ་ལ་པདྨོས་རྒྱན་ཅིང་ཆུ་ཡང་འབབ། །འདི་འདྲའི་གནས་མཆོག་དབྱངས་དགའ་བ། །དྲང་སྲོང་རྟག་ཏུ་གནས་པར་མཐུན་པ་དག །བོར་ནས་སེམས་ཅན་དོན་དང་ཕན་བཞེད་པས། །སྡིག་པའི་ཕུང་པོ་བདག་དྲུང་གྲོང་དུ་བྱོན། །དེ་ལྟར་ཆོས་སྨྲ་ཡོན་ཏན་

(༩༣)འཆད་པ་འདི། །མེ་ཏོག་ཟླ་མཛེས་གྲོང་ཁྱེར་འདིར་བྱོན་ཏེ། །བྱོན་ནས་སྡིག་པ་བགྱིད་པ་བདག་གིས་བཀྲོངས། །འདི་བཀྲོངས་པས་ནི་བདག་ཀྱང་དམྱལ་བར་ལྟུང་། །བྱང་ཆུབ་སེམས་དཔའ་ཐུགས་རྗེའི་སྟོབས་ལྡན་དག །དཔའ་བོ་སེམས་ཅན་ཕན་ཕྱིར་འཇིག་རྟེན་སྤྱོད། །དེ་དག་སྡིག་བགྱིད་བདག་གི་སྐྱབས་མཛོད་ཅིག །བྱང་ཆུབ་སེམས་དཔའ་དེ་སྐྱབས་བདག་འཆིའོ། །གང་ཡང་རང་རྒྱལ་བདག་ནི་གཉིས་པ་དང་། །གང་གཞན་ཉན་ཐོས་རྫུ་འཕྲུལ་ལྡན་པ་སྟེ། །ཟག་པ་ཅིང་ཅིང་ཐ་མའི་ལུས་འཛིན་པ། །བདག་ནི་སྡུག་བསྔལ་མནར་མེད་འཆི་བ་སྐྱོབས། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། །དེ་ལྟ་བས་ན་ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལུས་དང་སྲོག་ལ་མ་ཆགས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ལུས་དང་སྲོག་ལ་ཆགས་པའི་སེམས་

(༩༤)ཅན་རྣམས་མི་དགེ་བའི་ལས་མངོན་པར་འདུ་བྱེད་པར་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། རྟག་ཏུ་རུལ་བའི་ལུས་འདི་དང་། །སྲོག་ཀྱང་གཡོ་ཞིང་དབང་མེད་དེ། །རྨི་ལམ་སྒྱུ་མ་འདྲ་བ་ལ། །སེམས་ཅན་གང་དག་ཆགས་པ་ནི། །ཤིན་དུ་མ་རུངས་ལས་བྱས་ནས། །གཏི་མུག་དབང་སོང་དེ་དག་ནི། །སེམས་ཅན་དམྱལ་བ་མི་ཟད་བར། །མི་མཁས་བདུད་ཀྱི་བཞོན་པས་སོང་། །དབུ་བ་རྡོས་འདྲའི་ལུས་དང་ནི། །ཆུ་ཡི་ཆུ་བུར་འདྲ་སྲོག་ལ། །མི་དག་ཆགས་པར་མི་བྱེད་པ། །དེ་དག་འགྲོ་བ་མཆོག་ཏུ་འགྲོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། །ཀུན་དགའ་བོ་དེ་ལྟ་བས་ན། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་འདོད་པ་དང་། །མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་

(༩༥)པས། །ལུས་དང་སྲོག་ལ་མི་བལྟ་བར་བྱས་ཏེ། །མགོ་དང་གོས་ལ་མེ་འབར་བ་བཞིན་དུ་བརྩོན་འགྲུས་བརྩམས་པས། །སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་བསྐྱེད་དེ། །དབེན་པ་ན་བདེ་བར་གནས་པ་དང་། དགོན་པ་དང་། ནགས་ཁྲོད་སྤངས་ཏེ། གྲོང་དང་གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་དང་། རི་ཁྲོད་རྣམས་སུ་ཞུགས་ཏེ། ཅི་ནས་སེམས་ཅན་དེ་དག་ཉན་ཐོས་ཀྱི་བྱང་ཆུབ་དང་། རང་སངས་རྒྱས་ཀྱི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་དེ་ལྟ་དེ་ལྟ་བུར་སེམས་ཅན་རྣམས་ལ་ཆོས་བསྟན་པར་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱི་དེའི་ཚེ། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་སྔོན་བྱུང་བའི་གཏམ་བསྟན་པ་འདི་ཉིད་རྒྱ་ཆེར་ཚིགས་སུ་བཅད་

(༩༦)པའི་དབྱངས་ཀྱིས་རྒྱས་པར་རབ་ཏུ་བསྟན་ཏོ། །ངེས་སྔོན་སྤྱད་བདག་ནི་སྤྱོད་པ་ན། །དེ་ཚེ་རྒྱལ་པོ་དཔའ་བས་བྱིན་པར་འགྱུར། །རྒྱལ་པོའི་ཕོ་བྲང་རིན་ཆེན་ལྡན་ཞེས་བྱ། །བསྐྱེད་མོས་ཚལ་གྱི་སར་ནི་བྱུང་བར་གྱུར། །ཤིང་རྟར་ཞུགས་པས་དེ་ཚེ་དགེ་སློང་མཐོང་། །ཀུན་ཏུ་མཛེས་ཤིང་བལྟ་ན་སྡུག་པ་སྟེ། །སུམ་བཅུ་རྩ་གཉིས་མཚན་གྱི་གོ་བ་གོས་པ། །ཕྱོགས་རྣམས་ཐམས་ཅད་དུ་ཡང་སྣང་བར་བྱེད། །མེ་ཏོག་ཟླ་མཛེས་ཕྱོགས་སུ་གྲགས་པ་སྟེ། །སྙིང་རྗེ་གནས་པ་ཕན་ཞིང་སྙིང་བརྩེ་བ། །དཔལ་དང་གཟི་བརྗིད་དག་གིས་མཛེས་པ་ནི། །སེམས་ཅན་རྣམས་ལ་བརྩེ་ཕྱིར་གྲོང་དུ་འོངས། །ད་ནི་གཟུགས་ཀྱང་དེ་ཙམ་མི་ཕོད་པས། །དེ་ལ་ང་ཡང་འཇུངས་བ་མ་རུངས་སྐྱེས། །འདོད་ལ་ཆགས་ཤིང་སྲིད་ལ་བཅིངས་བས་ན། །འདི་ནི་བདག་གི་སྲིད་ལས་བསྐྱོད་སྙམ་སྟེ། །ང་ཡི་བུ་རྣམས་སྟོང་དུ་ཚང་བ་ཡང་། །ཤིང་རྟར་ཞུགས་ཤིང་

(༩༧)ཞབས་འབྲིང་མཐོ་དམའ་འགྲོ། །ཅོད་པན་དང་ནི་སྣ་ཚོགས་རྒྱན་གྱིས་བརྒྱན། །སུམ་བཅུ་དབང་ཕྱིར་ལྷ་ཡི་བུ་འབྲང་བཞིན། །དེ་ན་ང་ཡི་བུ་མོ་ལྔ་བརྒྱ་དག །ནོར་བུ་ཐོགས་ཤིང་ལྷམ་གྱོན་བལྟ་ན་སྡུག །མགོ་རྒྱན་དང་ནི་ལྷབ་ལྷུབ་རྒྱན་གྱིས་སྤུས། །དེ་དག་གསེར་གི་དྲ་བས་ཤིང་རྟ་འདྲེན། །ང་ཡི་བུད་མེད་ཅིག་ནི་བརྒྱད་ཁྲི་ཡང་། །གཟུགས་མཛེས་ཤིན་ཏུ་བལྟ་ན་སྡུག་པ་དག །ཤིང་རྟར་ཞུགས་པས་དགེ་སློང་དེ་མཐོང་སྟེ། །རི་རབ་བཞིན་དུ་གཟུགས་བཟངས་དཔལ་འབར་བས། །མཐོང་ནས་དེ་དག་ཕར་ཡང་འདུ་ཤེས་བསྐྱེད། །བྱང་ཆུབ་སེམས་དཔའ་མཆོག་ཏུ་སེམས་བསྐྱེད་དེ། །དེ་ཚེ་ཚངས་པའི་སྤྱོད་པར་ཡང་དག་བཙུད། །ཡིད་དུ་འོང་བའི་རྒྱན་རྣམས་དེ་ལ་གཏོར། །དེ་ཚེ་ང་ནི་ཕྲག་དོག་སྐྱེས་པར་གྱུར། །གནོད་སེམས་ཞེ་སྡང་ཐ་བ་མི་བཟད་དེ། །དབང་ཕྱུག་རྒྱགས་པས་བུ་ལ་འདི་སྐད་བྱས། །མདུན་ན་འདུག་

(༩༨)པའི་དགེ་སྤྱོད་གསང་བར་གྱིས། །གཞོན་ནུ་དེ་དག་ང་ཡི་ཚིག་ཐོས་ནས། །ཤིན་ཏུ་སྡུག་བསྔལ་ཡིད་ཀྱང་མི་དག་འགྱུར། །ཡབ་ཅིག་དེ་སྐད་གྱི་ནི་ཚིགས་མ་གསུང་། །དགེ་སློང་འདི་འདྲ་བདག་ཅག་མི་འགུམས་སོ། །བསྐལ་པ་བྱེ་བ་གང་གའི་བྱེ་སྙེད་དུ། །བདག་ཅག་ལུས་དང་ཡན་ལག་བཅད་གཏུབས་ཀྱང་། །དགེ་སློང་འདི་ནི་འགུམས་པར་མི་བགྱིད་དེ། །འདི་ལྟར་བདག་ཅག་བྱང་ཆུབ་སེམས་སྐྱེས་སོ། །རྒྱལ་པོ་དེ་ཚེ་བུ་ཡི་ཚིག་ཐོས་ནས། །ཁྲོས་ཏེ་གསོད་པའི་གཤེད་མ་འབངས་ལ་སྨྲས། །ང་ཡི་བཙུན་མོའི་མདུན་ན་འདུག་པ་ཡི། །དགེ་སློང་འདི་ནི་མྱུར་དུ་སོང་དེ་ཕུལ། །དེ་ནས་གསོད་པའི་གཤེད་མ་ཕྱི་བཞིན་འོངས། །ཤིན་ཏུ་གཏུམ་སེམས་དགའ་བྱེད་སྙིང་རྗེ་མེད། །འབྲུ་མར་ངར་བཏགས་རལ་གྲི་ཐོགས་ནས་སུ། །དེ་ཡིས་དགེ་སློང་དུམ་བུ་བརྒྱད་དུ་བྱས། །དེའི་ལུས་དང་ཡན་ལག་བཅད་པ་ལས། །

(༩༩)ཁྲག་ཀྱང་མི་ཟད་འོད་གཟེར་སྟོང་ཕྱུང་སྟེ། །བཅད་པའི་འཕྲོ་ནས་དཔལ་པེའུ་འཁོར་ལོ་དག །མཚན་རྣམས་དེའི་ལུས་ཀྱི་ནང་ན་ཡོད། །ཤིན་ཏུ་མ་རུངས་ལས་ནི་བྱས་ནས་སུ། །བསྐྱེད་མོས་ཚལ་དུ་དེའི་མོད་ལ་བྱུང་། །དགེ་སློང་མེ་ཏོག་ཟླ་བ་དྲན་ནས་ནི། །དེ་ཡི་རྩེད་མོ་དགའ་བར་མ་གྱུར་ཏོ། །རིངས་པའི་གཟུགས་སུ་མྱུར་ཞིང་མགྱོགས་པར་ནི། །དེ་ནས་བདག་ནི་རྒྱལ་པོའི་ཕོ་བྲང་སོང་། །གང་དུ་དགེ་སློང་དུམ་བུ་བརྒྱད་བྱས་པ། །ས་ཕྱོགས་དེར་ནི་ཤིང་རྟར་ཞུགས་ནས་ཕྱིན། །ལྷ་རྣམས་ཁྲག་ཁྲིག་མང་པོ་བར་སྣང་ལ། །ཚོ་ངེས་ འདེབས་པའི་སྒྲ་ངག་ངེས་ཐོས་ཏེ། །རྒྱལ་པོ་ཁྱོད་ཀྱིས་མི་དགེ་སྡིག་མངས་བགྱིས། །ཤི་འཕོས་ནས་ནི་མི་བདེ་མནར་མེད་འགྲོ། །རྒྱལ་པོ་དེས་ནི་ལྷ་ཡི་སྒྲ་ཐོས་ནས། །ཤིན་ཏུ་སྡུག་བསྔལ་མི་དགའ་སེམས་སྐྲག་གྱུར། །བདག་གིས་མེ་ཏོག་ཟླ་བ་བཀྲོངས་པ་ནི། །བདག་གིས་སྡིག་པ་

(༡༠༠)མི་བཟང་མང་པོ་བགྱིས། །དེ་བཞིན་གཤེགས་པ་ཡེ་ཤེས་མཐའ་ཡས་ལྡན། །སངས་རྒྱས་མི་ཡི་ཁྱུ་མཆོག་སྲས་པོ་དག །དབང་པོ་བསྲུངས་ཤིང་ངེས་པ་ཞི་བའི་ཡིད། །དེ་ནི་འདོད་པའི་དོན་ཕྱིར་བདག་གིས་བཀྲོངས། །དེ་བཞིན་གཤེགས་པའི་ཆོས་རྣམས་གང་འཛིན་ཅིང་། །ཟད་པའི་དུས་ལ་དམ་པའི་ཆོས་ཀྱི་མཛོད། །འཇིག་རྟེན་ཀུན་ཏུ་ཆོས་ཀྱི་སྒྲོན་མ་མཛད། །དེ་ནི་འདོད་པའི་དོན་ཕྱིར་བདག་གིས་བཀྲོངས། །འཇིག་རྟེན་ཀུན་ན་སྨན་པའི་རྒྱལ་པོ་དག །སེམས་ཅན་ན་བ་རྟག་ཏུ་གསོ་བྱེད་ཅིང་། །བདུད་རྩི་དག་གི་བཀྲུ་སྨན་གཏོང་བ་ཡི། །དགེ་སློང་བདག་གིས་འདོད་པའི་དོན་ཕྱིར་བཀྲོངས། །ཞིབ་ཅིང་ཟབ་ལ་ཞི་བ་བལྟ་དཀའ་བའི། །ཆོས་རྣམས་སྐྱེ་དགུ་དག་ལ་གང་འཆད་ཅིང་། །བྱང་ཆུབ་སྙིང་པོ་མཆོག་ཀྱང་གང་སྟོན་པ། །དེ་ནི་འདོད་པའི་དོན་ཕྱིར་བདག་གིས་དཀྲོངས། །འདྲེན་པ་རྣམས་ཀྱི་ཆོས་ཀྱི་མཛོད་འཛིན་ཅིང་། །འཇིག་རྟེན་མདོངས་པའི་སྒྲོན་

(༡༠༡)མར་གྱུར་པ་སྟེ། །གཟུངས་དང་མདོ་སྡེའི་རྒྱལ་པོ་གང་འཛིན་པ། །དེ་ནི་ཅི་སླད་བདག་གིས་འདོད་ཕྱིར་བཀྲོངས། །ཉོན་མོངས་མེད་ཅིང་རྣམ་དག་ཡེ་ཤེས་ཅན། །ཞི་བ་རབ་ཞི་རྟག་ཏུ་མཉམ་གཞག་པ། །འདོད་པས་མདོངས་པས་བདག་གིས་དེར་བཀྲོངས་ཏེ། །དེས་ན་ཤིན་ཏུ་མ་རུངས་དམྱལ་བར་ལྟུང་། །སངས་རྒྱས་གང་དག་འདས་དང་དེ་བཞིན་མ་བྱོན་དང་། །མི་ཡི་དམ་པ་རྒྱལ་བ་གང་ཡང་བཞུགས་པ་ནི། །བསྔགས་པ་མཐའ་ཡས་ཡོན་ཏན་རྒྱ་མཚོ་ལྡན་པ་རྣམས། །དེ་དག་ཀུན་ལ་ཐལ་མོ་སྦྱར་ཏེ་སྐྱབས་སུ་མཆི། །དེ་ནས་རྒྱལ་པོ་དཔའ་བས་བྱིན་གྱིས་ཆོས་སྨ་བ་མེ་ཏོག་ཟླ་མཛེས་བསད་དེ་ཤི་བ་ལུས་ཀྱི་མདོག་མ་འགྱུར་བར་ས་ལ་འགྱེལ་ཅིང་འདུག་པ་མཐོང་ནས། སྡུག་བསྔལ་ཞིང་ཡིད་མི་བདེ་སྟེ། །འགྱོད་ཅིང་མྱོས་པར་གྱུར་ནས། །དེའི་ཚེ་ཆོ་དེ་རབ་ཏུ་ཆར་བཏབ་པོ། །ཆོ་སྨ་བ་མེ་

(༡༠༢)ཏོག་ཟླ་མཛེས་དེ་ལ་ཡང་འདི་ལྟ་བུར་ཡང་དག་པའི་ཡོན་ཏན་གྱིས་བསྟོད་པ་དང་། སྙིང་རྗེ་བ་དང་ལྡན་པའི་ཚིགས་སུ་བཅད་པ་དག་སྨས་སོ། །ཀུན་ཏུ་བཟང་པོར་འཕགས་པའི་དགེ་འདུན་གྱིས། །་བ་གྱིས། །་རེ། །། །། །མགོན་པོ་གྲོང་ཁྱེར་དུ་ནི་ཅི་སླད་བྱོན། །ཁྱོད་ནི་གང་གི་དོན་དུ་བྱོན་པ་ཡི། །དོན་དེ་སྒོན་མ་མཛད་དུ་གསོལ། །ལྷ་རྫས་མི་མགུ་སྣ་ཚོགས་རྒྱན་པའི་ས། །གཟུགས་བང་གཟུགས་འབར་ཤིང་ལྗོན་མང་པོས་དཀྲིས། །གྲུབ་པའི་རིགས་འཛིན་གནོད་སྦྱིན་མཆོག་གིས་བསྲུངས། །ལྷ་རྣམས་བཞུགས་ཤིང་བྱ་རྒྱལ་སྒ་ཡང་སྒོག །ཀུན་ཏུ་བཟང་པོ་སངས་རྒྱས་རྟག་བཞུགས་པ། །ནགས་

(༡༠༣)ཚལ་དམ་པ་དཔའ་བ་བོར་ནས་ནི། །བགྱི་བ་གང་བགྱི་ཁྱོད་ནི་འདིར་བྱོན་པ། །ངེས་པ་བགྱི་བ་དེ་དེང་བདག་ལ་གསུངས། །ཁྱོད་ཀྱི་ཚིག་ཐོས་ནས་ནི་བཀའ་བཞིན་བགྱིད། །སངས་རྒྱས་སྲས་པོ་བཞེངས་ལ་བཀའ་སྩོལ་ག །ཀྱེ་མ་ང་ནི་། །བདག་ནི་མགོན་མེད་ཁྱོད་ཀྱི་སྐྱབས་སུ་མཆི། །གཅིག་བུ་སེང་གེ་རི་དྭགས་རྒྱལ་པོ་ལྟར། །དགེ་སློང་དགེ་འདུན་མཆོག་གི་ཁྱུ་བོར་ནས། །སེམས་ཅན་མཐའ་ཡས་པ་ལ་ཐུགས་བརྩེ་ཕྱིར། །རང་གི་སྲོག་ཀྱང་བཏང་སྟེ་འདིར་བྱོན་ན། །འདོད་ཆགས་ཟིལ་ནོན་ཤིན་ཏུ་འཇུངས་པ་ཡིས། །བདག་གིས་དཔའ་བོ་དུམ་བུ་དུམ་བུར་བཅད། །འདི་ནི་དགེ་སློང་དགེ་འདུན་མཐའ་དག་ཀྱང་། །ཁྱོད་ལ་བལྟ་བར་ཕོ་བྲང་མ་ལྷགས་ར། །བདག་ནི་འཇིགས་སྐགས་ཁྱོད་ལ་ཅི་གསོལ་བ། །དེ་བར་གསོལ་བ་ཅིག་

(༡༠༤)ནི་མཛད་པར་འོས། །མེ་ཏོག་ཟླ་མཛེས་མི་འཇིགས་བདག་སྩོལ་ལ། །ཉ་དུས་ཟླ་བ་ཉ་འདྲར་བཞེངས་སུ་གསོལ། །སེམས་ཅན་གཙོ་བོ་བདག་ལ་གནང་བར་མཛོད། །ཆོས་སྨ་ཁྱོད་ནི་ཞེ་སྡང་རྣམ་པར་གྲོལ་དེ་རིང་བདག་ལ་སྣ་ཅིག་གནང་བར་མཛོད། །ཉི་མ་བཞིན་དུ་སྣང་མཛད་བཞེངས་སུ་གསོལ། །ཆོས་སྨ་མཆོག་ནི་བདག་གིས་བཀྲོངས་བགྱིས་ཏེ། །སྡིག་པ་མ་ལགས་བདག་གིས་དེང་བགྱིས་པས། །འདི་ནས་ཤི་འཕོས་མི་བཟད་དམྱལ་བར་སྐྱེ། །བདག་ལ་དེ་ཡི་སྐྱབས་སུ་འགྱུར་བ་མེད། །ཉོན་མོངས་བྱེད་པ་སྡིག་སེམས་ཅི་རུ་རུང་། །རྒྱགས་པས་ཁེངས་པའི་རྒྱལ་སྲིད་ཅི་རུ་རུང་། །ཐམས་ཅད་སྤངས་ཏེ་གཅིག་བུར་འགྲོ་བར་འགྱུར། །འདི་ནས་བདག་གིས་སྙིང་པོ་ཅི་མ་བླངས། །འདོད་ཆགས་ཞེ་སྡང་བཅོམ་པ་རྣམ་དག་ཆོས། །སྙན་པར་གསུངས་པ་བདག་དུལ་ཐུགས་རྗེ་ཅན། །འགྲོ་བའི་

(༡༠༥)འགྲོ་བའི་གཉེན་ཅིག་སུན་འབྱིན་མི་མཛད་པ། །མེ་ཏོག་ཟླ་མཛེས་བདག་གིས་ཅི་ཕྱིར་བཀྲོངས། །ཀྱེ་མ་བཟོད་དང་དཀའ་ཐུབ་ནོར་ཕྱུགས་བརྟུལ་ཞུགས་བཟང་། །ཀྱེ་མ་གཟུགས་དང་ངེས་པ་བདག་གི་ཡོན་ཏན་ལྡན། །ཀྱེ་མ་གཡོ་མེད་དཔའ་སྟུག་སྤོས་པ་མི་མངའ་བ། །བདག་ཅག་བོར་ནས་ཁྱོད་ནི་གང་དུ་བཞུད་པ་མཛད། །འཕགས་པ་དང་ཡན་ལག་བཅད་པ་ན། །འོ་མ་རབ་ཏུ་ཟག་ཅིང་འོད་ཟེར་སྟོང་དག་བྱུང་། །འཇིག་རྟེན་འདི་དག་ཐམས་ཅད་ཤིན་ཏུ་ངོ་མཚར་གྱུར། །ངོ་མཚར་ཆེ་བའི་རང་བཞིན་འདྲེན་པ་བཞེངས་སུ་གསོལ། །ཀྱེ་མ་མེ་ཏོག་ཟླ་མཛེས་དུལ་བ་ཐུགས་རྗེ་ཅན། །ཀྱེ་མ་བྱམས་དང་སྙིང་རྗེའི་ཕུང་པོ་རི་བོ་ཚུར། །ཀྱེ་མ་ཆོས་རྣམས་ཟབ་མོ་ཤིན་ཏུ་སྟོན་པའི་མཆོག །ལྷ་ཁྱོད་བཞེངས་ཤིག་བདག་ལ་ཐུགས་བརྩེར་མཛད་དུ་གསོལ། །ཀྱེ་མ་ཟླ་བ་ཉ་ཞལ་ཚུར་བྱོན་ཅིག །ཀྱེ་མ་ས་བཅུ་

(༡༠༦)ལེགས་གནས་ཚུར་བྱོན་ཅིག །ཀྱེ་མ་དཔའ་བོ་སྟོབས་བཅུས་མངོན་འཕགས་པ། །ཚེ་ལ་ཁྱོད་དབང་བདག་པོ་གང་དུ་བཞུང་། །ཀྱེ་མ་དཔའ་བོ་ཚུར་སྦྱོན་བདག་ལ་གསུངས། །ཁྱོད་ཀྱིས་ཡུང་རིངས་བཟོད་པ་བསྒོམས་པ་དང་། །བརྩོན་འགྲུས་ཐུགས་རྗེ་དེ་དག་གང་དུ་མཆིས། །བྱམས་པ་ཆེན་པོ་བཞེངས་ལ་གསུང་བྱུང་ཤིག །ཀྱེ་མ་ཤིན་ཏུ་མཆོད་འོས་ལྷའི་ལྷ། །ཆོས་སྨ་ཅད་མི་གསུང་བར་ཅི་སླད་བཞུགས། །མཁས་པ་བཞེངས་ལ་བདག་གི་ཁྱིམ་དུ་བཞུང་། །བུད་མེད་ཚོགས་ལ་ཁྱོད་ཀྱིས་ཆོས་སྟོན་ཅིང་། །ལྷ་ཁྱོད་ལུས་ནི་གཅད་པར་མི་ནུས་ཏེ། །ལྷ་དང་ལྷ་མིན་གནོད་སྦྱིན་སྲིན་པོས་ཀྱང་། །ཁྱོད་ཀྱི་ལྷ་ཡི་ལུས་འདི་མི་ཤིགས་ཀྱིས། །མཁས་པ་ཁྱོད་དེང་སྒྱུ་དག་མ་མཛད་ཅིག །ལྷ་ཁྱོད་སྒྱུ་མཛད་བཞུགས་པ་ག་ལ་གདའ། །བྱང་ཆུབ་སེམས་དཔའ་སྒྱུ་མ་མི་མཛེས་སོ། །སྒྱུ་མ་ཐམས་ཅད་སྤོངས་ལ་བཞེངས་སུ་

(༡༠༧)གསོལ། །རིན་ཆེན་ལྡན་པའི་གྲོང་དུ་ཆོས་ཤོད་ཅིག །ཀྱེ་མ་འཕགས་པ་མེ་ཏོག་ཟླ་མཛེས་ཚུར། །ཀྱེ་མ་ཁམས་གསུམ་འདོད་ཆགས་བྲལ་བ་ཚུར། །ཀྱེ་མ་ཕ་མ་ལྟ་བུར་འདྲེན་པ་ཚུར། །བདག་གི་སེམས་དམྱལ་སྒོ་ནི་གཅད་དུ་གསོལ། །ངན་སོང་སྐྱེས་པ་རྣམས་ཀྱི་རྟེན་དང་དཔུང་། །སྲོག་ཆགས་མནར་མེད་ཆེན་པོར་ལྟུང་བ་ཡི། །སྐྱབས་མཛད་མེ་ཏོག་ཟླ་མཛེས་ཚུར་བྱོན་ཅིག །བདག་གི་བདེ་འགོ་སྒོ་ཡང་དབྱེ་བར་གསོལ། །མགོན་པོ་ཁྱོད་ནི་དགུང་བདུན་བཤོས་མ་གསོལ། །རེ་ཤིག་དེང་བཞེངས་བདག་གི་བཤོས་གསོལ་རིན་ཆེན་ལྡན་པ་འདིར། །སེམས་ཅན་དུ་མཆོས་ལ་དགོད་པར་མཛོད། །ཀྱེ་མ་ཆོས་མཆོག་རྟོགས་པ་བདག་གི་ཡང་། །ཀྱེ་མ་སེམས་ཅན་རྣམས་ལ་ཁོན་མེད་སེམས། །ཀྱེ་མ་ཚུར་སྦྱོན་བདག་མདུན་ཆོས་ཤོད་ཅིག །ཀྱེ་མ་ཚུར་སྦྱོན་ཁྱོད་སྨོན་མྱུར་གྲུབ་ཤོག །དགེ་སློང་དགེ་འདུན་དེ་ནི་མགོན་མེད་འགྱུར། །་མྱ་ངན་བགྱིད། །སེམས་ཅན་སྙིང་པོ་ཁྱོད་ནི་མྱུར་བཞེངས་ལ། །དགེ་སློང་དགེ་འདུན་དབུགས་ཀྱང་དབྱུང་བར་མཛོད། །ཀྱེ་མ་འཇིག་རྟེན་གསུམ་ན་སྒོན་གྱུར་པ། །ཀྱེ་མ་ཚུར་སྦྱོན་ཀུན་ཏུ་བཟང་པོར་བཞུད། །ཀུན་ཏུ་བཟང་

(༡༠༨)པོའི་ནགས་ཁྲོད་བཞུད་ནས་ནི། །དགེ་སློང་རྣམས་ལ་ཕན་ཕྱིར་ཁྱོད་སྟོན་ཅིག །ཀྱེ་ཀྱེ་ཆོས་འཛིན་ཡོན་ཏན་རྨད་བྱུང་སྟེ། །ཨ་ཤྭད་མེ་ཏོག་བཞིན་དུ་རྙེད་པ་དཀའ། །ཤེས་རབ་སྤྱན་ནི་ཐུགས་རྗེ་དྲི་མེད་པ། །ཀྱེ་ཀྱེ་དགེ་སློང་དགེ་འདུན་གཟིགས་སུ་གསོལ། །ཚིག་གི་ལམ་དང་བྲལ་བའི་གཟུངས་དེ་ཡང་། །ཀྱེ་ཀྱེ་དགེ་སློང་དག་ལ་བསྟན་དུ་གསོལ། །ཀྱེ་ཀྱེ་ཟླ་བ་ཤར་བ་བཞིན་དུ་འདིར། །མེ་ཏོག་ཟླ་བ་དེ་རིངས་བཞེངས་སུ་གསོལ། །ཀྱེ་ཀྱེ་རྒྱལ་སྲས་བདག་ལ་ཐུགས་བརྩེ་བ། །དབུགས་འབྱིན་མཛད་པ་བླ་ན་མེད། །ཀྱེ་ཀྱེ་མཚོན་དང་དབྱིག་པས་བཏབ་པ་བཟོད། །བཟོད་པའི་སྟོབས་དང་ལྡན་ཞིང་རབ་ཏུ་དེས། །ཀྱེ་ཀྱེ་མེ་ཏོག་ཟླ་མཛེས་ཐུགས་རྗེ་ཅན། །རབ་སྦྱིན་འདྲེན་པ་ཁྱེན་ནི་བཞེངས་སུ་གསོལ། །ཀྱེ་ཀྱེ་ཁྱོད་ནི་བཞེངས་ལ་བདག་ལ་ཡང་། །མཐོང་བར་དཀའ་བའི་གཟུངས་རྣམས་བཤད་དུ་གསོལ། །ཀྱེ་ཀྱེ་འཇིག་རྟེན་ཀུན་ཏུ་སྣང་

(༡༠༩)མཛད་པ། །ཤེས་རབ་ཀྱི་ནི་སྒོན་མདམ་པའི་མཆོག །ཀྱེ་ཀྱེ་སེམས་ཅན་དག་གི་ཕན་དོན་ལ། །བརྩོན་མཛད་འདྲེན་པ་ཐུགས་རྗེའི་སྟོབས་དང་ལྡན། །ཀྱེ་ཀྱེ་མེ་ཏོག་ཟླ་མཛེས་བཞེངས་སུ་གསོལ། །དཔའ་བོ་སེམས་ཅན་དག་གི་དོན་མཛད་པ། །ཀྱེ་ཀྱེ་སེམས་ཅན་དག་ནི་བྱེ་བ་དང་། །ཁྲག་ཁྲིག་རྣམས་ཀྱང་ཞི་བའི་གྲོང་དུ་ཁྱོད། །ཀྱེ་ཀྱེ་ཚུལ་ཁྲིམས་ནོར་ལྡན་བློ་གྲོས་ཆེ། །མཁས་པ་བསླབ་པའི་ནོར་གྱིས་ཤིན་ཏུ་ཕྱུག །ཀྱེ་ཀྱེ་ཚུལ་ཁྲིམས་བརྟུལ་ཤུགས་རབ་གནས་ཤིང་། །ཆོས་ཀྱི་ཤིང་གི་མྱུ་གུ་མངོན་པར་གདའ། །ཀྱེ་ཀྱེ་ཆོས་གོས་དུར་སྨིག་ཁ་བསྒྱུར་འཆང་། །རྟག་ཏུ་མངོན་པར་འབྱུང་ལ་དགའ་བར་མཛད། །ཀྱེ་ཀྱེ་མེ་ཏོག་ཟླ་བ་བརྟུལ་ཞུགས་བཟང་། །རབ་སྦྱིན་དཀའ་ཐུབ་བཟང་པོ་ཁྱོད་བཞེངས་ཤིག །ཀྱེ་ཀྱེ་དུལ་བ་སེམས་ཅན་མ་དུལ་འདུལ། །རྟག་པར་དུལ་བའི་གནས་དང་རྗེས་སུ་ལྡན། །ཀྱེ་ཀྱེ་

(༡༡༠)དུལ་བ་རབ་དུལ་རྗེས་སུ་བཞུད། །ཞི་བ་དབང་པོ་རབ་ཞི་ཁོང་ནས་ངེས། །ཀྱེ་ཀྱེ་སེམས་ཅན་ཉལ་ཞིང་གཉིད་ལོག་པ། །ཆོས་ཀྱི་སྒ་ཡིས་རྟག་དུ་སང་བར་མཛོད། །ཀྱེ་ཀྱེ་སེམས་ཅན་བྱེ་བ་ཁྲག་ཁྲིག །སད་པར་བགྱིས་ནས་ཐེག་པ་མཆོག་ལ་ཁོད། །ཀྱེ་ཀྱེ་སྦྱིན་པ་ཡི་ནི་སྤང་ལེབ་ལ། །བརྩོན་འགྲུས་ཐ་གུས་སྦེལ་བའི་གྲུ་སྦྱོར་ཏེ། །ཀྱེ་ཀྱེ་སེམས་ཅན་རྒྱ་མཚོ་ཆེན་པོར་ནི། །རྟག་ཏུ་ལྷུང་ཞིང་སྲེད་པས་དེད་པ་རྣམས། །ཀྱེ་ཀྱེ་སྟོབས་བཅུ་ལྡན་པ་མེ་ཏོག་མཆོག །མཉན་པ་གདོས་འཛིན་མཁས་པ་བཞེངས་སུ་གསོལ། །ཀྱེ་ཀྱེ་ཤིན་ཏུ་སྲ་བའི་གྲུར་ཡང་ནི། །ཞུགས་ནས་བདག་དང་དེ་དག་བསྒལ་བར་མཛོད། །ཀྱེ་ཀྱེ་སྨན་པའི་དམ་པ་བརྟུལ་ཞུགས་ལ། །ཤིན་ཏུ་སྤྱོད་ཅིང་རིག་འཛད་སྨན་པའི་མཆོག །ཀྱེ་ཀྱེ་ཡེ་ཤེས་རྣམ་གྲོལ་ཕ་རོལ་ཕྱིན། །དམ་པའི་ཆོས་ཀྱི་རྩི་དག་སྦྱིན་མཛད་པ། །ཀྱེ་ཀྱེ་ནད་ནི་རྣམ་པ་སྣ་ཚོགས་ཀྱིས། །

(༡༡༡)བཏབ་པའི་སེམས་ཅན་ན་བ་རྣམས་གཟིགས་ནས། །ཀྱེ་ཀྱེ་མྱུར་དུ་བཞེངས་ལ་དེ་དག་ལ། །ཆོས་ཀྱི་སྨན་རྣམས་ཤིན་དུ་སྩལ་བ་མཛོད། །ཀྱེ་ཀྱེ་ཡེ་ཤེས་སྨན་པའི་རྒྱལ་པོ་མཆོག །མཚུངས་མེད་ཡེ་ཤེས་འཕགས་ཤིང་ཕ་རོལ་ཕྱིན། །ཀྱེ་ཀྱེ་ནང་རྣམས་ཤིན་དུ་ག་མཛད་ཅིང་། །ཐུགས་རྗེས་སེམས་ཅན་དག་གི་དོན་ཀྱང་མཛད། །ཀྱེ་ཀྱ་ན་བར་གྱུར་པའི་སེམས་ཅན་ཁམས། །འདོད་ཆགས་ནད་ཀྱིས་མ་ལུས་བཅོམ་པ་རྣམས། །དེས་ནི་སེམས་ཅན་ཐམས་ཅད་བདེ་བ་དང་། །ནད་རྣམས་མེད་ཅིང་མྱ་ངན་འདས་པར་གྱུར། །ཀྱེ་ཀྱེ་མཁས་པ་ཡེ་ཤེས་རྒྱ་ཆེན་བསླབས། །ཆོས་ཀྱི་རྔ་དག་ཤིན་དུ་བརྡུངས་པ་མཛད། །ཀྱེ་ཀྱེ་འཇིག་རྟེན་དག་ནི་ཐེ་ཚོམ་གི། །འཁྲི་ཤིང་ཐམས་ཅད་ཡེ་ཤེས་རྒྱ་མཚོས་མཆོས། །ཀྱེ་ཀྱེ་ལེགས་ཐོས་ཆོས་རྣམས་འཛིན་མཛད་པ། །རྡུལ་བྲལ་མདོ་སྡེ་བྱེ་བ་བརྒྱ་དག་ཀྱང་། །འཁོར་གྱི་ནང་དུ་གདན་ལ་རབ་བཞུགས་

(༡༡༢)ལ། །མི་མཆོག་མཁས་པ་བརྗོད་པ་མཛད་དུ་གསོལ། །མེ་ཏོག་ཟླ་བ་མཚན་མཆོག་རྒྱན་པ་ཀྱེ། །དཔེ་བྱད་བཟང་པོ་བརྒྱ་བཅུ་ཚང་བ་ཀྱེ། །དཔེ་བྱད་བཟང་པོ་བརྒྱ་བཅུ་ལུས་རྒྱན་ཀྱེ། །སྲིད་པའི་མཚོ་རྒལ་སྤོས་མེད་ཚུར་སྤྱོན་ཀྱེ། །སྲིད་པའི་གརྩོན་རར་ཚུར་ཁྲོལ་བཞེངས་ཤིག་ཀྱེ། །ཡེ་ཤེས་མཆོག་རིག་ཚངས་པ་འདྲ་བ་ཀྱེ། །མེ་ཏོག་ཟླ་བ་ཐུགས་རྗེ་ཆེན་པོ་ཀྱེ། །བྱམས་དང་ཐུགས་རྗེ་བསྐྱོང་ལ་བཞེངས་ཤིག་ཀྱེ། །མེ་ཏོག་ཟླ་བ་ཁྱོད་ལ་གསོལ་བ་འདེབས། །དགེ་སློང་དགེ་འདུན་ཁྱོད་ཀྱིས་མ་དོར་བར། །ཚུར་གཤེགས་དགེ་འདུན་ཡོངས་སུ་བསྡུ་བ་མཛོད། །བཞེངས་ལ་ནགས་ཁྲོད་དེར་ཡང་གཤེགས་སམ་ཀྱེ། །མེ་ཏོག་ཟླ་བ་བསམ་གཏན་དགྱེས་པ་མཆོག །མཛའ་དང་མི་མཛ་མཚུངས་པར་བྱམས་ཤིང་ཕན། །གཟུངས་ལ་རབ་ཏུ་གནས་པ་ཚུར་སྦྱོན་ཀྱེ། །ཡེ་ཤེས་སྡོང་པོ་མཚུངས་མེད་ཁྱོད་བཞེངས་ཤིག །རི་རབ་བཞིན་དུ་མི་གཡོ་བསྟན་པ་ཀྱེ། །

(༡༡༣)སངས་རྒྱས་སངས་རྒྱས་སེམས་ཅན་མཉམ་ཡིད་ཀྱེ། །མེ་ཏོག་ཟླ་བ་བརྟུལ་ཞུགས་རྫོགས་པ་ཀྱེ། །བཞེངས་ལ་ཤིང་གི་དྲུང་དུ་འཚང་རྒྱ་མཛོད། །ལྷ་ཡི་མིག་མཁས་མཆོག་འཆད་ཀྱེ། །ལྷ་ཡི་མིག་མཁས་ཡེ་ཤེས་རྟོགས་པ་ཀྱེ། །བཞེངས་ཏེ་བདག་ལ་གཟིགས་ཤིག་ཐུགས་རྗེ་ཅན། །གྲགས་པ་མཐའ་ཡས་བདག་གིས་ཚིག་གསོན་ཀྱེ། །འཇིག་རྟེན་ཀུན་ལ་ཕན་དང་དོན་མཛད་ཀྱེ། །མེ་ཏོག་ཟླ་བ་ཤིན་ཏུ་སྦྱིན་དགྱེས་ཀྱེ། །བཞེངས་ལ་མྱུར་དུ་བདག་གི་རེ་རྫོགས་མཛོད། །ཁྱོད་འདིར་དུམ་བུ་དུམ་བུར་མ་བཞུགས་ཤིག །གྲོང་འདི་སྐྱེས་པ་བུད་མེད་ཚོགས་རྣམས་ཀྱང་། །ཁྱོད་མཐོང་ཐམས་ཅད་ཤི་བཞིན་ས་ལ་འགྱེལ་སྙིང་སྐམས་འགྱུར་བའི་མྱ་ངན་རྣམས་ཀྱང་བགྱིད། །ཐུགས་རྗེ་མཆོག་གི་སྤྱན་གྱིས་དེ་ལ་གཟིགས། །གང་གི་སླད་དུ་བྱམས་པ་བསྒོམས་པ་དང་། །ཡེ་ཤེས་ཤེས་རབ་ཐབས་ཀྱི་སྟོབས་རྣམས་དང་། །ཁྱོད་ཀྱི་ཐུགས་རྗེས་བཏང་སྙོམས་

(༡༡༤)དགའ་བ་ཡང་། །དེ་དག་རྫོགས་མཛོད་བཞེངས་ཤིག་མེ་ཏོག་མཛེས། །ལྷ་ཀླུ་ལྷ་མིན་རྫུ་འཕྲུལ་ཆེན་པོ་དང་། །གནོད་སྦྱིན་སྲིན་བུ་མི་དང་མིའམ་ཅི། །སྙིམ་པ་མེ་ཏོག་བདུག་པས་བཀང་ནས་ནི། །ཐམས་ཅད་མཐོང་བར་དགའ་ནས་ལྷགས་ཤིང་འཁོད། །དྲང་སྲོང་ཆེན་པོའི་ཚིག་ནི་དེང་རྟོགས་ཏེ། །སྐྱེ་དགུའི་འདོད་པ་གནོད་བྱེད་གསོད་པ་ཡིན། །ཡིད་ཀྱི་ནང་དུ་འགྲོ་བ་ངན་འགྲོའི་རྒྱུ། །དེ་ཕྱིར་འདོད་པའི་སྤྱོད་པ་སྤང་བར་བྱ། །དགེ་སློང་བདག་གིས་བསད་པ་སྡིག་གི་ལས། །ཤིན་ཏུ་མ་ལེགས་མི་བདེ་བྱས་པས་ན། །བདག་ནི་མི་བཟད་དམྱལ་བ་མནར་མེད་འགྲོ། །བདག་ལ་དེ་ཡི་མགོན་སྐྱབས་བྱེད་པ་མེད། །བདག་ནི་རྒྱལ་པོའི་སྲིད་བཏང་ཚངས་སྤྱོད་གཞོལ། །སྤོས་དང་མེ་ཏོག་བྱུག་པ་རྣམས་ཀྱིས་ནི། །མཆོད་པ་དམ་པ་རྣམས་ཀྱང་རབ་ཏུ་བྱ། །ཤིན་དུ་མཛེས་པར་མཆོད་རྟེན་བདག་གིས་བྱས། །བུ་དང་བུ་མོ་བུད་མེད་ཁྱིམ་

(༡༡༥)བདག་དང་། །བློན་པོ་དང་ནི་ཚོང་དཔོན་དེ་དག་དང་། །གྲོང་པ་དང་ནི་རྒྱལ་རིགས་མང་པོ་རྣམས། །དེ་དག་ཐམས་ཅད་ལ་ནི་ངས་བསྒོ་བ། །ཨ་ཀ་རུ་དང་ཙན་དན་ཤུག་པ་དང་། །ཤིན་དུ་ཞིམ་པའི་སྤོས་མཆོག་ཅི་ཡོད་པས། །མྱུར་དུ་སྒོམ་གྱི་སྙིང་པོའི་ཁྱོགས་ཆོས་ལ། །དགེ་སློང་འདི་ནི་བསྲེག་པའི་ཆོ་ག་གྱིས། །གྲོང་ཁྱེར་མི་ཀུན་རྒྱལ་པོའི་ཚིག་ཐོས་ནས། །སྤོས་མཆོག་དག་ཀྱང་ཐོགས་ནས་ཁྱོགས་བཅས་ཏེ། །སྤོས་རབ་བཟང་པོ་ཡིད་དུ་འོང་ལས་བྱས། །དེར་ནི་དགེ་སློང་དེ་ཡང་བཅུག་ནས་སུ། །ཨ་ཀ་རུ་དང་ཙན་དན་ཙམ་པ་ཀ །རྒྱས་སྤོས་སྤི་ཀ་དེ་བཞིན་པ་ཏ་ལ། །མེ་ཏོག་དང་ནི་ཕྲེང་བ་བྱུག་པ་དང་། །ཤིན་དུ་བཟང་དང་འབྲུ་མར་དག་གིས་བསྲེགས། །དེ་ཡིས་རུས་པའི་སྒོམ་ནི་བྱས་པར་གྱུར། །དགེ་སློང་དག་གིས་དེ་ཡང་དེར་བསྲེགས་ཏེ། །རྒྱལ་པོས་དེ་ཡི་མཆོད་རྟེན་བྱས་ནས་སུ། །

(༡༡༦)འདི་ལ་ང་ནི་མཆོད་པ་བྱ་ཞེས་ཟེར། །མེ་ཏོག་དང་ནི་ཕྲེང་བ་བྱུག་པ་དང་། །གདུགས་དང་བ་དན་རྒྱལ་མཚན་ཐོགས་ནས་སུ། །རྒྱལ་པོས་དེར་ནི་སིལ་སྙན་སྟོང་དག་དང་། །བྱེ་བ་ཁྲག་ཁྲིག་རྣམས་ཀྱང་ལེན་དུ་བཙུད། །ཉི་མ་གཅིག་ལ་རྒྱལ་པོ་དུས་གསུམ་དུ། །དགེ་སློང་དེ་ཡི་མཆོད་རྟེན་དེ་དྲུང་དུ། །སྡིག་པ་སྔན་ཆད་ཅུང་ཟད་ཅི་བྱས་པ། །དེ་ཚེ་དུས་གསུམ་དུ་ཡང་ཤིན་ཏུ་ཆགས། །ལོ་སྟོང་བྱེ་བ་ཕྲག་ནི་དགུ་བཅུ་ལྔར། །ཉེས་པ་བྱས་པ་དག་ཀྱང་རབ་བཤགས་ཏེ། །ཕྱིས་ཀྱང་ཚུལ་ཁྲིམས་དམ་པ་མ་རལ་བསྲུངས། །རྣམ་པར་དག་ཅིང་གཙང་ལ་དྲི་མ་མེད། །ལོ་སྟོང་བྱེ་བ་ཕྲག་ནི་དགུ་བཅུ་ལྔར། །གསོ་སྦྱོང་དག་ཀྱང་དེ་ཚེ་རབ་གསོས་ཏེ། །དེ་ནི་དེ་ཚེ་བདག་གི་ལུས་ཞིག་ནས། །མནར་མེད་མི་བད་པར་ནི་དེ་ལྷུང་གྱུར། །འདོད་ཕྱིར་སྙིང་རྗེ་མེད་པའི་ལས་བྱས་པས། །སྡུག་བསྔལ་མང་པོ་དག་ཀྱང་མྱོང་བར་གྱུར། །

(༡༡༧)སངས་རྒྱས་བྱེ་བ་སྟོང་ཕྲག་དགུ་བཅུ་ལྔ། །དེ་ཚེ་བདག་གིས་དེ་དག་མ་མཉེས་བྱས། །ལོ་སྟོང་བྱེ་བ་ཕྲག་ནི་དགུ་བཅུ་ལྔར། །དེ་ཡི་ཚེ་ན་ང་ནི་ལོང་བར་གྱུར། །བསྐལ་པ་བྱེ་བ་ཕྲག་ནི་དྲུག་བཅུ་གཉིས། །སྔན་ཆད་ང་ཡི་མིག་ཀྱང་བཅར་བར་འགྱུར། །བསྐལ་པ་ཁྲག་ཁྲིག་དག་ནི་ཕྲག་སྟོང་དང་། །ཤིན་དུ་མང་བར་ང་ཡི་མིག་ཕྱུང་ཕྲོགས། །མགོ་དང་རྣ་བ་དང་ནི་རྐང་ལག་ཀྱང་། །བསྐལ་པ་ཕྲག་ཁྲིག་མཐའ་ཡས་བཅད་པར་གྱུར། །བསྐལ་པ་དག་ནི་བྱེ་བ་ཁྲག་ཁྲིག་དུ། །མིར་གྱུར་བ་དང་སྐྱེ་བ་གཞན་དུ་ཡང་། །འཁོར་བའི་སྡུག་བསྔལ་དག་གིས་རབ་གཙེས་ཤིང་། །སྡུག་བསྔལ་ཚོར་བ་ཡུན་རིང་མྱོང་བར་འགྱུར། །སྡིག་པའི་ལས་རྣམས་བྱས་པས་འཁོར་བ་ན། །ཡུན་རིང་ཤིན་དུ་སྡུག་བསྔལ་མྱོང་བར་འགྱུར། །དེའི་བྱང་ཆུབ་ཞི་སུ་འདོད་པ། །སྲིད་པ་གསུམ་དུ་སྡིག་པ་མི་བྱའོ། །རྒྱལ་པོ་མཆོག་གིས་སྔོན་

(༡༡༨)གྱི་ལས་བཤགས་ཀྱང་། །སྔ་མའི་ཉེས་བྱས་རྣམས་ལས་དེ་མ་ཐར། །མི་བད་གཟུགས་ཀྱི་ལས་རྣམས་སྔར་བྱས་པས། །དེ་ཤི་དམྱལ་བ་མི་བཟད་མན་མེད་སོང་། །ང་ཡི་རྣ་བ་དེ་བཞིན་རྐང་ལག་བཅད། །བསྐལ་པ་མཐའ་ཡས་མང་པོར་སྣ་ཡང་བཅད། །སྤྱོད་པ་སྤྱོད་ཚེ་མཚོན་ཆ་དབྱིག་ཐོགས་ནས། །འདེབས་བྱེད་ནན་ཀྱིས་ང་ཡི་མིག་ཀྱང་ཕྱུང་། །བྱང་ཆུབ་ཕྱིར་མགོ་ཡན་ལག་ལུས་བཅས་དང་། །བུ་དང་ཆུང་མ་མིག་དང་རང་གི་ཤ །རྐང་ལག་དགའ་བའི་སེམས་ཀྱིས་ཡོངས་བཏང་ཡང་། །སྔོན་གྱི་སྡིག་པའི་ལས་ནི་ཟད་མ་གྱུར། །ཀུན་དགའ་དེ་ལྟར་བསྐལ་པ་མཐའ་ཡས་སྤྱད། །སངས་རྒྱས་དཔལ་སྡུག་དཔག་ཏུ་མེད་པ་མཐོང་། །བྱང་ཆུབ་སྤྱོད་མཆོག་འདི་ནི་སྤྱོད་པ་ན། །དེ་ནི་སྡུག་བསྔལ་འདི་དག་སྔོན་མྱོང་གྱུར། །བྱང་ཆུབ་སེམས་དཔའ་གཟུངས་ལ་གང་གནས་ཤིང་། །བྱམས་སྤྱོད་རྟག་ཏུ་མི་

(༡༡༩)གཡོ་མི་འགུལ་བ། །སངས་རྒྱས་རྡུལ་བྲལ་ལྷ་ཡི་ལྷ་མཆོད་ནས། །དེ་དག་ནམ་ཡང་ངན་སོང་སར་མི་འགྲོ། །སུམ་བཅུ་རྩ་གཉིས་མཚན་གྱིས་གོ་བགོས་བ། །ཆོས་རྗེ་སངས་རྒྱས་བདག་འགྱུར་སུ་འདོད་པ། །ཚུལ་ཁྲིམས་མ་འདྲེས་གཡོ་བ་མེད་པར་བསྲུངས། །གཟུངས་ལ་རབ་གནས་ཆོས་ཀྱང་བསྟན་པར་གྱིས། །ང་ནི་དེ་ཚེ་རྒྱལ་པོ་དཔལ་བྱིན་ཡིན། །ང་ཡི་བུ་རྣམས་ཕྱི་དུས་ཆོས་སྐྱོང་བ། །མེ་ཏོག་ཟླ་མཛེས་པདྨའི་བླ་མ་ཡིན། །དགའ་བྱེད་དེ་ནི་ཞི་བའི་རྒྱལ་བར་འགྱུར། །འཇིག་རྟེན་གསུམ་དཔའ་འགྲོ་བའི་གཉེན་ཅིག་པོ། །དེ་བཞིན་གཤེགས་པ་ང་གཉིས་གཙོ་བོར་གྱུར། །སྐྱེ་དགུ་དག་ནི་དོན་ཆེན་མཛད་ནས་ནི། །མར་མེ་བཞིན་དུ་འདྲེན་པ་མྱ་ངན་འདས། །བུད་མེད་ཚོགས་དང་རྒྱལ་རིགས་མང་པོ་དང་། །ཁྱིམ་བདག་དང་ནི་བློན་པོ་སྟོབས་ཆེན་དང་། །ཚོང་དཔོན་དེ་བཞིན་གྲོང་བ་མཁར་གྱི་རྒྱལ། །ཐམས་ཅད་སྟོབས་བཅུ་ཉོན་མོངས་མེད་པར་

(༡༢༠)གྱུར།། །།ཞེས་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་གསུངས་ཏེ། །རྒྱ་ཆེར་ནི་མདོ་ཉིད་ལས་རྟོགས་པར་བྱའོ། །དེ་ལྟར་བདག་ཉིད་ཆེན་པོ་འ་ཆོས་སྨ་བ་མེ་ཏོག་ཟླ་མཛེས་སུ་གྱུར་པ་ནའང་། །རང་གི་ལུས་དང་སྲོག་ལ་ལྟོས་པ་མེད་པ་གཞན་གྱིས་དོན་ཡོངས་སུ་སྒུབས་ཤིང་། དེ་ནས་སངས་རྒྱས་པདྨའི་བླ་མ་ཞེས་བྱས་ར་འགྱུར། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པ་སངས་རྒྱས་པའི་ཚེ། །ཟླ་འོད་གཞོན་ནུར་གྱུར་པ་ཞེས་བྱ་བའ་བྱང་ཆུབ་སེམས་དཔར་གྱུར་ནས། །ཕྱི་མའི་དུས་དམ་པའི་ཆོས་ཡོངས་སུ་སྐྱོང་བར་ཞལ་གྱིས་བཞེས་པ་ཡིན་ནོ། །དེ་རྣམས་ནི་སྔོན་བྱུང་གི་རྣམ་ཐར་རོ།། །།ད་ལྟར་གྱི་རྣམ་ཐར་ནི། །དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོར་གྱུར་པ། གདུལ་བྱ་རིགས་ཅན་རྣམས་ལ་སྤུལ་པའི་སྐུ་སྣ་ཚོགས་སུ་འཆར་ཞིང་། གསོལ་བ་བཏབ་པས་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པར་འབྱུང་བ།

(༡༢༡)༄༅། །མཚན་བརྗོད་པར་དཀའ་བའི་བླ་མ་ཆོས་ཀྱི་རྗེ་རིན་པོ་ཆེ་སེམས་དཔའ་ཆེན་པོ་འདི་སྙིགས་མའི་དུས་ལ་བབ་པ་ན། བྱང་ཕྱོགས་ཀྱི་རྒྱུད་འདིར་དགེ་སློང་མཚོ་བྱེད་ཅེས་བྱ་བར་གྱུར་ནས། བསྟན་པ་རིན་པོ་ཆེ་རྒྱས་པར་བྱེད་ཅེས་ལུང་བསྟན་པ་དེ་ནི་རྗེ་སྒམ་པོ་བ་ཆེན་པོ་ཡིན་ནོ། །དེ་ཡང་རྗེ་བཙུན་ཆེན་པོ་འདིའི་སྐུ་སྐྱེ་བ་འདི་ཉིད་ཀྱི་རྣམ་ཐར་གྱི་དབང་དུ་བྱས་ན། །སྐུ་འཁྲུངས་པའི་ཡུལ་ནི་བོད་ཡུལ་གྱི་དབུས། །ས་ཆའི་མིང་ནི་གཉལ་གྱི་བོད་སྙི། གྲོང་སྦྱལ་གྲོང་། ཡབ་སྙི་བ་རྒྱལ་པོ། ཡུམ་ཤོ་མོ་ཟ་ཚེ་ལྕམ་ཞེས་བྱ་བ་ལ། སྲས་གསུམ་འཁྲུངས་པའི་ཆེ་བ་རྒྱ་བ་སེ་རེ། ཆུང་ཤོས་སྙི་ཆུང་བ། །རྗེ་ཉིད་བར་མ་སྟེ། ས་མོ་ལུག་གི་ལོ་ལ་ངོ་མཚར་བའི་བལྟས་མང་པོ་དང་བཅས་ཏེ་སྐུ་འཁྲུངས། མཚན་ངར་མ་གྲགས་ཤེས་བཏགས་ཤིང་། མཚན་སྙིང་པོ་ཀུན་དགའ་ཅེས་ཀྱང་ཟེར། །འཇིག་རྟེན་པ་དང་སྒོ་བཏུན་ནས་འཚིམས་ཇོ་སྲས་ཀྱི་

(༡༢༢)བུ་མོ་ཁབ་ཏུ་བཞེས། བསོ་བ་རི་པ་དང་འཇིག་རྟེན་གྱི་ཕན་བྱ་མཐའ་དག་ལ་མཁས་ཤིང་། གཞན་གྱི་དོན་ལ་བརྩོན་པ། ཀུན་གྱིས་ཡིད་དུ་འོང་ཞིང་། དུལ་བ་ལ་སོགས་པ་ཡོན་ཏན་གྱི་ཁྱད་པར་དུ་མ་དང་ལྡན་པ་ལས། རེ་ཤིག་ན་ཇོ་མོ་མི་རྟག་པར་གྱུར་པས་རྐྱེན་བྱས་ཏེ། ད་ཡོང་འཁོར་བའི་ཆོས་ལ་སྙིང་པོ་མེད་སྙམ་དུ་སྐྱོ་བ་དྲག་པོ་སྐྱེས་ནས་དག་པོར་བྲོངས་ཁར་དགེ་ཤེས་མར་ཡུལ་བློ་ལྡན་ཤེས་རབ་ལ་སྤྲེའུ་ལོ་གུང་ལོ་ཉི་ཤུ་རྩ་དྲུག་གི་དུས་སུ་དགེ་ཤེས་རྨུ་ལོའི་ཁང་པར་ཚིག་རྫོགས་མཛད། །མཚན་ཡང་དགེ་སློང་བསོད་ནམས་རིན་ཆེན་དུ་གསོལ། །དགེ་ཤེས་མར་ཡུལ་བློ་ལྡན་ལ་ཕ་རྒྱུད་མ་རྒྱུད་ལ་སོགས་པའི་ཆོས་མང་དུ་གསན་ཅིང་། །དགེ་བཤེས་བྱང་ཆུབ་སེམས་དཔའ་ལ་གདམས་ངག་མང་དུ་ཞུས་ཁོང་བླ་མ་མི་ལའི་སློབ་མ་ཡིན་གསུང་། །བསྒོམ་ཞུས་པས་ཞི་གནས་ཀྱི་ཉམས་བཟང་པོ་བྱུང་། སྣང་བ་

(༡༢༣)ཐམས་ཅད་འཇའ་ཚོན་ལྟར་བན་བུན་དུ་སོང་། །བདེ་བ་དང་མི་རྟོག་པའི་ཉམས་ཉིན་མཚན་ངོ་མི་ཤེས་པ་དང་། ཞག་བདུན་གྱི་བར་ལ་ཏིང་ངེ་འཛིན་ཅིག་ལ་གནས་པ་བྱུང་། ན་མོ་ཤོད་དུ་བཞུགས་པའི་དུས་སུ་ཏིང་ངེ་འཛིན་ལ་ཇི་ཙམ་འཇོག་རང་དབང་ཆེ་བ་ལྟ་བུ་བྱུང་ནས། ཇི་ཙམ་འོང་བལྟས་པས་ཞག་བཅུ་གསུམ་དུ་མི་འཆོར་བའི་ཏིང་ངེ་འཛིན་སྐྱེས། ཉོན་མོངས་པ་ཐམས་ཅད་མགོ་ནོན་ནས་ངོས་མི་ཟིན་པ་དང་། ཏིང་ངེ་འཛིན་གྱི་བདེ་བས་བློ་ཕྲོགས་ནས་འདོད་ཡོན་ལྔ་ཡིད་ལ་མི་རྒྱུ་བ་བྱུང་། སྤྲང་སྟོན་ན་རེ་ང་ལ་འདོད་ཡོན་འདི་ཁོ་ན་གནོད་པར་བྱུང་། །ཁྱེད་ལ་ཇི་ལྟར་བྱུང་ཟེར། ང་ལ་འདོད་པའི་ཡོན་ཏན་ལྔ་ཡིད་ལ་མི་རྒྱུ་བ་བྱུང་། ཁྱེད་ལ་ཇི་ལྟར་བྱུང་བྱས་པས་ང་ལ་ནི་བུད་མེད་ལ་བདེ་བ་ཡོད་སྙམ་པ་ལ་རྟེན་ནས། ཆགས་པའི་རྣམ་རྟོག་སྐྱེ་ཞིང་འདུག་ཟེར། ཁོང་དེ་ལྟར་འདུག་སྙམ་པའི་འཕྲོལ་ཡང་ཏིང་ངེ་འཛིན་དུ་ཆམ་ཆམ་

(༡༢༤)སོང་གསུ་ཡང་ཞུབས་ཀྱི་བྲག་ཏུ་དགེ་བཤེས་སྒྲེ་པའི་ཞལ་ནས་ཁྱོད་ལ་ཏིང་ངེ་འཛིན་བཟང་པོ་ཡོད་འདུག་པ། ཅི་ཙུག་ཡོད་ཟེར་བ་ལ། ནེའུ་ཐང་བདེ་མོ་ལ་གོམ་པ་འདོར་བ་དང་། ངའི་རྒྱུད་ལ་ཏིང་ངེ་འཛིན་སྐྲུན་པ་ལ་ཁྱད་མེད། ཐང་ལ་བསྡད་ནས་དཀྱིལ་དཀྲུངས་དང་མཉམ་གཞག་གི་ཕྱག་རྒྱ་བཅས་ནས་རླུང་ནང་སིམ་ཀྱིས་སོང་བ་དང་། བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་སྐྱེ་བ་ལ་དཀའ་ཚེགས་མེད་ཅེས་གསུང་། དགེ་ཤེས་ཟངས་དཀར་བ་ལ་ཡོག་དང་བདེ་མཆོག་ལ་སོགས་མཁས་པར་བསླབས། བྱ་འདུལ་གཉིས་ལ་གསན་པ་མང་པོ་ཡང་དག་པ་མཛད། གཞན་ཡང་དབང་དང་བྱིན་བརླབས་ཀྱི་སྒྲུབ་ཐབས་དང་། སྙན་རྒྱུད་མང་པོ་དང་། བསྒྲུབ་རྒྱུད་ཕྱི་ནང་མང་པོ་དང་། རྒྱུད་ཀྱི་བཤད་པ་མང་པོ་རྣམས་ཀྱང་ཐམས་ཅད་མཁྱེན་པར་མཛད། །བསྒོམ་ནི་ང་རང་ལ་ཡོད། །དབུ་རུ་བྱང་ཕྱོགས་ཀྱི་བཀའ་གདམས་པ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་འགྲོས་

(༡༢༥)ཅིག་བལྟ་སྙམ་དུ་དགོངས་ནས་འགོང་སྟོན་བྱ་བ་ཅིག་ཡོད་པ་ལ། བླ་མའི་ཞལ་ནས་བསྒོམ་ནི་ངེད་རང་ལ་ཡོད། །བཀའ་གདམས་བྱ་བ་སྤྱོད་པ་ལ་མཁས་པ་ཡིན་ཟེར། སྤྱོད་ཚུལ་སློབ་དུ་འདོད་གསུང་ནས་དབུ་རུར་བྱོན། དགེ་ཤེས་སྙུག་རུམ་བཟླ་བ་བདུན་བརྟེན་ལམ་རིམས་བསྐྱང་། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་རྣམ་པར་དག་པ་ཐུགས་ལ་མཁྲུངས། །དུས་དེ་ནས་བརྩམས་ཏེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དང་འབྲལ་མ་མྱོང་གསུང་། དེ་ནས་ལྕགས་རི་གོང་ཁར་བྱོན། །དགེ་ཤེས་ལྕགས་རི་བ་ལ་ཇོ་བོའི་གདམ་ངག་མ་ལུས་པ་མཐར་ཕྱིན་པར་གསན་ཅིང་ཟླ་བ་བདུན་བརྟེན། མན་ངག་མང་པོ་ཡང་གནང་། །མགོན་པོ་གྲི་ཁུག་མ་ཞུས་པས་དེའི་ནུབ་མོ་རང་ནས་ཞལ་གཟིགས། དེ་ནས་དགེ་ཤེས་རྒྱ་ཡོན་བདག་གི་སྙན་པ་ཐོས་པས་ཤིན་ཏུ་སྤྲོ་བར་བྱུང་སྟེ་སྤྱན་སྔར་ཕྱིན། ཇོ་བོ་རྗེའི་གདམ་ངག་མཐའ་དག་གསན། །ལམ་རིམ་གཙོ་བོར་བྱས་

(༡༢༦)ནས་བསྒོམས་པས། སྔར་གྱི་བདེ་གསལ་ཏེ་ཆུང་དུ་སོང་། །སྐྱོ་ཤས་དང་ཡིད་འབྱུང་བ་ཁོ་ན་ཤས་ཆེར་བྱུང་། ཁོང་གི་ཞལ་ནས་ང་ལ་ཇོ་བོའི་གདམ་ངག་དགེ་ཤེས་སྟོན་པས་ཀྱང་བར་དུ་མ་ཆོད་པ། སངས་རྒྱས་ལག་པས་མཆོད་པ་འདྲ་བ་ཡོད་པ་ཁྱོད་ལ་བསྟན་གྱིས་གསུངས་ནས། གདམ་ངག་ཐམས་ཅད་བཏབ། དམིགས་པའི་འགྲོ་ལྡོག་ཟད་པ་མེད་པ་གསུངས། ལོ་གསུམ་བརྟེན་ནོ། །དེར་ཆོས་ཐམས་ཅད་ཀྱི་ནང་ནས་ཉམས་སུ་ལེན་པ་ཁོ་ན་གཙོ་ཆེ་བར་གསུངས་འདུག་པས། ང་ནི་བསྒྲུབ་པ་ཅིག་བྱ་དགོས་སྙམ་དུ་དགོངས་ཏེ། ཁོང་རང་གིས་ཡབ་མེས་ཀྱིས་བརྩིགས་པའི་སེར་ཁ་བྱ་བའི་གཙུག་ལག་ཁང་ཅིག་ཡོད་པ་དེར་བྲང་ཁང་ཅིག་བརྩིགས། ཕ་ཞིང་ལ་ཡོན་བདག་བྱས་ནས་བསྒོམས་པས། སྔར་གྱི་ཏིང་ངེ་འཛིན་སོར་ཆུད། གཉིད་ཐུན་ཆུང་རེ་ལས་མི་འབྱུང་སྟེ། རྨི་ལམ་དུ་འང་གསེར་འོད་དམ་པ་དང་། མདོ་སྡེ་ས་བཅུ་པ་ནས་

(༡༢༧)བཤད་པའི་ས་བཅུ་ཐོབ་པའི་སྔ་ལྟས་ཀྱི་རྨི་ལམ་དེ་ཁོ་ན་རྨིས་ཏེ། དེ་ཡང་འདི་ལྟར། བག་ཆག་སྤྱོད་པའི་སྔ་ལྟས་སུ། །རྟག་ཏུ་གཅེར་བུར་ཕྱུང་བ་དང་། །ཁྲུས་ཆེན་རྟག་ཏུ་བྱེད་པ་དང་། །དྲི་མའི་ཚོགས་རྣམས་དག་པ་དང་། །མཚོ་ཆུ་དག་ལ་རྒལ་བ་དང་། །ཆར་གྱི་རྒྱུན་གྱིས་འཁྲུ་བ་དང་། །མེ་དཔུང་ཆེན་པོས་སྲེག་པ་དང་། །ཤིན་དུ་མཐོན་པོའི་རྩེ་དག་ལ། །རླུང་གིས་གཡེངས་ཤིང་འཁོར་བ་དག །སྒྲིབ་པ་དག་པའི་སྔ་ལྟས་སོ། །གཡུལ་ཆེན་འགྱེད་ལས་སླར་ལྡོག་དང་། །ནད་ལས་ཐར་ཏེ་སོས་པ་དང་། །བརྩོན་ར་དག་ལས་ཐར་པ་དང་། །གཤེད་མའི་ལག་ནས་ཤོར་བ་དང་། །གཅན་ཟན་ཁ་ནས་ཐར་བ་དང་། །དུག་ནད་དག་ལས་སོས་པ་དང་། །བཅིང་བ་དག་ལས་གྲོལ་བ་ནི། །འཇིགས་དང་བྲལ་བའི་སྔ་ལྟས་ཡིན། །ས་རྣམས་ཐོབ་པའི་སྔ་ལྟས་ཀྱང་། །ཁྲི་རྐང་དག་ལ་འཛེག་པ་དང་། །ཕལ་པའི་སྐས་ལ་འཛེག་པ་

(༡༢༨)དང་། །ལྗོན་ཤིང་དག་ལ་འཛེག་པ་དང་། །གྱེན་ལ་ཤིན་དུ་འཛེག་པ་དང་། །རི་བོའི་རྩེ་ལ་འགྲོ་བ་དང་། །རིན་ཆེན་སྐས་ལ་འཛེག་པ་དང་། །མཆོད་རྟེན་དག་ལ་འཛེག་པ་དང་། །ནམ་མཁའི་སྐས་ལ་འཛེག་པ་དང་། །དེ་ནི་དོན་གྱི་སྔ་ལྟ་ཡིན། །ས་རྣམས་ནོན་པའི་སྔ་ལྟས་ཀྱང་། །ཁྲི་མཐོ་སྟེང་ན་འདུག་པ་དང་། །གླང་པོ་ཆེ་ལ་ཞོན་པ་དང་། །སེང་གེ་དག་ལ་ཞོན་པ་དང་། །ཁྱུང་ཆེན་ལྡིང་ལ་ཞོན་པ་དང་། །མཆོད་རྟེན་རྩེ་ལ་ཕྱིན་པ་དང་། །རི་རབ་རྩེ་ལ་འདུག་པ་དང་། །ནམ་མཁའི་དབྱིངས་ན་འདུག་པ་དང་། །ལུས་ལ་སྲིན་བུ་མེད་པ་དང་། །ཉི་མའི་དཀྱིལ་ན་འདུག་པ་དང་། །རྣལ་འབྱོར་ས་ལ་གནས་པའི་རྟགས། །སངས་རྒྱས་སྲས་ཀྱི་སྔ་ལྟས་ནི། །རྒྱལ་བའི་བཀའ་ལ་བཏགས་པ་དང་། །བཀའི་དབང་པོར་བསྐོས་པ་དང་། །གནས་ལ་དབང་ནི་བྱེད་པ་དང་། །གཡུལ་ཆེན་དག་ལས་རྒྱལ་བ་དང་། །

(༡༢༩)མིའི་དབང་པོར་གྱུར་པ་དང་། །མགོ་ལ་མེ་ཏོག་སྐྱེས་པའོ། །ཆོས་ལ་དབང་ཐོབ་སྔ་ལྟས་ཀྱང་། །གླེགས་བམ་བཟང་པོ་རྙེད་པ་དང་། །དེ་ནི་བྲིས་པ་མང་པོ་དང་། །དེ་དག་ལ་ནི་སྤྱད་པ་དང་། །གཞན་ལ་འཆད་ཅིང་སྟོན་པ་དང་། །དེ་ཉིད་གཏན་ལ་འབེབས་པ་དང་། །མེ་ཏོག་དག་ལ་བལྟ་བ་དང་། །ཤེལ་གྱི་བུམ་གང་འཐུང་བ་དང་། །རིན་ཆེན་ནོར་བུ་འཐུང་བ་དང་། །འཁོར་ལོ་ལག་ཏུ་ཐོགས་པ་དང་། །ཉི་ཟླ་ལག་པས་བཟུང་བ་དང་། །རི་རབ་ཀླད་ལ་བསྐོར་བ་དང་། །བདེན་པ་མཐོང་བའི་སྔ་ལྟས་ཀྱང་། །སྔོན་མ་མཐོང་བའི་ཡུལ་མཐོང་དང་། །སྟོང་གསུམ་རྒྱ་ཆེན་མཐོང་བ་དང་། །གླིང་གྲངས་གཞན་དུ་ཕྱིན་པ་དང་། །ནམ་མཁའ་རྒྱ་ཆེན་མཐོང་བ་དང་། །རྒྱ་མཚོའི་གཏིང་དུ་ཕྱིན་པ་དང་། །ལག་ན་སྒྲོན་མེ་ཐོགས་པ་དང་། །ཉི་མའི་སྙིང་པོ་བལྟ་བའོ། །ལུང་ཆེན་ཐོབ་པའི་སྔ་ལྟས་ནི། །རོལ་མོའི་

(༡༣༠)སྒྲ་རྣམས་ཐོས་པ་དང་། །འབྲུག་གི་སྒྲ་ནི་སྒྲོག་པ་དང་། །སེང་གེའི་ང་རོ་སྒྲོག་པ་དང་། །ཆོས་ཀྱི་སྒྲའི་གཏམ་ཐོས་དང་། །གཟུགས་བརྙན་ཞལ་ནི་འཛུམ་པ་དང་། །སངས་རྒྱས་གསུང་ཐོས་སྐུ་མི་མཐོང་། །ལྷ་མོའི་ཀླུ་དབྱངས་སྒྲོག་པ་དང་། །གཞལ་ཡས་དག་ལས་སྒྲ་བྱུང་དང་། །གྲོགས་པོ་གྲོགས་པོ་ཞེས་བརྗོད་ཅིང་། །ཆོས་ཀྱི་དུང་ནི་སྒྲོག་པའོ། །ཞེས་པ་ལ་སོགས་པ་རྨིས་པ་ལྟས་ངོ་མཚར་དཔག་ཏུ་མེད་པ་དམིགས་ཤིང་། དེའི་དུས་སུ་ལུས་ལ་ཤིག་དང་སྲིན་བུ་ཡང་ཡེ་མེད། །ཞག་ལྔ་ལྔ་ཙམ་དུ་གསོལ་ཟས་མ་གསོལ་ཡང་ལྟོགས་པའི་འདུན་པ་མེད། །ལུས་རྟག་ཏུ་བདེ་བའི་ཉམས་དང་ལྡན་པ་ཡང་བྱུང་གསུང་། །དེ་ནས་ནམ་ཟླ་དཔྱིད་གི་དུས་སུ། །མཚམས་ནས་ཕྱུང་སྟེ་ལྕགས་རིའི་ལྷོ་ཕྱོགས་སུ་སྐྱོ་གསང་ལ་བྱོན་ཙ་ན། །སྤྲང་པོ་རྒད་པོ་གསུམ་ཤིག་སྲེག་སྡུག་གཏམ་མང་པོ་བྱེད་ཅིང་འདུག །

(༡༣༡)རྗེ་བཙུན་ཐུགས་རྒྱུད་ནི་ཏིང་ངེ་འཛིན་དུ་སོང་། །ཕྱག་གིས་ཡི་དྭགས་གསལ་ཆུ་སྦྱིན་བྱེད་ཅིང་ཡོད་ཙ་ན། སྤྲད་པོ་ཅིག་ན་རེའོ་སྐོལ་གསུམ་འདྲ་བའི་བསོད་ནམས་ཆུང་བ་ཡོང་བ། ཚོལ་མ་དགོས་པར་ཟན་ཆེན་པོ་རེ་དང་། ལོ་མའི་ཚོད་མ་ཕོར་རེ་བཟའ་བཏུང་བྱ་རྒྱུ་ཡོད་ན་ཅི་ལྟོ་ཟེར། །ཅིག་ན་རེ་ཡིད་སྨོན་དེ་འདྲ་ལ་བྱེད་དམ། མངའ་བདག་རྩེ་ན་ལྡེ་འདྲ་བ། ཡིན་ན་དགའ་མོད་ཟེར། །གཅིག་ན་རེ་རྩེ་ན་ལྡེ་ལ་ཡང་འཆི་བ་འོང་། དེ་བྱུང་ཙ་ན་གང་གིས་ཀྱང་ཕན་པ་མེད། །རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པ་འདྲ་བའི་གྲུབ་ཐོབ། ལུས་གོས་མི་དགོས་ཟས་འཚོ་བ་མེད་ན་མཁའ་འགྲོ་མས་བདུད་རྩི་འདྲེན། སེང་གེ་ལ་ཞོན་ཅིང་ནམ་མཁའ་ལ་འགྲོ་བ། སྐྱེ་འཆིའི་འཇིགས་པ་མེད་པ་རེ་ཡིན་ན་དགའ་མོད་ཟེར། གཏམ་དེ་གསན་པ་བཙམ་གྱིས་བླ་མ་རིན་པོ་ཆེའི་ལུས་ལ་བ་སྤུ་ཟིང་བྱེད་པ་ཅིག་བྱུང་།

(༡༣༢)མིག་ནས་མཆི་མ་འཁྲུག་པའི་དད་པ་ཚད་མེད་པ་ཅིག་སྐྱེས་ཏེ། སྔར་དེ་མ་ཡིན་པའི་སེམས་ཅིག་རྒྱུད་ལ་སྐྱེས་ནས་འདུག །ཡུན་རིང་པོ་ཅིག་འགྲོ་ཡང་མ་ཤེས། དེ་ནས་ཕྱིས་བྲང་ཁང་དུ་ཕྱིན་ནས། དགེ་སྦྱོར་གྱི་གཙོ་བོ་ཡན་ལག་བདུན་པ་ཡིན་པས་བྱས་ཙ་ན་འགྲོ་གཏོར་ཞིང་གཏོར་ཞིང་དུ་སོང་ཅི་བྱུང་བ་ཡིན་ནམ་དགོངས་ནས་མལ་དུ་ཞུགས་ཏེ་བསྒོམས་པས། ཁང་པ་ལ་སོགས་པའི་ཕྱི་རོལ་གྱི་ཡུལ་སྣང་ཐམས་ཅད་མེད་པར་སྟོང་ཕྱམ་གྱིས་སོང་ནས། འཇིག་རྟེན་གྱི་ཁམས་ཐམས་ཅད་ཡིད་ཀྱི་ཡུལ་དུ་བྱུང་བ་འམ། སེམས་ཅན་ཐམས་ཅད་ཀྱི་སེམས་ཤེས་པ་སྙམ་བྱེད། ཁམས་དང་དབང་པོའི་བྱེ་བྲག་རྣམས་ཀྱང་ཤེས་པ་སྙམ་བྱེད་པ་ཅིག་བྱུང་། །དེར་དགོངས་ཐུན་ཐོན་ནས། སྤྲང་པོ་ཀུན་གར་སྣང་བ་ལྟས་པས་འགྲོན་ཁང་ན་འདུག་པ་ལ་དྲི་བ་མཛད། ད་ཅི་ཁྱོད་ཟེར་བའི་གྲུབ་ཐོབ་དེ་གང་ན་ཡོད་པ་ཡིན་གསུངས་པས། ཅིག་ན་རེ། དེ་མང་ཡུལ་

(༡༣༣)གུང་ཐང་བྱ་བ་ཅིག་ན་ཡོད་དེ། མི་ལ་རས་པ་བྱ་བ་ཡིན་ཟེར། དེའི་བླ་མ་གོང་མ་རྣམས་ཇི་སྐད་བྱ་བ་ཡིན་དྲིས་པས། །དེའི་བླ་མ་མར་པ་ལོ་ཙྪ་བྱ་བ་ཡིན་ཟེར། དེའི་བླ་མ་ནཱ་རོ་པན་ཆེན་བྱ་བ་ཡིན་ཟེར། ཆོས་ཅི་གསུང་བྱས་པས། ཆོས་ནི་ནཱ་རོའི་ཆོས་དྲུག་ཟེར་ཏེ་དགྱེས་རྡོར་གྱི་གདམ་ངག་ཡིན་པར་འདུག །ངེད་ཀྱིས་ནི་ཞལ་མ་མཐོང་། །མི་ཐམས་ཅད་འགྲོ་ཡིན་འདུག་པ་ལ། ཕལ་ཆེར་གྱིས་མི་རྙེད། ལ་ལས་ཤེལ་གྱི་མཆོད་རྟེན་དུ་མཐོང་། ལ་ལས་ཤཱཀྱ་ཐུབ་པར་མཐོང་། སྤྲུལ་པ་སྣ་ཚོགས་སུ་སྟོན་ནུས་པར་འདུག་སྟེ། །བྲིན་དང་སྙེ་གནམ་གྱི་རིལ་གཙོ་ཆེར་བཞུགས་ཡོད་པར་འདུག་ཟེར། འོ་ན་ང་དེར་འགྲོ་ན་ཁྱོད་ཀྱིས་གྲོགས་བྱེད་དམ་གསུངས་པས། ཁྱོད་གཞོན་ནུ་ཅིག་འདུག་པས་ངས་ཁྱོད་ཀྱི་རྗེས་མི་སླེབ། ཁྱེད་རང་སོང་དང་ལས་སྟེང་རང་ནས་ཤེས་ཏེ་འོང་། ཁོང་གྲགས་པ་ཅན་ཡིན་ཟེར། དེ་ནས་ནང་དུ་ཕྱིན་ནས། ཟན་ཆེན་པོ་བཅོས་ལོ་མའི་ཚོད་མ་བྱས་ནས་སྤྲང་

(༡༣༤)པོ་རྣམས་མགུ་བར་བྱས། ནང་པར་རྩད་བཅད་པས་གར་སོང་ཆ་མེད་དེ། བླ་མ་ལ་མཇལ་བར་བསྐུལ་བའི་སྤྲང་པོ་རང་རྒྱུད་པ་མིན་པར་ཐག་ཆོད་དོ། །སྔར་ཡང་བླ་མ་བྱང་ཆུབ་སེམས་དཔའ་སོགས་ལ་རྗེ་བཙུན་མི་ལའི་རྣམ་ཐར་ཐོས་ཤིང་། དད་པ་དཔག་ཏུ་མེད་པ་ཡོད་པ་ལ། ཁྱད་པར་དུ་སྤྲུལ་པའི་སྐྱེ་བོ་དེ་དག་གིས་བསྐུལ་བ་དང་། མི་བཟོད་པའི་དད་པ་སྐྱེས་ཏེ་འགྲོ་བར་བློ་ཐག་གཅད་ནས་དེའི་ནུབ་མོ་དཀོན་མཆོག་ལ་མཆོད་པ་བྱས། གསོལ་བ་བཏབ་ནས་ཉལ་བའི་རྨི་ལམ་ན། རག་དུང་རིང་པོ་ཅིག་བུས་པས་སྐད་ཀྱིས་འཛམ་བུའི་གླིང་ཐམས་ཅད་དུ་ཐོས་པ་ཅིག་རྨིས་ཏེ། དིང་སང་རག་དུང་འདི་ལས་སྒྲ་ཆེ་བ་མེད་ཟེར་བ་རྨིས། ཡང་ནམ་མཁའ་རྟེན་མེད་པ་ལ་རྔ་བོ་ཆེ་ཡང་དག་པ་ཅིག་བཏགས་ནས་འདུག་པ། བརྡུངས་པས་སྒྲ་ཆེན་པོ་ཚད་མེད་པ་བྱུང་། སྒྲ་དེ་ལ་རི་དྭགས་མང་པོ་ཉན་ཅིང་འདུག །མི་མང་པོ་དཔག་ཏུ་མེད་པ་འདུག་པ་ལ་མོན་མོ་ལྟ་བུའི་བུད་མེད་ཅིག་ན་

(༡༣༥)རེ། མི་འདི་རྣམས་ལ་རྔ་འདི་བརྡུངས། རི་དྭགས་འདི་ཚོལ་འདི་བྱིན་ཟེར་ནས་འོ་མ་ཐོད་ཕོར་གང་བྱིན། འདིས་རི་དྭགས་མི་ཁྱེ་བ་བྱས་པས། ཁྱོད་རང་འཐུངས་དང་རི་དྭགས་འདི་རྣམས་ལས་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱང་ཁྱེབ་ནས་ཡོང་། ང་ནི་ཉི་མ་ནུབ་ཕྱོགས་སུ་འགྲོ་ཟེར་ནས་སོང་བ་རྨིས། ད་ལྟ་སྣོད་དང་མི་ལྡན་པ་རྣམས་ལམ་རིམ་གྱི་བསྐྱངས་ཏེ། ང་ལ་ཉན་པའི་མི་རྣམས་ཡིན་པ་ར་འདུག །བཀའ་གདམས་ཀྱི་བླ་མ་དེ་རྣམས་བཀའ་དྲིན་ཆེ་བར་འདུག་གསུང་། རི་དྭགས་དེ་རྣམས་ངའི་རི་ཁྲོད་འཛིན་པའི་བསྒོམ་ཆེན་རྣམས་ཡིན་པར་འདུག་སྟེ། བླ་མ་མི་ལའི་གདམས་ངག་ཐབས་ལམ་དང་ཕྱག་རྒྱ་ཆེན་པོས་བསྐྱངས། སྔོན་གྱི་རྨི་ལམ་གྱི་བལྟས་དེ་ལྟར་བྱུང་གསུང་། དེར་ཞིང་བཟང་པོ་ཅིག་ཡོད་པ་གསེར་ཞོ་བཞི་དང་། ཛ་ཟི་ཕོལ་ཞོ་གང་ལ་བཙོངས་ནས་དགེ་ཤེས་ལྕགས་རིབ་ལ་ཞུར་བྱོན་པས། །

(༡༣༦)ཁྱེད་གསང་སྔགས་འཚོལ་བ་ཡིན་ཏེ་འོང་། དེ་ནི་ངེད་རང་ལ་ཡོད་གསུངས་ནས། ལན་གསུམ་དུ་ཞུས་ཀྱང་འགྲོར་མ་གནང་། ཕྱི་མ་འོ་ན་བདག་དགེ་ཤེས་གཞན་ཅིག་གི་རྩར་འགྲོ་བར་ཞུ་ཞུས་པས། འོ་ན་ཅི་བདེ་གྱིས་གསུང་། དགེ་བཤེས་ཡོན་བདག་ལ་ཞུས་པས། སློབ་དཔོན་གྱི་ཞལ་ནས། ཁྱེད་རྣལ་འབྱོར་པ་དེའི་སྤྱན་སྔར་སོང་ཅིག །ལོ་ཅིག་ལས་མ་འགོར་བར་སླེབ་པ་གྱིས། །རྣལ་འབྱོར་པ་དེ་གྲུབ་ཐོབ་ཅིག་ཡིན་ངེས་སུ་ཡོད་པར་འདུག །ཆོས་ཐམས་ཅད་དྲིས་ཀྱང་དྲིས། གདམ་ངག་མ་ལུས་པ་ཞུས་ལ་ཆོས་ཀྱི་ཁྱོས་མ་ཡང་འཁྱེར་ལས་ཤོག་གསུངས་ནས། ལམ་རྒྱགས་ཀྱི་གསེར་ཡང་གནང་། སྤྱན་སྔའི་ཞལ་ནས་ཁྱོད་རྣལ་འབྱོར་པ་ཁྱི་ཐུལ་ཅན་གྱི་རྩར་མ་འགྲོ། །ཅིས་ཀྱང་འགྲོ་ན་ངེད་ཀྱི་རྟགས་མདོར་བར་ཤོག་ཅིག །ལར་སེར་ཁ་ལ་ཕན་ན་ཁྱི་ཚིལ་ན་ཡང་ཁྱི་ཚིལ་བྱ་བ་ཡིན། ཟངས་ངེད་ཀྱིས་བརྡུངས་པས་ཟངས་

(༡༣༧)སྐད་མིས་འདོན་པ་ཅིག་འོང་བར་འདུག་སྟེ་ཐབས་མེད་གསུང་། དགེ་ཤེས་སྙུག་རུམ་བའི་ཞལ་ནས། ཁྱོད་ཀྱིས་ང་རྒས་ཁར་མ་བོར་བར་ཤོག་ཅིག་གསུང་ངོ། །བླ་མ་རྣམས་ཀྱི་བཀའ་གནང་ཐོབ་པས་ཤིན་དུ་དགའ་ནས། རྗེ་བཙུན་གྱི་སྤྱན་སྔར་འགྲོ་བར་ཆས་པའི་དུས་སུ། ནུབ་ཅིག་གི་རྨི་ལམ་ན། མི་དཀར་པོ་འོད་ཀྱི་རང་བཞིན་ཅན་ཤིན་དུ་མཛེས་པ་ཞིག་གིས། རབ་ཏུ་དགྱེས་པ་མཛད་དེ་ཆོས་འདི་ལ་གྱིས་གསུངས་ནས། ལྟ་བའི་མན་ངག་རྡོ་རྗེའི་ཚིག་བཞི་ཞེས་བྱ་བ་གསུངས། ཕྱིས་བླ་མའི་གསུང་དང་ཁྱད་མ་བྱུང་སྟེ། །དེ་ཐུགས་རྗེ་ཆེན་པོའི་རྣམ་འཕྲུལ་ཡིན་པར་འདུག་གསུང་། དེ་ནས་གྲོགས་པོ་འགོང་སྟོན་དང་གཉིས་འགྲོ་བར་ཆས་ནས། བླ་མའི་སྤྱན་སྔར་འགྲོ་བ་ལ་ལམ་རིང་ཐུང་གི་རྟག་པ་མཛད་པས། ལྷ་རྗེ་ལ་རིང་པོ་ཡོད་པའི་བལྟས་བྱུང་། འགོང་སྟོན་ལ་ཐུང་བའི་བལྟས་

(༡༣༨)བྱུང་། དེ་ནས་ཡར་བྱོན་པས་ཚོང་འདུས་མགུར་མོར་སླེབ་ཙ་ན། འགོང་སྟོན་ན་པས་ལུས། བླ་མས་ཚོང་པ་དང་འགྲོགས་ནས་བོང་འགྲོས་པའི་ཟླ་བ་ཕྱེད་ཀྱིས་བཅད་ནས་བྱོན་ཏེ། ཉི་མ་ཕྱེད་ཀྱིས་མ་སླེབ་པའི་སར། མགོ་ཡོ་མ་བྱ་བའི་བསྙུང་གཞི་དྲག་པོ་ཅིག་གིས་དེའུ་དྲོངས་བྱས། ཉིན་ཞག་བདུན་ལུས་པ་ལ། བླ་མ་རྗེ་བཙུན་བཞུགས་པའི་གངས་ལ་བལྟས་ཡིན་གསོལ་བ་བཏབ་པས། བསྙུང་བ་ལས་གྲོལ་བར་གྱུར་ཏེ། བྱོན་པའི་ལམ་ཁར་རྣལ་འབྱོར་པ་ཅིག་བསུབ་ལ་བྱུང་། ཁྲེས་པོ་བདག་ལ་རྩོལ་ཟེར་ཏེ། གུས་པར་བྱས་ནས་འགྲོགས་ཤིང་ཕྱིན་ཙར། ཁོ་ན་རེ་ཁྱེད་ལྟ་རེ་དགའ་ན། བླ་མ་རིན་པོ་ཆེས་ཉིད་ལ་ཆོས་ཟླ་བ་མོ་ཞིག་སྟོན་པར་ཡོད་དོ། །དེ་ཁྱེད་ཀྱིས་ང་ལ་ཅིས་ཀྱང་གསུང་བར་ཞུ་ཟེར། ཐུགས་དགོངས་ལ་གཙང་པ་འདི་ལ་ཡང་ཆུང་ཞད་ཅིག་གདའ། ཁོང་རང་སྔར་ནས་བླ་མའི་དྲུང་དུ་བསྡད་

(༡༣༩)བསྡད་པ། ང་དེ་རིང་འོངས་པ་ལ་ཆོས་ཞུ་བ་བསྙམ་ནས། ཁྱེད་རང་གིས་ཆོས་ཚར་བར་ཞུས་པ་མིན་ནམ། །བླ་མའི་དྲུང་དུ་ཡུན་ཇི་ཙམ་བསྡད་གསུངས་པས། མཇལ་ནས་ལོ་བཅུ་ཙམ་སོང་། ཆོས་མང་དུ་ཞུས། འོན་ཀྱང་དེ་མིན་པ་ཅིག་ཡོད་པ་ཡིན། སྔར་ཙ་ན་བླ་མའི་ནས། རས་ཆུང་བ་འདི་ཁོ་རང་གི་འབྲས་བུ་ཕྱིན་ཅི་མ་ལོག་པ་ཐོབ་ཀྱང་། འགྲོ་བ་ལ་ཕན་ཆེན་པོ་མི་ཐོགས། ད་སྡོད་དབུས་པ་བསྟོན་པ་ཅིག་གིས་འགྲོ་བ་མང་པོ་ལ་ཐོགས་པ་འོང་བ་ཡིན་གསུང་ནས་ལུང་སྟན་ཡོད་པ་ཡིན་ཟེར། དེ་ནས་སྟོང་སྡེ་བཀྲ་ཤིས་གང་དུ་བྱོན་པས་བུད་མེད་ཅིག་ཐགས་འཐག་ཅིང་འདུག་པ་ལ་དྲི་བ་མཛད་ཏེ། རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པ་བྱ་བ། གཞན་རྒྱུད་ཀྱི་བསམ་པ་མཁྱེན་ཅིང་། སྤྲུལ་པ་སྣ་ཚོགས་སྟོན་པ་ཅིག་བཞུགས་ཟེར་བ་དེ་གང་ན་བཞུགས་པ་ཡིན་གསུངས་པས། དེ་རྒྱུས་ཡོད་

(༡༤༠)པའི་ཉ་མ་ཅིག་བསྟན་ནོ་ཟེར་ནས། བུད་མེད་རྒན་མོ་རས་གོས་ཀྱི་སྟེང་ན་སྐེ་རག་རྒྱ་མ་ལྷོད་དེ་བཅིངས་པ་ཅིག་འདུག་པ་ལ་དྲིས་ཟེར་པ་ལ། དེ་ལ་དྲིས་པས་རྒན་མོ་དེ་ན་རེ། དོ་ནུབ་སླེབ་པ་མེད་ངའི་ཁང་པའི་སྟེང་དུ་བཞུགས་ཟེར་ནས་སྟེང་ཁང་ཅིག་ཏུ་གདན་དྲངས་བསྙེན་བཀུར་བྱས་ནས་ངས་ཁ་སང་རྗེ་བཙུན་ཆེན་པོའི་སྤྱན་སྔར་ཕྱིན་པ་ལ། དབུས་ནས་བཀའ་གདམས་ཀྱི་སྟོན་པ་ཅིག་དང་ཕྲད་དུ་འོང་བས་དེ་དང་ང་ཕྲད་པའི་མཇལ་སྣ་སུས་བྱས་དེ་ལ་ངན་སོང་གི་འཇིགས་པ་མེད་ཅེས་གསུངས་པས། ངའི་བུ་མོ་བསྒོམ་མ་ཅིག་རྗེ་བཙུན་གྱི་དྲུང་ན་ཡོད་པས་དེ་ལ་མཇལ་སྣ་མཆོལ་བ་ཡིན་ཟེར། ནད་པར་སྔ་མོ་ནས་བྱོན་ཏེ་ཐུགས་དགོངས་ལ། ང་འོང་བ་མཁྱེན་ཅིང་ལུང་བསྟན་གསུང་ལུགས་ངེས། ཁོ་བོ་ཡང་སྣོད་ལྡན་ཅིག་ཡིན་པར་འདུག །གདམ་ངག་ལ་དཀའ་ཚེགས་མི་འོང་སྙམ་པའི་ང་

(༡༤༡)རྒྱལ་ཅིག་སྐྱེས་པ་དེ་བླ་མས་མཁྱེན། ཟླ་བ་ཕྱེད་ཀྱི་བར་དུ་མཇལ་ས་མ་བྱུང་། སེ་བན་རས་པས་ཕྲུ་བ་ཅིག་དང་ཤིང་ཕོན་ཅིག་བྱིན་ཏེ། བྲག་འོག་ཅིག་ཏུ་བཞུགས་སུ་བཅུག །དབུས་པ་སྟོན་པ་ཁྱོད་འོངས་པ་བླ་མས་མཁྱེན། གང་མ་དག་ཀྱང་སྣང་བར་འདུག་གིས་ང་རང་མ་ཐུང་བར་གསོལ་བ་ཐོབ་ཡིན་སྡོད་ཅིག་ཟེར། དེ་ནས་ཟླ་བ་ཕྱེད་སོང་བ་དང་། བླ་མ་དང་མཇལ་བ་ལ་ཤོག་ཟེར་ནས་ཕྱིན་པས། རྗེ་བཙུན་ཕ་བོང་ཆེན་པོ་ཅིག་གི་སྟེང་ན་བཞུགས་འདུག་པ་དང་མཇལ་ཏེ། ཕྱག་བཙལ་ནས་གསེར་ཞོ་བཞི་དང་ཇ་ཞོ་གང་བོ་ཕྱག་ཏུ་ཕུལ་བས། སེ་བན་རས་བ་ན་རེ་སྐུ་མདུན་དུ་ཞོག །བླ་མ་ཆེན་པོའི་དྲུང་དུ་ནོར་ཕུལ་བ་དང་། རི་དྭགས་ཀྱི་མདུན་དུ་ནོར་སྤུངས་པ་ལ་ཁྱད་མེད། གང་ཡང་ཕྱག་ཏུ་མི་བཞེས་པ་ཡིན་ཟེར། རྗེ་བཙུན་ཆེན་པོའི་ཞལ་ནས། གསེར་དང་མི་རྒན་ལོ་མི་མཐུན། ཇ་ལ་སྐོལ་

(༡༤༢)བའི་ཐབ་བཅས་མེད། ཁྱེད་རང་སྒྲུབ་པ་བྱེད་པའི་རྒྱགས་ཀྱིས་གསུང་། ཁོ་བོ་ཐག་རིང་པོ་ནས་མཆིས་པས་ཐུགས་རྗེས་འཛིན་པར། ཞུ་ཞུས་པས། ཁྱོད་དེ་ཙམ་ལ་ཐག་རིང་རྒྱུ་མེད། ངའི་ཙར་ཁམས་དང་རྒྱ་གར་ནས་ཀྱང་ཡོང་མཁན་ཡོད། ཁྱོད་ཀྱིས་མིང་ཅི་ཡིན་གསུངས། བསོད་ནམས་རིན་ཆེན་བྱ་བ་ལགས་ཞུས་པས། བསོད་ནམས་བསོད་ནམས་བསོད་ནམས་ཚོགས་ཆེན་བསགས་ལས་བྱུང་། འགྲོ་བ་ཀུན་གྱི་རིན་པོ་ཆེ། བྱ་བ་ལན་གསུམ་གསུངས། ཆང་ཀ་པཱ་ལ་གང་གི་གསོལ་འཕྲོ་འདུག་པ་གནང་ནས་འདི་འཐུང་གསུང་བ་ལ། ཁོ་རྟེན་དགེ་སློང་ཡིན་པ་དང་། འཁོར་མང་པོ་འདུག་པས་ཅུང་ཟད་ལེན་མ་ནུས་པ་ལ། རྗེ་བཙུན་གྱི་ཞལ་ནས་རྣམ་རྟོག་མ་མང་བར་འདི་འཐུང་གསུང་པས། བླ་མ་མཁྱེན་བསམ་ནས་ལྷག་མ་ལུས་པར་གསོལ་བས་བརྒྱུད་པ་ཟིན་ཅིང་གདམ་ངག་མ་ལུས་པའི་

(༡༤༣)སྣོད་དུ་འགྱུར་བར་མཁྱེན་ནོ། །དེ་ནས་རས་ཆུང་པ་དད་སེ་བན་གཉིས་འདིར་ཤོག །འོ་སྐོལ་ཕ་སྦང་སྟོན་པ་ལ་གླུ་ཅིག་བྱའོ་གསུང་ནས་མགུར་གསུངས་པ།། །།རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཤར་སེང་གེ་དཀར་མོའི་འོ་མ་སྟེ། །རོ་བཅུད་དང་ལྡན་པར་མ་མཆིས་ཀྱང་། །ལྷ་དབང་བརྒྱ་བྱིན་ཁོང་གིས་གསོལ་ནས་འོང་། །ལྷོ་རྒྱ་སྟག་ཁྲ་བོའི་སྦར་རྩ་ཏེ། །རྩལ་ཆེའོ་སྐང་པར་ཆ་མཆིས་ཀྱང་། །དཔལ་ཌོ་བྷི་བ་ཡིས་ཆིབས་ཏེ་འོང་། །བྱང་ཏང་དཀར་ཉའི་མཁྲིས་པ་སྟེ། །རོ་ཁའོ་སྐང་པར་ཆ་མཆིས་ཀྱང་། །ཀླུ་གཙུག་ན་ནོར་བུས་གསོལ་ཏེ་འོང་། །ནུབ་དགའ་ལྡན་ལྷའི་ཕོ་བྲང་སྟེ། །ངོ་མཚར་རོ་སྐད་བར་ཆ་མཆིས་ཀྱང་། །འཕགས་པ་ཐོགས་མེད་ཁོང་གིས་གཟིགས་ནས་འོང་། །རྗེ་ནཱ་རོའི་ཐབས་ལམ་ཟབ་མོ་སྟེ། །ལམ་བགྲོད་ཐག་ཉེ་བར་ཆ་མཆིས་ཀྱང་། །ཕ་མར་བ་ལོཙྪས་ཤེས་ཏེ་འོང་། །

(༡༤༤)རྗེ་མར་བའི་སྙན་རྒྱུད་ཟབ་མོ་སྟེ། །ཉམས་རྟོགས་པ་བསྐྱེ་བར་ཆ་མཆིས་ཀྱང་། །ང་རྣལ་འབྱོར་མི་ལས་བསྒོམས་ཏེ་འོང་། །ང་མི་ལའི་ཉམས་མྱོང་ཚིག་གསུམ་པོ། །དོན་གནད་དུ་ཟབ་བར་ཆ་མཆིས་ཀྱང་། །བུ་སྟོན་པ་ཁྱོད་བྱུང་བས་འཆང་པ་ཡིན། །ལར་གསེར་དང་མི་རྒན་བློ་མི་མཐུན། །ཇ་ལ་སྐོལ་བའི་ཐབས་བཅས་མེད། །ང་ཟས་ནོར་སྤངས་ནས་རིང་ཤིག་འདས། །བུ་སྙིང་ནས་དམ་ཆོས་བྱ་སྙམ་ན། །ཚེ་འདི་ལ་མ་དགའ་ཕྱི་མ་བསོམས། །ལམ་སྒྲུབ་པའི་དཀའ་བ་དང་དུ་ལོང་། །ཁྱོད་བཀའ་བརྒྱུད་གདན་ས་འཛིན་འདོད་ན། །ཚིག་ལ་མ་དགའ་དོན་ལ་ལྟོས། །ཁྱེད་དགེ་སློང་གི་ཐུགས་ལ་དེ་ལྟར་བཞོག །ཅེས་གསུངས་ནས། །དེ་ལ་བུ་སྟོན་པ་ཁྱོད་ཀྱི་སྣ་ལེན་བྱེད་པ་ཡིན་ནོ་གསུངས། །དེ་ནས་ཕ་བོང་འོག་དེར་ཟ་ཤིང་དང་། །རི་ཤོ་མོ་བསྡུས་ནས་ཕྱེད་སྤྱིལ་ཅིག་བྱས། །ཡོན་བདག་དཀོན་འབར་དང་འབར་སེང་གཉིས་ལ་གསེར་ཞོ་རེ་བཙོངས་

(༡༤༥)ནས་རྒྱགས་བྱས་ཏེ། ཁྲིད་ཞུས་པས་བླ་མའི་ཞལ་ནས། ཁྱེད་ལ་དབང་སྐུར་གྱི་བཀའ་ཡོང་དམ་གསུང་། དགེ་ཤེས་མར་ཡུལ་བ་བློ་ལྡན་ཤེས་རབ་ལ་གསང་འདུས་ཀྱི་དབང་རྫོགས་པར་ཞུས། དགྱེས་ངོར་གྱི་གཉིས་བདག་མེད་མའི་གསུམ། ཇོ་བོ་རྗེའི་ལུགས་ཀྱི་བདེ་མཆོག་ལུ་ལུ་ཧི་བའི་བཀའ། །ཕག་མོ་རིན་ཆེན་རྒྱན་དྲུག་མའི་བྱིན་བརླབས་སོགས། །གཞན་ཡང་བླ་མ་མང་པོ་ལ་དབང་བསྐུར་དང་། བྱིན་བརླབས་རིག་གཏད་ཀྱི་ཆོག་མང་དུ་ཐོ་བ་ལགས། ང་ལ་ཞག་བཅུ་གསུམ་ཙམ་དུ་མི་འཆོར་བའི་ཏིང་ངེ་འཛིན་བཟང་པོ་ཡང་ཡོད་ལགས་ཞུས་པས། ཧ་ཧ་གསུང་ནས་གང་མོ་ཆེན་པོ་ཅིག་མཛད་དེ། ལེགས་པར་འདུག་སྟེ་ལེགས་པར་བསྐྱངས་ཀྱང་འབྲས་བུ་གཟུགས་མེད་ལྷ། གསུང་ནས་བྱེ་མ་བརྩིར་བས་མར་ཁུ་མི་འོང་། ཡུངས་དཀར་བརྩིར་བས་མར་ཁུ་ཡོང་བ་ཡིན། །ངའི་གཏུམ་མོ་ཨ་ཐུང་གིས་སྲོག་རྩོལ་

(༡༤༦)བསྒོམས་དང་། སྡད་བཟོད་སེམས་ཀྱི་ངོ་བོ་མཐོང་ནས་འོང་གིས། ལར་བོད་ཀྱི་སྙིང་དུ་འདྲེ་ཞུགས་ནས་ཨ་ཏི་ཤ་གསང་སྔགས་འཆད་དུ་མ་བཅུག་བས་མི་མང་པོ་འཕུང་གསུང་བ་ལ། བཀའ་གདམས་པ་ལ་ཡང་གསང་སྔགས་ཀྱི་གདམ་ངག་མང་དུ་མ་བཅུག་པས་མི་མང་པོ་འཕུང་གསུང་བ་ལ། བཀའ་གདམས་པ་ལ་ཡང་གསང་སྔགས་ཀྱི་གདམ་ངག་མང་པོ་ཡོད་ལགས་ཞུས་པས། དེ་ཚོ་གསང་སྔགས་ཙམ་ཡིན་ཏེ་མན་ངག་མི་འགྲུབ། ཐབས་རྐྱང་བ་རེས་རྫོགས་རིམས་སྣོད་བཅུད་བསྡུས་པ་རེ་བཤད་འདུག་སྟེ། དེ་རྟོག་དཔྱོད་ཀྱི་ཏིང་ངེ་འཛིན་བྱ་བ་ཡིན། ལམ་རིམ་གྱི་བདག་མེད་རང་བསྒོམ་པ་བདོན་སྤྱི་རྐྱང་བ་ཡིན། ཁ་ཁ་རོག་བར་ཁོ་བོའི་ཐབས་ལམ་བསྒོམས་གསུང་དེའི་དུས་སུ་རྨི་ལམ་རྨིས་པ་ཞུས་པས། །མ་དང་གསུམ་གཉིད་ཀྱི་རྨི་ལམ་ན། ཡ་གི་སྤྱི་བོའི་གཙུག་རུམ་དུ། གཡུ་འབྲུག་སྔོན་མོ་

(༡༤༧)འཁྱིལ་བ་རྨིས། །གཡུའི་ན་བུན་འཐིབས་པ་རྨིས། །དུང་གི་ཁུ་འཕང་བབ་བ་རྨིས། །གཡས་སུ་ཁྱུང་ཅིག་ལྡིང་བ་རྨིས། །གཡོན་དུ་རྒོད་ཅིག་འཁོར་བ་རྨིས། །དཔྲལ་བར་ཉི་ཟླ་ཤར་བ་རྨིས། །གལ་ཏེ་ཕྲག་ལ་བཀལ་བ་རྨིས། །གླང་འཁར་ལག་ཏུ་བཟུང་བ་རྨིས། །རྒྱབ་ཏུ་དགྲ་ལྔ་བསང་བ་རྨིས། །མདུན་དུ་ཆུ་མིག་རྡོལ་བ་རྨིས། །འོག་ཏུ་སེང་གེ་ཞོན་པ་རྨིས། །འདི་དོན་གང་ལགས་གསུང་བར་ཞུ། །ཅེས་ཞུས་པས། ལན་གསུངས་པ། ཨེ་མ་ཧོ། སྐལ་ལྡན་ལས་འཕྲོ་ཅན། རྨི་ལམ་མི་ངན་རྨི་ལམ་བཟང་། །སྐྱེས་བུ་ལས་དང་སྐལ་བར་ལྡན། །ཡ་གི་སྤྱི་བོའི་གཙུག་རུམ་ན། །གཡུ་འབྲུག་སྔོན་མ་འཁྱིལ་བ་སྟེ། །བླ་མ་རྗེ་བཙུན་བརྟེན་པ་ཡིན། །གཡུའི་ན་བུན་འཐིབས་པ་སྟེ། །སངས་རྒྱས་ཞིང་དུ་སླེབ་པ་ཡིན། །དུང་གི་ཁུ་འཕང་བབ་པ་སྟེ། །ཉོ་མོངས་ཐ་བ་བངས་པ་ཡིན། །གཡས་སུ་ཁྱུང་ཅིག་ལྡིང་བ་སྟེ། །དཔའ་བོ་དཔའ་མོ་འཁོར་བ་

(༡༤༨)ཡིན། །གཡོན་ན་རྒོད་ཅིག་འཁོར་བ་སྟེ། །རིགས་འཛིན་ཕོ་མོ་འཁོར་བ་ཡིན། །དབྲལ་བར་ཉི་ཟླ་ཤར་བ་སྟེ། །འཕགས་པའི་སྤྱན་གྱིས་གཟིགས་པ་ཡིན། །གལ་ཏེ་འཕྲག་ལ་བཀལ་བ་སྟེ། །ཐབས་ཤེས་ཟུང་དུ་འབྲེལ་བ་ཡིན། །གླང་འཁར་ལག་ཏུ་བཟུང་བ་སྟེ། །བག་ཆགས་དབྱུག་པས་འདོད་པ་ཡིན། །རྒྱབ་ཏུ་དགྲ་ལྔ་བསད་པ་སྟེ། །དུག་ལྔ་དུག་གསུམ་བསད་པའི་ཡིན། །མདུན་དུ་ཆུ་མིག་རྡོལ་བ་སྟེ། །རྣལ་འབྱོར་བསོད་ནམས་སྐྱེས་པ་ཡིན། །འོག་ཏུ་སེང་གེ་གཞོན་པ་སྟེ། །བདུད་བཞི་ཟིལ་གྱིས་མནོན་པ་ཡིན། །ཞེས་གསུངས། །དུས་ཕྱིས་ཆོས་རྗེ་དགས་པོ་པའི་ཞལ་ནས་བླ་མ་རྗེ་བཙུན་ནི། །སྔོན་ལ་ཤེས་བྱའི་སྒྲིབ་པ་སྦྱངས་པས་ཉོན་མོངས་པ་རང་དག་ལ་འགྲོ་གསུང་། །བཀའ་གདམས་ཀྱི་བླ་མ་རྣམས་ནི་ཉོན་མོངས་པ་མ་སྤངས་པར་སངས་མི་རྒྱ་གསུང་སྟེ། གཉིས་ཀ་གསུང་བ་བདེན་པར་འདུག་གསུང་། དེ་ནས་བླ་མ་རྗེ་

(༡༤༩)བཙུན་གྱི་ཞལ་ནས་ངེད་རང་དཔོན་སློབ་བལ་ཡུལ་དུ་འགྲོའོ་གསུང་། དེ་དུས་རས་ཆུང་བ་དང་། ཁྱིར་རས་པ་དང་། བསྒོམ་སྟག །ཇོ་དོར་སེ་བ་ན། སྐོང་འགྱུར། མེ་སྒོམ་རྣམས་ཕྱག་ཕྱིར་འདུག་ཕྱག་ཕྱིར་འདུག་པ་ལ། ལ་ལ་དག་ང་ལ་ཡུལ་དུ་ཕྱིན་ན་ཚད་པ་འོང་ཟེར་ཞིང་སྡུག་བསྔལ་བྱེད་འདུག །བླ་མའི་ཐུགས་དགོངས་ལ་ང་རང་ཀུན་ཚད་པས་ཤི་ནའང་ཤི་འགྲོ་བ་ཡིན་དགོངས་པ་བྱུང་། བྲིན་པ་བྱིན་གྱིས་བླ་མ་འབྱོན་ཙ་ན་ཕྱག་རྟེན་ལ། །གསེར་ཞོ་གསུམ་དང་འབྲས་མར་ཆང་མང་པོ་ཕུལ་ནས་བཞུགས་ཞུས་ཀྱང་མ་གནང་བར་བྱོན་ཏེ་རང་རང་ལ་དགོས་ནས་གནང་ངོ་། །དེ་ནུབ་བྲག་རྩ་ཅིག་ཏུ་བཞུགས་ཙ་ན། བུད་མེད་རས་གོས་ནག་པོ་གྱོན་པ། བོང་ཐུང་ཞིང་དམས་ནག་པ། མིག་རྩ་དམར་བ་ཅིག་གིས་བླ་མ་ཆེན་པོའི་ཞལ་ལ་འབུར་ཚུགས་སུ་བལྟས་ནས་ཁྱོད་འགྲོ་བ་གར་འགྲོ། །སྟོང་མཁན་རང་སུ་ཡི་ཟེར། དེ་ནུབ་ནས་ཐུགས་འགྱུར་ཏེ་མ་

(༡༥༠)གཤེགས་སོ། །བུད་མེད་མཁའ་འགྲོ་མར་འདུག་བྱ་བ་ཡང་གསུང་ངོ་། །དེ་ནས་དབྱར་བསྟོད་མཚོ་ལུང་གི་བྲག་ལ་བཞུགས། །དབྱར་སྨད་སྨན་ལུང་ཆུ་བར་དུ་བཞུགས་ནས་ཆོས་ཞུས་པ་ལ། བླ་མ་རྗེ་བཙུན་གྱི་ཞལ་ནས་སྔར་གྱི་དབང་བསྐུར་རྣམས་ཀྱིས་གོ་མི་ཆོད་པ་མིན་ཏེ། འོན་ཀྱང་རྟེན་འབྲེལ་ཡིན་བསང་ང་རང་གི་ལུགས་སུ་བྱིན་བརླབས་ཅིག་བྱ་དགོས་གསུང་ནས། སིན་དྷུ་རའི་མཎྜལ་ལ་བརྟེན་ནས། བསྙན་བརྒྱུད་ཀྱི་བྱིན་བརླབས་དང་དབང་བསྐུར་མཛད་དོ། །དོ་ནུབ་བླ་མའི་སྤྱན་སྔར་ཉལ་ལ་གསུང་གླེངས་ཁོ་ཐག་ཆོད་པ་ཅིག་བྱེད་དགོས་སྙམ་ནས། བླ་མ་རྗེ་བཙུན་རིན་པོ་ཆེ་ཚོགས་བསོག་པའི་སྟོབས་གང་ཆེ་བ་ལགས། བདག་གིས་དགེ་བའི་བཤེས་གཉེན་རྒྱ་ལ་ཞུས་པས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་མཆོད་པ་བས། བླ་མའི་བས་སྤུ་ཅིག་མཆོད་པ་བསོད་ནམས་ཆེ་ཟེར་བ་དེ་བདེན་ནམ་ཞུས་པས། དེ་དེ་ཀ་ལྟར་

(༡༥༡)ཡིན་གསང་བ་འདུས་པ་དང་། རྡོ་རྗེ་གདན་བཞི་ལ་སོགས་པ་ནས། དུས་གསུམ་སངས་རྒྱས་ཀུན་མཆོད་པས། །སློབ་དཔོན་བ་སྤུའི་ཁུང་བུ་མཆོག །ཅེས་གསུངས་པས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ། རིན་པོ་ཆེའི་ཕུང་པོ་རི་རབ་ཙམ་སྤུངས་ཏེ་བསྐལ་པ་དཔག་ཏུ་མེད་པར་ཕུལ་བ་བས། བླ་མའི་བ་སྤུ་ཅིག་མཆོད་པ་བསོད་ནམས་ཆེ་བ་ཡིན་གསུངས། འོ་ན་དེ་བས་ཟབ་པའི་ཚོགས་བསོག་ཐབས་ཡོད་དམ་ཞུས་པས། གཅིག་ཡོད་གསུང་། དེ་བདག་ལ་གནང་བར་ཞུ་ཞུས་པས། བླ་མས་བསྟན་པའི་གདམ་ངག་ཆུད་མ་ཟོས་པར་བསྒོམས་ན་དེ་རང་ཟབ་པར་གདའ་གསུང་། །རྗེ་བཙུན་རིན་པོ་ཆེ་ལགས། བདག་གིས་དགེ་བའི་བཤེས་གཉེན་སྙུག་རུམ་པ་ལ་ཚེ་ཅིག་ལུས་ཅིག་ལ་སངས་རྒྱས་འདི་སྲིད་དམ་ཞུས་པས། ཚེ་འདི་ལ་ལྟོས་པ་སྤུའི་རྩེ་མོ་ཙམ་ཡང་མེད་པ་ཅིག་དགོས་གསུང་། དགེ་བའི་བཤེས་གཉེན་ཡར་

(༡༥༢)ལུངས་པ་ལ་ཞུས་པས། གསུང་སྟེ་ངེས་པ་ཅན་མིན། དགོངས་པ་ཅན་ཡིན། སྨན་རི་ལུ་གྲུབ་པ། ཚེ་ཉི་ཟླ་དང་མཉམ་པ། སྐྱེ་བ་བདུན་པ་ཡིན་པ། ཡི་དམ་ལྷའི་ཞལ་མཐོང་བ། མཁས་སྤྱོད་དུ་འགྲོ་ནུས་པ་ཅིག་དགོས་པ་ཡིན་གསུང་བས་དེ་ལྟར་ལགས་སམ་ཞུས་པས། གསུང་སྟེ་དགོངས་པ་ཅན་མིན་ངེས་པ་ཅན་ཡིན། ཚེ་འདི་ལ་ལྟོས་པ་མེད་པ་ཅིག་གིས་བླ་མ་མཚན་ཉིད་དང་ལྡན་པ་ཅིག་ལ། སློབ་མ་སྣོད་དང་ལྡན་པ་ཅིག་གིས། གསང་སྔགས་ཀྱི་དཀྱིལ་འཁོར་དུ་དབང་རྫོགས་པར་ཞུས་པས། བསྐྱེད་རྫོགས་ཀྱི་གདམ་ངག་བར་མ་ཆད་པར་བསྒོམས་ན། རབ་ཚེ་འདི་ལ་སངས་རྒྱས། འབྲིང་འཆི་ཁ་དང་བར་དོར་འགྲུབ། ཐ་མའང་སྐྱེ་བ་བདུན་ནམ་བཅུ་དྲུག་ཚུན་ལ་འགྲུབ། དེ་ལ་མ་གྲུབ་ན་དམ་ཚིག་གི་སེལ་ཞུགས་པ་ཡིན་པས། རེ་ཤིག་ངན་འགྲོར་སོང་དོགས་ཡོད། ལར་ལྷ་རྗེ་སྟོན་པ་ཁྱོད་ལྟ་བ་

(༡༥༣)ཁ་ཚོལ་སྐུར་བའི་མི་དང་བློ་མ་བསྟུན། དེའི་དག་ལ་མ་ཉན། བསྒོམ་པ་ཉམས་སུ་ལེན་པའི་མི་དང་བློ་བསྟུན། དེའི་ངག་ལ་ཉོན་རྗེས་སུ་འབྲང་དགོས་པ་ཡིན། གྲོས་ཕུགས་ཐམས་ཅད་ཚེ་འདི་བློས་བཏང་བའི་སྐྱེས་བུ་དམ་པ་རྣམས་ལ་བྱ་དགོས། ཚེ་འདིས་མིག་ཁྲིད་བའི་གང་ཟག་འགའ་ཞིག་གིས་ཆོས་བརྒྱད་སློབ་ཏུ་འོང་བ་ཡིན། སྤྱིར་སྟོང་ཉིད་ལ་ཤོར་ས་བཞི་ཡོད་པ་ཡིན། སྟོང་ཉིད་རྒྱས་འདེབས་སུ་ཤོར་བ་དང་། ཤེས་བྱའི་གཤིས་ལ་ཤོར་བ་དང་། སྟོང་ཉིད་གཉེན་པོར་ཤོར་བ་དང་། ཆགས་པར་ཤོར་བ་དང་བཞི་ཡིན་ཏེ། སྟོང་ཉིད་རྒྱས་འདེབས་སུ་ཤོར་བ་བྱ་བ་འདི་ལྟར། བཟུང་བ་དང་འཛིན་པ་བློ་ཡུལ་དུ་གྱུར་བའི་ཆོས་ཐམས་ཅད་སྟོང་པར་བསྟོང་པར་བསྒོམ་པ་ཡིན་ཟེར་བ་ཡོད། སྟོང་ཉིད་ཤེས་བྱའི་གཤིས་ལ་ཤོར་བ་བྱ་བ། འདི་ལྟར་འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་

(༡༥༤)མོད་ཟེར་བ་ཡོད། སྟོང་ཉིད་གཉེན་པོར་ཤོར་བ་བྱ་བ་ཉོན་མོངས་པ་དང་རྣམས་རྟོག་གང་སྐྱེས་ལ་བལྟས་པས་དེ་དག་སྟོང་པ་ཉིད་ཡིན་ཟེར་བ་ཡོད། སྟོང་ཉིད་ཆགས་པར་ཤོར་བ་བྱ་བ། ང་ལ་བསྒོམ་རྒྱུ་མེད་ཅིང་བསྒོམ་ཐམས་ཅད་སྟོང་ཉིད་ཡིན་མོད་ཟེར་བ་ཡོད། དེ་ཐམས་ཅད་ལམ་ཡང་དག་པ་མ་ཡིན། འོན་ཀྱང་ལས་དང་པོ་པ་ལ་བློའི་བདེན་ཞེན་ལྡོག་པ་ལ་ཕན་རུང་ཙམ་ཡིན། ལར་སེམས་ཀྱི་གཞི་རྩ་མཆོད་ན། བདེ་གསལ་མི་རྟོག་གསུམ་གྱི་ཉམས་ཀྱང་སྲིད་པ་གསུམ་ལས་མ་འདས་རྩ་བ་མ་ཆོད་པའི་ཉམས་བྱ་བ་ཡིན། འོ་ན་ལམ་ཡང་དག་པ་གང་ཡིན་ན། བླ་མ་མཚན་ཉིད་དང་ལྡན་པ་ཅིག་གིས་སློབ་མ་སྣོད་དང་ལྡན་པ་ཅིག་ལ་ངོ་སྤྲད་དེ་ཁྲིད་པས། །དེ་ཡང་གཉུག་མའི་གཤིས་སེམས་ཅན་ཐམས་ཅད་ལ་གནས། སངས་རྒྱས་ལ་ཆོས་སྐུའི་སྣང་བར་གསལ། རྣལ་འབྱོར་པ་ལ་ཐབས་

(༡༥༥)དཔག་ཏུ་མེད་པས་མཚོན་ཏེ་ངོ་སྤྲད་ནས་བསྒོམས་པས། ལྟ་བ་ཤུགས་ལ་རྟོགས། ཉོན་མོངས་པ་ངང་གིས་འགག །རྣམ་རྟོག་རང་སར་གྲོལ། ཡེ་ཤེས་མངོན་དུ་གྱུར། གནས་ལུགས་ཉམས་སུ་མྱོང་བ་སྟེ། །ངག་ཏུ་སྨྲར་མ་བཏུབ། བརྗོད་ཀྱང་ཟུར་ལས་མཚོན་མི་ནུས། དཔེར་ན་གཞོན་ནུ་མའི་བདེ་བའམ། ལྐུག་པའི་རྨི་ལམ་བཞིན་གཞི་སེམས་ཅན་ཀུན་ལ་ཡོད་ཀྱང་ངོ་མ་ཤེས། དེ་ན་རྒྱུད་ལྡན་གྱི་བླ་མ་བརྟེན་པ་གལ་ཆེ་བར་གདའ། གཉུག་མའི་ཤེས་པའམ་ མལགྱིཤེས next hit་སྟེ། ཕུ་གར་ཡང་མ་གཏང་། གོ་གར་ཡང་མ་འགགས། དཔེ་གང་གིས་ཀྱང་མཚོན་པར་མི་ནུས། བརྗོད་པ་གང་གིས་ཀྱང་ཐོག་ཏུ་མི་ཕེབས། ཐ་སྙད་གང་གིས་ཀྱང་མི་རིག །དེས་ན་བཅས་བཅོས་མི་བྱ་རང་ག་མ་བཅོས་པའི་ངང་ལ་ལྷོད་ཀློད་ལ་ཞོག་མཛོད་གསུངས་ནས་མགུར་འདི་གསུངས་སོ།། །།ལྟ་བ་ཡིན་

(༡༥༦)ངེས་ཀྱིས་རང་གི་སེམས་ལ་ལྟོས། ལྟ་བ་རང་གི་སེམས་ལ་སྟོ་གཞན་དུ་བཙལ་བ་ན། གྱད་ཀྱི་ནོར་ཚོལ་འདྲའོ་ཨང་གེ་སྟོན་པ་བ། །བསྒོམ་པ་ཡིན་པར་ངེས་ཀྱིས་བྱིང་རྒོད་སྐྱོན་མ་བསལ། །བསྒོམ་བ་བྱིང་རྒོད་ཐོར་རྨུགས་སྐྱོན་བསལ་ན། །ཉིན་བར་མར་མེ་འདེག་པ་འདྲའོ་ཨང་གེ་སྟོན་པ་བ། །སྤྱོད་པ་ཡིན་པར་ངེས་ཀྱིས་བླང་དོར་རེས་མ་བྱེད། །སྤྱོད་པ་བླང་དོར་རེ་དོགས་རེས་བྱེད་ན། །སྦྲང་མ་རྒྱར་ཆུང་འདྲའོ་ཨང་གེ་སྟོན་པ་བ། །དམ་ཚིག་ཡིན་པར་ངེས་ཀྱིས་ལྟ་བའི་གདེང་ལ་ཞོག །ལུང་མེད་དམ་ཚིག་ལོགས་ནས་བཙལ་བ་ན། །ཆུ་མགོ་གྱེན་ལ་ལོག་པ་འདྲའོ་ཨང་གེ་སྟོན་པ་བ། །འབྲས་བུ་ཡིན་པར་ངེས་ཀྱིས་རང་གི་སེམས་ལ་ལྟོས། །ཐོབ་མེད་འབྲས་བུ་གཞན་ནས་ཐོབ་འདོད་བཙལ་བ་ན། །སྦལ་བུ་གནམ་འཆོང་འདྲའོ་ཨང་གེ་སྟོན་པ་བ། །བླ་མ་ཡིན་པར་ངེས་ཀྱིས་རང་གི་སེམས་ལ་དྲིས། །སེམས་ལས་གཞན་པའི་བླ་མ་ལོགས་སུ་

(༡༥༧)བཙལ་བ་ན། །དེ་ཡིས་རང་སེམས་སྤངས་པ་འདྲའོ་ཨང་གེ་སྟོན་པ་བ། །དེ་ན་སྣང་སྲིད་འཁོར་འདས་ཐམས་ཅད་ཀུན། །རང་གི་སེམས་སུ་འདུས་ནས་གདའོ་ཨང་གེ་སྟོན་བབ། ཅེས་གསུང་། དེར་ཇེ་འཇིགས་ཇེ་འཇིགས་ལ་སོང་སྟེ། སྐུའི་གཟི་བརྗིད་ལ་མ་བཟོད་པར་བཞུགས་གང་ན་ཁྱེར་ནས་མ་ཚང་དུ་བྱོན་ཏེ། ཕྱག་མང་པོ་འཚལ་ནས་གཟིམས་སོ། །དེའི་དུས་སུ་ནུབ་ཅིག་ཐུགས་དགོངས་བཏང་བས། །བླ་མ་རིན་པོ་ཆེ་འདི་ལྟ་བུ་དང་མཇལ་དུས་ཕྱག་ཕྱིར་ཡུན་རིངས་བསྡད་དེ་གདམ་ངག་ཐམས་ཅད་ཀྱི་རྩད་ཆོད་པ་ཅིག་བྱས་ནས། ངེས་པར་སྒྲུབ་པ་མཐར་ཐོན་པ་ཅིག་བྱེད་དགོས་པ་ལ། ངའི་རྒྱགས་འདི་ཉུངས་ནས་འདུག་པས། གལ་ཏེ་ཡུལ་འདིར་མི་གཅེས་པ་འདྲན་ན། དེ་བཅོས་ལ་ཡོན་དྲག་པ་ཅིག་བླངས་ནས། མཚོ་བ་རྩེར་བ་མེད་པར་བསྡད་དགོས་སྙམ་པ་ལ། དེའི་ནང་པར་སེ་བན་སྟོན་པ་འབོད་དུ་བཏང་བྱུང་སྟེ། །དབུས་པ་སྟོན་པ་ཁྱོད་ལ་རྗེ་བཙུན་

(༡༥༨)གྱི་སྤྱན་སྔར་ཤོག་གསུང་ཟེར་བ་ལ། རྗེ་བཙུན་གྱི་སྤྱན་སྔར་ཕྱིན་ནས་ཕྱག་འཚལ་ཞིང་ཡོད་པའི་ཚེ། རྗེ་བཙུན་ཞལ་འཛུམ་མཛད་ནས་དབུས་པ་ཁྱོད་ཆོས་བཤའ་མ་ཅིག་བྱེད་བསམ་ན། ཡོན་ཏན་འཚོང་བ་དང་དགེ་སྦྱོར་བྱེད་པ་རྒྱབ་སྣོལ་ཡིན། སྟོན་བྲིན་སྙེན་མ་གཉིས་ལ་བསོད་སྙོམས་གྱིས། ནུབ་མོ་གྲོང་སེབ་ཏུ་མ་སྡོད་པར་སྤྲོ་བདེ་བ་ཕུག་ཏུ་སྙོགས་གསུང་། དེར་རྗེ་བཙུན་བདེན་དགོངས་ནས། བསོད་སྙོམས་མཛད་དེ་གཏུམ་མོའི་ཁྲིད་གཞུངས་ནས་བསྒྲོམས་པས། ཁྱོད་དགེ་སྦྱོར་ལ་བརྩོན་རབ་འདུག་པས་རས་ཐུབ་ཏུ་རུང་པ་ཡིན་གསུང་ནས། གཏུམ་མོ་ཤིང་བཤགས་ལ་མེ་སྦར་བ་ལྟ་བུའི་གདམ་ངག་གནང་། ནུབ་དང་པོ་ལ་ལུང་པའི་མདོར་རས་གོས་རྐྱང་ཅིག་གོན་ཏེ་བསྒོམས་པས་བདེ་དྲོད་རང་འབར་ལ་སོང་བས། ནམ་ལངས་ནས་གཉིད་དུ་སོང་བས་ལུས་རྡོ་བ་ལྟར་སོང་ནས་འདུག །དེ་ནས་ཞག་བདུན་བསྒོམས་པའི་ཚེ་བདེ་དྲོད་རང་འབར་ལ་སོང་། ཞག་བདུན་གྱི་ནང་

(༡༥༩)བར་རྒྱལ་བ་རིགས་ལྔའི་ཞལ་མཐོང་། བླ་མ་ལ་ཞུས་པས་མིག་རྩིར་ནས་བལྟས་པས་ཟླ་བ་གཉིས་སུ་མཐོང་བ་དང་འདྲ། འབྱུང་བ་ལྔའི་རླུང་ཟིན་པ་ཡིན་ཏེ། སྐྱོན་དང་ཡོན་ཏན་གང་ཡང་མིན་གསུང་། ཡོན་ཏན་མིན་གསུང་ཡང་ཤུགས་ཀྱིས་སྤྲོ་བ་སྐྱེད་ནས་བསྒོམས་པས། ཟླ་བ་གསུམ་ལོན་པའི་ཐོ་རངས་ཁ་ཅིག །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་འཁོར་ལོར་བསྐོར་བ་ལྟར་འཁོར་ཞིང་འདུག་པས་སྟོང་སྐྱུགས་བྱས། ཡུན་རིང་པོ་བརྒྱལ་ཏེ་འགྱེལ་ནས་འདུག །དྲན་པ་རྙེད་པ་དང་བླ་མ་ལ་ཞུས་པས་རོ་རྐྱང་གཉིས་ཀྱི་རླུང་དྷུ་ཏིར་ཚུད་པ་ཡིན། སྐྱོན་དང་ཡོན་ཏན་གང་ཡང་མིན་བསྒོམས་གསུང་། ཡང་ཉིན་ཅིག་སྔ་དྲོ་མདུན་གྱི་ནམ་མཁའ་ལ་ཐུགས་རྗེ་ཆེན་པོ་ཐམ་འགག་ནམ་འགག་ཏུ་འདུག་པ་ལ། དབུའི་སྟེང་ན་ཟླ་བའི་དཀྱིལ་འཁོར་རེ་རེ་འདུག་པ་མཐོང་། བླ་མ་ལ་ཞུས་པས་སྤྱི་གཙུག་བདེ་ཆེན་གྱི་འཁོར་ལོར་ཁམས་

(༡༦༠)དངས་མའི་ཐིག་ལེ་འཕེལ་བ་བྱ་བ་ཡིན། སྐྱོན་དང་ཡོན་ཏན་གང་ཡང་མིན་བསྒོམས་གསུང་། ཡང་དགོངས་མོ་ནས་སྲོད་ཅིག་གི་བར་ལ་དམྱལ་ཁམས་ཐམས་ཅད་དང་། ཁྱད་པར་དམྱལ་བ་ཐིག་ནག་གསལ་བར་མཐོང་བས་རྐྱེན་བྱས་ནས་སྙིང་འཚངས་ཏེ། སྙིང་རླུང་དྲག་པོ་བྱུང་། བླ་མ་ལ་ཞུས་པས། བསྒོམ་ཐག་ཐུངས་པས་རྩ་བཅིངས་པ་ཡིན། ཅུང་ཟད་རིང་དུ་ཐོང་གྱེན་རྒྱུའི་རླུང་ཟིན་པ་ཡིན་ཏེ་སྐྱོན་དང་ཡོན་ཏན་གང་ཡང་མིན་བསྒོམས་གསུང་། ཡང་ཉིན་ཅིག་འདོད་ལྷ་རིགས་དྲུག་གི་ལྷ་རྣམས་གསལ་པར་མཐོང་བ་ལ། གོང་མ་གོང་མས་འོག་མ་འོག་མལ་བདུད་རྩིའི་ཆར་ཕབ་སྟེ་ཐམས་ཅད་ངོམས་ཤིང་ཆིམ་འདུག་པ་ལ། བདག་གི་མ་སྐོམ་པས་ཉམས་ཐག་པ་ཞིག་མཐོང་ནས་བླ་མ་ལ་ཞུས་པས་ལྷ་རྣམས་བདུད་རྩིའི་ཚར་གྱིས་ཚིམ་པ་སྟེ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོར་རོ་རྐྱང་གཉིས་ཀྱི་ཐིག་ལེ་འཕེལ་བ་

(༡༦༡)ཡིན། མ་སྒོམ་པ་ནི་དྷུ་ཏིའི་མར་སྣ་ཁ་མ་ཕྱེ་བ་ཡིན་པས་ལུས་ཀྱིས་འཕྲུལ་འཁོར་འདི་ཚོ་གྱིས་དང་གསུང་ནས་འཕྲུལ་འཁོར་ཙ་ན་ཐབས་ཀྱི་རྡོ་རྩོག་གནང་ནས་ཟླ་བ་ཅིག་བྱས་པས་ལུས་འཕར་བ་དང་། འདར་བ་དང་། སྤྲུགས་པ་དང་། རྒོད་འདོད་པ་རྒྱུན་ཆད་མེད་པ་དང་། རང་དབང་མེད་པར་བཀུས་འདེབས་འདོད་པ་བྱུང་སྟེ། འདྲེ་གདོན་ཡིན་ནམ་སྙམ་ནས་བླ་མ་ལ་ཞུས་པས། སྙིང་ཁ་ཆོས་ཀྱི་འཁོར་ལོར་ཐིག་ལེས་གང་བ་ཡིན། འཕྲུལ་འཁོར་འཕྲོ་མ་བཅང་བར་འབོད་ལས་བསྒོམས། སྐྱོན་དང་ཡོན་ཏན་གང་ཡང་མིན་གསུང་། དེ་ནས་ལུས་དགའ་བདེའི་རོས་གང་ནས་ཁ་ཟས་ཆེར་མི་དགོས་པ་བྱུང་གསུང་། ཡང་ཉིན་ཅིག་ནམ་མཁའ་ལ་ཉི་ཟླ་ཆེན་པོ་གཉིས་གཟའི་ཟིན་ནས་འདུག་པ་ལ། གཟའ་སྟེ་རྟ་རྔ་ཕྲ་མོ་ཙམ་དུ་འདུག་པར་མཐོང་། བླ་མ་ལ་ཞུས་པས་དྷུ་ཏིར་རོ་རྐྱང་གཉིས་ཀྱི་རླུང་ཚུད་ཡིན་ཏེ་སྐྱོན་དང་ཡོན་ཏན་

(༡༦༢)གང་ཡང་མིན། ལར་ཕོ་རྒོད་རབ་ཏུ་འདུག ད་ནི་ད་ནི་བྱ་བ་གསུམ་གསུངས། དེ་ནས་དྲག་ཏུ་བསྒོམས་པས་ཟླ་བ་ཅིག་ན་དགྱེས་པ་རྡོ་རྗེ་དམར་པོའི་དཀྱིལ་འཁོར་ཞིག་མཐོང་བླ་མ་ད་ནི་ད་ནི་གསུང་པ་སྟེ་འདི་ཡིན་པར་འདུག་སྙམ་ནས་ཞུས་པས། སྙིང་ཁ་ཆོས་ཀྱི་འཁོར་ལོར་མ་ལས་ཐོབ་པའི་རཀྟ་བརྟན་པ་བྱ་བ་ཡིན། སྐྱོན་དང་ཡོན་ཏན་གང་ཡང་མིན་ཤུགས་ཕྱུང་ལས་བསྒོམས་མཛོད་གསུང་། ཡང་འབད་ནས་བསྒོམས་པས་ཉིན་ཅིག་མཆོག་ལུ་ཧི་པ་ཀེང་རུས་ཀྱི་དཀྱིལ་འཁོར་ཅིག་མཐོང་། བླ་མ་ལ་ཞུས་པས། ལྟེ་བ་སྤྲུལ་པའི་འཁོར་ལོར་ཐིག་ལེས་གང་བ་ཡིན་ཏེ། སྐྱོན་དང་ཡོན་ཏན་གང་ཡང་མིན་བསྒོམས་གསུང་། དེ་ནས་འབད་དེ་བསྒོམས་པས་ཞག་བཅུ་བཞི་ནས་མཚན་ཐོག་ཅིག་ལ་རང་ལུས་ནམ་མཁའི་ཁམས་ཁྱབ་བ་ཙམ་ཅིག་ཏུ་རེད་འདུག་པ་ལ། ཡ་ཀི་སྤྱི་བོའི་གཙུག་ནས་མ་ཀི་རྐང་པའི་མཐིལ་ཡན་ཆད་ལ་འགྲོ་

(༡༦༣)བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཚང་བར་མཐོང་། ཕལ་ཆེར་འོ་མ་འབའ་ཞིག་འཐུང་ཡིན་འདུག །ལ་ལ་སེང་གེ་དཀར་མོ་བཞོས་པའི་འོ་མ་ཡིན་ཟེར་བ་འཐུང་ཞིང་འདུག །འུར་ཏིང་གི་སྒྲ་ལྟ་བུ་ཅིག་གང་ནས་འོངས་མ་ངེས་པར་རྒྱུན་དུ་འོང་ཞིང་འདུག་པས་མཚན་ཐལ་གྱིས་འབྱམས། ནམ་ལངས་ནས་བསྒོམ་ཐག་བཀྲོལ་ཙ་ན་ཐམས་ཅད་ཡལ་ནས་སོང་། །བླ་མ་ལ་ཞུས་པས། ལུས་ཀྱི་རྩ་སྟོང་ཕྲག་བསམ་གྱིས་མི་ཁྱབ་པའི་ནང་དུ། ལས་ཀྱི་རླུང་གིས་ཐིག་ལེ་ཁྲིད་པ་ཡིན་ཏེ། རླུང་ཏེ་ཡེ་ཤེས་ཀྱི་རླུང་དུ་འཚལ་བར་གདའ། གསུང་ནས་མཆོག་གི་གཏུམ་མོ་གནང་ནས་བསྒོམས་པས། ཉིན་ཅིག་ཙ་ན་གུང་ཐང་གི་ལུང་པ་ཐམས་ཅད་དུད་པས་གང་ནས་འདུག །ཅི་ཞིག་ན་མུན་ནག་ཏུ་སོང་། ལམ་ཡང་མ་རྙེད་ལོང་བ་འགྲོ་འགྲོ་བྱས་བྱས་ནས་བླ་མའི་སྤྱན་སྔར་

(༡༦༤)ཕྱིན་པས། བླ་མའི་ཞལ་ནས་ཅི་ཡང་མི་ལྟོ། །དེ་གར་སྡོད་ལས་བསྒོམས་གསུང་ནས་སྟེང་གེགས་སེལ་བའི་གདམ་ངག་དེ་གནང་བས་ནམ་ལངས་བལྟར་སོང་། ཡང་ནུབ་ཅིག་རང་གི་ལུས་འདི་ལུས་ཤ་ཡེ་མེད་པའི་དེང་རུས་རྩ་མང་པོས་སྤེལ་ནས་འདུག་པར་མཐོང་། བླ་མ་ལ་ཞུས་པས་རླུང་རྩུབ་ཐལ་པ་ཡིན་ཅུང་ཟད་འཇམ་དུ་གྱིས་གསུང་། སྲོད་ལ་ཡི་དམ་ལྷ་བསྒོམས་ཤིང་བཟླས་པ་བྱས། གུང་ལ་བླ་མའི་རྣལ་འབྱོར་བསྒོམ་ཤིང་གསོལ་བ་འབའ་ཞིག་བཏབ། ཐོ་རངས་སྲོག་རྩོལ་གྱི་རླུང་བསྒོམས། སྐྱ་རེངས་ཐ་མ་ཤར་བའི་ཚེ་གཉིད་ཐུམ་ཕྲས་ཙམ་ཅིག་སོང་བ་ལ། སྔར་འདྲིས་བག་ཆགས་ཡེ་མ་མཆིས་པའི་རྨི་ལམ་གྱི་མཚན་བལྟས་ཉི་ཤུ་རྩི་བཞི་བྱུང་བ་ལས། རྣལ་སད་པ་དང་རྨི་ལམ་འདི་རྣམས་དགེ་འམ་མི་དགེ་སྙམ་དུ་རྟོག་པ་ཅུང་ཟད་ཅིག་སྐྱེས་ཏེ། ཡང་ཐུགས་དགོངས་བཏང་བས་ཡོར་ཁོ་བོའི་བླ་མ་རྗེ་བཙུན་

(༡༦༥)སངས་རྒྱས་དངོས་འདིར་ལྟ་བུ་བཞུགས་པ་ལ་ཞུས་པས་མཆོག་པས་མ་ནས་ཚབ་མ་བསྐོལ་བར་དེ་ཀ་ལྟར་བྱོན་པས། རྗེ་བཙུན་བྲག་རྩ་ཅིག་ན་དབུ་བསྟུམས་ནས་གཟིམས་གདའ་བ་ལ། ཕྱག་བཙལ་མཎྜལ་ཕུལ་ནས། རྗེ་བཙུན་ལགས་ཁོ་བོ་ལ་དོ་ཁལ་ཅུང་ཟད་ཅིག་མཆིས་པས། མ་གཟིམས་པར་གཞེངས་པ་ཞུ་འཚལ་ཞུས་པས། རྗེ་བཙུན་གྱི་ཞལ་ནས་ཁྱོད་ལ་རྣམ་རྟོག་ཅིག་སྐྱེས་ནས་འདུག་པ་ད་ནང་ངའི་ཉམས་ལ་བྱུང་གིས། ད་མ་བདེ་བའི་ངོ་ཞལ་ཅི་ཡོད་སྨྲོས་ཅིག །གསུང་བ་ལ་རྨི་ལམ་ཞུ་གསོལ་གྱི་མགུར་འདི་རྣམས་སྙན་དུ་ཕུལ་བ།། །།རྗེ་བརྟུལ་ཤུགས་སྤྱོད་པའི་རྣལ་འབྱོར་པ། །ངོ་མཚར་རས་ཀྱི་ན་བཟའ་ཅན། །ཡིད་བཞིན་ནོར་བུ་གཙུག་གིས་རྒྱན། །ཀུན་གྱིས་ཐོད་བཞིན་བསྐུར་བའི་གནས། །མཚན་མི་ལ་ཞེས་བྱར་ཡོངས་སུ་གྲགས། །མཚན་དེའི་པས་ཕྱོགས་བཅུར་ཁྱབ། །

(༡༦༦)དེ་ཐོས་ཁོ་བོ་སྤྲོ་བ་སྐྱེས། །ཤར་སྐར་མ་སྨིན་དྲུག་འོག་ནས་ནས་སྙགས། །ལུས་ཚ་གྲངས་ཡིད་ལ་མ་བགྱིས་ཏེ། །རྟག་ཏུ་དུ་ཡིས་རྣམ་ཐར་བཞིན། །རྗེ་རས་པ་ཁྱེད་དང་ནམ་མཇལ་སྙམ། །ལམ་རིངས་དཀའ་བ་སྣ་ཚོགས་སྤྱད། །གདུགས་ཕྱེ་དང་གཉིས་ཀྱིས་ཕྱིན་པའི་རས། །ལུས་སྲོག་ཡལ་བར་དེ་དོར་བྱས། །འོན་ཀྱང་མོས་གུས་དྲག་པོའི་མཐུས། །ཤར་ཕྱོགས་སྤོས་ལྡན་གྲོང་ཁྱེར་དུ། །ཆོས་འཕགས་མདུན་དུ་ཞལ་མཐོང་ལྟར།། །།བཀྲ་ཤིས་སྒང་གི་དགོན་པ་རུ། །ཕ་རྗེ་བཙུན་རས་པ་ཁྱེད་དང་མཇལ། །མི་ཁོ་བོའི་བསམས་པ་མཐར་ཕྱིན་སྙམ། །ཤིན་དུ་སྤྲོ་དགའ་བ་སྤུ་གཡོས། །ནོར་སྒྱུ་མའི་འབུལ་རྒྱུ་མ་མཆིས་ཀྱང་། །གཞི་འཁོར་བའི་ཆོས་ལ་ཞེན་པ་ལོག །ལམ་སྐྱེ་འཆི་གཉིས་ལ་འཇིགས་ཤིང་སྐྲག །འཇིག་རྟེན་བྱ་བ་བློ་ཡིས་བཏང་། །བསྒྲུབ་བློ་ཅིག་གཏིང་ནས་སྐྱེས་པ་སྟེ། །ཕ་ཁྱེད་ཀྱི་ཐུགས་རྗེའི་ལྕགས་ཀྱུས་བཟུང་། །

(༡༦༧)དེ་མི་བརྗེད་ཁོ་བོའི་སེམས་ལ་འཇོག །འབངས་ཞུ་དོན་མཆིས་སོ་གུ་རུའི་རྗེ། །མདང་སྲོད་ལ་ཡི་དམ་བསྙེན་པ་བགྱིས། །ནམ་གུང་རྗེ་ལ་གསོལ་བ་བཏབ། །དེར་རྗེས་སྲོག་བརྩོལ་རླུང་ལ་འབད། །དགུང་ད་ནང་སྐྱ་རིངས་ཐ་མ་ལ། །གཉིད་ཐུན་ཕྲས་ཙམ་ཅིག་ཐལ་བ་ལས། །སྔར་འདྲིས་བག་ཆགས་མ་མཆིས་པའི། །ཡ་མཚན་རྨི་ལམ་འདི་རྣམས་བྱུང་། །དབྱར་ཞྭ་དར་གྱི་ཆ་ག་ཅན། །འཚལ་དམར་འོབས་ཀྱི་བད་ཀྱིས་རྒྱན། །དེ་ལ་རྒོད་ཀྱིས་སྤུ་རུ་གཙུག །མི་ཁོ་བོའི་མགོ་ལ་གྱོན་པ་རྨིས། །སུམ་ལྷམ་ལྤགས་སྔོན་འགྱིང་བག་ཅན། །ར་གན་འབུར་མགོ་ཆ་ལེ་བཏབ། །སྒྲོག་དངུལ་གྱི་ཨ་ལོང་ཏ་ལེ་མཛེས། །ལྷམ་དེ་འདྲ་ཟུང་ཅིག་གྱོན་པ་རྨིས། །གུ་ལིང་དར་ཀར་རལ་ཀ་ལ། །གོང་སྐོར་གསེར་ཐག་མདོ་ལོང་རིས། །ཚལ་གྱི་ཐིག་ཕྲན་འཛུམ་རིས་ཅན། །གོས་དེ་འདྲ་ལུས་ལ་གྱོན་པ་རྨིས། །མེན་བོ་རས་

(༡༦༨)ཡུག་སྐེ་རག་ལ། །མེ་ཏོག་མཚོན་ཚོགས་བཀྲ་བ་རྒྱན། །མུ་ཏིག་ཧར་གྱི་ཆུན་འཕྱང་མཛེས། །དེ་འཁོར་གསུམ་སྐེད་ལ་བཅིངས་པ་རྨིས། །ཆུ་རློན་རེ་དཀར་འཆིང་པ་ལ། །བཟོ་དང་གྲས་སུ་མ་བྱས་ཉ་སྔ་མ། །གོང་ཅན་དངུལ་གྱི་ཕོ་ལོང་བཏབ། །དེ་ཡ་མཚན་སྟེང་དུ་གྱོན་པ་རྨིས། །ཨ་སྨྲ་ཙ་ན་དན་དབྱུག་པ་ལ། །རིན་ཆེན་སྣ་བདུན་ཕྲ་བཀོད་དེ། །ཆང་བཟུང་གསེར་གྱི་དྲ་བ་ཅན། །དེ་ལག་པ་གཡས་སུ་བཟུང་བ་རྨིས། །མཚན་དང་ལྡན་པའི་ཀ་པཱ་ལ། །གསེར་མདོག་བདུད་རྩིའི་བཅུད་ཀྱིས་བཀང་། ཁོ་བོའི་ཁ་ཕོར་བྱ་སྙམ་པས། །དེ་ལག་པ་གཡོན་དུ་ཁྱེར་བ་རྨིས། །སུམ་གལ་ཁྲ་བོ་དོར་ཅིག་གིས། །ནང་དུ་འབྲས་དཀར་ས་ལུ་བླུག །ཁོ་བོའི་ཆོས་རྒྱགས་བྱ་སྙམ་པས། །དེ་ཕྲག་པ་གཡས་ལ་བཀལ་བ་རྨིས། །རི་དྭགས་ཀྲིཥྞའི་ལྤགས་པ་ལ། །མགོ་དང་སྡེར་བཞི་མ་ཉམས་པ། །འདི་ཡིས་ཁོ་བོའི་སྟན་བྱ་སྙམ། །དེ་ཕྲག་པ་

(༡༦༩)གཡོན་ལ་བཀལ་བ་རྨིས། །དེར་རྗེས་གཡས་སུ་ཕར་བལྟས་པས། །གསེར་གྱི་སྤང་པོ་ངོས་བཟངས་ལ། །བེ་ལུག་སྣ་ལྔ་བཟས་ལ་བཀྲམ། ཁོ་བོས་ཕྱུག་རྫི་བྱ་སྙམ་རྨིས། །ཕྱི་རྗེས་གཡོན་དུ་ཚུར་བལྟས་པས། །གཡུའི་ནེ་ཐང་སིང་མ་ལ། །མེ་ཏོག་སྣམ་བུའི་མཚོན་ཚོགས་བཀྲམ། །བུད་མེད་མང་བོས་ཕྱག་འཚལ་གྱིས། །དབུས་མེ་ཏོག་སར་པའི་གླིང་ཁམས་ནི། །ཤིན་དུ་འདབ་རྒྱས་གསེར་མདོག་ཅན། །པདྨ་དཔུངས་པའི་གདན་སྟེང་སུ། །སེམས་དཔའི་དཀྱིལ་དཀྲུང་བཅས་པ་རྨིས། །མདུན་དུ་ཆུ་སྨིག་རྡོལ་བ་རྨིས། །རྒྱབ་ཏུ་འོད་ཅིག་འཁྱིལ་བ་རྨིས། །ལུས་ལ་མེ་དཔུང་འབར་བ་རྨིས། །སྙིང་ལ་ཉི་ཟླ་ཤར་བ་རྨིས། །ཡ་མཚན་རྨི་ལ་དེ་རྣམས་བྱུང་། །བལྟས་དགེ་འམ་མི་དགེ་འཆད་མ་ཤེས། །རྗེ་དུས་གསུམ་མཁྱེན་པའི་རྣལ་འབྱོར་པ། །འདི་དོན་གང་ལགས་གསུང་དུ་གསོལ། །ཞེས་རྨི་ལམ་གྱི་བལྟས་དེ་རྣམས་

(༡༧༠)སྙེན་དུ་གསོལ་པ་དང་། །བླ་མའི་ཞལ་ནས་བུ་ལྷ་རྗེ་སྟོན་པ་ཐུགས་མི་བདེ་མི་མཚལ། །ཤེས་པ་ལྷོད་ཀྱི་གློད་ལས་ཞོག་མཛོད། །རྣམ་རྟོག་གི་དྲ་བར་བདག་འཛིན་གྱི་ནང་ཚང་མ་བཞུགས། །ཐེ་ཚོམ་གྱི་མདུད་པ་རང་གྲོལ་ལ་ཐོང་། །གཉིས་འཛིན་གྱི་ཐག་པ་འཕྲ་སད་ཆོད། །བྲག་ཆགས་ཀྱི་རྡུལ་སྟན་སྲང་སར་རྟོལ། །སེམས་འཕྲོ་འདུ་མ་མང་མ་བཅོས་སོ་མའི་ངང་ལ་ཞོག །ང་སྒྱུ་ལུས་སྦྱངས་པའི་རྣལ་འབྱོར་བ་ཡིན་པས། །རྨི་ལམ་འཆད་པ་ཡང་ཤེས། །རྨི་ལམ་བསྒྱུར་བ་ཡང་ཤེས། །རྨི་ལམ་གྱི་དེ་ཁོ་ན་ཉིད་ཀྱིས་རྒྱས་ཐོབས་པའི་གདེང་ཡང་ཡོད་དེ། །ལར་རྨི་ལམ་གྱི་ཆོས་ཉིད་ཁོང་དུ་ཆུད་པའི་རྣལ་འབྱོར་བ་ཡིན་པས། །བུ་ཁྱོད་ཀྱིས་རྨིས་པའི་རྨི་ལམ་གྱི་མཚན་བལྟས་དེ་རྣམས། དུས་ད་རེས་ཕ་རྒན་ང་ཡིས་ཞིབ་ཚགས་སུ་བཀྲོལ་ཏེ་གོ་ངོ་ཤེས་པ་བཤད་ལ་བརྡ་དོན་ངོ་སྤྲད་ཀྱིས། །ཐུགས་མ་ཡེངས་པར་གཏོད་ལ། སྙན་ལྷན་ནེ་གསོན་ཅིག་

(༡༧༡)གསུང་བའི་རྗེས་ལ། རྗེ་བཙུན་གྱིས་རྨི་ལམ་ཞུ་གསོལ་གྱི་དྲིས་ལན་གསུང་དབྱངས་མགུར་དུ་བཞེངས་པ།། །།གླུ་དྲིས་ལན་མཇལ་ལོ་ལྷ་རྗེ་བ། སྙན་ལྷན་ནེ་གསན་ལས་ཐུགས་གཏད་འཚལ། བུ་ཟངས་དཀར་ལུགས་ཀྱི་བདེ་མཆོག་ཤེས། །དབུ་རུ་སྟོད་དུ་བཀའ་གདམས་བསྦྱངས། །གནས་པ་ཟབ་མོའི་ཆུ་རྒྱུན་མངའ། །དེ་ཀུན་ངོ་མཚར་ཆེ་སྙམ་པ། །རྨི་ལམ་བག་ཆགས་ཉིད་འཁྲུལ་ལ། །བལྟས་ཕྱེད་དུ་བཟུང་ནས་ཡིད་གཏོད་བ། །བུ་ཁྱོད་གསན་རྒྱ་ཆུངས་སམ་རྫུ་བ་ལགས། །མདོ་རྒྱུད་བསྟན་བཅོས་མ་གཟིགས་སམ། །ངེས་དོན་ཕ་རོལ་ཕྱིན་པ་ནས། །རྨི་ལམ་ཡང་དག་མ་ཡིན་ཏེ། །གསོག་དང་བསོབ་དང་ཡ་མ་རླ། །སྙིང་པོ་མེད་ཅེས་ཐུབ་པས་གསུངས། །དེ་བཞིན་སྒྱུ་མའི་དཔེ་བརྒྱད་ལ། །གོང་དང་འདྲ་སྟེ་རྒྱས་པར་གསུངས། །དེ་དོན་ཐུགས་སུ་མ་བྱོན་ནམ། །འོན་ཀྱང་ད་རེས་མཚན་བལྟས་ཏེ། །མ་འོངས་ལུང་བསྟན་ངོ་མཚར་ཆེ། །

(༡༧༢)ང་རྨི་ལམ་སྦྱངས་པའི་རྣལ་འབྱོར་པ། །སྒྱུ་མ་ངོ་སྤྲོད་འཆད་པ་ཤེས། །མགོ་ལ་ཞྭ་དཀར་གྱོན་པ་སྟེ། །ཐེག་པ་ཡས་མར་འབུབས་པའི་བརྡ། །རྒྱ་མོའི་དར་ཆག་བཏབ་པ་སྟེ། །ཆོས་ཉིད་ཟབ་ཅིང་འཕྲ་བར་བསྟན། །སྤུ་སྡུག་འོབས་ཀྱི་ཁ་དོག་ལྟར།། །།གྲུབ་མཐའ་མ་འདྲེས་སོ་སོར་གསལ། །རྒོད་ཀྱི་བྱ་ཕོང་ལྡེམ་པ་སྟེ། །ལྟ་བའི་ཡང་རྩེ་ཕྱག་རྒྱ་ཆེ། །སྐྱེ་མེད་ངོ་བོ་མཐོང་བའི་བརྡ། །སུམ་ལྷམ་ཟུང་ཅིག་གྱོན་པ་སྟེ། །སྤྱོད་པ་མས་ཡར་འཛེག་པའི་བརྡ། །ངོས་བཞི་འབུར་གྱིས་རྒྱན་པ་སྟེ། །འབྲུས་བུ་སྐུ་གསུམ་ཐོབ་པའི་བརྡ། །ཚོགས་གཉིས་བསགས་པའི་བརྡ་རུ་བསྟན། །སྒྲོག་ག་དངུལ་གྱི་ཨ་ལོང་སྟེ། །སྤྱོད་པའི་གོལ་ས་ཡིན་པའི་ཕྱིར། །རྟོག་མེད་རང་དགར་མི་སྤྱོད་ཅིང་། །རྒྱལ་སྲས་གཞོན་ནུའི་སྤྱོད་པ་ལྟར། །བག་ཡོད་མཛེས་པར་སྤྱོད་པའི་བརྡ། །དར་དཀར་རལ་ཀ་གྱོན་པ་སྟེ། །རང་རྒྱུད་སྐྱོན་གྱིས་མ་

(༡༧༣)གོས་བརྡ། །གོང་སྐོར་གསེར་ཐག་གཙོ་མ་སྟེ། །མི་འགྱུར་བསམ་པ་བཟང་པའི་བརྡ། །མཚལ་གྱི་ཐིག་ཕྲན་འཛུམ་རིས་ཅན། །བརྩེ་བས་འགྲོ་དོན་བྱེད་པའི་བརྡ། །མེན་པོ་རས་ཡུག་སྐེ་རགས་ཀྱིས། །འཁོར་གསུམ་སྐེད་ལ་བཅིངས་པ་སྟེ། །རྒྱུད་སྡོམ་པ་གསུམ་དང་ལྡན་པའི་བརྡ། །མེ་ཏོག་སྣ་ཚོགས་རྒྱན་མཛེས་ཤིང་། །མུ་ཏིག་ཆན་འཕྱང་སྤྲས་པ་ཡང་། །སླབ་བ་གསུམ་གྱིས་རབ་རྒྱན་ཞིང་། །གདུལ་བྱ་དང་བ་འདྲེན་པའི་བརྡ། །སྟེང་ན་འཕྱིང་དཀར་གྱོན་པ་སྟེ། །ཆོས་སྐུ་དྲི་མེད་རྟོགས་པའི་བརྡ། །བཟོ་དང་དྲས་སུ་མ་བྱས་པ། །དེ་ལ་བཅས་བཅོས་མེད་པའི་བརྡ། །དངུལ་གྱི་ཕོ་ལོང་བཏབ་བ་སྟེ། །དེ་དོན་འགྱུར་བ་མེད་པའི་བརྡ། །ཨ་སྨྲ་ཙན་དན་དབྱུག་པ་སྟེ། །རང་འདོད་བླ་མ་རྙེད་པའི་བརྡ། །རིན་ཆེན་སྣ་ཚོགས་འཕྲ་བཀོད་པ། །དེ་ནི་རྗེའི་ཡོན་ཏན་ཡིན། །འཆང་བཟུང་གསེར་གྱི་དྲ་བ་སྟེ། །སྙན་བརྒྱུད་གནད་གྱི་གདམ་ངག་གིས་

(༡༧༤)སྐལ་ལྡན་རྗེས་སུ་འཛིན་པའི་བརྡ། །ལག་པ་གཡས་སུ་ཐོགས་པ་སྟེ། །བདེ་ནས་བདེ་བའི་ལམ་སྤྲོད་དེ། །སངས་རྒྱས་ཞིང་དུ་གཤེགས་པའི་བརྡ། །མཚན་དང་ལྡན་པའི་ཀ་པཱ་ལ། །ངོ་བོ་སྟོང་པ་མཚོན་པའི་བརྡ། །བདུད་རྩི་བདུད་ཀྱིས་བཀང་བ་སྟེ། །ཉམས་མྱོང་བདེ་བ་མཚོན་པའི་བརྡ། །གསེར་མདོག་འོད་དང་ལྡན་པ་སྟེ། །རྣམ་པ་གསལ་བ་མཚོན་པའི་བརྡ། ཁོ་བོའི་ཁ་བོར་བྱ་སྙམ་པ། །དེ་གསུམ་ཅིག་ཏུ་མཚོན་པའི་བརྡ། །ལག་པ་གཡོན་དུ་ཁྱེར་བ་སྟེ། །ཉམས་མྱོང་འབྲལ་བ་མེད་པའི་བརྡ། །སུམ་གལ་ཁྲ་བོ་མཛེས་པ་སྟེ། །ཅིར་སྣང་ལམ་དུ་སློང་བའི་བརྡ། །རྡོར་རྡེབས་ཕྲག་ལ་བཀལ་བ་སྟེ། །ཟུང་འཇུག་ཐབས་དང་ཤེས་རབ་ཀྱིས། །ཐེག་ཆེན་ལམ་ལ་བགྲོད་པའི་བརྡ། །ནང་གི་འབྲས་དཀར་ས་ལུ་སྟེ། ཁོ་བོའི་ཆོས་རྒྱགས་བྱ་སྙམ་པ། །སྐུ་ཚེ་ལ་བར་ཆད་མི་འབྱུང་ཞིང་། །བསམ་གཏན་ཟས་

(༡༧༥)ཀྱི་འཚོ་བའི་བརྡ། །ཕྲག་གཡོན་ཀྲིཥྞའི་ལྤགས་པ་སྟེ། །དྲན་པ་ཡེངས་མེད་མཚོན་པའི་བརྡ། །མགོ་དང་སྡེར་བཞི་མ་ཉམས་པ། །བྱང་ཆུབ་སེམས་ཀྱི་རྒྱུན་གོམས་ཤིང་། །ཚད་མེད་བཞི་ལ་སྦྱངས་པའི་ཕྱིར། །འགྲོ་དྲུག་སྡུག་བསྔལ་སེལ་བའི་བརྡ། ཁོ་བོའི་སྟན་བྱ་སྙམ་པ་ཡང་། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི། །རྟོགས་པ་རྒྱུད་ལ་སྐྱེ་བའི་བརྡ། །དེར་རྗེས་གཡས་སུ་ཕར་བལྟས་པས། །གསེར་གྱི་སྤང་པོ་ངོས་བཟངས་ཏེ། །ཕྱི་ནང་ཡོན་ཏན་རྒྱས་པའི་བརྡ། །ཕེ་ལུག་བཟས་ལ་བཀྲམ་པ་སྟེ། །ཆོས་དང་ཟང་ཟིང་སྐྱབས་གནས་ཀྱིས། །འགྲོ་བའི་རེ་འདོད་སྐོང་བའི་བརྡ། ཁོ་བོས་ཕྱུགས་རྫི་བྱ་སྙམ་པ། །སྡུག་བསྔལ་མགོན་མེད་གྱུར་པ་རྣམས། །མི་འགྱུར་ཐུགས་རྗེས་སྐྱོང་བའི་བརྡ། །ཕྱིས་རྗེས་གཡོན་དུ་ཚུར་བལྟས་པས། །གཡུའི་ནེའུ་ཐང་སིང་མ་སྟེ། །ཟག་

(༡༧༦)མེད་ཏིང་འཛིན་རྒྱུན་གོམས་པས། །དགའ་བདེ་ཡེ་ཤེས་མཐོང་བའི་བརྡ། །མེ་ཏོག་སྣམ་བུས་རྒྱན་པ་སྟེ། །དྲོད་རྟགས་ཕྱོགས་མེད་རིམས་ཀྱིས་འབར། །ཉམས་མྱོང་སྣ་ཚོགས་སྐྱེ་བའི་བརྡ། །བུད་མེད་མང་པོས་ཕྱག་འཚལ་བ། །རྩ་དང་ཐིག་ལེ་ལ་གནས་པའི། །ཌཱ་ཀཱི་དབང་དུ་འདུ་བའི་བརྡ། །དབུས་མེ་ཏོག་སེར་པོའི་ཞིང་ཁམས་ཏེ། །ཏིང་འཛིན་རྟོགས་པ་དང་ལྡན་ཞིང་། །ཚུལ་ཁྲིམས་གཙང་མས་རབ་རྒྱན་པའི། །མཁའ་ལ་སྤྲིན་བཞིན་དགེ་འདུན་རྣམས། །ཁྱོད་ཀྱིས་འཁོར་དུ་འདུ་བའི་བརྡ། །ཤིན་ཏུ་འདབ་རྒྱས་གསེར་མདོག་ཅན། །པདྨ་སྤུངས་པའི་གདན་སྟེངས་ཡང་། །ཤེས་པས་སྲིད་ལ་མི་གནས་ཕྱིར། །པདྨ་འདམ་གྱིས་མ་གོས་ལྟར། །འཁོར་བའི་སྐྱོན་གྱིས་མ་གོས་བརྡ། །སེམས་དཔའི་སྐྱིལ་དཀྲུང་བཅས་པ་ཡང་། །སྙིང་རྗེ་ཞི་ལ་མི་གནས་ཕྱིར། །

(༡༧༧)བྱང་ཆུབ་སེམས་དཔའ་གཞོན་ནུ་ལྟར། །འགྲོ་དྲུག་སེམས་ཅན་མར་གྱུར་ལ། །སྤྲུལ་སྐུས་འགྲོ་དོན་བྱེད་པའི་བརྡ། །མདུན་དུ་ཆུ་མིག་རྡོལ་བ་སྟེ། །ཆོས་ཀྱི་ཆབ་སྲིད་དར་བའི་བརྡ། །རྒྱབ་ན་འོད་ཅིག་འཁྱིལ་བ་སྟེ། །བོད་ཁམས་དཀར་པོར་གཏོང་བའི་བརྡ། །ལུས་ལ་མེ་ཆེན་འབར་བ་སྟེ། །བདེ་དྲོད་གཏུམ་མོ་ཡེ་ཤེས་མེས། །རྣམ་རྟོག་ཆབ་རོམ་ཞུ་བའི་བརྡ། །སྙིང་ལ་ཉི་ཟླ་ཤར་བ་སྟེ། །འགྲོ་འོང་མེད་པའི་འོད་གསལ་གྱིས། །ངང་ལ་རྟག་ཏུ་གནས་པའི་བརྡ། །བུ་རྨི་ལམ་མི་ངན་རྨི་ལམ་བཟང་། །དུས་ཕྱི་མར་འབྱུང་བར་ལུང་བསྟན་པ། །བལྟས་དགེ་བར་འཆད་པ་ཆོས་ཀྱི་བརྡ། །ལར་རྨི་ལམ་མངོན་གསུམ་གང་ལ་ཡང་། །མཚན་མར་བཟུང་ན་བར་ཆད་ཡིན། །སྒྱུ་མ་བཟུང་ན་ལམ་དུ་འགྲོ། །རྨི་ལམ་རྨི་ཤེས་འཆད་མ་ཤེས། །བཟང་རྨིས་ངན་བལྟས་སྡིག་པར་

(༡༧༨)བཤད། །རྨི་ལམ་སྦྱངས་པ་ཀློང་གྱུར་པས། །རྨི་ལམ་བཟང་བལྟས་དགེ་བར་བཤད། །ལར་སྐྱོན་དང་ཡོན་ཏན་གང་ལ་ཡང་། །མཆོག་ཏུ་མ་འཛིན་རིགས་ཀྱི་བུ། །ཁྱོད་དགེ་སློང་གི་ཐུགས་ལ་དེ་ལྟར་ཞོག། །།བུ་ལྷ་རྗེ་དུས་ད་རེས་ཁྱེད་ལ་བྱུང་བའི་མཚན་བལྟས་དེ་རྣམས་མ་འོངས་པ་ལུང་བསྟན་པ་ཆོས་རྒྱུད་ལ་སྐྱེ་བརྡ་ཡིན་ཏེ། །ཕ་རྒན་ང་ཡིས་འཆད་པའི་ཚིག་ཞིབ་ཚགས་སུ་བཀྲོལ་ཏེ་བརྡ་དོན་ངོ་སྤྲད་པ་དེ་རྣམས་མ་བརྗེད་པར་གྱིས་ལ་དུས་ཕྱིས་བདེན་རྫུན་གཏན་ལ་ཕོབ་ཅིག །བདེན་པར་གྱུར་ཅན་བླ་མ་ང་ལ་ཡང་མོས་གུས་ཁད་པར་ཅན་ད་ལྟ་དང་འདྲ་བ་མ་ཡིན་པ་ཅིག་སྐྱེ་བ་ཡིན། །བུ་ཁྱོད་ལ་ཡང་སེམས་ཀྱི་ངོ་བོ་མ་བཅོས་པར་མཐོང་པའི་རྟོགས་པ་ཁྱད་པར་ཅན་ཅིག་ངའི་དུས་སུ་འཆར་བ་ཡིན་ཏེ། ཚེ་འདི་རང་ལ་སྐྱེ་འཆི་གཉིས་ལས་ལོག་སྟེ་འཆི། ལར་ཁྱོད་བསྒོམ་ཆེན་བཤའ་མ་ཅིག་བྱེད་བསམ་

(༡༧༩)ན། །རྨི་ལམ་དང་མཚན་བལྟས་ལ་མངོན་ཞེན་མ་ཆེ། །བདུད་འཇུག་པའི་རྒྱུ་ཡིན། བླ་མས་གསུང་པ་དང་རང་ཞེ་བཅད་མ་རྟོགས་པ་གཞན་གྱི་ངག་གི་རྗེས་སུ་མ་འབྲང་། །སེམས་སོ་མི་ཟིན་པའི་རྒྱུ་ཡིན། །གཡས་གཡོན་གྲོགས་ཀྱི་སྐྱོན་མ་ལྟ། ངན་རྟོགས་མ་མང་བཅས་བཅོས་མ་བྱེད། གཞན་རྒྱུད་ཀྱི་སེམས་མི་ཤེས་པར་རློམས་སེམས་ཀྱིས་ལྟུང་བ་འཕོག་པའི་རྒྱུ་ཡིན། །འོ་སྐོལ་ད་ལྟ་སྐྱེ་ཤི་བར་དོར་འགྲུབ་པའི་སྣང་བ་ལ་ལོངས་སྤྱོད་པ་འདི་རྨི་ལམ་ཆེན་པོ་རྨི་རྡོ་བ་ཡིན། །ཉིན་མོ་བྱས་པའི་བག་ཆགས་ཏེ་ནུབ་མོ་གཉིད་ལོག་ཙ་ན་རྣམ་ཤེས་ཡིད་ཀྱིས་འཁྲུལ་པ་ལས་བྱུང་བ་སྟེ། རྨི་ལམ་འཁྲུལ་པ་སྒྱུ་མ་ཉིད་འཁྲུལ་བྱ་བ་ཡིན། །བག་ཆགས་ཏེ་གོམ་པ་མཐར་ཕྱིན་པས་ལས་དགེ་སྡིག་གི་རྗེས་སུ་འབྲངས་ཏེ། སྲིད་པ་བར་དོར་བདེ་སྡུག་གི་ཚོར་བ་ཉམས་སུ་མྱོང་བ་སྟེ། །རྨི་ལམ་ན་རྨི་ལམ་ཆེན་པོ། །སྒྱུ་མ་ན་སྒྱུ་མ་ཆེན་པོ། །བར་དོན་བར་དོ་ཆེན་པོ་

(༡༨༠)ཡིན་ཏེ། དེ་ལམ་དུ་བྱེད་པ་ལ་རྨི་ལམ་སྒྱུ་ལུས་སྦྱངས་པའི་རྩལ་མཐར་ཕྱིན་འཚལ་བས། ཤུགས་ཕྱུང་ལས་བསྒོམས་མཛོད་གསུང་། དེ་ནས་ཟླ་བ་ཅིག་བསྒོམས་པས། དང་པོ་སྨན་ལྷ་མཆེད་བདུན་གྱི་ཞལ་མཐོང་། ཉིན་ཅིག་ལ་རླུང་འགྲོ་འོང་ཅིག་གིས་ཆོག་པ་བྱུང་། རླུང་བཏང་ཙ་ན་ཡལ་ནས་ཐལ། ཕྱི་དྲོ་རླུང་བཟུང་ཙ་ན་ལོངས་སྐུའི་ཞིང་ཁམས་རབ་འབྱམས་རྣམས་མཐོང་བས། །དེ་ལ་སེམས་ཡེངས་ནས་རླུང་བཏང་ཙ་ན་ནམ་སྲོད་དུ་རེད་འདུག་པས། བླ་མའི་ཐུགས་དམ་ལ་གནོད་སྙམ་ནས་དེ་ནུབ་ཞུ་མ་ནུས་མཎྜལ་ཕུལ་ཞིང་གསོལ་བ་བཏབ། ཐོ་རངས་ཀྱི་ཐུན་ལ་རླུང་བཟུང་ཙ་ན། སངས་རྒྱས་སྟོང་རྩ་གཉིས་ཀྱི་གཙོ་བོ་ཤཱཀྱ་ཐུབ་པས་བྱས་པ་མཐོང་། ནང་པར་ནམ་ལངས་ནས་ཞུར་བྱོན་ཙ་ན་ཕྱག་འཚལ་ཞིང་ཡོད་པའི་ཚེ། །བླ་མའི་ཞལ་ནས་ད་ནི་ཡི་དམ་ལྷའི་ཞལ་མཐོང་སྟེ། ལོངས་སྐུ་དང་སྤྲུལ་སྐུ་གཉིས་དངོས་སུ་

(༡༨༡)མཐོང་། ཆོས་སྐུ་ད་བཟོད་མཇལ་བར་འདུག་གིས་དབུས་སུ་སོང་ལ་བསྒོམས་ཤིག །སྔར་གྱི་འཕྲང་དེ་ཚོ་ངས་བསལ་བ་ཡིན། ད་མངོན་པར་ཤེས་པའི་འཕྲང་ཡོད། །དེ་བྱུང་ཙ་ན་ལྷའི་བུའི་བདུད་འཇུག་པ་ཡིན་པས་ཤིན་ཏུ་གསང་བ་གལ་ཆེ། སྤྱིར་ཡང་ཡོན་ཏན་ཐམས་ཅད་གསང་བ་གལ་ཆེ། ལར་དབང་པོ་རྣོན་པོ་རྒྱུའི་སྟོབས་ཅན་ལ། བདུད་ཀྱིས་མི་ཚུགས་པ་ཡིན་ཏེ། ཁྱོད་དབང་པོ་རྣོན་པོར་འདུག་མོད་ཀྱིས། གསང་སྔགས་གསངས་པས་འགྲུབ་པ་ཡིན་པས། གསོངས་ལ་སྒྲུབ་པ་གྱིས་ཤིག །སེམས་ཅན་ལ་ཕན་པར་འདུག་པས་ཚོགས་ཡང་སྐྱོངས་ཤིག་གསུང་། ཚོགས་སྐྱོང་བའི་དུས་ནམ་ལགས་ཞུས་པས། སེམས་ཀྱི་ངོ་བོ་མཐོང་ནས་དེ་བསྟན་པ་དང་སྐྱོངས། ཅི་ཞིག་ལྟར་ལའ་དེ་ལྟ་འདྲ་བ་མ་ཡིན་པའི་རྟོགས་པ་ཅིག་རྒྱུད་ལ་སྐྱེ། དེའི་དུས་སུ་མི་རྒན་ང་ལ་ཡང་སངས་རྒྱས་དངོས་སུ་མཐོང་

(༡༨༢)པའི་ངེས་ཤེས་བརྟན་པོ་ཞིག་འབྱུང་ལ། བུ་ཁྱོད་རང་ལ་ཡང་སེམས་ཀྱི་ངོ་བོ་མ་བཅོས་པར་མཐོང་པའི་རྟོགས་པ་ཡང་དག་པ་རྒྱུད་ལ་སྐྱེ་བས་དེའི་དུས་ཚོགས་པ་སྐྱོངས། རླུང་ལག་སོར་ལ་ཚུད་དམ་མི་ཚུད་ལྟོས། དེ་ཚུད་ན་རླུང་གི་འཕྲང་ལས་ཐར་བ་ཡིན་གསུང་། དེ་ནུབ་རྡོ་ལེབ་ཀྱི་སྟེང་དུ་ཐལ་བ་བླུག་ནས་སོར་མོ་གཏད་ཅིང་རླུང་བཙུན་པས། ཐལ་བ་བུན་བུན་བྱུང་སྟེ། ནང་པར་བླ་མའི་དྲུང་དུ་དེ་ལྟར་བྱས་པས་རྩ་རླུང་ལ་དབང་ཐོབ་པ་བྱ་བ་ནི་མིན་ཏེ། རྩ་རླུང་ལས་སུ་རུང་བ་བྱ་བ་ཡིན་པས། དང་དང་འགྲོགས་མི་དགོས་པས་སོང་ཅིག །སྤྲུལ་པ་དང་སྒྱུར་བ་ལ་སོགས་ཆུ་འཕྲུལ་དང་། མཆོག་ཐུན་མོང་གཉིས་ཀའི་དངོས་གྲུབ་ཐོབ་ནས་འོང་གིས། ད་འདི་ནས་ཤར་གྱི་ཕྱོགས་ནས་སྒམ་པོ་གདར་གྱི་རི་བོ། །རི་རྒྱལ་པོ་གདན་ལ་བཞུགས་པ་ལྟ་བུ། རྩེ་མོ་རིན་རིན་པོ་ཆེའི་བྲོག་ཞུ་ལྟར་ཡོད་པ་ངའི་ཞྭ་འདི་ལྟ་བུ། ཤིང་སྤངས་ཐང་

(༡༨༣)གསེར་གྱི་མཎྜལ་ལྟ་བུ། མདུན་རི་རིན་ཆེན་སྤུངས་པ་ལྟ་བུ། རྒྱབ་རི་དར་དཀར་ཕྱར་བ་ལྟ་བུ། རི་བདུན་བློན་པོ་ཕྱག་འཚལ་བ་ལྟ་བུ་ཡོད་པས། རི་དེའི་མགུལ་ན་ཁྱོད་ཀྱི་གདུལ་བྱ་སྣོད་དང་ལྡན་པ་ཡོད་པས། །དེར་སོང་ལ་སེམས་ཅན་གྱི་དོན་གྱིས་ཤིག །གསུང་ནས་མགུར་འདི་གསུངས་སོ།། །།བུ་སྟོན་པ་ཁྱོད་དབུས་སུ་བཞུད་མ་བཞུད་པ་ན། །སྟོན་པ་དབུས་སུ་བཞུད་པ་ན། །རེས་འགའ་ཟས་ཀྱི་སྣང་བ་འཆར། །ཟས་ཀྱི་སྣང་བ་ཤར་ཙ་ན། །ཟས་སུ་ཟག་མེད་ཏིང་འཛིན་ཟོ། །ཞིམ་མངར་ཀུན་སྒྱུ་མར་ཤེས་པར་མཛོད། །ཅིར་སྣང་ཆོས་སྐུར་ཉམས་སུ་སློང་། །བུ་སྟོན་པ་དབུས་སུ་བཞུད་མི་བཞུད། །སྟོན་པ་དབུས་སུ་བཞུད་པ་ན། །རེས་འགའ་གོས་ཀྱི་སྣང་བ་འཆར། །གོས་ཀྱི་སྣང་བ་ཤར་ཙ་ན། །གོས་སུ་གཏུམ་མོའི་བདེ་དྲོད་གྱོན། །འཇམ་ལེགས་ཀུན་སྒྱུ་མར་ཤེས་པར་མཛོད། །ཅིར་སྣང་ཆོས་

(༡༨༤)སྐུར་ཉམས་སུ་ལོང་། །བུ་སྟོན་པ་དབུས་སུ་བཞུད་མི་བཞུད། །སྟོན་པ་དབུས་སུ་བཞུད་པ་ན། །རེས་འགའ་ནོར་གྱི་སྣང་བ་འཆར། །ནོར་གྱི་སྣང་བ་ཤར་ཙ་ན། །ནོར་དུ་འཕགས་པའི་ནོར་བདུན་རྟེན། །ནོར་ཛས་ཀུན་སྒྱུ་མར་ཤེས་པར་མཛོད། །ཅིར་སྣང་ཆོས་སྐུ་ཉམས་སུ་ལོང་། །བུ་སྟོན་པ་དབུས་སུ་བཞུད་མི་བཞུད། །སྟོན་པ་དབུས་སུ་བཞུད་པ་ན། །རེས་འགའ་ཡུལ་གྱི་སྣང་བ་འཆར། །ཡུལ་གྱི་སྣང་བ་ཤར་ཙ་ན། །ཡུལ་དུ་ཆོས་ཉིད་གཏན་ཡུལ་བཟུང་། །ཕ་ཡུལ་ཀུན་སྒྱུ་མར་ཤེས་པར་མཛོད། །ཅིར་སྣང་ཆོས་སྐུར་ཉམས་སུ་ལོང་། །བུ་སྟོན་པ་དབུས་སུ་བཞུད་མི་བཞུད། །སྟོན་པ་དབུས་སུ་བཞུད་པ་ན། །རེས་འགའ་གྲོགས་ཀྱི་སྣང་བ་འཆར། །གྲོགས་ཀྱི་སྣང་བ་ཤར་ཙ་ན། །གྲོགས་སུ་རང་བྱུང་ཡེ་ཤེས་རྟེན། །ཟླ་གྲོགས་ཀུན་སྒྱུ་མར་ཤེས་པར་མཛོད། །ཅིར་སྣང་ཆོས་སྐུར་ཉམས་སུ་ལོང་། །བུ་སྟོན་པ་དབུས་སུ་བཞུད་མི་བཞུད། །སྟོན་པ་དབུས་སུ་བཞུད་པ་ན། །རོས་

(༡༨༥)འགའ་བླ་མའི་སྣང་བ་འཆར། །བླ་མའི་སྣང་བ་ཤར་ཙ་ན། །འབྲལ་མེད་སྤྱི་བོར་གསོལ་བ་ཐོབ། །བརྗེད་མེད་སྙིང་གི་དཀྱིལ་དུ་བསྒོམས། །བླ་མའང་སྒྱུ་མ་རྨི་ལམ་འདྲ། །ལར་ཐམས་ཅད་སྒྱུ་མར་ཤེས་པར་མཛོད། །ཤར་སྒམ་པོ་གདར་གྱི་རི་བོ་སྟེ། །རི་རྒྱལ་པོ་གདན་ལ་བཞུགས་པ་འདྲ། །རྩེ་མོ་རིན་ཆེན་པོ་པྲོག་ཞུ་འདྲ། །རྒྱབ་རི་དར་དཀར་ཕྱར་བ་འདྲ། །མདུན་རི་རིན་ཆེན་སྤུངས་པ་འདྲ། །རི་བདུན་བློན་པོ་མདུད་པ་འདྲ། །ཤིངས་སྤངས་གསེར་གྱི་མཎྜལ་འདྲ། །རི་དེའི་མགུལ་ན་གདུལ་བྱ་ཡོད། །ཁྱོད་དེ་རུ་སོང་ལ་འགྲོ་དོན་སྒྲུབས། །བུ་ཁྱོད་ཀྱིས་འགྲོ་དོན་འགྲུབ་སྟེ་མཆི། །ཞེས་གསུངས་ནས་ཁྱོད་ཀྱི་མིང་ཡང་དགེ་སློང་རྡོ་རྗེ་འཛིན་པ་ཆེན་པོ་འཛམ་གླིང་གྲགས་པ་ཞེས་བྱ་བ་ཡིན་ནོ་གསུང་། །དེ་ནས་དབང་བྱིན་བརླབས་ཐམས་ཅད་དང་ཆོས་མ་ལུས་པ་རྫོགས་པར་གནང་། །རྗེ་ནཱ་རོ་པའི་གདམས་པ་ཐུན་

(༡༨༦)མོང་མ་ཡིན་པ་རྣམས་རྫོགས་པར་ཞུས། །ཆོས་དྲུག་གོང་ཁུག་མ་དེ་བླ་མའི་ཕྱར་བུའི་གོང་ནས་བྱུང་བ་ཡིན་གསུང་། །དེ་ཡང་ལྕམ་ལྷན་ཅིག་སྐྱེས་པའི་སྒྲོ་ནམ་ཡོན་བདག་མོས་རྗེ་བཙུན་གྱི་ཕྱག་དཔེའི་གཉེར་མཛད་པ་ཡིན་ཏེ། མོ་ན་བ་ལ་སྨན་བཅོས་མཛད་པས། རིན་པོ་ཆེ་ལ་ཤིན་དུ་དགྱེས་ནས་ཆོས་ཀྱི་ནང་བྱན་མཛད་དེ། རྗེ་བཙུན་གྱི་ཀ་དཔེ་ལ་སོགས་པ་གདམས་ངག་གི་ཕྱག་དཔེ་རྣམས་རྩད་ཆོད་དེ། གསང་སྔགས་བླ་མེད་ཀྱི་རྒྱུད་ཐམས་ཅད་དང་། །གདམས་པ་ལྷག་ལུས་མེད་པ་རྫོགས་པའི་མཐར། གཏོར་མ་ཆེན་པོ་ཅིག་དབུ་ཐོག་ཏུ་གཞག་སྟེ། མཁའ་འགྲོ་ཆོས་སྐྱོང་གི་དབང་བསྐུར་ནས། བུ་ཁྱོད་ཀྱིས་སེམས་ཅན་དཔག་ཏུ་མེད་པའི་དོན་འགྲུབ་པར་འདུག་གསུང་། །དེ་ཇི་ལྟར་ལགས་ཞུས་པས། དང་པོ་ཁྱོད་འོང་ཁར་ཡང་མཚན་རྟགས་གསལ་པོ་བྱུང་ལ། །འདི་ན་ཡོད་པའི་

(༡༨༧)ཚེ་ཡང་ང་དང་ཁྱོད་གཉིས་བང་འདྲན་པས་ཁྱོད་སྔོན་ལ་ཐལ་ཏེ། ང་བས་ཁོང་སེམས་ཅན་གྱི་དོན་རྒྱ་ཆེ་བ་རབ་བདུག་བྱས་པ་ཅིག་རྨིས། །ཡང་ཕ་བོང་སྒྲབས་ཆེ་བ་ཡུལ་གཞན་དུ་འཕེན་པ་དང་། ཕྱག་གིས་ཕ་འོང་སྡབས་པས་རྡུལ་ཕྲ་རབ་ཏུ་སོང་སྟེ། སྐུ་ལུས་ཀྱང་རེས་བཟང་ནུས་པ་ཚད་མེད་ཀྱིས་ཕྱི་རོལ་ཡུལ་གྱི་འཇིགས་པ་དང་བྲལ་བར་འདུག་བྱས་པ་རྨིས་གསུང་། དེ་ལྟར་ཆོས་ཐམས་ཅད་དྲིས་པའི་སྒོ་ནས་ཀྱང་ཞུས། ཁོང་དྲི་བ་ལ་ཤིན་དུ་མཁས་པ་ཡིན་སྐད། དེའི་ལན་ཐམས་ཅད་ཀྱང་བླ་མས་གསུངས། རྣལ་འབྱོར་པ་གཞན་གྱི་དྲི་བ་ལ་ལན་མི་གསུང་བར་ང་ལ་ཆོས་འདྲི་ན་དབུས་པ་སྟོན་པས་པས་འདྲི་དགོས་པ་ཡིན་གསུང་། ཆོས་ཐམས་ཅད་རྫོགས་པར་གནད་ནས་བླ་མའི་ཞལ་ནས་དབུས་སུ་སོང་ལས་བསྒོམ་གསུངས། དེ་ལྟར་རྗེ་བཙུན་གྱི་དྲུང་དུ་ཟླ་བ་བཅུ་གསུམ་

(༡༨༨)བཞུགས་ནས་གུང་ལོ་སོ་གཉིས་པ་སྟག་གི་ལོ་ལ། དབུས་སུ་འབྱོན་པར་བཙམས་ཏེ། དེ་ནས་ཤིང་སྟག་པའི་ནགས་ཡོད་པའི་ལུང་པ་ཅིག་གི་ཆུ་ལ་རྡོ་ཟམ་ཆུང་ཆུང་ཅིག་ཡོད་པའི་ས་བར་དུ་སྐྱེལ་ཐུང་མཛད། །དབུས་པ་སྟོན་པ་ཁྱོད་རྟེན་འབྲེལ་གྱི་གནད་ཅིག་གི་ཆུ་འདིའི་ཕར་ཁར་ཁོ་བོ་འགྲོ་མི་བཏུབ་པར་འདུག་པས། འོ་སྐོལ་ཕས་སྤང་ཀྱི་འཕྲིན་སྐོས་འདིར་བྱ། །ཁྱོད་ཁྲེས་པོ་ཕོག་ལ་འདིར་སྡོད་ཅིག་གསུང་ནས། རྗེ་བཙུན་ཟམ་རྡུར་གྱི་སྟེང་དུ་ཕྱེད་དཀྱིལ་དུ་བཞུགས་པའི་ཞབས་གཡས་པ་ལ་གཏད་ཀྱིན་ཕྱག་མང་དུ་འཚལ། དབུ་སྟེག་ཙ་ན་ཞབས་ཀྱི་པདྨོ་ལ་བཏུད་དེ། སྤྱན་ཆབ་ཕྱུང་ཞིང་གསོལ་བ་བཏབ་པས། དེའི་རྟེན་འབྲེལ་ལ་ཤིན་དུ་མ་མཉེས་པས། རྗེ་བཙུན་གྱིས་ཨ་རུ་ར་གསེར་མ་རོག་མ་ཅིག་དང་། མེ་ཆ་ཅིག་གནང་སྟེ། ང་ལ་ཡང་དགེ་སྦྱོར་སྐྱེ་དཀའ་བར་བྱུང་བ་ལ་གདམ་ངག་འདི་ལ་

(༡༨༩)རྟེན་ནས་ཉམས་རྟོགས་ཁྱད་པར་ཅན་རྒྱུད་ལ་སྐྱེས། བུ་ཁྱོད་ལ་ཡང་བར་སྐབས་སུ་དགེ་སྦྱོར་འཕེལ་འཕྲི་བ་བྱུང་ན་གདམ་ངག་འདི་དགོས་པ་ཡིན་གསུང་ནས། ཕྱག་རྒྱ་ཆེན་པོ་རླུང་སེམས་གཉིས་མེད་ཀྱི་ངོ་སྤྲོད་གནང་ནས། ལར་ཁྱོད་ལ་བསྒོམ་ཆེན་པ་མཐར་ཐུགས་པ་ཅིག་འོང་བར་འདུག་གསུང་ནས། བུ་དབུས་པ་སྟོན་པ་ཕ་ཚན་གྱི་ཁེ་དྲགས་སྤོངས། གཉེན་འདུན་གྱི་ཐག་པ་ཆོད། ཚེ་འདིའི་གདོས་ཐག་མེད་པར་གྱིས། རིའི་བུ་གྱིས་ཆོས་ཐམས་ཅད་ཅིག་ཏུ་དྲིལ་ལ་ཉམས་སུ་ལོང་། །མི་རྒན་ང་ལ་གསོལ་བ་ཐོབ། གཞན་ཡང་དུག་གསུམ་རྒྱས་པའི་མི་དང་འགྲོགས་སུ་མི་རུང་། དེའི་གྲིབ་འཕོག་པ་ཡིན། དེ་གང་ཡིན་ན་སྣང་བ་དགྲར་ལངས་པའི་རིགས་ཅན། །ཆོས་དང་གང་ཟག་ཐམས་ཅད་ལ་ངན་སྨྲས་ཆེར་འཐག་པའི་གང་ཟག་ཡོད། དེའི་ནང་ན་ཞེ་སྡང་མེ་བཞིན་འབར་ནས་ཡོད་པ་ཡིན། དཔེར་ན་སེམས་ཅན་སྤྲུལ་ལ་རྐང་ལག་དང་གཤོག་པ་ནི་མེད།

(༡༩༠)སྤྲུལ་ལས་སྙོམས་ཆུང་བ་མེད་པ་ལ། ཁོ་མཐོང་བ་ཙམ་གྱིས་མི་རྣམས་བྲེད་ཅིང་དངངས་ནས། འོང་བ་དེ་ནང་ན་ཞེ་སྡང་ཆེན་པོ་ཡོད་པའི་རྟགས་ཡིན། ནང་ན་ཞེ་སྡང་ཆེན་པོ་ཡོད་ན་ཕྱི་རོལ་ཐམས་ཅད་དགྲར་ལངས་ནས་འོང་བ་ཆོས་ཉིད་ཡིན། གང་ཟག་འགའ་ཞིག་རྡོ་བུར་པ་ཅན་དང་ཤིང་ཉག་ཅན་ཚུན་ཆད་ཉེར་བྱེད་པ་ཡོད་དེ། རྒས་ན་རྒན་རྒྱགས་ཤིན་དུར་ཟས་དགོས། གཞོན་དུ་ཚོགས་སོགས་པ་ལ་ཡང་ནོར་དགོས། དེ་མེད་ན་ཆོས་མི་ཡོང་ཟེར་ནས་ཐ་ན་འབུན་སྐྱེད་ཁེ་ཚོང་ལ་སོགས་ལོག་འཚོ་འབའ་ཞིག་བྱེད་པ་ཡོད། དེའི་ནང་ན་འདོད་ཆགས་ཆུ་བཞིན་ཁོལ་ནས་ཡོང་བ་ཡིན། ཡང་གང་ཟག་ཁ་ཅིག་ཡང་དག་པའི་དོན་བསྒོམས་པའི་དུས་ད་ལྟ་མ་ཡིན། ཚེ་ཅིག་ལུས་ཅིག་གིས་སངས་རྒྱས་བྱ་བ་ཤེས་བྱ་ལ་མི་སྲིད། ཚོགས་ས་མ་བསགས་པར་སྡིག་པ་མི་འབྱོངས། སྙིང་རྗེ་མ་བསྒོམས་པར་ཉན་ཐོས་སུ་གོལ། །ཐབས་ཁྱད་དུ་བསད་

(༡༩༡)པས་ཆད་ལྟ་རུ་སོང་ཟེར་བ་ཡོང་། དེའི་ནང་ན་གཏི་མུག་མུན་པ་འཐིབས་པ་ལྟ་བུ་ཡོད་པ་ཡིན། དེ་འདྲ་བའི་མི་དང་གཏམ་བྱེད་དུ་ཡང་མི་ཉན། ཁྱོད་ཀྱི་བླ་མ་ནི་གང་། ཆོས་ནི་གང་ཡིན་ཟེར་དུ་འོང་། ལེགས་པོ་བཤད་ཀྱང་དེ་འདྲ་མི་སྲིད་ཟེར་ནས། ཁོ་ཞེ་སྡང་གི་དབང་གིས་ཆོས་དང་གང་ཟག་གཉིས་ཀ་ལ་སྐུར་པ་འདེབས། བདག་གཞན་ཐམས་ཅད་ངན་འགྲོར་སྐྱེ་བའི་རྒྱུ་བསོགས། དེ་བས་ན། ཐོས་ནས་བློ་ཆུང་དེ་ཡིས་འདི་ནི་སྤོང་བྱེད་དེ། སྤངས་ནས་སྐྱབས་མེད་གྱུར་པ་དེ་ནི་མནར་མེད་འགྲོ། ཞེས་བྱ་བ་དེའི་དུས་སུ་འབྱུང་བས། བདག་ལ་བརྟེན་ནས་གཞན་རྒྱུད་ལ་སྡིག་པ་བསོག །དུག་གསུམ་རྒྱས་པའི་མི་དང་འགྲོགས་སུ་མི་རུང་སྟེ། ཉན་ཐོས་ནང་དུ་ཞག་བདུན་གནས། །ཡན་ལག་ཉེས་པ་བདུན་པ་ཡིན། ཅེས་བྱ་བའི་དོན་ཡང་དེ་འདྲ་ལ་ཟེར་བ་ཡིན། སྤྱིར་ཡང་རི་དྭགས་རྨས་མ་འམ་བྱ་བཞིན་དུ་ཟོན་བག་ཆེ་བར་བྱ། ཞི་བ་

(༡༩༢)དུལ་བ་རྩེ་རག་ཆུང་བར་བྱ། བཟོད་པ་ཆེ་བར་བྱ། ཐམས་ཅད་དང་མཐུན་པར་བྱ། གཙང་སྦྲ་ཤིན་དུ་ཆེ་བར་བྱ། །རྟོག་པ་ཤིན་དུ་ཆུང་བར་བྱ། །རི་མཚམས་དང་སྨྲ་བཅད་དང་འདབ་འབྱར་གསུམ་གྱིས་དུས་འདའ་བར་བྱ། རང་སེམས་སངས་རྒྱས་སུ་རྟོགས་ཀྱང་བླ་མ་དང་རྡོ་རྗེ་སློབ་དཔོན་མི་སྤང་པར་སླབ། བསག་སྦྱང་གཉིས་པོ་རང་སར་དག་ཀྱང་། ཚོགས་ཆུང་ངུ་ཆུང་ངུ་ནས་བསག །ལས་འབྲས་ནམ་མཁའ་ལྟར་གོ་ཡང་ང་སྡིག་པ་ཆུང་ངུ་ཆུང་ནས་འཛེམ། མཉམ་གཞག་དང་རྗེས་ཐོབ་མེད་པའི་ཉམས་ཡང་། བདག་གཞན་མཉམ་པ་ཉིད་དུ་གོ་ཡང་ཆོས་དང་གང་ཟག་ལ་བཀུར་པ་མི་གདབ། བུ་ཁྱོད་ཀྱིས་ཡོས་བུ་ལོ་རྟའི་ཟླ་བའི་ཚེས་བཅུ་བཞི་ལ། བྲིན་དང་སྙེན་ནམ་ཀྱི་རི་ལ་སླེབ་པར་གྱིས་ཤིག་གསུངས་ནས་དག་པོའི་སྐྱེ་ལ་མགུར་འདི་གསུངས་སོ།། །།བུ་སྤྲོས་བྲལ་སེམས་ལ་

(༡༩༣)ཤར་དུས་སུ། །ཐ་སྙད་ཚིག་ཕྱིར་མ་འབྲང་ཅིག །ཆོས་བརྒྱད་སྒྲོག་ཏུ་ཚུད་ཉེན་ཡོད། །བུ་ང་རྒྱལ་མེད་པའི་ངང་ལ་ཞོག །དེ་གོ་བའམ་དབུས་པ་སྟོན་པ་བ། །དེ་གོ་འམ་དགས་པོ་ལྷ་རྗེ་བ། །རང་གྲོལ་ནང་ནས་ཤར་དུས་སུ། །ཚད་མའི་སྦྱོར་བ་མ་བཀོད་ཅིག །དོན་མེད་འབད་རྩོལ་བྱེད་ཉན་ཡོད། །བུ་རྣམ་རྟོག་མེད་པའི་ངང་ལ་ཞོག །དེ་གོ་འམ་དབུས་པ་སྟོན་པ་བ། །དེ་གོ་འམ་དགས་པོ་ལྷ་རྗེ་བ། །རང་སེམས་སྟོང་ཉིད་དུ་རྟོགས་རྩ་ན་གཅིག་དང་དུ་མར་མ་སྦྲེལ་ཅིག །ཆད་པའི་སྟོང་ཉིད་དུ་འགྲོ་ཉེན་ཡོད། །བུ་སྤྲོས་པ་མེད་པའི་ངང་ལ་ཞོག །དེ་གོ་འམ་དབུས་པ་སྟོན་པ་བ། །དེ་གོ་འམ་དགས་པོ་ལྷ་རྗེ་བ། །ཕྱག་རྒྱ་ཆེན་པོ་བསྒོམ་དུས་སུ། །ལུས་ངག་དགེ་སྦྱོར་མ་བརྩོན་མི་རྟོག་ཡེ་ཤེས་ཡལ་ཉེན་ཡོད། །མ་བཅོས་ལྷུག་པའི་ངང་ལ་ཞོག །དེ་གོ་འམ་དབུས་པ་སྟོན་པ་བ། །དེ་གོ་འམ་དགས་པོ་ལྷ་རྗེ་བ། །

(༡༩༤)རྟགས་དང་ལུང་བསྟན་བྱུང་དུས་སུ། །དགའ་རློམ་ཆེད་དུ་མ་འཛིན་ཅིག །བདུད་ཀྱི་ལུང་བསྟན་འོང་ཉེན་ཡོད། །ཆེད་འཛིན་མེད་པའི་ངང་ལ་ཞོག །དེ་གོ་བ་འམ་དབུས་པ་སྟོན་པ་བ། །དེ་གོ་འམ་དགས་པོ་ལྷ་རྗེ་བ། །རང་སེམས་གཏན་ལ་ཕེབས་དུས་སུ། །མངོན་ཤེས་ལ་འདོད་པ་མ་བསྐྱེད་ཅིག །རློམ་སེམས་བདུད་ཀྱིས་ཁེར་ཉེན་ཡོད། །བུ་རེ་དོགས་མེད་པའི་ངང་ལ་ཞོག །དེ་གོ་འམ་དབུས་པ་སྟོན་པ་བ། །དེ་གོ་འམ་དགས་པོ་ལྷ་རྗེ་བ། །ཅེས་གསུངས་སོ།། །།དེ་ནས་རྗེ་བཙུན་ཡར་བྱོན་ཏེ། །སློབ་མ་རས་པ་ཐམས་ཅད་བསྡུས་ནས། །ལྷ་རྗེ་སྟོན་པ་དེས་སེམས་ཅན་མང་པོ་ལ་ཕན་ཐོགས་པར་འདུག །མདང་ངའི་རྨི་ལམ་ན། ཁོ་བོའི་གན་ནས་བྱ་རྒོད་སེར་པོ་ཅིག་དབུས་སུ་འཕུར་ཏེ་སོང་། རི་ཆེན་པོ་ཅིག་གི་རྩེར་བབས་པ་ལས། ཕྱོགས་ཕྱོགས་ནས་ངང་པའི་འཁོར་མང་པོ་འདུས། དར་ཅིག་ནས་སོ་སོར་གྱེས་

(༡༩༥)ཏེ་སོང་། ངང་པ་རེ་རེ་ལ་ཡང་ངང་པ་གཡོག་ལྔ་བརྒྱ་ལྔ་བརྒྱ་རེ་འདུས་ནས། ལུང་པའི་གཤིས་ཐམས་ཅད་ངང་པས་སེར་ཉོག་ཀྱིས་གང་ནས་སོང་བ་རྨིས། ཁོ་བོ་རྣལ་འབྱོར་པ་ཡིན་པ་ལ་ཁོ་བོའི་རྗེས་སུ་རབ་ཏུ་བྱུང་བ་མང་པོ་འོང་བར་འདུག །ལྷ་རྗེ་སྟོན་པ་དེས་སེམས་ཅན་དཔག་ཏུ་མེད་པ་ལ་ཕན་ཐོགས་པར་འདུག །ཁོ་བོས་ཀྱང་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་བྱས་པར་འདུག་གསུང་། དེ་ནས་རྗེ་དགས་པོ་རིན་པོ་ཆེ་དབུས་སུ་བྱོན་ཏེ། སྔར་བཀའ་གདམས་ཀྱི་བླ་མ་རྣམས་ཀྱིས་ཞལ་ནས་ངེད་ཀྱི་རྟགས་མདོར་བར་ཤོག་ཅིག་གསུང་བ་དང་མཐུན་པར། དབུ་ཞྭ་ལ་སེར་ཚོས་མཛད། ན་བཟའ་ལ་ཕྲུག་གོང་བཏང་། སྐུ་འགག་ཧ་ཟླུ་མ་མཛད་པ་དང་། ཆགས་ལྷམ་དགུར་མོ་གསོལ་བ་ལ་སོགས་ཏེ། བཀའ་གདམས་ཀྱི་ཆས་རྣམས་མ་དོར་བར། དགེ་བའི་བཤེས་གཉེན་སྙུག་རུམ་པའི་སར་བྱོན་པས། ཁོང་གི་ཞལ་ནས་ཁྱོད་ཀྱིས་རྣལ་འབྱོར་པའི་རྩར་ཕྱིན་པའི་ཡོན་ཏན་ཅི་ཡོད་

(༡༩༦)གསུང་བའི་ལན་དུ། རླུང་ཕྱི་ནང་དུ་མི་རྒྱུ། རྟོགས་པ་ནམ་མཁའ་དང་མཉམ་ཞུས་པས། ཁྱེད་ལ་ཡོན་ཏན་བཟང་པོ་སྐྱེས་འདུག་སེམས་ཅན་གྱི་དོན་བྱ་རན་གསུང་བ་ལ། ཁོ་བོ་ལ་ཚེ་རྟེན་འབྲེལ་ཙམ་ལས་མེད་པས། སྔོན་ལ་སྒྲུབ་པ་རང་གཅེས་པར་ཡོད་ཞུས་པས་ཚེ་སྲིང་བའི་གདམ་ངག་ང་ལ་ཡོད་གསུང་ནས། སྒྲོལ་མ་དཀར་མོ་དང་སྙུག་རུམ་པ་གཉིས་མི་ལབ་ལབ་ཀྱི་ཚུལ་དུ་ཡོད་པས་དེའི་སྒྲུབ་ཐབས་གནང་། དེ་ནས་གཉལ་དུ་བཞུགས་ཙ་ན་བླ་མའི་གསུང་དྲན་ནས་རྒྱ་པ་སེ་རེ་ལ་གསེར་ཞོ་བཅུ་གཉིས་སྐྱིས། རས་སྒོམ་རས་པ་གྲོགས་སུ་ཁྲིད་བྱོན་པས་ཡར་ལུངས་གྱི་མདོར་སླེབ་ཙ་ན། །གཙང་ནས་འོངས་པའི་ཚོང་པ་དང་ཕྲད་པས། དེ་རྣམས་ལ་བྲིན་པ་སྤྱི་དུས་ཁམས་བདེ་འམ། བླ་མ་རྗེ་བཙུན་སྐུ་ཁམས་བདེ་བར་བཞུགས་སམ་ཞེས་དྲིས་པས། བྲིན་པ་སྤྱི་དུས་ཁམས་བདེ་

(༡༩༧)སྟེ། བླ་མ་རྗེ་བཙུན་ནི་རྟའི་ཟླ་བའི་ཚེས་བཅུ་བཞི་ལ་བདེ་བར་གཤེགས་ཟེར་ནས་ཕྱག་མཁར་དང་། ན་བཟའི་རས་ཅིག་བསྐུར་ནས་འདུག་པ་གཏད་པས། དེའི་མོད་ལ་སྤྱན་ཆབ་མང་པོ་ཤོར། །དྲན་མེད་དུ་གྱུར་པ་ལ་དྲུང་ན་ཡོད་པ་ཀུན་གྱིས་ཕྱག་ཞབས་ལ་སྐུ་མཉེ་ཕུལ། ཞལ་རས་ལ་ཆུ་མང་པོ་གཏོར་ནས། དར་ཅིག་ན་དྲན་པ་རྙེད་དེ། གསེར་སྲང་གང་ཁ་ཕྱེ་ནས་བྲིན་སྙེ་ནམ་གྱི་ཕྱོགས་སུ་གཏོར། ཕྱག་མང་པོ་འཚལ་ནས་དེའི་ཚེ་བླ་མ་ལ་གསོལ་བ་འདེབས་པའི་མགུར་འདི་གསུངས་སོ།། །།རྗེ་གངས་དཀར་རྩེ་ལ་གཤེགས་པའི་ཚེ། །སེང་གེ་དཀར་མོའི་སྤྱོད་དང་མཚུངས། །ཟིལ་གྱིས་མནོན་པའི་རྣལ་འབྱོར་པ། །རྗེ་ནགས་ཀྱི་ཁྲོད་དུ་གཤེགས་པའི་ཚེ། །རྒྱ་སྟག་ཁྲ་བོའི་སྤྱོད་དང་མཚུངས། །རེ་དོགས་བྲལ་བའི་རྣལ་འབྱོར་པ། །རྗེ་བྲག་དཀར་རྩེ་ལ་གཤེགས་

(༡༩༨)པའི་ཚེ། །ཐང་དཀར་རྒོད་པོའི་སྤྱོད་དང་མཚུངས། །ཕྱི་རྒྱ་རླབས་ཀྱིས་ཆོད་པའི་རྣལ་འབྱོར་པ། །རྗེ་ཕྱོགས་མེད་རི་ཁྲོད་འགྲིམ་པའི་ཚེ། །རི་དྭགས་ཡོངས་ཀྱི་སྤྱོད་དང་མཚུངས། །རྡོས་ཐག་ཆོད་པའི་རྣལ་འབྱོར་པ། །རྗེ་འཁོར་གྱི་ནང་དུ་བཞུགས་པའི་ཚེ། །རྡོ་རྗེ་འཆང་གི་སྤྱོད་དང་མཚུངས། །དེང་སྐལ་ལྡན་འདྲེན་པའི་རྣལ་འབྱོར་པ། །རྗེ་གླང་པོ་ལྟ་བུའི་སྤྱོད་པ་སྟེ། །མཉམ་གཞག་རྗེས་ཐོབ་མེད་པར་ངེས། །རྗེ་བུ་ཆུང་ལྟ་བུའི་སྤྱོད་པ་སྟེ། །ཕྱི་ནང་གཟའ་གཏད་བྲལ་བར་ངེས། །རྗེ་བློ་དང་བྲལ་བའི་སྤྱོད་པ་སྟེ། །དེ་ཉིད་།ཐུགས་སུ་ཆུད་བར་ངེས། །རྗེ་མངོས་ཤེས་དག་སྣང་ལྡན་པ་སྟེ། །ནང་གི་སེམས་ཉིད་གསལ་བར་ངེས། །རྗེ་ཟས་སྐོམ་གྱི་འདུ་ཤེས་ཆུང་བ་སྟེ། །ཏིང་འཛིན་ཟས་སུ་གསོལ་བར་ངེས། །རྗེ་ནོར་བུ་དབང་གིས་རྒྱལ་པོ་ལྟར། །དགོས་འདོད་རང་ལ་འབྱུང་

(༡༩༩)བ་ཁྱེད། །རྗེ་དཀར་ཚོགས་དབུས་ཀྱི་ཟླ་རྒྱས་བཞིན། །མང་པོའི་ནང་ནས་མཛེས་པ་ཁྱེད། །རྗེ་འདམ་གྱི་ནང་ནས་པདྨོ་བཞིན། །འཁོར་བའི་སྐྱོན་གྱིས་གོས་པ་མེད། །རྗེ་འགྲོ་བ་ཡོངས་ལ་དྲིན་རེ་ཆེ། །བཀའ་བརྒྱུད་རྣམས་ཀྱི་རེ་བ་སྒྲུབས། ཁྱེད་ཀྱི་ཡོན་ཏན་དཔག་མེད་ལ། །བདག་གིས་ཅུང་ཟད་བསྟོད་པ་ལས། །ཐུགས་རྗེས་དགོངས་ཤིང་ཡོངས་སུ་བཟུང་། །དངོས་པོའི་བསྙེན་བཀུར་མ་མཆིས་ཀྱང་། །བསྒྲུབ་པ་ཉམས་སུ་ལེན་ལགས་ཀྱིས། །ཆོས་སྐུ་ཅིག་ཏུ་མ་གྱུར་བར། །བྱིན་བརླབས་ཀྱི་ཆུ་རྒྱུན་མ་གཅད་ཅིག །ཐུགས་རྗེའི་ལྕགས་ཀྱུས་མ་བཏང་ཅིག །དེ་ལྟར་བསྟོད་པའི་བསོད་ནམས་ཀྱིས། །རྗེ་བཙུན་ཉིད་དང་མཇལ་བར་ཤོག །མཇལ་ནས་བྱིན་གྱིས་རློབ་པར་ཤོག །ཅེས་བསྟོད་ནས་གི་ཡུལ་ཕྱོགས་ལ་བྱོན་ཏེ། །ཉི་མ་དྲོ་རན་གྱི་ཚེ། །དཔེའུ་ལྕོག་ཅིག་གི་རྩ་ན་བུད་

(༢༠༠)མེད་ཅིག་འདུག་པ་ལ་དྲོ་འདོད་དགོས་གསུང་པས། དེ་ན་རེ་དྲོ་དྲང་གིས་སྟེང་དུ་བྱོན་ཟེར་ནས་གདན་དྲངས། བུད་མེད་དེས་ནས་སྤར་གང་ཁྱེར་ནས་ས་ཅིག་ལ་ཞིང་རྨོ་བའི་ཚུལ་བྱས་ནས་དེ་བཏབ་པས་མོད་དེ་ལྗང་པར་སོང་། །དེ་ནས་སུ་སྨིན་དེ་རྩས་མ་བྱས་དབྱུག་པས་རྡུངས། རྡོ་ཐགས་བྱས་ཏེ་ཟན་རྫིས། ཆབ་ཐུག་སྐོལ་ནས་བླ་མ་ལ་དྲོ་དྲངས། ཆབ་ཅིག་བཏང་བ་སྟེ་ཁ་བཤལ་ནས་གཞེངས་པ་སྙམ་བྱས་ཙ་ན། དཔེའུ་ལྕོག་དང་བུད་ད་མེད་གང་ཡང་མི་འདུག་པས་ང་རང་འཁྲུལ་བ་ཡིན་ནམ་སྙམ་ཙ་ན། དེ་མིན་བར་བྲན་གྱི་སྒྲགས་པ་ཆིལ་ཆིལ་འདུག །ལར་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་བཞིན་དུ་སྟོང་། བདེན་རྫུན་གྱི་མཐའ་ཐམས་ཅད་དང་བྲལ་བ། འདི་ལྟ་བུ་ཅིག་ཡིན་ཨང་སྙམ་པ་བྱུང་སྟེ། ཉམས་སུ་མྱོང་བ་ཁྱད་པར་ཅན་ཅིག་རྒྱུད་ལ་སྐྱེས་སོ། །དེ་ནས་འཁོར་ལ་སྔ་བ་རས་སྒོམ་རས་པ་བྱ་བས་ཉེ་གནས་བྱས། དེ་དུས་བཀའ་གདམས་ཀྱི་

(༢༠༡)གྲོགས་པོ་རྣམས་བྱ་བྱ་ཆོས་སྤྱོད་མང་དུ་བྱེད་པར་འདུག །དེའི་རམ་འདེགས་མ་བྱས་ན་ནི་སྡིག་པར་འདུག །ཁོང་རྣམས་ཀྱི་རམ་འདེགས་བྱས་པས། སྔར་ཀྱི་ཉམས་མྱོང་ཁྱད་པར་ཅན་རྣམས་ཡལ་ནས་སོང་། དབེན་པར་སྡོད་དགོས་བྱ་བ་ཡང་དེ་ལྟར་ཡིན། དཀའ་ཐུབ་བྱས་པས་ལུས་སྐམས། ཏིང་ངེ་འཛིན་ནི་ཤོར། སྔར་ཙ་ན་བླ་མའི་ཞལ་ནས་བྱེ་མ་རྩིར་བ་ལ་མར་ཁུ་མི་འོང་། ཡུངས་དཀར་ལ་མར་ཁུ་ཡོང་བ་ཡིན་ལུས་བཅུད་མེད་པར་ཏིང་ངེ་འཛིན་ནི་མི་ཡང་གསུང་བདེ་ཤིན་དུ་བདེན་པར་འདུག་གསུང་། དེར་ཐུགས་མ་བདེ་ནས་ང་ལ་སྒོམ་གྱི་བཀའ་བ་མེད་ལས་ཆེ་བས། སྔར་གྱི་བཀའ་གདམས་ཀྱི་བླ་མ་རྣམས་ཀྱི་སར་འགྲོ་དགོས་སྙམ་པ་ལ། ཡང་ཐུགས་དགོངས་བཏང་བས། ཡོངས་པའི་བླ་མ་རྗེ་བཙུན་སངས་རྒྱས་དངོས་ཡིན། ཁོང་གི་ཞལ་ནས་ཕྱག་རྒྱ་ཆེན་པོ་བསྒོམ་དུས་སུ། ལུས་ངག་གི་དགེ་སྦྱོར་མ་རྩོན་ཅིག །མི་རྟོག་ཡེ་

(༢༠༢)ཤེས་ཡལ་ཉེན་ཡོད། །གསུང་བ་འདི་ཡིན་པར་འདུག ང་ནི་དམྱལ་བར་ད་ལྟ་རང་སོང་རུང་བླ་མ་ལ་ལྟོས་པ་འཆའ་བ་ཡིན། རྗེ་ཁོང་རང་མཁྱེན་སྙམ་པའི་བློ་བཅོས་མ་མ་ཡིན་པ་ཅིག་སྐྱེས་ནས་བློ་ཁེལ་ངེས་སུ་བཀལ་ནས་གསོལ་བ་བཏབ་པས། དར་ཅིག་ན་རྗེ་བཙུན་གྱི་སྣང་བ་ཤར་ནས་མདུན་དུ་རྩེན་གྱིས་བྱོན། དེ་ནས་རིང་པོ་མ་ལོན་བར་དྲོད་རླུང་རང་ལུགས་སུ་ཚུད། ཕྱག་རྒྱ་ཆེན་པོ་ནམ་མཁའ་དང་མཉམ་པ་མཆོག་གི་རྟོགས་པ་སྐྱེས་ཏེ། འདིའི་དུས་སུ་མགུར་འདི་གསུངས་སོ།། །།ཨེ་མ་ཧོ། །རང་རིག་ཡེ་ཤེས་འོད་གསལ་འདི། །ཡོད་མེད་མཐའ་ལས་འདས་པ་ཅིག །རྟག་ཆད་གཉིས་དང་བྲལ་བ་ཅིག །ངོས་བཟུང་མེད་པར་གསལ་བ་ཅིག །ཡེ་ཤེས་ཡིན་ཕྱིར་སྐྱེ་འཇིག་བྲལ། །སྤྲོས་བྲལ་བདེ་བའི་ངོ་བོ་ཅན། །དམིགས་པའི་ཡུལ་མེད་ངོ་བོ་གསལ། །བདེ་བ་ངོ་བཟུངས་མེད་པའི་ཉམས། །སྟོང་པ་ཡེ་ཤེས་གསལ་བའི་ཉམས། །འབད་

(༢༠༣)རྩོལ་མི་དགོས་ཡེ་གསལ་ཉམས། །འདུ་འབྲལ་མེད་པས་གཉིས་མེད་ཉམས། །དགག་སྒྲུབ་མེད་པས་འོད་གསལ་ཉམས། །རེ་དོགས་མེད་པས་འབྲས་ཐོབ་ཉམས། །དོན་དང་བློ་རུ་ཕྲད་པས་ངོ་མཚར་ཆེ། །ངེས་ཤེས་ཏིང་ནས་སྐྱེས་པས་འགྱུར་ལྡོག་མེད། །ཐམས་ཅད་བརྫུན་དུ་ཤེས་པས་ཞེན་པའི་འཇིག་པ་མེད། །རྣམ་རྟོག་སེམས་སུ་ཤེས་པས་སྤང་བླང་གཉིས་དང་བྲལ། །ཉོན་མོངས་ཡེ་ཤེས་ཡིན་པས་ཉེན་པོ་རྟེན་མི་དགོས། །རང་སེམས་དེ་ལྟར་རྟོགས་ན་ཆོས་སྐུ་ལྷུན་གྱིས་གྲུབ། །ཅེས་གསུང་ནས་བོ་དྷི་རྩེའི་ཕྱག་འཕྲེང་ཉི་ཤུ་རྩ་གཅིག་ཡོད་པ་སྟེ་ལྕང་མའི་སྡོང་པོ་གཅིག་ལ་བཏགས་ཏེ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་ང་ལུང་བསྟན་ན། ཤིང་འདི་ལ་ཤིང་ཁྱོད་སྐྱེ་བར་གྱུར་ཅིག །གལ་ཏེ་མ་བསྟན་ན་མི་སྐྱེ་བར་གྱུར་ཅིག །ཅེས་གསུངས་པས་བོ་དྷི་རྩེ་དེ་ཉིན་ཅིག་ལ་སྐྱེས་སོ། །དེའི་དུས་སུ་རང་གི་སེམས་སྐྱེ་བ་

(༢༠༤)མེད་པ་ཅི་ཡང་མ་ཡིན་པ། ཅི་ཡང་མ་གྲུབ་པ། རྣམ་པ་གསལ་བ། ཅིར་ཡང་སྣང་བ། །ཅིར་ཡང་བཏུབ་བ་འདི་ངོ་མཚར་ཆེ་གསུང་ནས་མགུར་འདི་གསུངས་སོ།། །།སེམས་ཉིད་འོད་གསལ་སྟོང་པ་འདི། །ལྟ་བ་ཡིན་པར་ད་བཟོད་ཤེས། །ཐ་མལ་ཤེས་པ་ཡེངས་མེད་འདི། །བསྒོམ་པ་ཡིན་པར་ད་བཟོད་ཤེས། །འཛིན་མེད་རིག་པ་རྟེན་བྲལ་འདི། །ཉམས་མྱོང་ཡིན་པར་ད་བཟོད་ཤེས། །སེམས་ལ་ངེས་ཤེས་སྐྱེས་པ་འདི། །རྟོགས་པ་ཡིན་པར་ད་བཟོད་ཤེས། །རང་ལུགས་ལྷུག་པ་ཞེན་མེད་འདི། །སྤྱོད་པ་ཡིན་པར་ད་བཟོད་ཤེས། །རང་རིག་ངོ་བོ་གསལ་སྟོང་འདི། །ཆོས་སྐུ་ཡིན་པར་ད་བཟོད་ཤེས། །ཐོག་མེད་རང་སེམས་རྣམ་དག་འདི། །འབྲས་བུ་ཡིན་པར་ད་བཟོད་ཤེས། །ཨེ་མ་རིན་ཆེན་སེམས་ཀྱི་ཀློང་། །རྒྱུའི་དུས་ན་འབྲས་བུ་དངོས། །རྟོགས་ཤིང་མངོན་དུ་མ་གྱུར་ཀྱང་། །མཚན་མའི་དྲི་མས་མི་གཡོག་འཚལ། །

(༢༠༥)ཞེས་གསུངས་སོ། །དེ་ཕྱིན་ཆད་སྡིག་སོག་འཕྲོ་ཆད་ཀྱང་། །ཐུགས་སོ་མ་བསོད་ནས་འོལ་ཁར་བྱོན་ཏེ་དགེ་ལུང་དུ་ཕྱགས་ཕེབ། དེར་ལོ་གསུམ་བཞུགས། དེ་གོང་གཉལ་གྱི་སེ་བ་ལུང་དུ་ལོ་དྲུག་བསྒོམས། དེར་གཟའ་ཡང་ཆེ་བར་བྱུང་། བསྒོམ་ལ་ཡང་བཟའ་དགོས་པར་འདུག་གསུང་། དེ་ནས་བཟོད་སེམས་ཀྱི་ངོ་བོ་ཨེ་ན་ཙམ་མཐོང་། །སྤྱིར་ཁོ་བོ་ལ་བསྒོམ་སྐྱེ་བ་དཀའ་བར་བྱུང་། །རྨི་ལམ་བཟང་པོ་ཅིག་རྨིས་ནས་གདོད་སྐྱེས་པ་ཡིན་གསུང་། རྨི་ལམ་ཅི་ལྟ་ཅིག་རྨིས་ཞུས་པས། གསེར་བརྐོས་པས་ཞོང་པ་གང་རྙེད། འདི་ལ་བརྒྱད་སྟོང་པ་ཅིག་འབྲི་དགོས་བྱས་པ་རྨིས། དེ་ནས་ཆེར་མ་ལོན་པར་ངེས་ཤེས་ཅིག་སྐྱེས། དང་པོ་ནི་ཆོས་ཐམས་ཅད་སེམས་སུ་ཤེས་པ་ཅིག་བྱུང་། །ལྷན་ཅིག་སྐྱེས་སྦྱོར་ཨེ་ན་རེ་ཙམ་མ་རྟོགས་བསྒོམ་པ་ནི་གཏུམ་མོ་ཁོ་ན་བསྒོམས། ཐམས་ཅད་རྟོག་པར་འདུག །རྟོག་པ་བློ་བུར་བར་འདུག །དེ་ཐམས་

(༢༠༦)ཅད་སེམས་སུ་འདུག་སྙམ་པ་ཅིག་ནང་ནས་རང་ཤུགས་ཀྱིས་བྱུང་གསུང་། དེ་ནས་ཅི་ཞིག་ན་ཤེས་པའི་ངོ་བོ་སྔར་འདིས་ཀྱི་མི་དང་ཕད་པ་འདྲ་བ་ཅིག་བྱུང་། རིག་པ་རང་གི་ངོ་བོ་ཡེར་གྱིས་མཐོང་། །སྔར་གྱི་བསྒོམ་དང་མི་འདྲ་བར་སིང་ངེ་ཡེ་རེ་བ་བྱུང་སྟེ། སྔར་གྱི་ཆོས་ཀུན་དང་བླ་མའི་མགུར་ཀུན་ཀྱང་བློ་ལ་བཀྲ་ལམ་གྱིས་བྱུང་། རེས་ནི་སྣང་བ་སྒྱུ་མ་ལྟ་བུར་ཝལ་ཝལ། རེས་འགའ་ནི་ཅོག་གེ་བ་ལྟ་བུ་ཡང་བྱུང་། རེས་ནི་ཤེས་པ་རང་གི་ངོ་བོ་རྩིག་ཕུར་སོང་། ཐམས་ཅད་བསྒོམ་དུ་སོང་ཙ་ན་བསྒོམ་རྒྱུ་མི་འདུག །བསྒོམ་མཁན་དང་བསྒོམ་གྱི་ངོ་བོ་མ་རྙེད། སྔར་ཐོས་པའི་ཆོས་ཐམས་ཅད་ཕྱི་ཤུན་དུ་སོང་། རིག་པ་རང་གི་ངོ་བོ་རྟེན་མེད་དུ་སོང་ནས། སྣང་བ་ལ་བློ་བཏང་མི་དགོས་པ་བྱུང་། རེས་ནི་སྟོང་བར་རྟོགས། རེས་སྒྱུ་མ་རེས་འོད་གསལ་དུ་ཤར་བས་སྣང་བ་ལ་རྟོག་དཔྱོད་བྱ་མ་དགོས་གསུང་། རེས་ནི་ཉམས་ལ་རྒྱང་རྒྱང་སོང་བ་སྙམ་བྱེད་དེ།

(༢༠༧)དེ་ཉམས་རང་ཡིན་པར་འདུག །རྟོགས་པ་བརྟན་དུ་སོང་བ་མིན་པ་བོགས་འདོན་རྒྱུ་ཆེར་མི་གདའ་གསུང་། སྔར་ནི་རྟོག་པ་བན་བུན་བྱུང་ཙ་ན་མེད་ན་དགའ་སྙམ་པ་བྱུང་བ་ལ། དེ་ནས་རྟོག་པ་འོད་གསལ་འབའ་ཞིག་ཏུ་སོང་ནས། ད་ཡོང་གང་གིས་ཀྱང་མི་གནོད་སྙམ་པ་བྱུང་། །དེ་ཕྱིན་ཆད་ནས་འོད་གསལ་འབའ་ཞིག་ཏུ་སོང་། དུས་ད་ལྟ་ཡན་ཆད་དུ་རྒྱུན་ཆད་མེད་དེ། ཉིན་མཚན་མེད་པར་རྒྱུན་ཆད་མེད་རྣལ་འབྱོར་པ་ལ་ཤི་མ་ཤི་མེད་བར་དོ་མེད་སྙམ་པ་ཅིག་བྱུང་། སྔོན་ཙ་ན་བཟླས་པ་མང་པོ་བྱས་ཀྱང་འདྲེ་གདོན་གྱིས་གནོད། ད་ལྟར་བཟླས་པ་རྡོག་ཅིག་མ་བྱས་ཀྱང་གནོད་མི་ནུས་པར་འདུག །སྔོན་དགེ་ཤེས་མཁས་པ་ཀུན་དང་ཕྲད་ན་ཉམ་ང་བསྙམ་བྱེད། ད་ནི་སངས་རྒྱས་བྱོན་ཡང་ཉམ་ང་མེད། གཞན་ཇི་ལྟར་མཁས་པ་ཅིག་དང་གླེང་གླངས་བྱེད་ཀྱང་ཉམ་ང་བ་མེད། ཁོང་གིས་དེ་རྣམས་རྒྱང་དུ་ལུས་ནས་འགྲོ་ཞིང་འདུག །ཡང་ནུབ་ཅིག་རྨི་ལམ་ན།

(༢༠༨)བསེའི་གའུ་ཅིག་རྙེད་པ་ལ། བསྒོམ་པ་བཀྲས་གཡུང་ན་རེ་ང་ལ་སྟོན་ཟེར་བ་ལ། མི་སྟོན་འདི་ན་ཇོ་བོ་རྗེའི་གདུང་རིང་སྲེལ་དང་། བཀའ་གདམས་ཀྱི་གདམ་ངག་རྣམས་བཞུགས་པ་ཡིན་བྱས་པས་ཁོ་ནན་ཆེས་པས་ཁ་ཕྱེ་བ་ཅིག་རྨིས་ཏེ། ད་ལྟ་མི་ལ་ཕན་དམ་དུམ་ཐོགས་པ་བཀའ་གདམས་ལ་བརྟེན་ནས་ཕན་ཐོགས་པ་ཡིན་གསུང་། ཡང་ནུབ་ཅིག་གི་རྨི་ལམ་ན། མི་གཉིས་ལ་ཟངས་དུང་ཆེན་པོ་ཅིག་གཏད་དེ་འབུད་དུ་བཅུག་ནས། ད་ལྟར་དབུས་གཙང་གི་རྒྱལ་ཁམས་ནའ་དུང་འདི་ལས་སྒྲ་ཆེ་བ་མེད་བྱས་པ་ཅིག་རྨིས་ཏེ། སྟོན་ཡོན་བྱ་བ་ཅིག་ཡོད་པ་དེ་ལ་ཁོ་བོ་ལ་དེ་འདྲ་བ་ཅིག་རྨིས་ཏེ། སློབ་མ་འདི་ཀུན་ལ་ཆོས་ཀྱི་བལྟས་ཡིན་ནམ་བྱས་པ་ལ། ཁོང་ན་རེ་སློབ་མའི་ཆོས་ཀྱི་བལྟས་ཡིན་ཏེ་མི་འོང་། བླ་མ་རང་ལ་བལྟས་ཡིན་ཏེ་འོད་ཟེར་བ་ལ་ཕྱིས་དེ་ཁོ་ན་བཞིན་དུ་བྱུང་གསུང་། ཡུང་ནུབ་ཅིག་རང་གིས་ལུས་ལས་རིང་སྲེལ་

(༢༠༩)བྱུང་སྟེ། སྤང་བཤོངས་ཅིག་ལྟེམ་གྱིས་གང་བ་ལ་མང་པོ་ཅིག་ཁོང་དུ་མིད་པ་རྨིས། ད་ལྟ་ངའི་སློབ་མ་བཙུན་ཆུང་གསར་བུ་ཅིག་ཚུན་ཆད་ལའང་། ཤིན་ཏུ་གཉན་པའི་སར་བསྡད་ཀྱང་བར་ཆད་མི་འབྱུང་བའི་བརྡར་འདུག །ཡང་ནུབ་ཅིག་གི་རྨི་ལམ་ན། ཁོ་བོའི་ལག་ན་མཚོན་རྣོན་པོ་ཅིག་ཐོགས་འདུག་སྟེ། ངེས་རང་གི་བརླ་ཤ་ལས་སྤྱད་པས་གཅོད་ཁར་ཉམ་ང་བ་ཙམ་འདུག །སྤྱད་ནས་མི་ཚ་བར་འདུག་སྟེ་ཟོས་པས་ཤིན་དུ་ཞིམ་པར་བྱུང་། གཞན་ཐམས་ཅད་ལ་ཡང་སྤྱད་དུ་བཅུག་ཅིང་བྱིན་གཉིད་སད་པ་དང་གོ་བ་ཅིག་རྙེད་དེ། རང་ལ་ཡོད་པ་རང་གི་ཟོས། རང་ལ་ཡོད་པ་རང་གིས་མྱོང་། བྱ་བར་འདུག །གཞན་ལ་སྤྱོད་དུ་བཅུག་པ་སྟེ། གཡག་ཤའི་བེམས་ལ་གྲི་གུ་སུ་རྣོ་བྱ་བ་ཡིན་ཏེ། ང་ལ་ཆེ་འབགས་ཆེར་འཚེངས། ཆུང་འབགས་ཆུང་འཚེངས་བ་ཡིན། ཡང་ལན་ཅིག་ཁོ་བོའི་ལག་ན།

(༢༡༠)སྒོང་ང་གཉིས་འདུག་པ་ལ་སྒོང་ངའི་ནང་ན། སྒོང་ང་གཉིས་འདུག་པ་ལ་སྒོང་ངའི་ནང་ན། བྱེ་ཕྲུག་སྐད་ཅི་དི་རི་རི་འདོན་པ་རྨིས། གཉིད་སད་པ་དང་། ངས་སློབ་མ་ཚར་ཏེ་འོང་བ་ཡིན་ནམ་སྙམ་པ་བྱུང་། ལར་ཁོ་བོ་ལ་སློབ་མ་དད་པ་ཅན་རྣལ་མ་ཅིག་ར་ཁྲིད་ལུག་ཁྲིད་ཀྱི་ཚུལ་དུ་ཁྲིད་ན། ཟླ་བ་ལྔ་ན་ཕྱིར་མི་ལྡོག་པའི་ས་ལ་འགོད་ནུས་པར་འདུག་གསུང་། དེ་བཞིན་དུ་རང་སེམས་ཀྱི་ངོ་བོའི་དཔེ་དོན་གསུངས་སྟེ། ལྷན་ཅིག་སྐྱེས་པ་གཉུག་མའི་ཡེ་ཤེས་རང་ལ་གནས་པའི་དཔེ། གྱད་ཀྱི་ཁོང་པ་ན་ནོར་བུ་ཡོད་པའམ། དབུལ་པོའི་མལ་འོག་ན་གཏེར་ཡོད་པ་ལྟ་བུ་ཡིན། བླ་མའི་གདམས་ངག་གིས་ངོ་ཤེས་པ་མུན་རུམ་དུ་ཟླ་བ་ཤར་བ་ལྟ་བུའི་དཔེ། སྒྲོན་མེ་ཐོགས་ནས་ཕྱིན་པས་མུན་པའི་ནང་ནས་གསེར་གྱི་བུམ་པ་རྙེད་པ་ལྟ་བུ་སྟེ། དཔེའི་དགོངས་པ་བཞིན་པའོ་གཉིས་འཛིན་གྱི་རྟོག་པ་ཕྲ་རགས་ཐམས་ཅད་རང་སར་ཞི་རྒྱ་མཚོའི་འཁྱག་པ་ལྟ་

(༢༡༡)བུའི་དཔེ་དང་། སྣང་རིག་གི་དངོས་པོ་ཐམས་ཅད་ཆོས་ཉིད་ཀྱི་ངང་དུ་རོ་གཅིག་པ་ཆུ་ལྟོངས་སུ་ཁ་བ་བབ་པ་ལྟ་བུའི་དཔེ། ཚོགས་དྲུག་གི་སྣང་བ་སྣ་ཚོགས་ཆོས་ཀྱི་དབྱིངས་སུ་དག་པ་ནམ་མཁའ་ལ་སྤྲིན་དེངས་བལྟ་བུ་དང་། སེམས་ཉིད་ཡོངས་སུ་དག་པའི་ངོས་ལ་ཤེས་བྱའི་དཀྱིལ་འཁོར་མ་ལུས་པ་གསལ་བ་མེ་ལོང་གཡའ་དང་བྲལ་བའི་དཔེ་སྟེ། དཔེའི་དགོངས་པ་བརྒྱད་པའོ།། །།ལུས་སེམས་བདེ་བ་རྒྱས་པ་གཞོན་ནུ་ཟླ་བ་རྒྱས་པ་ལྟ་བུ་དང་། དེ་ཉམས་སུ་མྱོང་བ་གཞན་ལ་བཤད་དུ་མ་བཏུབ་པ་ལྐུགས་པའི་ལྕེ་ཐོག་ཏུ་སྦྲང་རྩིའི་རོ་གཞག་པ་ལྟ་བུ་དང་། ཕྲ་རགས་ཀྱི་བག་ཆགས་ཐམས་ཅད་རང་སར་དག་པས་འཁོར་བའི་ཆོས་ལ་ཉམ་ང་བག་ཚ་མེད་པ་རི་དྭགས་ཀྱི་རྒྱལ་པོ་སེང་གེ་ལྟ་བུའི་དཔེ་དང་། སེམས་ཉིད་ཡིད་བཞིན་གྱི་ནོར་བུ་དེ་ལ། འཁོར་འདས་ཀྱི་དགོས་འདོད་མ་ལུས་པར་འབྱུང་བ་ནོར་བུ་རིན་པོ་ཆེ་དབང་གི་

(༢༡༢)རྒྱལ་པོ་ལྟ་བུའི་དཔེ་སྟེ། དཔེའི་དགོངས་པ་བཅུ་གཉིས་པའོ། །དེའི་དོན་མགུར་དུ་གསུངས།། །།ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །སེམས་སེམས་ཅན་མ་ལུས་ཐམས་ཅད་ལ། དེ་ཉིད་ཡོད་དེ་རྟོགས་པ་མེད། །དཔེར་ན་གྱད་ཀྱི་ནོར་བུ་བཞིན། །རང་ལ་ཡོད་དེ་ངོ་མ་ཤེས། །རྒྱུན་དུ་འགྲོགས་ཀྱང་ཞལ་མ་མཇལ། །བླ་མའི་དྲིན་གྱིས་དུས་འདིར་རྟོགས། །མུན་པའི་དཀྱིལ་དུ་ཟླ་ཤར་བཞིན། །རང་བློའི་དཀྱིལ་ནས་ཡེ་ཤེས་ཤར། །ཤར་བའི་ཉི་མ་ནུབ་པ་མེད། །ཉམས་སུ་མྱོང་བས་རང་རྒྱུད་ཚིམ། །བྱིན་བརླབས་སྟོབས་ཀྱིས་ཡེ་ཤེས་རྒྱས། །རང་རིག་ཡེ་ཤེས་ནང་ནས་ཤར། །བརྗོད་བྲལ་གྱི་ཉམས་མྱོང་བློ་དང་བྲལ། །དོན་དང་བློ་རུ་ཕྲད་པ་ངོ་མཚར་ཆེ། །མ་བསམས་ལྷུན་གྱིས་གྲུབ་པ་ལ། །བསམ་གྱིས་མི་ཁྱབ་ཡེ་ཤེས་གསལ། །རྟག་ཏུ་ལོངས་སྤྱོད་ངོ་མཚར་ཆེ། །འོད་གསལ་ངོས་བཟུངས་མེད་པ་ལ། །ཉམས་ལེན་བྱེད་པ་རྨད་ཀྱི་ཆོས། །

(༢༡༣)རང་ཉིད་ཆོས་སྐུར་གྱུར་པ་ངོ་མཚར་ཆེ། །སྣང་གྲགས་སེམས་སུ་ཤེས་པས་ཞེ་འདོད་བྲལ། །དགའ་དང་སྤྲོ་བ་རྒྱུན་ཆད་མེད་པ་བྱུང་། །བདེ་བ་ཆེན་པོའི་དོན་ཅིག་རྙེད་པ་འདྲ། །ཕྲ་རགས་སེམས་ཀྱི་བག་ཆགས་དབྱིངས་སུ་དག །སེང་གེ་བཞིན་དུ་འཇིགས་དང་ཉམ་ང་མེད། །སྐྱེ་ཤི་འཁོར་བའི་ཆོས་དང་བྲལ་བ་འདྲ། །ནམ་མཁའ་བཞིན་དུ་ངོས་བཟུང་ཀུན་དང་བྲལ། །ཕྱོགས་ལྷུང་མེད་ཅིང་ཞེ་འདོད་དབྱིངས་སུ་ཞི། །སེམས་ཉིད་དེ་ལྟར་རྟོགས་ན་ལྟ་བ་ཡིན། །སྣང་སེམས་ཅིག་འདྲེས་ཆུ་དང་ཆབ་རོམ་བཞིན། །དེ་དོན་ཅིག་ཏུ་གོ་ན་རྟོགས་པ་ཡིན། །དེ་དོན་ནང་ནས་ཤར་ན་ཉམས་མྱོང་ཡིན། །དེ་ལ་རྩེ་གཅིག་འཇོག་ན་བསྒོམ་པ་ཡིན། །བླ་མ་ཡེངས་དྲན་པ་རྟེན་ན་སྤྱོད་པ་ཡིན། །དེ་ཉིད་ཆོས་སྐུར་རྟོགས་ན་འབྲས་བུ་ཡིན། །དེ་མ་རྟོགས་ན་གཟུགས་སྐུ་འབྱུང་མི་འགྱུར་ཞེས་གསུངས་སོ། །བླ་མས་གསུང་བ་སྟེ་འདི་ཡིན་བར་འདུག་ཨང་སྙམ་པ་བྱུང་། །ཆོས་ཐམས་ཅད་ཕྱི་ཤུན་དང་སྤུན་བ་བཞིན་དུ་ཡལ་

(༢༡༤)ནས་སོང་། །སྐྱེས་བུ་དབུལ་པོས་གཏེར་རྙེད་པའམ། །སྔར་འདྲིས་ཀྱི་མི་དང་ཕྲད་པ་འམ། །འགྲོན་པོ་རང་ཁྱིམ་དུ་སླེབ་པ་བཞིན་དུ་བྱ་སེམས་ཅན་ཐམས་ཅད་དང་བྲལ། །ང་སྐྱེ་བ་ཅིག་གིས་ཐོགས་པའི་སྲིད་པ་ཐ་མ་པ་ཡིན་ཨང་སྙམ་བ་བྱུང་། བསྒོམ་ལྟ་ཐོག་ཏུ་སྐྱོལ། བསྒོམ་བདག་པོའི་ལག་ཏུ་བཏང་། བླ་མ་དྲིན་རེ་ཆེ་ཨང་། གདམ་ངག་ངོ་མཚར་ཆེ་ཨང་སྙམ་དུ། དུས་དེ་ནས་ད་ལྟའི་བར་ལ་ཉམས་ལ་འཕེལ་འགྲིབ་མེད། རྟོགས་པ་ལ་མཐོ་དམའ་མེད། སྤང་བླང་མེད་པའི་དོན་ལ་ཐེ་ཚོམ་མེད་གསུང་། དེ་ནས་ཡང་འོལ་ཁ་གྲབ་ཀྱི་གཙང་པོ་ལ་ཆོས་གོས་གཏིང་ནས་བྱོན། འོལ་ཁ་བསྲུབས་ན་བཞུགས་པའི་ཚེ། ནུབ་ཅིག་གི་རྨི་ལམ་ན་ཁོ་བོ་ལ་བུ་གཅིག་བདུགས་འདི་མགོ་བཅད་རོ་སྦབ་ལ་བཏང་ནས་སྐྱེ་རྒྱུད་བཅད་དོ་བྱས་པ་རྨིས། གཉིད་སད་ནས་འཇིག་རྟེན་བུ་བས་གཅེས་པ་མེད་དེ། བུ་ལ་ཡང་མ་ཆགས་བྱ་བ་ཡིན་སྙམ་པ་ལ་དེ་ཁོ་ན་བཞིན་བྱུང་། དེ་ནས་འཇིག་རྟེན་འདིའི་འཁྲི་བ་ཆོད་པ་ཅིག་བྱུང་གསུང་། འབྲེལ་པའི་དབང་དུ་བྱས་ན་ཡང་། ཚུལ་ཁྲིམས་སྙིང་པོ་དང་འཕགས་པ་ལ་སོགས་ཡིན་

(༢༡༥)ཏེ། འདི་ཀུན་རང་ལ་དགོས་སྙམ་པས་འམ་གཅེས་སྙམ་པ་མེད། རེ་ཤིག་ཙམ་ཁོང་གིས་ང་ལ་གཏུང་བས་དེ་ལས་མ་བཏུབ་གསུང་། སློབ་མ་རྣམས་ལ་ཡང་འདི་སྤང་སྙམ་པ་དང་། འདི་དགོས་སྙམ་པ་མེད་དེ་ཐམས་ཅད་ལ་མཉམ་ཉིད་ཅིག་ལས་མེད་གསུང་། རྫས་དང་ཡོད་བྱད་རྣམས་ལའང་། འདི་ང་ལ་དགོས་སྙམ་པའམ་འདི་ཡོད་ན་རུང་སྙམ་པ་མེད་དེ། རེ་ཤིག་དགེ་འདུན་སྤྱི་ལ་དགོས་སྙམ་ནས་ཐུན་མོང་དུ་བཟུང་བ་ཙམ་ལས། ང་ལ་འདི་དགོས་སྙམ་པ་མེད་གསུང་། ཡང་ནུབ་ཅིག་མི་ནག་པོ་ཅིག་བྱུང་བ་དེ་བསད་པ་རྨིས། དེ་ཕྱིན་ཆད་བདུད་བཞིའི་བར་ཆད་ཀྱིས་མི་ཚུགས་སམ་སྙམ་པ་བྱུང་གསུང་། དེ་ཕྱིན་ཆད་རྨི་ལམ་ཡེ་རྨིས་མ་མྱོང་གསུང་། གཉིད་འོང་བར་འདུག་སྟེ་འོད་གསལ་འབའ་ཞིག་ཏུ་འགྲོ་བར་འདུག་གསུང་། དེའི་དུས་སུ་ཉང་སྒོམ་དང་ཟང་རི་རས་པ་ལ་སོགས་པའི་འཁོར་རྣམས་ལ་མགུར་འདི་གསུངས་སོ།། །།ཆོས་ཉིད་ཀྱི་

(༢༡༦)ཀློང་ནས་དབྱངས་ཅིག་ལེན། །ཡེ་ཤེས་ཀྱི་ངང་དུ་ཚིག་ཅིག་འདེབས། །གཉིས་མེད་ཀྱི་དོན་འདི་གཏན་ལ་འབེབས། །གཞན་ཕན་སྙིང་རྗེ་ཞེན་མེད་འདི། །ཐབས་ཀྱི་མཆོག་ཏུ་བཙིར་གྱིས་བཟུང་། །ལྷན་ཅིག་སྐྱེས་པའི་རྣམ་ཤེས་འདི། །ཡེ་ཤེས་ཡིན་པར་བཙིར་གྱིས་བཟུང་། །ངེས་ཤེས་སྐྱེས་ན་དེ་ཉིད་ཡིན། །མཚན་མར་སྐྱེས་པའི་རྣམ་རྟོག་འདི། །ཆོས་སྐུ་ཡིན་པར་བཙིར་གྱི་བཟུང་། །ཉམས་སུ་མྱོང་ན་སྙིང་པོ་མཐོང་། །བཏགས་པའི་བག་ཆགས་སྣང་གྲགས་འདི། །དོན་དམ་ཡིན་པར་བཙིར་གྱིས་བཟུང་། །བསྟན་པ་ཐོབ་ན་བདེན་པ་མཐོང་། །དེའི་དོན་ཅིག་རྟོགས་འདོད་ན། །ཆུ་བོའི་རྒྱུན་བཞིན་ཉམས་སུ་ལོང་། །བཅས་བཅོས་མ་མང་ལྷུག་པར་ཞོག །བལྟ་ཉུལ་མ་བྱེད་རང་གར་ཞོག །ཡིད་ལ་མ་བྱེད་མི་དམིགས་ཞོག །ཉམས་དང་རྟོགས་པ་ཅིག་དུ་མཆི། །རྒྱུན་ཆད་མེད་པར་རྟོགས་ན་ཡིན། །ནམ་མཁའ་ལྟ་བུ་མཉམ་ན་ཡིན། །རང་སེམས་སངས་

(༢༡༧)རྒྱས་སུ་མཐོང་ན་ཡིན། །ཆོས་ཉིད་མངོན་དུ་རྟོགས་སམ་སྙམ། །མཚན་མ་རང་སར་གྲོལ་ལམ་སྙམ། །མ་བསམས་ལྷུན་གྱིས་གྲུབ་བམ་སྙམ། །འདི་ཕལ་དང་ཕལ་གྱི་སྤྱོད་ཡུལ་མིན། །ཐོས་པ་ཆེ་བས་གོ་བ་མིན། །ཤེས་རབ་ཆེ་བས་ཤེས་པ་ཡིན། །རྟོག་གེ་བའི་སྤྱོད་ཡུལ་མིན། །བྱིན་བརླབས་ཀྱི་ལམ་ལ་གནས་པ་ཡིན། །བླ་མའི་གསུང་ལ་རྟེན་པ་ཡིན། །དད་པ་ཅན་གྱིས་རྟོགས་པ་ཡིན། །དེ་ལྟར་ལགས་སོ་བསྒོམ་ཆེན་ཀུན། །ཀུན་ལ་སྨྲ་བའི་རིགས་མ་ཡིན། །ཅེས་གསུངས་སོ། །ལར་ང་ལ་ནི་བསྒོམ་རྒྱུད་ལ་བསྐྱེད་པར་བྱེད་པ་ལ་དཀའ་ལས་ཆེན་པོ་བྱེད་དགོས་པ་བྱུང་། །ད་ལྟ་ཁྱེད་རྣམས་ལ་ནི་ཚེགས་མེད་དུ་སྐྱེ་ཞིང་འདུག་སྟེ། །གདམ་ངག་ཐབས་ལམ་འདི་ཟབ་བའི་སྟེང་དུ། བཀའ་བརྒྱུད་འདི་ལ་བྱིན་བརླབས་ཀྱི་བབས་ཆེན་པོ་གཞན་དང་མི་འདྲ་བ་ཅིག་ཡོད་པས། བསྒོམས་ནས་བཀའ་བ་སྤྱོད་ནུས་ན་ལམ་སྣ་ཟིན་པ་མང་པོ་འོང་བར་འདུག་

(༢༡༨)གསུང་། བོགས་འདོན་པ་དང་བར་ཆད་སེལ་བ་དང་། ཉམས་མྱོང་རྒྱུད་ལ་སྐྱེ་བར་བྱེད་པ་ལ་ལམ་ཟབ་མོ་བླ་མའི་ལམ་གྱི་དབང་བསྐུར་ཐོབ་ནས། དེ་ཁ་ཡར་བསྒོམ་པ་དང་། གཏུམ་མོ་དང་ཕྱག་རྒྱ་ཆེན་པོ་འབའ་ཞིག་བསྒོམས་པས་ཆོག་པར་འདུག་གསུང་། གཞི་དེར་སྒྲུབ་པ་ལོ་བདུན་ཉམས་སུ་བླངས་པས་མི་མང་པོ་འདུས་ནས་ཐུགས་སེ་མ་བསོད་པས། ཟང་ཟིང་ཆེན་པོ་བྱུང་བའི་ཡོ་བྱད་རྣམས། འོལ་ཁའི་སྡེ་པ་རྣམས་ལ་དགོས་ཏེ་བྱིན། དབྱར་འོ་སྟེ་གུང་རྒྱལ་གྱི་གངས་ལ་བསྒོམ་དུ་བཞུགས་བསམ་ཙ་ན། ཐོ་རངས་ཁ་ཅིག་དངོས་ཀྱི་གདུལ་བྱ་ཡལ་བར་འདོར་བ་བྱང་ཆུབ་སེམས་དཔའི་ལྟུང་བ་ཡིན། ཟེར་བའི་སྒྲ་ཅིག་ནམ་མཁའ་ལས་བྱུང་། དེ་ནས་རིང་ཞིག་མ་ལོན་པ་ན། རྩང་པོའི་གཟུགས་སུ་འདུག་པ་ལ་དར་གྱི་ཐོད་ཆེན་པོ་བཅིངས་པ། མགུལ་ན་གཡུ་ཆེན་པོ་བཏགས་པ་ཅིག་བྱུང་ནས། དེ་ན་རེ་འདིར་བཞུགས་ན་

(༢༡༩)ཡོན་བདག་ནི་ངས་བྱེད་པ་ཡིན། ད་མི་བཞུགས་ན་ངའི་བུ་དགས་ལྷ་སྒམ་པོ་ཅན་དུ་བཞུད་ཅིག །ཁོས་ཁྱེད་ཀྱི་ཐུགས་དགོངས་ཡོངས་སུ་རྫོགས་པར་བྱེད་ཀྱིས། བདག་མཁའ་ལ་རྒྱུ་བའི་ཡི་དྭགས་སུ་སོང་བས། སེམས་ཅན་ལ་གནོད་པ་སྐྱེལ་སྙམ་པ་མེད་ཀྱང་མང་པོ་ལ་བཤིས་ཀྱིས་གནོད་པར་འདུག་པས། སྡིག་བཤགས་ཅིག་ཀྱང་ཞུ། སྐྱབས་འགྲོ་སེམས་བསྐྱེད་ཀྱང་ཐུགས་ལ་བཏགས་པར་ཞུ་ཟེར། དེར་སྟོབས་བཞིའི་སྒོ་ནས་སྡིག་པ་བཤགས་ཐབས་དང་། བྱམས་སྙིང་རྗེ་ལ་བློ་སྦྱང་ཐབས་དང་། སྐྱབས་འགྲོ་སེམས་བསྐྱེད་གནང་ནས་ཕྱག་རྒྱ་ཆེན་པོའི་བསྒོམ་ཅིག་གདབ་དགོས་སྙམ་ཙ་ན། ནམ་མཁའ་ལ་འཇའ་ཡལ་བ་བཞིན་སོང་། དེ་ནས་དག་ལྷ་སྒོམ་པོར་བྱོན་ནས། ལོ་བཅུ་གཉིས་སུ་འདག་ཆར་བ་དགོས་སྙམ་ནས། ཟངས་ལུང་དུ་འདག་ཆར་གྱི་ཁང་པ་ལེགས་པ་ཅིག་བྱས་ནས། དང་པོ་ཆུའི་བཅུད་ལེན་བྱ་དགོས་སྙམ་ཙ་ན། ཆུ་མི་འདུག་

(༢༢༠)ནས། རས་བསྒོམ་རས་པས་ཆུ་མི་གདའ་ཞུས་པས། ཁ་སང་བསྡད་པའི་བྲག་ཙའི་སྟན་ཆུང་སོལ་ལས་ལྟོས་དང་གསུང་། རས་བསྒོམ་རས་པས་ཆུ་སྐྱོགས་ཁྱེར་ནས་བཞུགས་གདན་བསལ་བས། དེའི་འོག་ན་ཆུ་མིག་ཁོག་མའི་ཁ་ཙམ་ཅིག་རྡོལ་ནས་འདུག །འདི་ལ་གཏིང་ཇི་ཙམ་ཡོད་སྙམ་ནས་བལྟས་པ་ལས། གཏིང་མི་འདུག་སྟེ་རིན་པོ་ཆེའི་ཞལ་ནས་ངའི་འདི་བཅོམ་ལྡན་འདས་ཀྱི་མདའ་ཆུ་ཁྲོན་པ་སྐྱེས་དང་འདྲ་གསུང་ནས་རྟོགས་ལྡན་ལ་དགེ་སྦྱོར་དགོས་པའི་རྒྱུ་མཚན་ལྔའི་མགུར་གསུངས་པ།། །།ཤེས་བྱ་གཤིས་ཀྱི་སྟོང་པ་སྟེ། །ཞེན་པ་བྲལ་ཡང་དོན་མ་རྟོགས། །གཉིས་འཛིན་ཅན་གྱི་བསྒོམ་ཆེན་ཏེ། །ཉམས་སུ་མྱོང་ཡང་དོན་མ་ཡིན། །རྟོགས་པ་མེད་པའི་ལྟ་བ་སྟེ། །མཐའ་བྲལ་ཟེར་ཡང་བློས་བྱས་ཡིན། །གདོས་

(༢༢༡)ཐག་མ་ཆོད་བསྒོམ་ཆེན་ཏེ། །ཏིང་འཛིན་བཟང་ཡང་འཁོར་བའི་རྒྱུ། །སྙིང་རྗེ་མེད་པའི་ཆོས་པ་སྟེ། །འབད་རྩོལ་བྱས་ཀྱང་ཉན་ཐོས་ལམ། །ལར་ནི་བླ་མའི་གདམ་ངག་གཅེས། །དེ་བས་ཉམས་སུ་ལེན་པ་གཅེས། །ཤེས་གསུངས་ཏེ། འདག་ཆར་བྱ་དགོས་སྙམ་ཙ་ན། བུད་མེད་ལུས་ལ་ཐལ་བ་བྱུགས་པ་ལག་ན་རྨ་བྱའི་སྒྲོ་བཟུང་བ་ཅིག་ན་རེ། བཅུ་གཉིས་འདག་ཆེར་བྱས་པ་བས། བཅུ་གཉིས་བསྟན་པ་སྤེལ་ན་དགའ་ཟེར་ནས་མི་སྣང་ངོ་། །དེ་ནས་ཞག་འགའ་ལོན་ནས། གཙང་གི་ཀློག་སྐྱ་སྟོན་པ་བྱ་བ་འཇིག་རྟེན་ཆོས་བརྒྱད་ལ་ཞེན་ཅིང་ཚུལ་ཆོས་ཆེ་བ་ཅིག་བྱུང་ནས། གདམ་ངག་ཞུ་ཟེར་བ་ལ་གསུངས་པ། ཕུང་པོ་སངས་རྒྱས་མངའ་བདག་སྟེ། །ཞེན་ཆགས་ལུས་ཀྱིས་མ་བཅིངས་སམ། །གསང་སྔགས་ནང་གི་སྤྱོད་པ་སྟེ། །དམན་པའི་སྤྱོད་པས་མ་སླད་མ། །དམ་ཚིག་སྡོམ་པ་སྲོག་

(༢༢༢)ཤིང་སྟེ། །ཉོན་མོངས་མེའི་མ་བསྲེགས་སམ། །འགྲོ་དྲུག་སེམས་ཅན་མར་གྱུར་ཏེ། །རང་དོན་ཕྲ་མོས་མ་སྤངས་སམ། །རྒྱུན་མི་ཆད་པའི་བསམ་གཏན་ཏེ། །སྤྲོས་པའི་གཡོང་བས་མ་ཁྱེར་རམ། །འགྱུར་མེད་ལྟ་བ་ལྷུན་གྲུབ་སྟེ། །གཉིས་འཛིན་མཐའ་རུ་མ་ལྷུང་ངམ། །ཞེན་མེད་བསྒོམ་པ་བདེ་གསལ་ཏེ། །མཉམས་མྱོང་གི་རྩི་ལ་མ་འབྱར་རམ། །སྤྱོད་པ་རང་བྱུང་ལྷུག་པ་སྟེ། །ཚུལ་ཆོས་ཀྱི་སྤྱོད་པས་མ་སླད་དམ། །དུས་ལ་མ་བབ་བརྟུལ་ཞུགས་ཀྱིས། །གསང་སྔགས་ཀྱི་དམ་ཚིག་མ་ཉམས་སམ། །ནང་གི་གདེང་དང་མི་ལྡན་པར། །ལས་འབྲས་ཁྱད་དུ་མ་བསད་དམ། །ཡོན་ཏན་མངའ་བའི་བསྒོམ་ཆེན་ཀུན། །ང་རྒྱལ་གྱི་རི་བོས་མ་ནོན་ནམ། །ཆོས་བརྒྱད་ཀྱི་སྒྲོག་ཏུ་མ་ཚུད་དམ། །ཚེ་འདིའི་ལྕགས་ཀྱུས་མ་བཟུང་དམ། ཁེགས་པར་བསོམས་དང་སྒོམ་ཆེན་ཀུན། །མ་མཐོང་གི་གཡང་སར་

(༢༢༣)ལྷུང་ཉེན་གདའོ། །ཅེས་གསུང་ནས། །བསྒོམ་གྱི་གདམ་ངག་གནང་ནས་བསྒོམ་དུ་བཅུག་པས་ཕྱིས་ཆོས་བརྒྱད་ཆུང་དུ་སོང་ནས་བསྒོམ་ཆེན་ཁྱད་པར་འཕགས་པ་ཅིག་བྱུང་ངོ་། །དེ་ནས་ཞག་འགའ་ན་དགེ་ཤེས་རྒྱལ་བ་ཁྱུང་ཚང་ཅན་བྱུང་། །དེ་ནས་དགེ་ཤེས་གཉན་ནག་བྱུང་། །དེ་ནས་སྙགས་དམར་པོ་དང་། །དེ་ལ་སོགས་པ་དྲུག་བཅུ་ཙམ་འདུས། །དེ་རྣམས་ཀྱི་ཁྲིད་ཚར་བར་བྱས་ལ་འཚམས་དམ་པོ་བྱ་དགོས་སྙམ་ཙ་ན། དབུས་གཙང་ཁམས་གསུམ་གྱིས་སྣོད་དང་ལྡན་པའི་གང་ཟག་རྣམས། །དུས་གཅིག་ལ་འདུས་སོ། །དེ་རྣམས་ཐམས་ཅད་ལ་ཡང་རིང་པོར་མ་ལོན་པར་ཉམས་མྱོང་དཔག་ཏུ་མེད་པ་དང་། རྩ་རླུང་གི་ཡོན་ཏན་ཁྱད་པར་ཅན་ཡོད་པ་དང་། མངོན་པར་ཤེས་པ་དྲུག་ཀ་དུས་ཅིག་ལ་ཤར་བའི་གང་ཟག་ཤ་སྟག་བྱུང་ཞིང་། འཁོར་དེ་རྣམས་ཀྱང་མ་དག་པའི་དངོས་པོ་བརྒྱད་མི་འཆད་

(༢༢༤)ཞིང་། ཙོག་བུའི་རྣལ་འབྱོར་ལ་བརྩོན་ཅིང་། སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་གནས་པ། གསངས་སྤྱོད་དང་། སྨྲ་བཅད་དང་། རི་མཚམས་དང་འདག་ཆར་ཁོ་ནས་དུས་འདའ་བ་རྣམས་བྱུང་ངོ་། །དེའི་དུས་སུ་འཁོར་མངས་པས་གཡེངས་ནས་ཐུགས་སོ་མ་བསོད་དེ། །སྟོབས་ལུང་བྱ་བའི་ལུང་པ་གཉན་པོ་མི་མ་ཡིན་མངོན་གསུམ་དུ་འདུས་ནས་ཀླག་གཅོར་གྱི་སྒྲས་ལུང་པ་ཁེངས་པ་ཅིག་ཡོད་པ་དེར་བྲོས་ནས་བཞུགས་ཏེ། འཁོར་རྣམས་ཀྱིས་འདིར་འོང་མི་ནུས་སྙམ་པ་ལ། ཁོང་འགའ་ཙམ་བྱུང་བས་འདི་པ་སྙིང་ནས་ཆོས་བྱེད་པར་འདུག་དགོངས་ནས། ཁྱོད་རྣམས་ལུས་སྲོག་ལ་མ་ལྟོས་པར་འདིར་འོངས་ཕྱིན་ཆད་ཆོས་གང་འདོད་པ་སྦྱིན་ནོ་གསུངས་པས་ཁོང་རྣམས་ན་རེ་ཅི་སྣང་བ་ཅིག་ཞུ་ཟེར་བ་ལ། ཆོས་འདི་མགུར་དུ་གསུངས་སོ།། །།ན་མོ་གུ་རུ། ཡུན་རིངས་མི་སྡོད་འཆི་བར་

(༢༢༥)ངེས་ཀྱིས་ཐར་བ་མྱུར་དུ་སྒྲུབས། །ཉི་མ་ནུབ་པའི་གྲིབ་སོ་བཞིན་དུ་མི་རྟག་ཕ་རོལ་འགྲོ་ངེས་ཀྱིས། །ལེ་ལོ་སྙོམས་ལས་སྤོངས་ལས་བཙོན་འགྲུས་དྲག་པོ་མེ་བཞིན་སྤོར། །ཚེ་ལ་བློ་གཏད་མེད་པར་ངེས་ཀྱིས་རྒྱན་པར་ཉམས་སུ་ལོང་། །ཉམས་སུ་བླངས་ན་བློ་དང་བྲལ་བའི་ཉམས་རྟོགས་དུས་ཅིག་འཆར། །རྒྱུ་ལས་འབྲས་བུ་འབྱུང་བར་ངེས་ཀྱིས་ལས་འབྲས་ཁྱད་མི་བསད། །ངན་སོང་སྡུག་བསྔལ་དྲན་པར་གྱིས་ལ་གཉེན་པོ་དྲག་ཏུ་བསྐྱེད། །རང་ཉིད་གཅིག་པུ་ཐར་པར་འདོད་ན་ཐེག་དམན་ཉན་ཐོས་ཆོས་ཡིན་པས། །མའི་དྲིན་དྲན་གྱིས་ལ་བྱམས་དང་སྙིང་རྗེ་རྒྱུན་དུ་བསྒོམས། །བྱང་སེམས་སེམས་ཅན་སྒྲོལ་བའི་སྨོན་པ་དྲག་ཏུ་བསྒོམས། །གོམས་པར་བྱས་ན་རང་ལ་ལྟོས་མེད་གཞན་ཕན་ཤུགས་ཀྱིས་འབྱུང་། །རང་རྒྱུད་གཏིང་ནས་འབྱོངས་ཤིང་སྒྲིབ་པ་གཉིས་པོ་ཤུགས་ཀྱིས་མཛད། །ཆོས་རྣམས་

(༢༢༦)ཐམས་ཅད་སྒྱུ་མ་རྨི་ལམ་གཟུགས་བསྙན་ལྟ་བུར་ནི། །གོ་བར་གྱིས་ལ་ཚེ་འདིའི་འདོད་དང་ཞེན་པ་ཟིལ་གྱིས་གནོན། །དེ་ལྟར་གོམས་ན་རང་བློ་གཏིང་ནས་ལྡོག །རང་ལོ་མ་ལོག་གང་ཟག་དེ་དག་གིས། །ཉོན་མོངས་བསལ་ནས་ཐར་པ་ཐོབ་མི་འགྱུར། །ཞེས་གསུང་ཞིང་། །ལར་གང་ཟག་གི་སེམས་ཀྱི་ངོ་བོ་ཅིར་ཡང་མ་གྲུབ་པར་ཤེས་ན། །དེའི་ངང་ལ་བཞག་པ་དེ་ལས་ལྷག་པ་ཅི་ཡང་མེད་དེ། རྣམ་པར་རྟོག་པ་ཕྲ་མོ་བྱུང་ཡང་མི་ལྟོ། །དེ་རང་ལ་བལྟས་པས་ཚུར་ལོག་ནས་འོང་། །སེམས་ཀྱི་ངོ་བོ་ཅི་ཡང་མ་ཡིན་པ་ལས་ལྷག་པ་གང་ཡང་མེད་དེ། རྟོག་མེད་ཀྱི་ཏིང་འཛིན་ནམ་མཁའ་ལྟར་ཚལ་གྱིས་སོང་བ་དང་། རིག་པའི་ངང་ལ་མ་ཡེངས་པ་གཉིས་གང་དགའ་བལྟ་སྟེ། རྟོག་མེད་ལུང་མ་བསྟན་དུ་འདུག་པ་དེས་དོན་མི་འགྲུབ། དེ་བས་previous hit མལགྱིཤེས next hit་དགའ། ཡང་ནམ་མཁའི་ཁམས་ཐམས་ཅད་ལྷ་དང་ལྷ་མོས་གང་བ་ལ། དེ་རྣམས་

(༢༢༧)ཀྱིས་བདག་ཡར་དྲངས་ཏེ། དེ་རྣམས་དང་བདག་ཐ་མི་དད་དུ་གྱུར་པ་གཉིས་གང་དགའ་བལྟ་སྟེ། དེ་རྣམས་དེས་ལྟར་སྣང་ཡང་། སེམས་ཀྱི་འཁྲུལ་སྣང་འགྱུར་བ་ཅན་ཡིན་པས། དེ་བས་ཀྱང་previous hit མལགྱིཤེས next hit་རང་དགའ། ཡང་རང་ཉིད་སངས་རྒྱས་སུ་བྱས་ཏེ། སྐུ་མཚན་དཔེ་ལ་སོགས་པས་རྒྱན་པ་འཇའ་ཚོན་ལྟར་གསལ་བ་བྱུང་ཡང་། དེ་བློ་བྱས་བསྐྱེད་པའི་རིམ་པ་ཡིན་པས། དེ་བས་ཀྱང་previous hit མལགྱིཤེས next hit་དགའ་གཞན་གྱིས་རང་ལྷར་མཐོང་ཡང་དེ་བས་ཀྱང་previous hit མལགྱིཤེས next hit་དགའ། ཡང་མཚན་ཉིད་པའམ་བཀའ་གདམས་པ་ལྟར། བཟུང་འཛིན་གཉིས་ཀ་གཞི་མ་གྲུབ་པར་སྐྱེ་མེད་དུ་བྱས་ནས། སྣང་བ་སྣ་ཚོགས་དཀར་དམར་འདི་ལ་ཡིད་ཀྱིས་སྣང་བ་ཨ་ཅང་ཆེ་ན། མིག་གིས་ཀྱང་མ་མཐོང་བར་ཆོས་ཐམས་ཅད་ནམ་མཁའ་རྣམ་པར་དག་པའི་དཀྱིལ་ལྟར་གྱུར་ཀྱང་། དེ་ཡང་བློ་བྱས་ཀྱི་སྟོང་པ་ཤེས་བྱའི་གཤིས་ལ་ཤོར་བ་བྱ་བ་ཡིན་ཏེ།

(༢༢༨)དེ་བས་ཀྱང་previous hit མལགྱིཤེས next hit་རང་དགའ། །previous hit མལགྱིཤེས next hit་ཉམས་སུ་མྱོང་བ་ལ་གསང་སྔགས་ནས། །གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས་གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བརྟེན་པ་དང་། །རང་གི་བསོད་ནམས་ལས་ཤེས་བྱ། །ཆོས་དེ་རྣམས་གནང་སྐད། །དེ་ནས་སྒམ་པོར་གདན་དྲངས་ནས་བསྒོམ་ཆེན་པ་རྣམས་ཀྱིས་ཆོས་ཞུས་པའི་དུས་སུ། རིན་པོ་ཆེའི་གསུང་ནས་ངའི་བཀའ་གདམས་ཀྱི་བླ་མ་རྣམས་ཀྱི་ཞལ་ནས། སྟོང་ཉིད་རྟོགས་ན་རྒྱུ་འབྲས་ལ་ཞིབ་ཆ་ཆེར་འགྲོ་གསུང་བ་ཤིན་ཏུ་བདེན་པར་གདའ། ལར་བཀའ་གདམས་ཀྱི་བླ་མ་རྣམས་ཀྱི་བླ་མ་རྣམས་ལའང་ཆོས་ཀྱིས་བབས་ཆེན་པོ་ཅིག་འདུག །ད་ཁྱེད་རྣམས་ཀྱང་ངའི་ཁ་ལྟ་འདི་ལ་ཉོན་ཅིག་གསུང་ནས། ཞལ་ལྟ་ཚོགས་ཆོས་ཀྱི་མགུར་འདི་བཞེངས་སོ།། །།ཡོངས་དགྲ་ལ་ཞེ་སྡང་ཆེ་བ་དང་ཅིག །གཉེན་ལ་གདུངས་སེམས་ཆེ་བ་དང་གཉིས། །ནོར་ལ་ཞེན་ཆགས་

(༢༢༩)ཆེ་བ་དང་གསུམ། །དེ་གསུམ་ཆོས་པའི་སྤང་བྱ་ལགས། །ཆོས་བཤའ་མ་ཅིག་བྱེད་ན་འདི་གསུམ་སྤོངས། །སྙིང་ནས་མཛད་ན་འདི་གསུམ་སྤོངས། །ལྷོ་ཆིད་བྱང་དུ་སྐྱེལ་བ་དང་། །རྐང་ལེབ་བྲན་དུ་འཁོར་བ་གཉིས། །ལུང་སྟོང་གི་གྲོགས་བུར་གཡེང་བ་གསུམ། །དེ་གསུམ་ཆོས་པའི་ཆོས་བརྒྱད་ཡིན། །ཆོས་བཤའམ་ཅིག་བྱེད་ན་འདི་གསུམ་སྤོངས། །སྙིང་ནས་མཛད་ན་འདི་གསུང་སྤོངས། །སྟོན་པ་རྒས་པའི་བཟའ་དཔོན་དང་། །ཞེན་ལོག་རྒས་པའི་གསོག་འཇོག་དང་། །རྟོགས་ལྡན་རྒས་པའི་སློབ་གཉེར་གསུམ། །དེ་གསུམ་ཆོས་པའི་སླ་འཚོང་ཡིན། །ཆོས་བཤའ་མ་ཅིག་བྱེད་ན་འདི་གསུམ་སྤོངས། །སྙིང་ནས་མཛད་ན་འདི་གསུམ་སྤོངས། །མང་པོ་ཐོས་པའི་ཚིག་ཡུས་དང་། །ཅིག་པོར་བསྡད་པའི་བསྒོམ་ཡུས་དང་། །བཀའ་ཐུབ་བྱས་པའི་ལྟོགས་ཡུས་གསུམ། །འདི་གསུམ་ཆོས་པའི་ཁོང་སྲན་

(༢༣༠)ཡིན། །ཆོས་བཤའ་མ་ཅིག་བྱེད་ན་འདི་གསུམ་སྤོངས། །སྙིང་ནས་མཛད་ན་འདི་གསུམ་སྤོངས། །སྡིག་ཟས་ཁྲ་བོའི་ཤ་དང་ཅིག །མྱོས་བྱེད་སེར་མོའི་ཆང་དང་གཉིས། །སླུ་བྱེད་ན་ཆུང་གཞོན་དང་གསུམ། །འདི་གསུམ་ཆོས་པའི་རྩན་དུག་ཡིན། །ཆོས་བཤའ་མ་ཅིག་བྱེད་ན་འདི་གསུམ་སྤོངས། །སྙིང་ནས་མཛད་ན་འདི་གསུམ་སྤོངས། །མ་མཐོང་མངོན་ཤེས་འཆད་པ་དང་། །དམངས་པོའི་སྲིའུ་བསོ་བ་དང་།། །།མི་།ཐུབ་ནད་པའི་སྔས་བསྲུངས་གསུམ། །འདི་གསུམ་ཆོས་པའི་སད་ཁྱེར་ཡིན། །ཆོས་བཤའ་མ་ཅིག་བྱེད་ན་འདི་གསུམ་སྤོངས། །སྙིང་ནས་མཛད་ན་འདི་གསུམ་སྤོངས། །ཤེས་གསུངས་སོ། །དེ་ཡན་ཆད་རང་སྣང་གིས་བསྡུས་པའི་ཡོན་ཏན་ནོ།། །།གཞན་སྣང་གིས་བསྡུས་པའི་ཡོན་ཏན་ནི། །གཞན་ཡང་སྐྱེས་བུ་ཆེན་པོ་དེས་ངོ་མཚར་བའི་སྤྱོད་པ་སྣང་བ་དང་མི་སྣང་བ་དང་། མང་པོ་ཅིག་ཏུ་མཛད་པ་དང་། ཅིག་མང་

(༢༣༡)པོར་སྤྲུལ་པ་ལ་སོགས་པ། སྐུའི་བཀོད་པའི་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་ཅིག་མཛད་དེ། དེ་ཡང་དྭགས་པོ་ལྷ་ས་བ་ན་རེ། །བླ་མ་རིན་པོ་ཆེས་དགུན་ཟླར་བའི་ཚེས་བཅུ་གསུམ་གྱི་ཉིན་པར་དགས་པོ་ལྷ་སར་བྱོན་ནས། བཅུ་བཞི་ཉིན་པར་སྟ་གོན་མཛད། བཅོ་ལྔ་ལ་མེ་ཏོག་གཏོར། བཅུ་དྲུག་ལ་བཏང་རག་གི་མཆོད་པ་དང་། ཆོས་སྟོན་དང་འབུལ་བ་རྒྱ་ཆེན་པོ་བྱས་སོ་ཞེས་བཅུ་བདུན་གྱི་ཉིན་པར་གསུང་རབ་མང་པོ་དང་། ནས་ཤ་མར་སྣམ་བུ་མང་པོ་ལ་སོགས་པ་ལོངས་སྤྱོད་ཀྱི་འབུལ་བ་རྒྱ་ཆེན་པོ་སྒམ་པོར་སྐྱལ་ནས་དེ་རྣམས་ཀྱིས་བསྔོ་བ་ཡང་མཛད་དེ། གྲ་ལ་དེ་མ་ཞིག་པར་ཡོན་བདག་དགེ་འབུལ་འཁོར་བཅས་བྱུང་ནས་བླ་མ་ཆེན་པོ་ཆོས་ངེད་ལ་ཐུགས་ལ་བཏགས་པས་ཚེས་བཅུ་བཞིའི་ཉིན་པར་སྟ་གོན་བྱས། བཅོྭ་ལྔྔའི་ཉིན་པར་མེ་ཏོག་གཏོར། བཅུ་དྲུག་ལ་བཏང་རག་

(༢༣༢)དང་ཆོས་སྟོན་འབུལ་བ་བྱས་ནས་དཔོན་སློབ་འདུན་གྱི་ནམ་མཁའ་ལ་བཞུད། ངོ་མཚར་རེ་ཆེ་ཟེར་ནས་ཤ་ཐུད་མང་པོའི་འབུལ་བ་ཡང་སྐྱལ། ཡོན་བདག་ངའི་བསྔོ་བ་ཡང་མཛད་དོ། །གཞི་ལ་ཡོད་པའི་གྲ་པ་རྣམས་ན་རེ། རིན་པོ་ཆེ་པ་ནི་དུས་དང་རྣམ་པ་ཐམས་ཅད་དུ་མཚམས་ལ་གནས་པ་ཡིན་པ་ལ། དགུན་ཟླར་བའི་བཅུ་གསུམ་ལ་མཚམས་ཕྱུང་ནས། བཅུ་བཞིའི་ཉིན་མཚན་ལ་གཙང་པ་རྣམས་ལ་འཁྲིད་མཛད། བཅོྭ་ལྔའི་ཉིན་མཚན་ལ་ཁམས་པ་རྣམས་ལ་འཁྲིད་མཛད། བཅུ་དྲུག་གི་ཉིན་མཚན་ལ་དབུས་པ་རྣམས་ལ་འཁྲིད་མཛད་དེ། །བླ་མ་རིན་པོ་ཆེ་ནི་གང་དུ་ཡང་མ་བཞུད་ཟེར་རོ། །ཉེ་གནས་གསལ་བྱང་དང་། །བསྒོམ་པ་ལེགས་མཛེས་དང་། །ཤོ་སྒོམ་བྱང་ཡེས་གསུམ་ན་རེ། བླ་མ་རིན་པོ་ཆེ་པས་ནི་ཟླ་བ་གསུམ་ལ་ཆོས་ཀྱང་མ་བཤད་གར་ཡང་མ་བཞུད། །གསོལ་ཟས་ཀྱང་མ་གསོལ། །སྨྲ་བཅད་མཛད་དེ་སྐྱོ་གསངས་ལ་ཡང་མ་བཞེངས། གཟིམས་མལ་

(༢༣༣)ཁོ་ནར་བཞུགས་ཤིང་འདུག་ཟེར་རོ། །ཡང་དུས་ཅིག་གི་ཚེ་ན་བསྒོམ་པ་ལེགས་མཛེས་ཀྱིས། །སྔོན་གྱི་ཉན་ཐོས་རྣམས་ཀྱིས་ནི་ཟད་པར་དང་། ཟིལ་གནོན་གྱི་ཏིང་ངེ་འཛིན་མང་པོ་འགྲུབ་པར་འདུག །ད་ལྟ་མི་འགྲུབ་པར་འདུག་པ་འདི་ཅིས་ལན་ཞུས་པས། དེས་སེམས་སྦྱོང་མི་ནུས་པས་ལན་པ་ཡིན་མོད། སྒྲུབས་ནས་མི་འགྲུབ་པའི་དོན་མེད་གསུང་། དེའི་ནང་པར་ཞོལ་བུ་རམ་བླུག་ནས་འདྲེན་དུ་སོང་ཙ་ན། བླ་མའི་གཟིམ་མལ་ན་མེ་ཆེན་པོ་ཅིག་འབར་ཞིང་ཐོག་ལ་རེག་རེག་འདུག །ཁོང་དེ་ལ་བྲེད་ནས་གསལ་བྱང་སྦྲན་ནས་ཕྱིན་ཙ་ན་མེ་མི་འདུག་ཟང་བར་མེ་ཡིས་ཏིང་ངེ་འཛིན་བསྟན་པར་འདུག་སྟེ། བླ་མ་ཉིད་ཀྱི་སྐུར་སྣང་ངོ་། །ཡང་ལན་ཅིག་གི་ཚེ་མར་མེ་འགའ་བྱས་ནས་མཆོད་ཁང་དུ་སྐྱེལ་ཕྱིན་པས། མཚོད་ཁང་ཆུས་མེར་གྱིས་ཁེངས་ནས་འདུག །དེ་ཅི་ཡིན་ནམ་སྙམ་ནས་སེ་སྐོལ་འགའ་བྱས་ནས། བླ་མའི་གསུང་ནས་ཡར་ཤོག་གསུང་སྟེ་ཆུའི་སྣང་བ་མེད་

(༢༣༤)པར་གྱུར་ཏོ། །ཡང་ཉིན་ཅིག་གྲོའི་རྗེས་ལ་སྟེང་ཁང་ན་བཞུགས་པའི་ཚེ། །ཡོན་བདག་དར་རྒྱལ་བྱུང་ནས། རིན་པོ་ཆེ་པ་ལ་ཇ་འདི་འབུལ་འདོད་ཟེར། དེ་ཞུར་ཕྱིན་པས་གསེར་གྱི་མཆོད་རྟེན་འོད་ལྷག་གེ་འདུག །ཡོན་བདག་ལ་སྟོན་དགོས་སྙམ་ནས་ཁྲིད་སོང་ཙ་ན་བླ་མ་ཉིད་བཞུགས་ནས་འདུ །ཡང་དུས་ཅིག་གི་ཚེ་ན། དགྲ་བཞི་ལམ་ཁྱེར་གྱི་གདམ་ངག་འདི་ཞུ་སྙམ་ནས་གཏོར་མ་ཅིག་ཁྱེར་ཏེ་སོང་ཙ་ན་ནང་དང་ཕྱི་རོལ་གང་ན་ཡང་མི་བཞུགས་པར་འདུག །དེ་ནས་ཁྱོད་ཅི་འདོད་ཡར་ཤོག་གསུང་ནས། བླ་མ་གཟིམ་མལ་ན་བཞུགས་ནས་འདུག །དེ་རྣམས་ནི་ཟད་པར་མེ་དང་ཆུ་དང་ས་དང་ནམ་མཁའི་ཏིང་ངེ་འཛིན་ནི་ཕྱོགས་རེ་ཙམ་བསྟན་པ་ཡིན་ནོ། །ཡང་དགེ་ཤེས་ཁམས་པ་ན་རེ་སློབ་དཔོན་བསྒོམ་པ་ལ། བླ་མ་རིན་པོ་ཆེ་ལ་གྲིབ་མ་མེད་པ་ཁྱེད་ཀྱིས་རྟོགས་སམ་གསུང་། །ནུབ་མོ་མར་མེ་ལ་བལྟས་ཀྱང་གྲིབ་མ་མི་འདུག །ཉིན་པར་ཉི་མ་ལ་བལྟས་ཀྱང་གྲིབ་མ་མི་

(༢༣༥)འདུག་སྟེ། དུས་ཐམས་ཅད་དུ་གྲིབ་མ་མེད་པ་ཡིན་གསུང་། གཞན་ཡང་ནམ་མཁའ་ལ་དཀྱིལ་དཀྲུངས་མཛད་པ་དང་། བྲག་རི་ཆེན་པོ་ལ་ཐལ་བྱུང་དུ་གཤེགས་པ་ལ་སོགས་པའི་རྫུ་འཕྲུལ་མང་པོ་མཛད་ཅིང་། ཡང་འབྲོ་ཁྱི་རྫིའི་ཁྲུག་པ་བསྡུམ་པ་ལ་བྱོན་པས། བསྒོམ་ཆེན་རྣམས་སྔོན་ལ་བཏང་བླ་མས་འཇའ་ལ་ཆིབས་ཏེ་བྱོན་པས་འཁྲུག་པ་ཐམས་ཅད་རང་ཞིར་གྱུར་ཏོ། །ཡང་ལན་ཅིག་བསྒོམ་པ་བློ་བསྟན་གྱིས་ཤོ་གུ་འབུམ་ཚར་ཅིག་འབུལ་དུ་བྱུང་བ། སྤྱན་སྔར་བཏང་ཙ་ན་ཕྱིར་ལོག་ནས་བྱུང་ནས། ཁྱེད་ཀྱི་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་ལྡེར་ཚོ་འདིའི་བཟོ་བོ་སུ་ཡིན་རེ་ལེགས། བླ་མ་གང་ན་བཞུགས་ང་ལ་སྟོན་ཟེར། །ལེགས་མཛེས་ཀྱིས་ཁྲིད་ནས་སོང་ཙ་ན་བླ་མ་ཉིད་བཞུགས་ནས་འདུག་གོ། །ཡང་དུས་ཅིག་གི་ཚེ་ན། རོས་སྐམ་པའི་དགེ་འདུན་རྣམས་ཀྱིས་སྟོང་འབུལ་བྱས་ཤིང་སྤངས་སུ་ཁྲི་རྩིགས། །མང་སྐོལ་

(༢༣༦)བྱས། བསྒོམ་པ་ཤེར་གཞོན་སྤྱན་འདྲེན་དུ་སོང་བས། ཁྱོད་རང་སྔོན་ལ་བེར་ཐུལ་ཁུར་ལས་སོང་། ཉེ་གནས་ཀུན་མི་འདུག་པས་ཝས་ཁྱིམ་སློག་པས་ངས་སྒོ་བཅད་ལ་འོང་གིས་གསུང་། ཤེར་གཞོན་སྔོན་ལ་སོང་ནས་འཕྲང་ཁར་དགུགས་ཏེ་བསྡད་ཙ་ན་ཡུན་དུ་མ་བྱོན། མར་བལྟས་པས་ཁྲི་ཐོག་ཏུ་ཕེབས་ནས་འདུག །ལམ་གཞན་ལ་བྱོན་བ་ནི་མེད་པ་ལ་ཅི་ཡིན་སྙམ་ནས་འོངས་ཙ་ན། བན་དེ་སྟོང་ཙམ་གྱི་འབུལ་བ་བྱེད་པ་ཡང་ཚར་ནས་འདུག་གོ། །ཡོན་བདག་ལ་སོགས་པས་ཤེར་གཞོན་ལ་རྒོལ་དུ་བྱུང་སྟེ། ཁྱེད་ཀྱིས་རིན་པོ་ཆེ་བ་སྐུ་གསེར་དུ་བཅུག །ཐང་ལ་བཞུགས་སུ་བཅུག་ནས་འདུག་ཟེར་སྐད། དུས་བཟངས་ཐམས་ཅད་ཀྱི་ཚེ་གཟིམས་ཁང་ལ་འཇའ་ཚོན་ཟུག་འོང་བ་མི་ཕལ་ཆེར་དག་པར་དོར་འོད་གསལ་མངོན་དུ་གྱུར་པའི་རྟགས་ཡིན་ཟེར། རྗེ་ཉིད་ལ་ཞུས་པས། དེའི་ཚེ་ཌཱ་ཀི་མ་རྣམས་འདུས་ཏེ་བྱུང་བ་ཡིན་གསུང་། ཡང་བཅག་འབྱུང་གནས་ཡེ་

(༢༣༧)ཤེས་ཀྱིས་གདན་དྲངས་ཏེ་འབྱོན་པར་ཞལ་གྱིས་བཞེས་པ་ལས། ནང་པར་ཁོ་བོ་མི་འགྲོ་བཙུན་ཆུང་ཅིག་ངའི་ཙར་གཞོག །ཁྱེད་རང་ཀུན་སོང་གསུང་སྟེ་ཕྱིན་པ་ན། བླ་མ་སྔོན་ལ་ཕེབས་འདུག་སྟེ། ཆོས་སྟོན་གྲོལ་ནས་ཡར་ཕྱིན་ཙ་ན། རྗེ་ཉིད་གང་དུ་ཡང་མ་བྱོན་པར་བཙུན་ཆུང་ལ་ཆོས་ཤིན་དུ་དམར་བ་གསུངས་འདུག་སྟེ་སྐུའི་བཀོད་པ་བསྟན་པའོ། །ཡང་དུས་ཅིག་གི་ཚེ་སློབ་དཔོན་བསྒོམ་པས། བླ་མ་རིན་པོ་ཆེ་ལ་བྱང་ཆུབ་སེམས་དཔའ་ས་དང་པོ་བས་སྟོང་གསུམ་རྡུལ་ཕྲ་རབ་ཅིག་ཏུ་བཅུག་པས་རྡུལ་ཆེར་མ་སོང་། །སྟོང་གསུམ་ཆུང་དུ་མ་སོང་ཟེར་བ་དེ་རང་མཚར་ཞུས་པས་དེ་ལ་མཚར་རྒྱུ་མེད། ཤེས་བྱའི་ཆོས་ཉིད་ཡིན་པས་ཀུན་རྫོབ་ཀྱི་སྣང་བ་ལ་ཅི་ཡང་ཉན། མིའི་མིག་ཡུང་འབྲུ་ཙམ་གྱི་ནང་དུ་མཐོ་གང་གི་གཟུགས་ཚུད། མེ་ལོང་སོར་བཞི་བའི་ནང་དུ་རྟ་དང་གླང་པོའི་གཟུགས་ཚུད། ཆུ་ཕོར་གང་གི་ནང་དུ་ཟླ་བའི་དཀྱིལ་འཁོར་དང་ནམ་མཁའ་ཡོ་ཚུད། ཁོ་བོ་

(༢༣༨)ལ་བལྟོས་དང་གསུང་སྟེ། བླ་མ་ཉིད་བྱང་ཆུབ་ཆེན་པོའི་སྐུ་སྒམ་པོའི་རི་བས་ཆེ་བ་ཞིག་ཏུ་གྱུར་ནས་འདུག་པ། གཟིམས་སྤྱི་ལ་མི་ལྔ་ལས་མི་ཤོང་བ་དེའི་ནང་དུ་ཚུད་ནས་འདུག་གོ། །ཡང་ཉིན་ཅིག་ཉི་མ་གཟས་ཟིན་པ་ལ་ཤིང་སྤང་སུ་མངས་སྐོལ་ཅིག་བྱས། དགེ་འདུན་སྟོང་ཙམ་ཚོགས་ནས་ཡོད་པའི་ཚེ། རིན་པོ་ཆེ་པས་ཀྱང་ཡང་དགོན་གྱི་ཐང་ཁའི་ནམ་མཁའ་ལ་བྱོན། བུམ་ཆུ་མང་པོ་གཏོར་ཞིང་ཕར་བཞུད་ཚུར་བཞུང་མཛད་པ་ཐམས་ཅད་ཀྱིས་མཐུན་པར་མཐོང་། ཡང་མགར་སྒོམ་དཀར་པོས་ལྷ་བཅུ་གསུམ་མའི་ལུང་ཞུས་པས། དེ་བྱ་གསུང་ནས་ལྷ་བཅུ་གསུམ་མའི་འཕྲེང་སྔགས་ཞལ་ནས་ནར་གྱིས་གསུངས་པས་འོད་གཟེར་ཁ་དོག་མང་པོ་བྱུང་ནས་མགར་སྒོམ་གྱི་སྙིང་ཁར་ཐིམ། དེར་འགར་སྒོམ་གྱིས་ཕྱག་འཚལ་མོས་གུས་བྱས་པས་བླ་མ་ཉིད་བདེ་མཆོག་ཞལ་བཞི་ཕྱག་བཅུ་གཉིས་པར་གྱུར་ནས་འདུག་པ་མཐོང་། ཡང་དུས་གཅིག་གི་ཚེ་ན་སྐྱི་བསྒོམ་

(༢༣༩)གྱི་མ་ཤི་ནས་དགེ་རྩ་ལ་རིགས་ལྔ་ཚར་གཅིག་བཞེངས་ནས། བླ་མའི་སྤྱན་སྔར་གདན་དྲངས་ཏེ། འདི་རྣམས་ལ་རབ་གནས་མྱུར་པོ་ཅིག་ཞུ་དགོས། ང་མའི་རོ་སྲེག་པ་ལ་རིངས་པར་བདོག་ཞུས་པས། འོ་དེ་བྱ་སྤོས་རེང་ཅིག་སྲེག་མཎྜལ་ཅིག་ཕུལ་གསུང་། དེ་མ་ཐག་བླ་མ་བྱང་ཆུབ་ཆེན་པོར་གྱུར་ནས་འདུག་པའི། དབུའི་གཙུག་གཏོར་ལས་འོད་གཟེར་འཇའ་ཚོན་ལྟ་བུ་བྱུང་ནས་སྐུ་རྣམས་ལ་སོ་སོར་ཟུག་པས་དྲིལ་ཤིང་ཀུན་ཁྲོལ་དི་རི་རི་འདུག །ནམ་མཁའ་ལ་གདུགས་དང་རྒྱལ་མཚན་དང་། བ་དན་དང་རོལ་མོའི་སྒྲ་མང་པོ་དང་། མེ་ཏོག་གི་ཆར་མང་པོ་འབབ་བའི་སྣང་བ་སྐྱོ་བསྒོམ་ལ་བྱུང་། དེ་ནས་བླ་མས་སྤྱན་ཧར་གྱིས་ཕྱེ་ནས་རབ་གནས་མྱུར་པོ་བྱེད་ན་དེ་རྩུག་བྱེད་པ་ཡིན། ད་རྒྱུག་ཅིག་གསུང་ངོ་། །ཡང་སློབ་དཔོན་བསྒོམ་པས་རོ་གཅིག་གི་རྣལ་འབྱོར་རྒྱུད་ལ་སྐྱེས་དུས་སུ་ལུས་སེམས་སྣང་བ་གསུམ་གཅིག་ཏུ་འདྲེ་བྱ་བ་དེ་ཇི་ལྟར་ལགས་ཞུས་

(༢༤༠)པས་མདུན་ན་ཀ་བ་ཅིག་ཡོད་པ་ལ་ཕྱག་ཡུག་མཛོད་པས་ནམ་མཁའ་ལ་གཡུག་པ་བཞིན་དུ། །ཐོགས་པ་མེད་པར་ཕྱལ་ཕྱལ་འདུག་སྟེ་དེ་གསུམ་འདྲེ་ལུགས་འདིས་ལྟར་འདྲེ་བ་ཡིན་གསུངས། ཡང་དུས་ཅིག་ན་གྲབ་ཀྱི་གཙང་པོ་ལ་བཞུད་ཙ་ན། ཆུའི་སྟེང་དུ་གདིང་བ་གཏིང་ནས་ཕྱག་གཡོན་པས་འཕྲེང་བ་པས་ཆུ་སྦྱིན་མཛད་ཅིང་བཞུད་པ་དང་། ཡང་བྲེ་གུའི་རི་ལ་བཞུགས་པའི་དུས། རྩང་པོ་ལྷ་བསྒོམ་གྱི་རབ་གནས་མཛད་པས། མེ་ཏོག་རྣམས་རྟེན་ལ་རང་འབྱོར་དུ་སོང་བ་དང་། མེ་ཏོག་གི་སྣོད་ལྷུང་བཟེད་ནམ་མཁའ་ལ་གཞག་པ་དང་། ཡང་སློབ་དཔོན་བསྒོམ་ཚུལ་གྱིས་རླུང་ལག་སོར་ལ་སྟོན་ནས། སྤོས་རྒྱའི་ཐལ་བ་སྦུར་བ་ལ་ང་རྒྱལ་ཅུང་ཟད་སྐྱེས་པ་མཁྱེན་ནས་ནང་པར་ཆོས་གོས་ཉི་ཟེར་ལ་བཀལ་ཏེ། ངས་ཀྱང་འདི་ལྟར་བྱས་ན་འོང་སྟེ་ང་རྒྱལ་དུ་སོང་ན་ཆོས་པར་མི་འགྲོ། །དེ་ཀུན་འཕྲལ་གྱི་ཡོན་ཏན་ཡིན། མཐར་ཐུག་གི་

(༢༤༡)ཡོན་ཏན་ཆོས་ཐམས་ཅད་སྐྱེ་མེད་དུ་རྟོགས་པ་ལས་ཡོད་པ་ཡིན། དེ་ཀུན་ང་རྒྱལ་རྡུལ་རྩམ་ཡང་མ་བྱེད་ཅིག་གསུང་། ཡང་ལྷ་བསྒོམ་ལ་སོགས་པའི་མི་རྒྱ་ཙམ་གྱིས་ཐུགས་རྗེ་ཆེན་པོ་ཁ་སར་པ་ནི་མཐོང་བའི་སྣང་བ་མཐུན་པར་བྱུང་བ་དང་། ཡང་དབྱེན་ཕུག་ན་བཞུགས་པའི་ཚེ། ཉེ་གནས་ལགས་མཛེས་ལ་ང་ལ་ཞག་བདུན་དུ་གཏམ་མ་བྱེད་ཅིག་གསུང་ནས། རྩིག་པ་ལ་ཐོགས་མེད་དུ་ཕར་བཞུད་ཚུར་བཞུད་མཛད་པ་དང་། ཀེང་རུས་ཀྱི་མི་ཆེན་པོ་ཅིག་ཏུ་སྤྲུལ་ནས། གཡས་ན་གྲི་ཁུག་གཡོན་ཐོད་པ་ཁ་ཊྃ་ག་ཕྲག་ལ་བཀལ་སྟག་ལ་ཞོན་ཏེ། ཌོམ་བྷི་ཧེ་རུ་ཀ་ནི་སྟག་ལ་ཞོན། །ལུས་ངན་བུ་མོ་རབ་ཏུ་མཆོད། །དུ་ཁྲོད་གནས་ནི་ཁྱད་པར་རྒྱུ། །དེ་ང་ཡིན་ཟེར་བ་མ་ཡིན་ཏེ། །ཅེས་གསུང་ཞིང་ནམ་མཁའ་ལ་བཞུགས་སོ།། །།ཡང་ཆོས་གོས་རྣམ་གསུམ་བསྣམས་ནས་བཞེངས་ཏེ། ཞབས་ཀྱི་རྟིང་བ་

(༢༤༢)གཉིས་སྤྲད། བདུད་རྩི་ཐལ་སྦྱོར་གྱི་ཕྱག་རྒྱ་སྤྱི་བོར་མཛད་ནས་ཞག་གསུམ་བཞུགས་པ་ལ་ནུབ་དང་པོ་ལ་བདུན་དུ་སྣང་། གཉིས་པ་ལ་བཅུ་བཞིར་སྣང་། གསུམ་པ་ལ་གཟིམས་ཁང་ཐམ་འགོག་ནམ་འགག་གང་ནས་འདུག་ཙ་ན། ཡང་སྐད་ཅིག་དེ་ལ་སྐུ་དེ་རྣམས་མི་སྣང་བར་གྱུར་ཏོ། །གཞན་ཡང་ཞག་ཅིག་ལ་སྲོག་རྩོལ་ལན་གཉིས་འགག་པས་ཆོག་པ་དང་། ཉམས་རྟོགས་ཕུལ་བ་དང་། གེགས་སེལ་བ་དང་། གདམ་ངག་ལ་སོགས་པ་ཅི་ཞུས་ཀྱང་། གཏོར་མ་བཤམས་མཎྜལ་ཕུལ་ཏེ་བསྲུང་འཁོར་བཅས་ནས་བསྡད་པ་ཙམ་གྱིས་དྲི་མི་དགོས་པར་སོ་སོ་རང་རང་གི་སེམས་ལ་ཇི་ལྟར་འདོད་པ་བཞིན་གསུང་ལ། དེ་ལ་སོགས་པ་གཞན་གྱི་སེམས་ཤེས་པའི་མངོན་པར་ཤེས་པ་རྒྱ་ཆེན་པོ་མངའ་སྟེ། དེ་དག་གི་ཤེས་ལུགས་རྣམས་བྲིས་ན་ཟད་པ་མེད་དེ། ཅུང་ཟད་ཙམ་ལས་འདིར་མ་བྲིས་སོ། །བཞན་ཡང་ཞལ་ཕུ་གཉན་ན་བཞུགས་པའི་དུས་སུ། ཚེས་བཅོྭ་ལྔའི་ཟླ་བ་ཤར་ནས་ཨེན་ཅིག་ལོན་པ་ན།

(༢༤༣)གནས་གསུམ་གྱི་མཁའ་འགྲོ་སྤྲིན་བཞིན་གཏིབས་པ་ལྟ་བུའི་དབུས་ན་ཆོས་གསུང་ཞིང་བཞུགས་པ་དགེ་ཤེས་ཁམས་པས་གཟིགས་ཏེ། བསྟོང་པ་ཡང་མཛད།། །།ཡང་བླ་མའི་གཟིམས་ཁང་དུ་བུད་མེད་ཀྱི་གད་མོ་རྒྱུན་མི་འཆད་པར་འབྱུང་བ་དང་། ཡང་བསྒོམ་ཆེན་ཅིག་གིས་རི་ཟུར་ཅིག་ཏུ་ཁམས་སེང་ལ་ཕྱིན་པས་བླ་མའི་སྐུ་མདུན་ན། བུད་མེད་མང་པོ་བྲོ་བརྡུང་ཞིང་འདུག་སྟེ་ཕྱིན་ཙ་ན་སུ་ཡང་མི་སྣང་། དེ་རྣམས་ནི་ཡེ་ཤེས་ཀྱི་ཌཱ་ཀི་དུས་རྒྱུན་པར་འདུ་བ་ཡིན་གསུང་། ཡང་གཉན་ན་བཞུགས་པའི་དུས་སུ་དབྲོང་ཁའི་དུས་མཆོད་ལ་བྱོན་པ་དང་། ཡ་གིར་བཞུགས་པ་མཐུན་སྣང་ཅིག་ཏུ་བྱུང་བས། དགེ་ཤེས་ཁམས་པས་ཇི་ལྟར་ལགས་ཞུས་པའི་ཚེ། དེ་ལ་དཀའ་རྒྱུ་མེད་རྟོགས་པ་ཕྱོགས་གཉིས་སུ་བཀྱེ་བས་ཆོག་པ་ཡིན་མོད་གསུང་། ད་རེས་ཞུ་བའི་སྐབས་ཅིག་བྱུང་སྙམ་ནས། བླ་མ་རིན་པོ་ཆེས་སྤྲུལ་པ་ཅི་ཙམ་མཛད་པ་ལགས་ཞུས་པས། ངས་སེམས་ཅན་རེའི་

(༢༤༤)མདུན་དུ་སྤྲུལ་པ་མི་འདྲ་བའི་རེ་འགྱེད་ཀྱང་དཀའ་ལས་མེད་གསུང་སྟེ། དེར་ཁོ་བོའི་དྲི་རྒྱུ་ཟད་པ་ཡིན་གསུང་། གཞན་ཡང་ཨུརྱན་སོགས་པ་མཁའ་འགྲོ་མའི་གནས་སུ་འབྱོན་པ་དང་། གསང་སྔགས་ཀྱི་སྤྱོད་པ་མཛད་པ་དང་། སྐུའི་བཀོད་པ་དུ་མ་དུས་གཅིག་ཏུ་བསྟོན་པ་ལ་སོགས་པ་དཔག་ཏུ་མེད་དེ་འདིར་ནི་ཅུང་ཟད་ཙམ་མོ། །དེའི་དུས་སུ་ཚོགས་པ་ཡང་མང་དུ་འདུས། བླ་མ་རིན་པོ་ཆེ་ལ་སྐུ་བསོད་དཔག་ཏུ་མེད་པ་ལ། དགེ་ཤེས་བྱ་ཡུལ་བས་སྡིག་པ་ཅུང་ཟད་བསགས་པས། རྗེའི་ཞལ་ནས་ཁོང་རང་ལ་མི་གནོད་ཀྱང་། ཁོང་གི་ལད་མོ་གཞན་གྱིས་བྱས་པས་ངན་སོང་སྐྱེ་བའི་ལས་བསོགཁོ་བོས་ཕྱོགས་གཞན་ཞིག་ཏུ་འགྲོ་བར་རུང་བསུང་པ་ལ། སློབ་མ་མཐུན་མོང་བ་ཅིག་ན་རེ། ཁོང་རང་དང་འབྲེལ་བ་ཅིག་བགྱིས་ན་མི་མཐད་ལགས་སམ་ཞུ་བ་ལ་དེ་ཡང་གྲོས་ཡིན་གསུང་ནས་དཔོན་སློབ་ཁ་ཡར་ཅིག་བྱ་ཡུལ་དུ་བྱོན། །བྱ་ཡུལ་མིག་གིས་མཐོང་བའི་ནེའུ་ཐང་ཅིག་ཏུ་བཞུགས་ཏེ།

(༢༤༥)ཁོ་བོས་ཁོང་ལ་ཏིང་ངེ་འཛིན་ཅི་ལྟ་བུ་གཅིག་བདག་བལྟའོ་གསུང་ནས། ཅུང་ཞིག་ལོན་པ་ན་ཁོང་ལ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ནི་མངའ་བར་འདུག་གསུང་། དེ་ནས་མཇལ་ཏེ་ཆོས་ཀྱི་གསུང་སླེངས་མཛད་པས། ཅིག་ལ་གཅིག་ཤིན་ཏུ་དགྱེས་ཆོས་ཀྱང་ཕར་ཞུ་ཚུར་ཞུ་མཛད། བྱ་ཡུལ་བ་སྔར་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མངའ་བ་ལ། ཕྱིས་ནམ་མཁའ་ལྟ་བུའི་ཏིང་ངེ་འཛིན་དུ་གྱུར། རབ་ཏུ་གནས་པའི་གདམས་པ་ཟབ་མོ་ཤོག་དྲིལ་མ་ཡང་གནད། དེ་ནས་རབ་གནས་བྱ་ཡུལ་བའི་ལུགས་སུ་མཛད། ཁོ་བོའི་ཆོས་ཀྱིས་ཀྱང་ཁོང་ལ་ཕན་པར་བྱུང་འདུག ཁོང་གི་ཆོས་ཀྱིས་ཀྱང་ཁོ་བོ་ལ་ཕན་པར་བྱུང་གསུང་། ཡང་ལན་ཅིག་བླ་མའི་ཞལ་ནས། ངའི་རྨི་ལམ་ན་སྒམ་པོའི་རི་རྩེ་ཐམས་ཅད་དར་དམར་པོ་རེ་རེ་ཕྱར། དར་ཐོགས་པའི་བུད་མེད་མང་པོ་གར་བྱེད་ཅིང་། དེ་ཡང་སྒམ་པོ་ཁོ་ན་ལས་གཞན་དུ་མི་འགྲོ་བ་རྨིས་ཏེ། སྒམ་པོ་འདི་ཡང་ཕྱོགས་ཐམས་ཅད་དུ་གྲགས་པ་དང་ཁོ་བོའི་ཚེ་

(༢༤༦)བཞུག་ཀྱང་འདི་རང་དུ་སྡོད་པ་ཅིག་འོང་བར་འདུག་གསུང་། ཡང་དུས་གཅིག་གི་ཚེ་ན་དགེ་ཤེས། བྱུང་ཚང་བའི་བསམ་པ་ལ། བླ་མ་རིན་པོ་ཆེ་པས་ཀྱང་བན་བསར་བཙུན་ཆུང་འདི་རྣམས་ལ་དང་པོར་ཐོས་བསམ་བ་ག་རེ་བྱེད་དུ་མི་འཇུག་པར། འབག་རྩོག་ཙམ་ཡང་མི་ཤེས་པར་འདུག་པ་ལ། བསྒོམ་ཁོ་ན་བསྟན་ཀྱང་ཡོན་ཏན་ཅང་སྐྱེའམ་སྙམ་པ་ལ། དེའི་ནུབ་མོ་ཁོང་གི་རྨི་ལམ་ན་སྒམ་པོའི་རི་ཐམས་ཅད་བྲག་ཕུག་གིས་གང་ནས་འདུག་པ་ལ། དེ་རྣམས་ཀྱི་ནང་ན་རིན་པོ་ཆེའི་མཆོད་རྟེན་མང་པོ་འདུག་པ་ལ། ཕལ་ཆེར་གཟོ་ཤིན་དུ་ལེགས་པ་ལ་འོད་གཟེར་ནམ་མཁའ་ལ་འཕྲོ་བ་ཁོ་ན་འདུག །ལ་ལ་ནི་གཟོ་ཕྱེད་ཙམ་ཆར་བར་འདུག །ལ་ལ་ནི་གཟུགས་དོང་པ་ཙམ་ལ་དཀར་ཆབ་ཀྱིས་གསོལ་ཞིང་། མི་མང་པོས་ཕྱག་འཚལ་ནས་འདི་རྣམས་འཇིག་རྟེན་ལྷ་དང་བཅས་པའི་མཆོད་གནས་ཡིན་ཟེར་བ་རྨིས། དེར་ཁོང་གིས་བླ་མ་ལ་ཞུས་པས། ཕྱག་བྱེད་ཅིང་ཡོད་པ་ལ་ཞུ་མ་ཁོམ་པར། བླ་མའི་

(༢༤༧)ཞལ་ནས། སྤྱིར་ཡང་བཀའ་གདམས་ཀྱི་མཚན་ཉིད་པ་ཁྱེད་ཚོང་ལ་སྡད། དགོས་ཁྱེད་ཀྱིས་ང་ལ་རྙེས་པ་ཆེན་པོ་བྱས་ཏེ། ངའི་བཙུན་ཆུང་འདི་ཚོ་ཡང་ཁྱོད་རང་གི་རྨི་ལམ་རྨིས་པ་ཁོ་ན་བཞིན་དུ་ཡོད་པ་ཡིན། བ་ན་གསར་སྤྲང་ཕྲུག་འདི་ཀུན་ཡང་ལྷ་དང་བཅས་པའི་མཆོད་གནས་སུ་འོང་བ་ཡིན། ཁོ་བོ་ལ་ནི་ཆེ་རེག་ཆེར་མཚེངས། ཆུང་རག་ཆུང་དུ་མཚེངས་པ་ཡིན། མི་ལ་ལ་ཁོ་ངོས་བསྟན་བསྣུབས་ཟེར་བ་ཡོད་དེ། བསྟན་པའི་བདག་པོ་སུ་ཡིན། བསྟན་པ་ལ་སུས་ཕན། སེམས་ཅན་གྱི་དོན་སུས་བྱས། ཉི་འོག་གི་རྒྱལ་ཁམས་འདི་ན་བསྟན་པ་སུས་བསྲུངས། རང་རེ་ཚོད་སྟེ་ལོ་འགའ་ན་གསལ་ནས་འོང་། ལར་མི་ལ་ལ་ཞིག་ཁོ་བོས་འདུས་བྱས་ཁྱད་དུ་བསད་པས་ཆད་ལྟ་བ་ཡིན་ཟེར་བ་འང་ཡོད་དེ། བྱ་ཆ་ཆོས་སྤྱོད་ཅོག་མ་མྱོང་གསུང་ནས་མགུར་འདི་གསུངས་སོ།། །།དཔལ་འཁོར་ལོ་སྡོམ་པའི་བདེ་མཆོག་དང་། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། །མཁས་

(༢༤༨)འགྲོ་རྗེ་བཙུན་དམར་ཆུང་གསུམ། །འདི་བསྐྱེད་རིམས་བསྒོམ་པའི་ལྷ་གསུམ་ཡིན། །བཅོམ་ལྡན་འཕགས་པ་རྟ་མགྲིན་དང་། །སྒྲོལ་མ་ཡི་བཞིན་འཁོར་ལོ་གཉིས། །བདག་བསྐྱེད་ཕྱག་ན་རྡོ་རྗེ་གསུམ། །འདི་བར་ཆད་སེལ་བའི་ལྷ་གསུམ་ཡིན། །ཆོས་སྐྱོང་དཔལ་ཆེན་མགོན་པོ་དང་། །བྲན་པོ་མངའ་བདག་ཆེན་པོ་གཉིས། །གནོད་སྦྱིན་ལས་མཁན་རྒྱལ་པོ་གསུམ། །འདི་འཕྲིན་ལས་སྒྲུབ་པའི་ལྷ་གསུམ་ཡིན། །གསོལ་འདེབས་མཎྜལ་འབུལ་བ་དང་། །ཟབ་མོ་གསང་སྔགས་བཟླས་བརྗོད་གཉིས། །ཚོགས་བ་སོག་ཆུ་སྦྱིན་གཏོར་མ་གསུམ། །འདི་འདུས་བྱས་བྱ་བྱའི་ཆོས་སྤྱོད་ཡིན། །བསྐྱེད་རིམས་ལྷའི་རྣལ་འབྱོར་དང་། །ཟབ་མོ་རྩ་རླུང་རྫོགས་རིམས་གཉིས། །ཟུང་འཇུག་སྣང་སྟོང་དབྱེར་མེད་གསུམ། །འདི་ཐུན་བཞིར་བསྒོམ་པའི་ཆོས་གསུམ་ཡིན། །གཉིད་དང་བསམ་གཏན་བསྲེ་བ་དང་། །རྨི་ལམ་ལམ་དུ་སློངས་པ་གཉིས། །སྒྱུ་ལུས་འཕོ་བ་སྦྱང་བ་གསུམ། །འདི་

(༢༤༩)མཚན་མོ་ཐུན་གྱི་ཆོས་གསུམ་ཡིན། །མ་བསྒོམ་སངས་རྒྱས་འཕོ་བ་དང་། །ཟབ་མོ་གྲོང་འཇུག་རླུང་སེམས་དང་། །སྒྱུ་ལུས་མེ་ལོང་གཟུགས་བརྙན་གསུམ། །འདི་ཉིན་མོ་ཐུན་འཚམས་ཀྱི་ཆོས་གསུམ་ཡིན། །བར་དོ་བསྲེ་བ་འཚམས་སྦྱོར་དང་། །ངོ་སྤྱོད་ཕྱག་རྒྱ་ཆེན་པོ་གཉིས། །གདམ་ངག་ལྷན་ཅིག་སྐྱེས་སྦྱོར་གསུམ། །འདི་རྒྱུན་དུ་བསྒོམ་པའི་ཆོས་གསུམ་ཡིན། །མི་ངེད་དང་ངེད་ཅིག་མི་ཟེར་ཏེ། །ངེད་ནི་གཅན་ཟན་སེང་གའི་བུ། །མའི་མངལ་ནས་རྩལ་གསུམ་རྫོགས། །མ་འགྲོ་བུ་འགྲོ་མཉམ་དུ་འགྲོ། །མ་དང་མཉམ་པོར་གངས་ཁྲོད་འགྲིམ། །བཅན་ཟན་ཚོགས་ཀྱང་ཉམ་མི་ང་། །མི་ངེད་དང་ངེད་ཅིག་མི་ཟེར་དེ། །ངེད་ནི་འདབ་ཆགས་ཁྱུང་གི་བུ། །སྒོང་ངའི་ནང་ནས་བཤོག་དྲུག་རྫོགས། །མ་འཕུར་བུ་འཕུར་མཉམ་དུ་འཕུར། །མ་དང་མཉམ་པོར་ནམ་འཕངས་གཅོད། །འདབ་ཆགས་ཚོགས་ཀྱང་ཉམ་མི་ང་། །མི་ངེད་དང་ངེད་ཅིག་མི་ཟེར་ཏེ། །ངེད་ནི་རྟོགས་

(༢༥༠)ལྡན་བླ་མའི་བུ། །ངོས་སྤྲོད་ཅིག་ཆར་བཏབ་ཙ་ན། །ཕ་མཚེངས་བུ་མཚེངས་མཉམ་པོར་མཚེངས། །བློ་དམན་ཕལ་ལ་ཅི་ཆ་ཡོད། །ཅེས་གསུངས་སོ། །གཞན་ཡང་བདག་ཉིད་ཆེན་པོ་དེ་ལ་མཐོང་ཐོས་དྲན་རེག་གིས་འགྲོ་བ་སྨིན་གྲོལ་ལ་འགོད་པའི་ཡོན་ཏན་ཡོད་དེ། །ར་རྫི་བསྒོམ་སྐྱེས་ཀྱིས་མཚན་ཐོས་པ་ཙམ་གྱིས་བསྒོམ་བྱུང་བ་དང་། རྒྱ་བསྒོམ་རྡོ་རྗེ་སེང་གེས་ཞལ་ཡེ་མ་མཐོང་ཡང་། མཎྜལ་ཕུལ་མོས་གུས་བྱས་པ་ཙམ་གྱིས་བསྒོམ་བྱུང་བ་དང་། ནམ་པ་འཕན་ནེ་ལ་སོགས་པ་མི་མང་པོས་ཞལ་མཐོང་བ་ཙམ་གྱིས་བསྒོམ་བྱུང་བ་དཔག་ཏུ་མེད་དོ། །ཡང་ཉང་སྟོན་དང་ཤེར་བསྒོམ་གཉིས་ཀྱིས་བསྒོམ་ཞུར་ཕྱིན་པས། སྒམ་པོར་མ་སླེབ་པར་དེ་ནུབ་རི་ཐང་མཚམས་སུ་ཉལ་བསྡད་པས། སྲོད་ལ་ཉང་སྟོན་ལ་ཕྱག་རྒྱ་ཆེན་པོའི་རྟོགས་པ་སྐྱེས། ཐོ་རངས་ཤེར་བསྒོམ་ལ་རྟོགས་པ་སྐྱེས། ནང་པར་བླ་མའི་སྤྱན་སྔར་ཕྱིན་ཏེ། སྣམ་བུ་སྦུབས་རེའི་

(༢༥༡)ཕྱག་རྟེན་བྱས་ཕྱག་འཚལ་ཞིང་ཡོད་པ་ལ། བླ་མའི་ཞལ་ནས་མ་དང་ཁྱེད་གཉིས་ཀྱི་དོན་འགྲུབ་ཨང་གསུང་། །ཡང་འོལ་ཁའི་མཛེ་མོ་ཅིག་རྐང་ལག་ཆད་ནས་འགྲོ་བའི་ནུས་པ་མེད་པ། བླ་མ་བཞུགས་པའི་གངས་དཀར་རོང་དེ་བ་ལ་བལྟས་ནས་མོས་གུས་བྱས་པས་ནད་སོས། མ་ཧཱ་མུ་ཏྲའི་བསྒོམ་སྐྱེས་དྲོང་རང་འབར་ལ་སོང་། ཕྱིས་བླ་མས་སྣོད་ལྡན་དུ་གཟིགས་ཏེ་བསྒོམ་བཏབ་པས། དཔེའུ་ཆུང་ངུ་བཙུན་མ་ངོ་མཚར་ཅན་ཅིག་ཏུ་གྱུར་ནས། བན་མོ་ལྔ་བརྒྱ་ཙམ་གྱི་ཚོགས་དཔོན་བྱེད་པ་ཅིག་བྱུང་ངོ་། །གཞན་ཡང་སྐྱེས་བུ་ཆེན་པོ་དེ་ཉིད་གང་དུ་བྱོན་ཡང་འཇའ་འོད་ཀྱིས་ལམ་སྣ་འདྲེན་ཅིང་། གང་དང་གང་དུ་གཤེགས་པ་དེར་མི་ནད་ཕྱུགས་ནད་ཡམས་ནད་ལ་སོགས་པ་ཐམས་ཅད་རྒྱུན་ཆད་ཅིང་། བཀྲ་ཤིས་བདེ་ལེགས་དང་ལྡན་པར་མཛད་པ་ཡིན་ཏེ། དེ་ལྟར་ཡང་ཁམས་པ་རིན་པོ་ཆེའི་བསྟོད་པ་ལས་ཀྱང་། །

(༢༥༢)ཁྱོད་ནི་མཐོང་ཐོས་དྲན་པ་ཙམ་གྱིས་ཀྱང་། །སྡུག་བསྔལ་ཟུག་རྔུ་མ་ལུས་གཅོད་པར་བྱེད། །སྨན་པའི་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་ལོ། །ཞེས་འབྱུང་། ཡང་འབྲོད་མར་ཡུ་བ་བྱ་བས་དང་པོར་དགེ་སློང་བྱས་གཏུམ་མོའི་ཁྲིད་རྫོགས་པར་ཞུས། ཕྱིས་ལས་དབང་གིས་ཁྱིམ་ཐབ་བྱས་བུ་སྨད་མང་པོ་ཡོད། ཕག་མང་པོ་གསོ། །ཉིན་བར་ཆང་དང་སྒོག་པ་ལ་ཟས་བྱེད། མཚན་མོ་གཉིད་སད་པ་དང་། གཏུམ་མོ་དང་ཕྱག་རྒྱ་ཆེན་པོ་བསྒོམ་པ་ཅིག་ཡོད་པ་སྟེ། ཅི་ཞིག་ན་ནད་དྲག་པོས་ཟིན་ནས་འཆི་ཁར་སོང་བ་དང་། སྤུན་ཟླ་ཀུན་གྱིས་ང་ཁྱོད་འཆི་བར་འདུག་པ། སྡོམ་པ་ཤོར་དམ་ཚིག་ཉམས། རིན་པོ་ཆེའི་གསུང་བ་ཅག་སྡིག་པ་ནི་ཁྱོད་ལས་ཆེ་བ་མེད་དེ་དགེ་ཤེས་ནམ་པ་འདུལ་བ་འཛིན་པ་ཆེན་པོ་བོས་ལ་འབུལ་བ་བྱ་སྐྱབས་འགྲོ་ཞུ་དགོས་བྱས་པས་དེ་རུང་ཟེར། དགེ་ཤེས་པོས་ཏེ་འབུལ་བ་བྱས་སྐྱབས་འགྲོ་ཞུས་པས་ནད་པ་ན་རེ། ངའི་བླ་མ་རིན་པོ་ཆེའི་སྐྱབས་

(༢༥༣)འགྲོ་དང་མི་མཐུན་པར་འདུག་ཟེར། ཁྱོད་ཀྱི་རིན་པོ་ཆེ་ཇི་སྐད་གསུང་བྱས་པས། ངའི་རིན་པོ་ཆེའི་ཞལ་ནས། སེམས་ཀྱི་ཆོས་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བར་རྟོགས་ན། སངས་རྒྱས་ལ་སྐྱབས་སུ་སོང་བ་ཡིན། སྤྱོད་ལམ་རྣམ་བཞི་མཉམ་རྗེས་མེད་པར་དུས་ཐམས་ཅད་དུ་ཉམས་མྱོང་དྲན་ཤེས་ཀྱི་ཐག་པས་བཟུང་ནས་མཉམ་རྗེས་མེད་ན་ཆོས་ལ་སྐྱབས་སུ་སོང་བ་ཡིན། དེའི་ངང་ནས་དགེ་བ་ཅི་བྱེད་ཐེག་པ་ཆེན་པོའི་ལམ་དུ་སོང་ཞིང་། སེམས་ཅན་གྱི་དོན་འབའ་ཞིག་བྱེད་ན་དགེ་འདུན་ལ་སྐྱབས་སུ་སོང་བ་ཡིན་གསུང་པས། ངས་དེ་ཁོ་ན་བཞིན་དུ་བྱས། ཁྱོད་ཀྱི་དེ་ཁ་ཚིག་གི་སྐྱབས་འགྲོ་ཙམ་དུ་འདུག་པ་ཟེར། དེར་དགེ་ཤེས་ན་རེ། རེ་སྡུག་རེ་སྡུག་འདི་དམྱལ་བར་འགྲོ་བར་འདུག །ངའི་ཆོས་ལ་ལོག་ལྟ་སྐྱེས་ཟེར་ནས་སོང་། དེ་ནས་འགྲོ་དམར་ཡུ་བ་ཤི་སྟེ་རོ་བསྲེགས་པས། རིང་བསྲེལ་ཁ་དོག་སྣ་ལྔ་ཕུལ་ལ་འཇལ་བས་

(༢༥༤)ཆོག་པ་བྱུང་། དུ་བ་ཐམས་ཅད་འཇའི་དཀྱིལ་འཁོར་དུ་གྱུར། སྒལ་ཚིགས་ལ་དེ་བཞིན་གཤེགས་པའི་སྐུ་མཚོན་གང་པ་ཅིག་བྱོན། །དེ་ལ་སོགས་པའི་སྡིག་པོ་ཆེ་མང་པོ་མཇལ་བ་ཙམ་གྱིས་བལྟས་བཟང་པོ་དང་བཅས་ཏེ་སོང་བ་ལ་ཟང་བ་མེད་དོ། །གཞན་ཡང་ཐུགས་ཀྱི་སྲས་ཆེན་པོ་ཟང་རི་རས་པས། བདག་ལན་ཅིག་ཡུལ་དུ་འགྲོ་བར་ཞུ་ཞུས་པས། མགུར་གསུངས་པ།། །།ཡོངས་སྟོངས་པ་མེད་པའི་འཁོར་བ་དང་། ཟིན་པ་མེད་པའི་སོ་ནམས་གཉིས། །ཟང་བ་མེད་པའི་ལོང་གཏམ་གསུམ། །འདི་གསུམ་ཡང་དམ་པའི་ཆོས་དང་འགལ། །མི་བདག་གིས་ཀྱང་རྒྱབ་ཏུ་སྐྱུར་ནས་གཞག །ཁྱེད་རང་ཡང་རྒྱབ་ཏུ་སྐྱུར་ན་ལེགས། །གཞི་བདག་ཏུ་བཟུང་བའི་དགོན་པ་དང་། །ངོ་བསྲུངས་དགོས་པའི་ཡོན་བདག་གཉིས། ཁ་ལན་རེ་བའི་ཚོགས་སོགས་གསུམ། །འདི་གསུམ་ཡང་དམ་པའི་ཆོས་དང་འགལ། །མི་བདག་གིས་

(༢༥༥)ཀྱང་རྒྱབ་ཏུ་སྐྱུར་ནས་གཞག །ཁྱེད་རང་ཡང་རྒྱབ་ཏུ་སྐྱུར་ན་ལེགས། ཡོན་ཏན་མེད་པའི་སློབ་དཔོན་དང་། །མོས་གུས་མེད་པའི་སློབ་མ་གཉིས། །སྨྲ་ཞིང་གཤེ་བའི་མཆེད་གྲོགས་གསུམ། །འདི་གསུམ་ཡང་དམ་པའི་ཆོས་འགལ། །མི་བདག་གིས་ཀྱང་རྒྱབ་ཏུ་སྒྱུར་ནས་གཞག །ཁྱེད་རང་ཡང་རྒྱབ་ཏུ་སྐྱུར་ན། །ཕ་ཡུལ་བདུད་ཀྱི་བཙོན་ར་དང་། །སྡུག་སོགས་བྱས་པའི་ནོར་རྫས་དང་། །མགུ་བ་མེད་པའི་ངོ་བསྲུངས་གསུམ། །འདི་གསུམ་ཡང་དམ་པའི་ཆོས་དང་འགལ། །མི་བདག་གིས་ཀྱང་རྒྱབ་ཏུ་སྐྱུར་ནས་གཞག །ཁྱེད་རང་ཡང་རྒྱབ་ཏུ་སྐྱུར་ན་ལེགས། །གྲོགས་ཅིར་མི་འོང་བའི་དུངས་སེམས་དང་། །དགྲ་སྙིང་དུ་སྡུག་པའི་བུ་ཚ་གཉིས། །དོན་མེད་ཀྱིས་མཐའ་སྐོར་བ་གསུམ། །འདི་གསུམ་ཡང་དམ་པའི་ཆོས་དང་འགལ། །མི་བདག་གིས་ཀྱང་རྒྱབ་ཏུ་སྐྱུར་ནས་གཞག །ཁྱེད་རང་ཡང་རྒྱབ་ཏུ་སྐྱུར་ན་ལེགས། །ཞེས་གསུངས་པས་བློ་འགྱུར་ཏེ་བླ་མ་སྐུ་མ་འདས་ཀྱི་བར་དུ་བརྟེན་པ་ཡིན་སྐད། །ཡང་དུས་སྐབས་ཅིག་ན། བླ་མ་རིན་པོ་ཆེའི་ཞལ་ནས། བསྒོམ་པ་ཚུལ་ཁྲིམས་སྙིང་པོ་དང་ཤེས་རབ་བྱང་ཆུབ་གཉིས་ལ། ཁོ་བོ་རང་ཁུ་མཚན་ཡིན་སྙམ་སྟེ། ཐ་མལ་གྱི་རྣམ་རྟོག་ཡིན་ཨང་། །

(༢༥༦)ང་སྐྱེ་མཐའི་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་བར་གདའ་གསུངས།། །།ཡང་བྱར་ལྐོག་ན་བཞུགས་པའི་དུས་སུ། ཤེ་བསྒོམ་བྱང་ཡེས་དབུ་མཛད་པའི་ཉེ་གནས་རྣམས་ལ། ད་ནི་ཁོ་བོ་ཡང་འཇིག་རྟེན་དུ་ཡུན་རིང་པོ་མི་སྡོད་པས། ཆོས་ལྷག་མ་ཞུ་བར་འདོད་པ་དང་། དྲི་རྒྱུ་ཡོད་པ་རྣམས་མྱུར་དུ་དྲིས་ཤོག །འོན་ཀྱང་ཉམས་སུ་ལེན་པར་འདོད་ན་ཚིག་མང་མི་དགོས་པས་ངའི་གདམ་ངག་འདི་འདི་ཡིད་ལ་ཞོག་ཅིག་གསུང་ནས། ཕྱག་རྒྱ་ཆེན་པོའི་གདམས་པ་མགུར་དུ་གསུངས་པ།། །།དུས་གསུམ་སངས་རྒྱས་འདུས་པའི་སྐུ། །ཐུགས་རྗེའི་འོད་གཟེར་ཕྱོགས་བཅུར་རབ་ཀྱེ་བས། །བདག་བློ་སྙིང་གི་མུན་པ་སེལ་མཛད་པའི། །དུས་གསུམ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཨེ་མ་རང་རིག་ཡེ་ཤེས་སྐྱོང་འདོད་ན། །རས་བལ་བཞིན་དུ་ཤེས་པ་གློད་ལས་ཞོག །བྱ་བ་ཐོང་ལ་སེམས་ལ་རྟེན་མ་བཅའ། །ཤེས་པ་ཆེད་དུ་མ་འགུགས་ཡན་

(༢༥༧)པར་ཐོང་། །བྱིང་རྒོད་བྱུང་ན་དེ་ཉིད་རང་ལ་བལྟོས། །སེམས་ལ་གནོད་པའི་ལས་རྣམས་ཁྱོད་ཀྱིས་སྤོངས། །ཞེ་འདོད་བྱུང་ན་བདུད་དུ་ཤེས་པར་གྱིས། །མ་བཅོས་གཞག་པའི་སེམས་ནི་སངས་རྒྱས་ཡིན། །བཅོམ་མའི་སེམས་ནི་རྒྱལ་བའི་དགོངས་པ་མིན། །ཉིན་མཚན་འགྲོ་འཆག་ཀུན་དུ་ལྷུག་པར་ཞོག །དེ་ལྟར་གཞག་པའི་སེམས་ཉིད་དེ། །གསལ་ལ་འཛིན་མེད་ནམ་མཁའ་འདྲ། །ཕྱོགས་སུ་ལྷུང་ལྟ་བ་ཡིན། །ཉམ་ང་མེད་པ་ཤུགས་ལས་བྱུང་། །དག་ཅིང་དྲི་མེད་ཤེལ་སྒོང་འདྲ། །གསལ་ལ་འཛིན་མེད་བསྒོམ་པ་ཡིན། །རྒྱུན་ཆད་མེད་པ་ཤུགས་ལས་བྱུང་། །མ་བཅོས་ལྷུག་པ་བུ་ཆུང་འདྲ། །ཞེན་པ་བྲལ་བ་སྤྱོད་པ་ཡིན། །དགག་བསྒྲུབ་མེད་པ་ཤུགས་ལས་བྱུང་། །རྒྱུ་འབྲས་དུ་མཚུངས་ཨ་མྲི་ཏ། །རེ་དོགས་མེད་པ་འབྲས་བུ་ཡིན། །རང་བྱུང་ལྷུན་གྲུབ་ཤུགས་ལས་བྱུང་། །དེ་ལྟར་རང་སེམས་སངས་རྒྱས་མ་

(༢༥༨)ལགས་པ། །ཕྱོགས་བཅུ་དུས་གསུམ་མ་ལུས་གང་ལ་ཡང་། །སངས་རྒྱས་ཕྱི་ནས་བཙལ་བས་རྙེད་མི་འགྱུར་དེ་བས་རང་གི་སེམས་ལ་བལྟ་བ་གོམས་པར་གྱིས། །ཤེས་གསུངས་སོ།། །།དེ་ལྟར་དྲང་སྲོང་ཆེན་པོ་དེ་ལ་སྐྱེ་འཆིའི་འཇིག་པ་མི་མངའ་ན་ཡང་། །གདུལ་བྱ་ལེ་ལོ་ཅན་རྣམས་ལམ་ལ་བསྐུལ་པའི་ཕྱིར། །ཅུང་ཟད་སྙུང་བའི་ཚུལ་བསྟན་ཏེ། །སྙུང་ཟུག་ནི་མེད། །གསོལ་ཟས་ཆེར་མི་གསོལ། །སྐུ་ཤེད་ཅུང་ཟད་ཆུང་བར་གྱུར་པ་ལ། །བསྒོམ་པ་ལེགས་མཛེས་ཐུགས་མ་བདེ་ནས། །སྐུ་ཁམས་བདེ་འམ་མི་བདེ་ཅེས་དྲིས་པའི་ལན་གསུངས་པ།། །།བླ་མ་དམ་པའི་མཚན་ཐོས་ནས། །ཚེ་འདི་བློ་ཡིས་བཏང་ནས་ཀྱང་། །འཇིག་རྟེན་ཆོས་བརྒྱད་ཡལ་བར་དོར། །ཆགས་ཞེན་མེད་པའི་རྣལ་འབྱོར་བདེ། །བློ་འདས་ཀྱི་ལྟ་བ་མཐའ་བྲལ་ཏེ། །དྲན་མེད་བདུད་ཀྱིས་མ་བསླུས་ཙམ། །བདེ་སྟོང་བསྒོམ་

(༢༥༩)པ་ཞེན་མེད་དེ། །རྟོག་མེད་ལྟེངས་པོས་མ་བསླུས་ཙམ། །ཤུགས་འབྱུང་སྤྱོད་པ་གཏད་མེད་དེ། །གཉིས་འཛིན་གྱི་མཐའ་རུ་མ་ལྷུང་ཙམ། །འབྲས་བུ་སེམས་ཉིད་འོད་གསལ་ཏེ། །ཕྱི་དུས་ཀྱི་ཡིད་སྨོན་དུ་མ་ལུས་ཙམ། །བློ་ལས་འདས་པའི་ཆོས་ཉིད་དེ། །ཡིན་མིན་ཚིག་དང་བྲལ་བས་བདེ། །ཡོད་མེད་མཐའ་ལས་འདས་པས་བདེ། །ནང་ནས་ཤར་བས་ངོ་མཚར་ཆེ། །ཉམས་སུ་མྱོང་བ་ཨེ་མ་ཧོ། །ཞེས་གསུངས་ཏེ། འདུས་བྱས་མི་རྟག་པར་བསྟོན་པ་དང་། །གདུལ་བྱ་རྟག་འཛིན་ཅན་རྣམས་བྱང་ཆུབ་ལ་སྐུལ་བར་བྱ་བའི་ཕྱིར། མྱ་ངན་ལས་འདས་པའི་ཚུལ་སྟོན་པའི་ཟླ་བ་ཕྱེད་ཙམ་གྱིས་གོང་ནས། ཁོ་བོ་སྐྱེས་ཆེན་པོ་ཅིག་འདེགས་པས་གདམ་ངག་ལྷག་མ་རྣམས་དང་དྲི་རྒྱུ་ཡོད་པ་ཚོ་དྲིས་ཤིག་གསུང་། བསྒོམ་ཆེན་པ་རྣམས་ཀྱི་བསམ་པ་ལ་ཞལ་ཀྱལ་ཡིན་སྙམ་ནས་འདུག་གོ། །དགེ་བའི་བཤེས་གཉེན་ཁམས་པ་སྟོན་པའི་

(༢༦༠)གསལ་སྣང་ལ་ཤར་ནས། བླ་མ་དམ་པ་འདི་ལྟ་བུའི་སྤྱན་སྔར་ཞག་རེ་སྡོད་པ་ལ་ཡང་དཀའ་ལས་དཔག་ཏུ་མེད་པས། ཁྱེད་རྣམས་ཀྱང་རྒྱུ་འཕྲུལ་མ་བྱེད་པར། གདམ་ངག་ལྷག་མ་རྣམས་ཀྱང་ཞུས་ཅིག་གསུང་ནས། གྲོགས་པོ་ཡུལ་ཕྱོགས་ལ་འགྲོ་འདོད་པ་རྣམས་ཀྱང་བཤོལ་བཏབ། དེའི་ལོ་ལ་ཐབས་ལམ་ལ་སོགས་པའི་ཆོས་གང་ཞུས་ཀྱང་། ཕྱག་རྒྱ་ཆེན་པོ་འབའ་ཞིག་འདེབས། དེའི་དུས་སུ་ཕྱག་རྒྱ་ཆེན་པོའི་ངང་ལས་ཐ་མལ་གྱི་སྣང་བ་ཨེ་མེད་པར་འདུག་སྟེ། དེ་ཉེ་གནས་རྣམས་ཀྱིས་ཞུ་བ་གོ་མ་ཆོད་པས། ཕྱིས་བསྒོམ་ཆེན་པ་རྣམས་ལམ་མཉེས་སྐད། ཡང་ཞལ་འཛུམ་མཛད་ནས་ཁྱེད་ཀྱིས་མཐོང་ངམ་ང་རང་གིས་མཐོང་གསུང་། དེའི་དུས་ན་སངས་རྒྱས་ཀྱི་ཞིང་ཁམས་དཔག་ཏུ་མེད་པ་གཟིགས་ཡོད་པར་འདུག་སྟེ་ཞུ་བ་མ་སྤོངས་སྐད། སྟོན་ཟླ་འབྲིང་པོའི་ཚེས་ཅིག་ལ་ཚོགས་ཆོས་ཅིག་གསུངས། དེ་ནས་ཚེས་བཅུ་

(༢༦༡)གསུམ་གྱི་བར་དུ་རྒྱུན་དུ་བཞད་ཅིང་སྐུ་ཁམས་ཤིན་དུ་བདེ་བར་གྱུར། དེའི་ཚེ་སློབ་དཔོན་བསྒོམ་པས་བླ་མ་རིན་པོ་ཆེ་གལ་ཏེ་སྐུ་མྱ་ངན་ལས་འདས་ན། ཕྱི་རབས་ཀྱི་གདུལ་བྱ་རྣམས་ལ་ཟླས་སུ་རུང་པའི་ཞལ་ཆེམས་གདམ་ངག་དང་བཅས་པ་ཅིག་ཐུགས་ལ་འདོག་པར་ཞུ་ཞུས་པས། ང་སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་ཡིན་པས་ང་ལ་འབྲེལ་བ་ཡོད་པ་ཚོ་མཚོངས་པ་ཡིན་གསུང་ཞིང་། ཁོ་བོས་དེ་སྔ་ཡང་ཚོགས་དབེན་མེད་པར་བཤད་པ་བདེ་ཚོ་རང་ཡིད་མོད། །དེ་མེད་པ་ལོགས་པ་ཅིག་བཤད་རྒྱུ་མེད། འོན་ཀྱང་ཁྱོད་ཀྱིས་འདི་སེམས་ལ་བཟུང་། ད་ལྟ་ཕན་ཆད་འཆི་བའི་དུས་ཚུན་དུ་ཡང་། ཁོ་བོ་དྲན་བར་གྱིས་དེ་རང་གིས་ཆོག་པ་ཡིན། ཁོ་བོས་སེམས་ཅན་ངན་སོང་ནས་འདོན་པའི་ལས་ཚན་ཆེན་པོ་བསགས་པ་ཡིན་པས་ཁོ་བོའི་མིང་ཐོས་པ་ཙམ་ཡང་འདྲེན་ནུས་པ་ཡིན། ང་ཁ་ཆེམས་

(༢༦༢)རླུང་པོ་ལ་འཇོག །ཁ་ཆེམས་གཞན་གཞག་རྒྱུ་མེད་གསུང་། ད་བཟོད་དགས་པོ་སྙི་བསྒོམ་གྱིས་འདི་སྐད་ཟེར་བ་ཡིན་བྱ་བ་འོང་བ་ཡིན། ཆོས་སུས་བཤད་ཟེར་ན་སྙི་སྒོམ་གྱིས་བཤད་པ་ཡིན་གྱིས་གསུང་། ཡང་ནན་ཏན་དུ་ཞུས་པས་འདི་སྐད་གསུང་།། །།དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོར་གྱུར་བ་བླ་མ་དམ་པ་རྣམས་དང་། བྱང་ཆུབ་ཀྱི་སེམས་གཉིས་སུ་འདྲེས་པའི་ཡི་དམ་གྱི་ལྷ་རྣམས་དང་། ཇོ་བོ་དཀོན་མཆོག་གསུམ་མཁའ་འགྲོ་ཆོས་སྐྱོང་བའི་བསྲུངས་མ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ལ་ཐུགས་རྗེའི་སྤྱན་རས་དག་པས་གཟིགས་ཤིང་སྐྱབ་པ་དང་། བསྲུང་བ་དང་། བརྐྱང་བ་དང་། ཐུགས་རྗེས་བཟུང་དུ་གསོལ།། །།ང་ཡོངས་འདི་ལྟར་བསམ་པར་ཞུ། འཆི་བ་ཅེས་བྱ་རྣམ་རྟོག་ཡིན། དཔའོ་རྣལ་འབྱོར་མ་ཚོགས་ཀྱིས། མཁའ་སྤྱོད་གནས་སུ་འཁྲིད་པར་བྱེད། །རྣམ་རྟོག་ཅིག་ནས་

(༢༦༣)གཅིག་འགྲོ་བ་དེ་ལ་འཆི་རྒྱུ་ག་ལ་ཡོད། །ཆོས་སྐུ་རྣམ་པར་དག་པ་ལ། །དེ་ལ་འཆི་རྒྱུ་ག་ལ་ཡོད། །འཇའ་ཚོན་རི་མོ་ཡལ་བ་ལ། །དེ་ལ་འཆི་རྒྱུ་ག་ལ་ཡོད། །སེམས་ལ་སྐྱེ་འཆི་མེད་པ་ལ། །དེ་ལ་འཆི་རྒྱུ་ག་ལ་ཡོད། །འབྱུང་བཞི་རྣམ་པར་དག་པ་ལ། །དེ་ལ་འཆི་རྒྱུ་ག་ལ་ཡོད། །སྒྱུ་མའི་གྲོང་ཁྱེར་ཞིག་པ་ལ། །དེ་ལ་འཆི་རྒྱུ་ག་ལ་ཡོད། །སྟོང་ཉིད་སྙིང་རྗེ་དབྱེར་མེད་ལ། །དེ་ལ་འཆི་རྒྱུ་ག་ལ་ཡོད། །འོད་གསལ་རྣམ་པར་དག་པ་ལ། །དེ་ལ་འཆི་རྒྱུ་ག་ལ་ཡོད། །རྟེན་འབྲེལ་ཚོགས་པ་འགྱེས་པ་ལ། །དེ་ལ་འཆི་རྒྱུ་ག་ལ་ཡོད། །རང་སེམས་སྐྱེ་འགག་མེད་པ་ལ། །དེ་ལ་འཆི་རྒྱུ་ག་ལ་ཡོད། །དག་པའི་ཞིང་དུ་འགྲོ་བ་ལ། །དེ་ལ་འཆི་རྒྱུ་ག་ལ་ཡོད། །བཏགས་པ་མིང་གི་རྡོ་རྗེ་ཡིན། །ད་ནི་སོང་བའི་དུས་དག་ན། །ང་ལ་སེམས་པའི་གདུལ་བྱ་རྣམས། །སྡུག་བསྔལ་མྱ་ངན་མ་བྱེད་བར། །ནང་དུ་རང་གི་སེམས་ལ་ལྟོས། །བཅོས་

(༢༦༤)མིན་ངོ་བོ་མཐོང་བ་ན། །ང་དང་འབྲལ་བ་མེད་པ་ཡིན། །ན་རོའི་ཆོས་དྲུག་བསྒོམ་པ་ན། །ང་དང་འབྲལ་བ་མེད་པ་ཡིན། །ལྷ་སྐུ་དབྱེར་མེད་བསྒོམ་པ་ན། །ང་དང་འབྲལ་བ་མེད་པ་ཡིན། །ཆོས་རྣམས་རྟེན་འབྲེལ་གོ་བ་ན། །ང་དང་འབྲལ་བ་མེད་པ་ཡིན། །སྟོང་ཉིད་སྙིང་རྗེ་འདྲེས་པ་ན། །ང་དང་འབྲལ་བ་མེད་པ་ཡིན། །རང་སེམས་བླ་མར་ཤར་ཙ་ན། །ང་དང་འབྲལ་བ་མེད་པ་ཡིན། །བྱང་ཆུབ་སེམས་ཉིད་འབྱོངས་པ་ན། །ང་དང་འབྲལ་བ་མེད་པ་ཡིན། །རྣམ་རྟོག་ཅིར་ཡང་གཟིགས་པ་ན། །ང་དང་འབྲལ་བ་མེད་པ་ཡིན། །རྟག་ཏུ་རི་ཁྲོད་འགྲིམ་པ་ན། །ང་དང་འབྲལ་བ་མེད་པ་ཡིན། །འཇིག་རྟེན་བློ་ཡིས་བཏོང་བ་ན། །ང་དང་འབྲལ་བ་མེད་པ་ཡིན། །སྐྱེ་འཆི་གཉིས་མེད་རྟོགས་པ་ན། །ང་དང་འབྲལ་བ་མེད་པ་ཡིན། །ཆོག་ཤེས་འདོད་པ་བྲལ་བ་ན། །ང་དང་འབྲལ་བ་མེད་པ་ཡིན། །ཀུན་ལ་བུ་བཞིན་བརྩེ་བ་ན། །ང་དང་འབྲལ་བ་མེད་པ་ཡིན། །བླ་མའི་གསུང་བཞིན་སྒྲུབ་པ་ན། །ང་དང་འབྲལ་

(༢༦༥)བ་མེད་པ་ཡིན། །དམ་ཚིག་གཙང་མར་བསྲུང་བ་ན། །ང་དང་འབྲལ་བ་མེད་པ་ཡིན། ཁོ་བོ་གཉིས་མེད་དབྱིངས་སུ་གཤེགས་པ་ན། །བླ་མ་མེད་པར་གྱུར་སྙམ་མ་སེམ་པར། །བླ་མ་དམ་པ་དུས་གསུམ་གྱི་སངས་རྒྱས་རྣམས་དང་ངའི་སེམས་དབྱེར་མི་ཕྱེད་པ་བརྟན་གཡོ་ཐམས་ཅད་ལ་ཁྱབ་བར་གནས་པ་ཡིན་པས་དེ་བཞིན་དུ་གོ་ཞིང་རྟོགས་པར་ཞུ། །ཆོས་ཐམས་ཅད་ཀྱི་མཐར་ཐུག་པའི་དོན་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་བསྒོམ་པར་ཞུ། །ལམ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ། ཐབ་ལམ་ནཱ་རོའི་ཆོས་དྲུག་བསྒོམ་པར་ཞུའོ། །ཡོན་ཏན་སྐྱེས་ཚད་ལ་མཆོག་ཏུ་མ་འཛིན་པར་གོང་ནས་གོང་དུ་བརྩེག་པར་ཞུ། །བསྒོམས་སྐྱོན་དང་ཐེ་ཚོམ་བྱུང་ན་གེགས་སེལ་གྱི་དཔྱེ་རྣམས་གཟིགས་པར་ཞུ། །རང་ཞི་བདེ་འདོད་ན་འདོད་ཆུང་ཆོག་ཤེས་བགྱིད་པར་ཞུ། །རྫོགས་པའི་སངས་རྒྱས་བཞེད་ན་རི་ཁྲོད་ཀྱི་དགོན་པ་འགྲིམ་པར་ཞུའོ། །འཁོར་བའི་སྡུག་བསྔལ་དྲན་པར་གྱིས་

(༢༦༦)ཚེ་འདི་བློ་ཡིས་བཏོང་བར་ཞུ། །བླ་མ་རང་སེམས་ཡིན་པས་གཞན་ནས་མི་ཚོལ་བར་ཞུ། །རྣམ་རྟོག་མི་མངའ་ས་ལེ་མཁྱེན་པའི་ཆོས་རྣམས་རྟེན་འབྲེལ་དུ་རྟོགས་པར་ཞུ། །སྨོན་ལམ་ཇི་ལྟར་བཏབ་པ་བཞིན་དུ་འགྲུབ་པ་ཡིན་པས་སྨོན་ལམ་ཟབ་ཅིང་རྒྱ་ཆེ་བ་བདེ་བས་བར་ཞུ། །མ་འོངས་པའི་གང་ཟག་ང་དང་མ་ཕྲད་སྙམ་པ་ཀུན་ཀྱང་། ཁོ་བོས་བཙམས་པའི་ལམ་མཆོག་རིན་ཆེན་འཕྲེང་བ་དང་། རྣམ་པར་ཐར་པའི་རྒྱན་ལ་སོགས་པ་རྣམས་ལ་གཟིགས་དང་། ང་དང་དངོས་སུ་ཕྲད་པ་དང་ཁྱད་མེད་ཀྱིས་ད་ལྟ་ངའི་འཁོར་སྙིང་མེད་པོ་འགའ། བླ་མ་དམ་པ་དུས་གསུམ་གྱི་སངས་རྒྱས་འདི་ལྟ་བུ་དང་མཇལ་ནས་ང་ལ་བསྒོམ་མེད་སེམས་པ་ཀུན་ཀྱང་། གུས་པར་གྱིས་ལ་འབད་དེ་གསོལ་བ་ཐོབ་དང་། བྱིན་བརླབས་ཀྱིས་ཡོན་ཏན་རང་འབར་དུ་འབྱུང་བས། དེ་ལྟར་དགོངས་པར་ཞུ། སེམས་ཅན་ལ་གནོད་པར་ནི་འོང་། ཕན་པར་ནི་དཀའ་བས་གདན་

(༢༦༧)ས་དང་། སྐུ་ལྡེར་དང་། འབུལ་བ་ལ་སོགས་པ་མི་མཛད་པར་ཞུ། གདན་ས་དང་བླ་མའི་རྣམ་ཐར་ལ་སོགས་པ་གང་ཡིན་ན་ཆོས་དང་མཐུན་པ་དེ་ཡིན་པས། རྒྱལ་བའི་བཀའ་དང་མ་འགལ་བ་ཅིག་མཛད་པར་ཞུ། ལར་ན་བླ་མར་སྣང་བ་རྨི་ལམ་ཙམ་འདི་ནུབ་ཀྱང་། ཐུགས་རྗེ་དང་བྱིན་བརླབས་ཆུང་དུ་མི་འགྲོ་ཞིང་། སྡུག་བསྔལ་སྐྱོབ་ཅིང་འཁོར་བར་མི་ལྟུང་བ་ང་རང་གིས་ཤེས་ཀྱིས་མོས་པ་དང་གདུད་པ་མི་བརྗེད་གསོལ་བ་འདེབས་པར་ཞུའོ། །ཅེས་གསུང་ཆེམས་ཀྱི་མགུར་འདི་གསུངས་སོ།། །།ཀ་ཡེ་རང་ལ་སེམས་པའི་སློབ་མ་རྣམས། །འཁོར་བར་མི་ལྟུང་ང་རང་ཤེས། །སྡུག་བསྔལ་བསྐྱོབ་པར་ང་རང་ཤེས། །སྡུག་བསྔལ་མ་བྱེད་བུ་སློབ་རྣམས། །སྡུག་བསྔལ་ལ་སྙིང་པོ་ག་ལ་ཡོད། །འཁྲུལ་སྣང་ལ་སྙིང་པོ་མ་མཆིས་པས། །བུ་གཅིག་པོ་ཤི་བའི་མར་རྒན་ཡང་། །ཞག་གསུམ་ནང་པར་འཇུམ་བུ་འཚོར། །དེ་མ་ཤོར་བ་ལ་ངོ་མཚར་མེད། །དེ་བས་བུ་དང་སློབ་

(༢༦༨)མ་རྣམས། །ཕྱི་རུ་མྱ་ངན་མ་བྱེད་པར། །ནང་དུ་རང་གི་སེམས་ལ་ལྟོས། །བཅོས་མིན་གཉུག་མ་མཐོང་བ་ན། །ང་དང་འབྲལ་བ་མེད་པ་ཡིན། །བྱང་ཆུབ་སེམས་ལྡན་སྐྱེས་བུ་ང་ལ་ཉོན། །བདག་གིས་འགྲོ་བ་སེམས་ཅན་མ་ལུས་པ། །དག་པ་མངོན་དགའི་ཞིང་ཁམས་སུ། །ཡང་དག་དེ་རུ་འཁྲིད་པར་ཤོག །ཁྲིད་ནས་འཁོར་བའི་རྒྱ་མཚོ་ལས། །ངེས་པ་ཉིད་དུ་སྒྲོལ་བར་ཤོག། །།ཅེས་གསུང་། ལར་སྙུད་རྒྱུ་ནི་མེད། སྐུ་ཤེད་ཅུང་ཆུང་ནས་གསོལ་བྱ་བ་རྣམས་ཐུགས་མ་བདེ་ནས། སློབ་དཔོན་བསྒོམ་ཚུལ་དང་ཤོ་བསྒོམ་འཕགས་པ་གཉིས་སྤྲན་ནས། ཞལ་སྐྱེམས་སམ་སྐུ་ཁམས་བདེའམ་དྲིས་པས་ཅུང་ཟད་མ་བདེ་གསུང་། སློབ་དཔོན་བསྒོམ་པས་ལྕགས་ཐོམ་གྱི་ནང་དུ་ཆུ་སྐོལ་ནས་ལྕོང་ཞི་ཞིབ་མོ་བཏབ་པ་འདྲེན་པར་བཙམས། །ཤོ་བསྒོམ་གྱིས་ཞེས་ཕུལ་ནས། ཇི་ལྟར་སྙུང་དྲི་དགོས་སྙམ་ཙ་ན། སྐུ་དྲང་པོར་སྲང་སྤྱན་ནམ་མཁའ་ལ་ཧྲིག་མཛད་དེ། རྣམ་རྟོག་མི་མངའ་ཅི་ཡང་ས་ལེ་མཁྱེན།

(༢༦༩)དེ་ཁྱེད་ཀྱིས་གོ་འམ་ང་རང་གིས་ནི་གོ་ཅེས་ཡང་ཡང་གསུང་ཞིང་། །ཆོས་ཐམས་ཅད་ཀྱི་གནས་ལུགས་སྐྱེ་འགག་མེད་ཅིང་། །སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ངང་ལ་སྙོམ་པར་བཞུགས་སོ། །དུས་སྔ་དྲོ་ཉི་མ་རི་སྐེད་ལ་སླེབ་པ་ཙམ་ཡིན་ལ། ཚེས་བཅོ་ལྔ། སྐར་མ་ཆུ་སྟོད་ཟླ་བ་དབྱར་ཟླ་བྲིང་པོ། གཉལ་བ་དང་འོལ་ཀ་བ་དང་། འབྲོངས་ཁ་བ་རྣམས་ཀྱི་ཞིང་སེར་མའི་རྩས་མ་བྱེད་དུས། ཆུ་མོ་བྱ་ལོ་ལ་བབ་པའི་ཚེ། གུང་ལོ་བདུན་བཅུ་རྩ་ལྔ་ལ་སྐུ་གཤེགས་པའི་ཚུལ་བསྟན། དེ་ནུབ་ནམ་མཁའ་ཐམས་ཅད་འཇའ་འོད་ཀྱིས་ཁེངས་པ་དང་། སྒམ་པོའི་ཐད་ཀྱི་ནམ་མཁའ་ལ་ཤེལ་གྱི་མཆོད་རྟེན་བརྒྱ་རྩ་བརྒྱད་འོད་འཕྲོ་བ་དང་། ལྷའི་རྔ་ལྟ་བུའི་སྒྲ་ཆེན་པོ་གྲགས་པ་དབྲོང་ཁ་བ་དང་། འོལ་ཀ་བ་དང་། གཉལ་བ་ལ་སོགས་པ་ཐམས་ཅད་ཀྱི་མཐུན་སྣང་དུ་བྱུང་། དེ་ཡང་བླ་མ་གང་དུ་གཤེགས་པའི་སར་འཇས་ལམ་སྣ་འདྲེན་པ་ཡོད་པས། མི་བྱིན་ན་རེ་བླ་མ་སྤྱན་འདྲེན་མཁན་ཡོད་པར་

(༢༧༠)འདུག་ཟེར། དགེ་བཤེས་ཁམས་པས་འུར་སྒྲ་ཆེན་པོ་ཡང་གསན། ཁོང་རང་གི་སྤྱིལ་པོ་དང་ཡང་དགོན་འཇའ་འོད་ཀྱིས་སྤྲེལ་བར་གཟིགས། །ཨ་ཙ་ར་ནི་བྱ་བས་འོད་ཀྱིས་སྒམ་པོ་གང་བར་མཐོང་བ་དང་། ལྷ་རྗེ་སྙི་བསྒོམ་འདས་སོ་ཟེར་བའི་སྒྲ་ཐོས། དེ་ནས་གདུང་ལྷ་ཁང་ཆེན་མོར་གདན་དྲངས་ནས་དར་ཟབ་དང་རིན་པོ་ཆེའི་ཁྲི་ལ་བཞུགས་ཏེ། མཆོད་པའི་བཀོད་པ་སྣ་ཚོགས་ཀྱིས་མཛེས་པར་བྱས་ནས། བཙུན་ཆུང་གཉིས་ཀྱིས་མཆོད་གཉེར་བྱས་པས་ཕྱག་རྒྱ་ཆེན་པོའི་བསྒོམ་སྐྱེས། བསྒོམ་ཆེན་ཐམས་ཅད་ཀྱང་སོ་སོ་ནས་འཚམས་སྟོན་ཏེ་གདུང་གི་དྲུང་དུ་འདུས་ནས་ཐམས་ཅད་ཀྱིས་མོས་པའི་སྒོ་ནས་མཆོད་པ་ཕུལ་ཞིང་། གསོལ་བ་བཏབ་པས་ཞག་གསུམ་གྱི་བར་དུ་ཐམས་ཅད་ལ་གཉིད་དང་རྨུགས་པ་དང་། བཟའ་བཏུང་གི་སྣང་བ་ཡེ་མེད་དེ། གདོང་མཆི་མས་གང་ཞིང་གསོལ་བ་བཏབ་པས་ཕལ་ཆེར་ཏིང་ངེ་འཛིན་གྱི་ཉམས་མྱོང་ཁྱད་པར་ཅན་དང་ལྡན་པར་གྱུར་ཏོ། །དེ་ནས་

(༢༧༡)ཞག་གསུམ་གྱི་ནང་པར་མཆོད་པའི་ཁྱད་པར་ཤིན་ཏུ་རྒྱས་པ་དང་བཅས་ཏེ་གདུང་བཞུས། །གདུང་རུས་འོ་མ་ལ་འདྲེན་པའི་ཕྱིར། སྐམ་པས་ལེན་པར་བརྩམས་པས་འོད་རྫ་མ་ཙམ་ཅིག་སྤུར་ཁང་གི་ནང་དུ་འདྲིལ་བར་མཐོང་། །གཞན་ཡང་མཐོང་སྣང་སྣ་ཚོགས་བྱུང་སྟེ། དགེ་ཤེས་ཁམས་པས་འཇའ་སྤུངས་པའི་གུར་ལྟ་བུ་སྟེང་གི་ནམ་མཁའ་ལ་མཐོང་། མཁའ་འགྲོའི་ཚོགས་རྣམས་སྤྲིན་བཞིན་འཐིབས་པར་མཐོང་། །སློབ་དཔོན་སྟོང་ལུངས་པས་ནུབ་ཕྱོགས་ཀྱི་ལམ་འཇའ་གུར་ཕུབ་པ་ལྟ་བུ་མཐོང་། ལ་ལས་སྤུར་ཁང་གི་ཕྱི་རོལ་ན་མཆོད་རྟེན་བརྒྱ་རྩ་བརྒྱད་ཀྱིས་སྐོར་བར་མཐོང་། །སློབ་དཔོན་གཉོས་པ་དང་། རྡོ་རྗེ་སློབ་དཔོན་དང་། བསྒོམ་ཤེར་གསུམ་གྱིས་འཇག་སྤྱིལ་དང་། སྤུར་ཁང་གི་བར་འཇའ་གསུམ་གྱིས་སྤྲེལ་བར་མཐོང་། བུད་མེད་རྨ་ར་ཡོད་པ་མང་པོས་གདུང་ལ་མཆོད་པ་བྱེད་པ་དང་། དེ་ལ་སོགས་པ་རང་རང་ལ་མཐོང་སྣང་སྣ་ཚོགས་དང་།

(༢༧༢)ཕུལ་དུ་ཕྱིན་པའི་བལྟས་བསམ་གྱིས་མི་ཁྱབ་པ་བྱུང་ཞིང་། །དབུས་ཀྱི་སྒམ་པོའི་རི་དི་སྨུག་སང་པ་ཐམས་ཅད་ཀྱིས་མཐོང་བ་ལ། རོང་བུ་རྣམས་རྨུགས་པས་འཐིབས་ཤིང་། མཐའ་མ་འཁོར་ཡུག་ཏུ་སྤྲིན་མཆོད་རྟེན་གྱི་བང་རིམ་ལྟ་བུས་ཁེངས་ཤིང་འཁྲིག་པར་གྱུར་ནས། དེའི་དབུས་ན་སྒམ་པོའི་རི་ནི་སྤྲིན་དང་ན་བུན་གང་ཡང་མེད་པར་འཛུམ་དཀྱིལ་ལེ་འདུག་སྟེ། ནམ་མཁའ་གཡའ་དག་པར་གྱུར་ཏོ།། །།སྤུར་སྦྱངས་པའི་ནང་ནས་ཐུགས་མེས་མ་གནོད་པར་བྱོན་པས་སླར་ཡང་སླང་ངའི་ནང་དུ་ཏིལ་མར་བླུག་ནས་སོལ་མེས་བསྲེགས་ཀྱང་རྣམ་པ་གསལ་དུ་སོང་བས། སློབ་དཔོན་བསྒོམ་པའི་ཞལ་ནས་འདིའོ་སྐོལ་རྣམས་ལ་ཐུགས་རྗེས་འཛིན་པའི་རྟེན་དུ་བྱོན་པར་འདུག །གསུང་ནས་གསོལ་འདེབས་བསྟོད་པ་འདི་གསུངས་སོ།། །།རྗེ་མཉམ་མེད་བླ་མ་རིན་པོ་ཆེ། །ཅིར་སྣང་ཆོས་སྐུར་སྟོན་མཛད་ཅིང་། །བདེ་བ་ཆེན་པོར་གཟིགས་

(༢༧༣)མཛད་པའི། །རྗེ་དུས་གསུམ་གསལ་ལ་ཕྱག་འཚལ་སྟོད། །ཉིན་མཚན་དུས་རྣམས་ཐམས་ཅད་དུ། །ཆོས་ཉིད་ངང་ལས་གཡོ་བ་མེད། །རྣམ་པར་སྣང་མཛད་སྤྲུལ་པ་ཅིག །རྗེ་ཡེ་ཤེས་སྒྲོན་ལ་ཕྱག་འཚལ་སྟོད། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །ཐུགས་རྗེའི་ཆུ་རྒྱུན་མི་གཅོད་པ། །སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཅིག །རྗེ་འགྲོ་བ་འདྲེན་ལ་ཕྱག་འཚལ་སྟོད། ཁམས་གསུམ་འཁོར་བའི་རྒྱ་མཚོར་ནི། །ཉོན་མོངས་ནད་ཀྱིས་གདུབས་པ་ལ། །སྨན་པའི་རྒྱལ་པོའི་སྤྲུལ་པ་ཅིག །རྗེ་དུག་ལྔ་སེལ་ལ་ཕྱག་འཚལ་སྟོད། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །སྣ་ཚོགས་སྒོ་ནས་དོན་མཛད་ཅིང་། །ཡེ་ཤེས་སྒྲོན་མེ་འདེགས་མཛད་པ། །རྗེ་སྤྲུལ་སྐུ་ཁྱེད་ལ་ཕྱག་འཚལ་སྟོད། །བདག་གིས་ཁྱེད་ལ་དེ་བསྟོད་པ། །དེ་ལས་བྱུང་བའི་བསོད་ནམས་ཀྱིས། །འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱིས། །ཉོན་མོངས་ནད་རྣམས་སེལ་བར་ཤོག། །།

(༢༧༤)ཅེས་གསུངས་ནས་ཐུགས་ཏེ་དྲི་དང་སྤོས་ཆབ་ཀྱིས་སྐུ་ཁྲུས་གསོལ་ནས། །བསྒོམ་ཆེན་རྟོགས་ལྡན་རྣམས་ལ་ཞལ་བསྟན་ཅིང་དབང་བསྐུར་རོ། །དེ་ནས་སྡེ་པ་རྣམས་ཀྱིས་རིན་པོ་ཆེ་འདས་པའི་གཏམ་ཐོས་ནས། ཐམས་ཅད་ཀྱིས་བཟང་འདྲན་བྱས་ནས་གདུང་གདན་འདྲེན་དུ་འོངས་ཏེ། ཟླ་བ་ཅིག་ཏུ་གདུང་ལ་མཆོད་པ་ཕུལ་ནས་བཞི་དགོས་སོ། །སྡེ་པ་རྣམས་ཀྱིས་ཆ་བཞི། སློབ་དཔོན་བསྒོམ་པས་བཀྲ་ཤིས་སྒོ་མངས་ནང་དུ་བཞུགས་པ་ལ་བཞི་ཆ། བསྒོམ་ཆེན་པ་རྣམས་ཀྱིས་ཕྱེད་ཐོབ་པ་ལ། སློབ་དཔོན་བསྒོམ་པས་གསེར་ཞོལ་བཏག་ནས་དམ་ཚིག་ལ་ཀར་ཏེ་རྒྱལ་འཕམ་མེད་པར་དགོས་སོ། །སྡེ་བ་རྣམས་ཀྱིས་ཕྱོགས་ཕྱོགས་སུ་དར་གྱི་ཁྲི་ལ་གདུང་བཞུགས་ཏེ། སྟེང་དུ་གདུགས་ཕུབ། ཟུར་ལ་རྒྱལ་མཚན་སྒྲེང་། ཕྱོགས་རྣམས་ལ་བ་དན་དང་། ཕྱེ་མ་ཕུར་མ་ལ་སོགས་པ་མཆོད་རྫས་དུ་མ་དང་། ཆ་ལང་དང་མཁར་རྔ་ལ་སོགས་པའི་རོལ་མོའི་སྒྲ་སྣ་ཚོགས་དང་བཅས་པས་བསྐོར་

(༢༧༥)ཏེ་གདན་དྲངས་སོ།། །།ནམ་མཁའ་ཡང་འཇའ་འོད་ཀྱིས་གང་བར་གྱུར་ཏོ། །བར་སྣང་ཐམས་ཅད་སྤོས་ཀྱིས་དུ་བས་འཁྲིགས་ཤིང་། མི་དང་མི་མ་ཡིན་པ་ཐམས་ཀྱིས་དུ་ཞིང་སྨྲེ་སྔགས་གཏོན་པས། ས་གཡོས་པ་ཙམ་དུ་གྱུར་ཏོ། །བསྒོམ་ཆེན་རྣམས་ཀྱང་རང་རང་གི་ཕྱོགས་ཀྱི་རི་ཁྲོད་རྣམས་ལ་བཞུད་དོ། །ས་གཞི་ཐམས་ཅད་ཀྱི་བཀྲག་མདངས་ཉམས་ཏེ་མི་འདོད་པར་གྱུར་ཀྱང་། འཁམས་པ་རིན་པོ་ཆེའི་ཞལ་ནས་ཡུགས་མོ་ཁྲེལ་ཆུང་བར་འདོད་པ་རྣམས་ཀྱང་། དབྱར་དགུན་རེའི་མྱ་ངན་བྱེད་པར་འདུག་པས། ང་ཡང་ད་ལོ་སློབ་དཔོན་བསྒོམ་པའི་སྡོང་རོགས་བྱེད་པ་ཡིན་གསུང་ནས། འཚོ་བ་དཀོན་ནེ་ལས་མེད་ཀྱང་དཔོན་སློབ་གཉིས་ཀྱིས་སློབ་དཔོན་བསྒོམ་པའི་ཕྱག་ཕྱིར་བཞུགས་སོ། །དེའི་ཚེ་ཆོས་རྗེ་རིན་པོ་ཆེ་འདས་དུས་མ་སླེབ་པའི་བསྒོམ་ཆེན་རྣམས་ཀྱིས་དྲི་སྨེད་བྱས་པའི་ལན་དུ་གདུངས་དབྱངས་ཀྱི་ང་རོ་གསུངས་པ།། །།

(༢༧༦)སྐྱེས་ཆེན་མི་ཡིས་སེང་གེའི་ཉི་མ་ནི། །དུས་ཀྱི་རྒྱལ་པོ་བྱ་ལོ་ཤར་བའི་ཚེ། །དབྱར་ཟླ་འབྲིང་པོའི་བཅྭོ་ལྔའི་སྔ་དྲོལ། །སངས་རྒྱས་ཉི་མ་གདུལ་བྱའི་སྣང་ངོར་ནུབ། །རྒྱུ་སྐར་བསྟོད་མཁའ་ལ་རྒྱུ་བའི་དུས། །རྩི་ཤིང་ནགས་ཚལ་འབྲས་བུ་སྨིན་གྱུར་ཅིང་། །ཉ་དང་རིང་བའི་སྐྱེ་བོ་ཐམས་ཅད་ཀྱིས། །འཇའི་གུར་ཕུབ་མཆོད་རྟེན་སྣང་བ་ཤར། །དུབ་འོད་ཀྱི་ཕུང་པོ་ཆེན་པོར་འཁྱིལ། །མཁའ་འགྲོའི་ཚོགས་རྣམས་སྤྲིན་སྤུངས་བཞིན་དུ་འཐིབས། །སྤྲིན་ཚོགས་རབ་དངས་ཉི་མའི་དཀྱིལ་འཁོར་ཏེ། །འོད་གཟེར་རབ་བཀྱེ་མཆོད་པའི་ཆར་བ་ཕབ། །ཡེ་ཤེས་མེ་ལ་ཐུགས་ཉིད་བཞུ་གྱུར་ཀྱང་། །འགྱུར་བ་མེད་པ་ཆོས་རྗེའི་ཕྱག་ཏུ་བྱོན། །རྗེ་ཞུགས་བཀའ་འབངས་རྣམས་ལ་ཐུགས་རྗེ་ཡིས། །ལྕགས་ཀྱུའི་ཞགས་པས་དུས་གསུམ་གཟིགས་པར་ངེས། །ཟླ་བ་ཅིག་ཏུ་གདུང་ལ་མཆོད་པ་ཕུལ། །མཆོད་པའི་རྟེན་དུ་གདུང་རྣམས་སོ་སོར་བགོས། །སྡེ་པ་རྣམས་ཀྱིས་ཕྱོགས་ཕྱོགས་

(༢༧༧)རྣམས་སུ་ཡང་། །ཤིང་རྟ་རབ་བྱས་རྒྱལ་མཚན་བསླང་བྱས་ཤིང་། །གདུགས་རྣམས་རབ་ཕུབ་རོལ་མོའི་ཚོགས་ཀྱིས་བསྐོར། །སྤོས་ཀྱི་དུད་པས་སྟོང་གསུམ་ཁྱབ་གྱུར་ཅིང་། །ནམ་མཁའ་འཇའ་དང་འོད་ཀྱིས་ཁེངས་པར་གྱུར། །དགེ་འདུན་རྣམས་ཀྱི་གདོང་ཡང་མཆི་མས་གཡོགས། །མཁའ་འགྲོ་རྣམས་ཀྱང་རང་བཞིན་གནས་སུ་གཤེགས། །བསྒོམ་ཆེན་རྣམས་ཀྱང་རང་རང་ཡུལ་དུ་བཞུང་། །ཆོས་སྐྱོང་རྣམས་ཀྱང་རྟོགས་ལྡན་ཕྱི་བཞིན་འབྲེང་། །དབེན་ཞིང་ཉམས་དགའི་དགོན་པ་སྟོངས་པར་གྱུར། །ཡི་དྭགས་རྣམས་ལ་གཏོར་མའི་རྒྱུན་ཡང་ཆད། །འགྲོ་བའི་ཉི་མ་སྒམ་པོར་ནུབ་པར་གྱུར། །དགོས་འདོད་ནོར་བུ་ཆོས་དབྱིངས་རྒྱ་མཚོར་གཏོར། །ཤེས་རབ་སྒྲོན་མེ་དུས་ཀྱི་རླུང་གིས་སྐྱོང་། །སའི་བཀྲག་ཉམས་ཐར་པའི་གྲོང་ཁྱེར་ཞིག །ཀྱི་ཧུད་འདོད་འཇོའི་རྒྱ་མཚོ་སྐམས་པར་གྱུར། །ཐུབ་པའི་བསྟན་པ་སྒམ་པོའི་རི་ལ་ནུབ། །འདི་འདྲའི་བཤེས་གཉེན་རྙེད་པར་

(༢༧༨)ག་ལ་འགྱུར། །འོད་གསལ་ཉི་མ་ནུབ་པར་གྱུར་པ་ལ། །ལྟ་ངན་མུན་པ་གང་གིས་སེལ་བར་ནུས། །གྲུ་ཆེན་རྒྱ་མཚོར་ཞིག་པར་གྱུར་པ་ལ། །ཆུ་བོ་བཞི་ལས་གང་གིས་སྒྲོལ་བར་འགྱུར། །ཡེ་ཤེས་རི་བོ་ཉིལ་བར་གྱུར་པ་ལ། །ཤེས་རབ་ཉི་མ་གང་ལས་འཆར་བར་འགྱུར། །གདུལ་བྱའི་ཆར་པ་ཆད་པར་གྱུར་པ་ལ། །ཕྲིན་ལས་མྱུ་གུ་གང་གིས་བྲན་བར་འགྱུར། །ཀྱི་ཧུད་སྐྱེས་མཆོག་ཆེན་པོ་གང་དུ་གཤེགས། །འགྲོ་བའི་སྒྲོན་མེ་གང་དུ་གཤེགས་པར་གྱུར། །སྔོན་གྱི་དུས་ན་མེ་ཏོག་ཟླ་མཛེས་ཏེ། །ཐུབ་པའི་སྤྱན་སྔར་ཟླ་འོད་གཞོན་ནུར་གྱུར། །ལྔ་བརྒྱའི་དུས་འདིར་སྐྱེས་མཆོག་ཆེན་པོ་ཉིད། །ཁྱེད་ནི་མཐོང་དམ་ཐོས་སམ་དྲན་གྱུར་པ། །ཁྱེད་ལ་དད་པའི་སྐྱེའོ་མ་ལུས་པ། །སྡིག་པ་རབ་ཟང་རྟོགས་པ་མཐར་ཐུག་འཆར། །སྐྱེས་བུ་ཁྱེད་ཀྱི་ཐུགས་རྗེའི་བྱིན་བརླབས་ཀྱིས། །སངས་རྒྱས་ཞིང་དུ་ཁྱེད་དང་མི་འབྲལ་ཤོག །ཅེས་བསྟོད་ནས་བླ་མ་རིན་པོ་ཆེ་མིན་ན། །ད་རེས་ཀྱང་ཁོ་བོའི་

(༢༧༩)མི་ལུས་དོན་མེད་ལ་དེའུ་སོང་གསུང་ཞིང་། །ལར་སློབ་མ་བྱ་བ་བླ་མའི་རྣམ་ཐར་འཛིན་པ་ལ་ཟེར་བ་ཡིན་པས་ཁོ་བོ་ཡང་རིན་པོ་ཆེའི་རྣམ་པར་ཐར་པ་བཞིན་བྱེད་པ་ཡིན་གསུང་ནས། དུས་རྟག་ཏུ་འཚམས་ལ་གནས་པ་དང་། རྐང་བཞིའི་འབུལ་བ་མི་ལེན་པ་དང་། གསེར་དངུལ་ཕྱག་ཏུ་མི་འཛིན་པ། ཡར་ངོ་ལ་སྐུ་འཚམས་མཛད་པ། མར་ངོ་ལ་འཁྲིད་མཛད་པ་དང་། དེ་ལ་སོགས་པ་རིན་པོ་ཆེའི་རྣམ་ཐར་མཛད་དོ།། དེ་ནས་སློ་དཔོན་བསྒོམ་པས་བཀྲ་ཤིས་སྒོ་མངས་ལ་སོགས་ཏེ། ཆོས་རྗེའི་ཕྱི་རྟེན་ནང་རྟེན་རྣམས་ལེགས་པར་གྲུབ་ནས་ཁོང་རང་གི་ཐུགས་ལས་རྣམས་ཚར་བ་དང་། དབོན་པོ་བསྒོམ་ཆུང་ལ་གདན་ས་གཏད་ནས། ཁོང་རང་རི་ཁྲོད་ལ་འབྱོན་པར་དགོངས་པ་ལ། གྲ་པ་སྒྲེས་པོ་རྣམས་དང་ཉེ་གནས་ལ་སོགས་པ་རྣམས་སྒོ་མངས་ལ་ཕྱག་འབུལ་བ་དང་། ཆོས་འབྲེལ་ཞུ་བ་ལ་ཕྱོགས་ཕྱོགས་ནས་ཚོགས་ཏེ། ཆོས་ཞུ་བའི་ལན་མགུར་དུ་གསུངས་པ། །

(༢༨༠)བློ་འདས་ཀྱི་ལྟ་བ་མཐའ་བྲལ་ལ། །ཐེ་ཚོམ་ཟ་ཡང་མི་འཚལ་ལོ། །བདེ་སྟོང་གི་བསྒོམ་པ་ཞེན་མེད་ལ། །བསྒོམ་ཐུན་དུ་བཅད་ཀྱང་མི་འཚལ་ལོ། །རང་ཤུགས་ཀྱི་སྤྱོད་པ་ཞེན་མེད་ལ། །ཚུལ་ཆོས་བགྱི་ཡང་མི་འཚལ་ལོ། །འབྲས་བུ་རང་སེམས་འོད་གསལ་ལ། །རེ་དོགས་བགྱི་ཡང་མི་འཚལ་ལོ། །ཞེས་གསུངས་པས། དོན་ཉམས་སུ་ལེན་པའི་གདམ་ངག་ཅིག་ཞུ་ལགས། །ཤེས་ཞུས་པས། །ཐེ་ཚོམ་མེད་པའི་ལྟ་བ་ལ། །གཞི་རྩ་ཆོད་པའི་རྟོགས་པ་འཚལ། །བསྒོམ་ཐུན་དུ་བཅད་དུ་མེད་པ་ལ། །དུས་གསུམ་གཉུག་མར་འཆར་ཡང་འཚལ། །ཚུལ་ཆོས་མེད་པའི་སྤྱོད་པ་ལ། །རང་འཁྲིས་མེད་པའི་གཞན་ཕན་འཚལ། །རེ་དོགས་མེད་པའི་འབྲས་བུ་ལ། །གོམས་པ་རྒྱུན་དུ་རྟེན་ཡང་འཚལ། །ཞེས་གསུངས་པས་ཁྱེད་རས་འཚལ་རས་མི་འཚལ་གསུང་། །དེ་ཀུན་ཕྱེད་རང་རྟོགས་ལྡན་གྱི་ཆོས་སུ་འདུག །ངེད་རྣམས་ལ་སྐྱེ་བར་བྱེད་པའི་ཐབས་ལག་ཏུ་བླང་རྒྱུའི་གདམ་ངག་ཅིག་

(༢༨༡)ཞུ་ཟེར་བ་ལ་ཡང་གསུངས་པ།། །།དབྱངས་ད་དེ་དང་ཅིག་སྟེ་འདི་དང་གཉིས། །ལྷན་ཅིག་སྐྱེས་པའི་སེམས་ཉིད་འདི། །བརྩིར་གྱིས་བཟུང་ན་གཉུག་མ་ཡིན། །ལྷོད་ཀྱིས་གློད་ན་སྤྲོས་བྲལ་ཡིན། །ལྷན་ཅིག་རྟོགས་ན་ཆོས་སྐུ་ཡིན། །རྣམ་རྟོག་སྤང་བྱར་མི་འདོད་ཅིང་། །མི་རྟོག་ཆེད་དུ་མི་སྒྲུབ་པ། །མཉམ་བྲལ་སེམས་ཀྱི་ངོ་བོ་ཡིན། །གསལ་སྟོང་གི་རིག་པ་རྗེན་པ་འདི། །མ་ཡེངས་པར་སྐྱོང་བ་མན་ངག་ཡིན། །ཡོད་ན་བླ་མ་དཀོན་མཆོག་མཆོད། །མེད་ན་ཤེས་པ་གློད་ལས་ཞོག །ཕ་འཛམ་གླིང་གྲགས་པ་དེ་སྐད་གསུང་། །ཞེས་གསུངས་ཏེ། །རྗེ་བསྒོམ་པ་འདི་ཉིད་ཀྱང་། བླ་མ་རིན་པོ་ཆེའི་འཕྲིན་ལས་ཀྱི་རྣམ་སྤྲུལ། །སྤྲུལ་སྐུ་སེམས་ཅན་གྱི་བསོད་ནམས་ལས་གྲུབ་པ། །བསྟན་པའི་བདག་པོ་ཡིན་ཏེ་དེ་ཡང་རྒྱབས་སེ་རེ་དང་། ཡུམ་ཆེ་ལྕམ་གཉིས་ལ་སྲས་གསུམ་ཡོད་པའི་འབྲིང་པོ་བསྒོམ་པ་གྲགས་མཛེས་བྱ་བ།

(༢༨༢)ཏིང་ངེ་འཛིན་དུ་མ་དང་ལྡན་པ་ཅིག་སྔ་བར་འདས། དེའི་ལྕེན་པོ་སློབ་དཔོན་བསྒོམ་ཚུལ་ཡང་ཡུམ་གྱི་ལྷམས་ན་བཞུགས་པའི་ཚེ། །ཡུམ་གྱི་རྨི་ལམ་ན་ལྟོ་བ་ནས་ཉི་མ་ཤར་བས་འཛམ་གླིང་འོད་ཀྱིས་གང་བ་རྨིས་པས། སྐུ་བལྟམས་པའི་དུས་སུ་མཚན་ཡང་འཛམ་གླིང་གྲགས་པ་བྱ་བར་བཏགས། །ལོ་ལྔ་པ་ལ་ཨ་ཁུ་ལྷ་རྗེ་སྙི་ཆུང་པ་དང་འགྲོགས་ནས་དགས་པོ་ངོས་སུ་བྱོན། །བླ་མ་ཆེན་པོ་དང་མཇལ། མི་གཡོ་བའི་བསྒོམ་ལུང་ཕོག་པས་ཞལ་གཟིགས། ལོ་བཅུ་གཅིག་པ་ལ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ནི་འཁྲུངས། །གུང་ལོ་བཅུ་བདུན་ལོན་ནས་དགེ་ཤེས་མངའ་རིས་པས་མཁན་པོ་མཛད་དེ་དགེ་ཚུལ་མནོས། །ཉི་ཤུ་ལ་དགེ་ཤེས་ཤ་པ་གླིང་པས་མཁན་པོ་མཛད་ནས་བསྙེན་རྫོགས་མཛད་དོ། །དགེ་སློང་ཚུལ་ཁྲིམས་སྙིང་པོ་བྱ་བར་མཚན་གསོལ། བླ་མ་ཆེན་པོས་ཆོས་དྲུག་ལ་སོགས་ཏེ། གདམ་ངག་ཐམས་ཅད་རྫོགས་པར་གནང་ནས་གཉགས་ལྷ་བྱར་མ་དང་། ལྷོ་ཤ་འུག་

(༢༨༣)དོ་མ་ཚང་ལ་སོགས་པ་རི་ཁྲོད་དུ་མ་རྟེན། མཆོག་ཐུན་མོངས་གི་དངོས་གྲུབ་མཉེས། བྱར་ལྐོག་དབང་ཞུ་ཕུབ་ཏུ་བཞུགས་དུས། ཞྭ་སྣ་རིངས་ཀྱི་སྣ་བ་བལྟ་བས། སྣམས་པས་བསྒོམ་ཞྭ་ཞེས་གྲགས་པ་བྱུང་། བླ་མ་ཆེན་པོའི་ཞལ་ནས་བསྒོམ་ཚུལ་འདི་སྔར་ནས་ཐུགས་རྒྱུད་སྦྱངས་སྦྱངས་པས། ཁོ་བོས་སང་བར་བྱས་པ་ཙམ་ཞེས་ཤིན་དུ་དགྱེས་པར་མཛད། དེ་ནས་ཚོགས་པ་སློབ་དཔོན་བསྒོམ་པ་ལ་གཏད་བྱ་ལྐོག་ཏུ་ཚོགས་པ་སྟོད་ར་ཙ་ན་འདུས། དེ་ནས་སྒམ་པོའི་མཆོད་ཁང་སྙིང་མ་དང་། བསྒོམ་སྡེའི་མཁར་ལན་ལ་སོགས་པ་མཛད། །གསེར་གྱི་མཆོད་རྟེན་བཀྲ་ཤིས་སྒོ་མངས་ལ་སོགས་པ་མང་དུ་བཞེངས། དེ་ནས་སྟོད་ལུངས་ཀྱི་གནས་བརྟན་ཤེས་རབ་གྲགས་བྱ་བས་གདན་དྲངས། མཚུར་ལྷ་ལུང་གི་དགོན་པ་བཏབ། དབུས་གཙང་ཁམས་གསུམ་གྱི་དགེ་འདུན་དཔག་ཏུ་མེད་པ་སྨིན་གྲོལ་ལ་བཀོད། དེ་ནས་འདྲེ་སྲིན་གདུག་

(༢༨༤)བཅན་འཁྲུགས་ནས། ལྷས་འཕྲུལ་སྣང་གི་གཙུག་ལག་ཁང་མེས་བསྲེགས། རེ་ཧྲུལ་དུ་སོང་ནས་གསོ་མཁན་མེད་པའི་དུས་སུ། ཆོས་སྐྱོང་མགོན་པོ་དང་། རེ་མ་ཏི་དང་། རྫོང་བཙན་གསུམ་གྱི་སྤྱན་འདྲེན་དུ་བྱུང་སྟེ། དབུ་རུ་བྱང་ངོས་ཕ་གིར་ལྷ་ས་སྡེ་བཞི་འཁྲུག་པ་ཤོར་བས་དེའི་བསྡུམས་ལ་བྱོན་ཟེར་བས་ཞལ་གྱིས་བཞེས་ཏེ། དེར་བྱོན་ནས་རེ་ཧྲུལ་སྟོང་བ་དེར་བཞུགས་ནས། བསྡུམས་མ་བྱུང་། ཡུན་རིང་དུ་ཐོགས། དགས་པོ་ནས་ཀྱི་གྲ་པ་རྣམས་སྐྱོ་བར་གྱུར། སློབ་དཔོན་གྱི་ཞལ་ནས་ད་ཞག་འགའ་འགྲོ་བ་ཡིན་གསུང་། དེར་འགྲོ་བར་བརྩམས་པ་དང་། ཡང་འགྲོ་མི་བཏུབ་པར་འདུག་གསུང་། དེ་ཇི་ལྟར་ལགས་ཞུས་པས། མདང་ངའི་རྨི་ལམ་དུ་བླ་མ་ཆེན་པོ་བྱོན་ནས་བསྒོམ་ཚུལ་ཁྱོད་ཀྱིས་ང་འཇོག་ཕོད་དམ་བྱ་བ་གསུང་། བླ་མ་ཆེན་པོ་དང་ཇོ་བོ་ཐ་དད་མི་འདུག་གསུང་། ཡང་ལན་ཅིག་ཇོ་བོའི་ཞལ་ནས་འཁྲུག་པ་འདི་ཁྱོད་ཀྱིས་མི་བསྡུམ་ན་སུས་བསྡམ།

(༢༨༥)ངས་གྲོགས་བྱ་ཡིས་གསུང་སྟེ་སྤྱན་ཆབ་བྱུང་བ་ཀུན་གྱིས་མཐོང་སྣང་དུ་གྲུབ་པ་བྱུང་། དེ་ནས་ཇོ་བོའི་ལུང་གི་རྗེས་སུ་འབྲངས་ནས་བསྡུམས་པས། ཚེགས་མ་བྱུང་། བསོད་ནམས་ནམ་མཁའ་དང་མཉམ། ཉི་མ་དང་ཟླ་བ་ལྟ་བུར་གྲགས་པར་གྱུར། འཕྲུལ་སྣང་གི་ལྕགས་རིས་དང་། སྐོར་ཁང་དང་། སྤེན་པད་དང་། ཞལ་ལ་སོགས་པའི་ཞབས་ཏོག་མང་དུ་མཛད། །སློབ་དཔོན་གཉལ་སྟོན་ལ་ཁྱོད་ཀྱིས་ལྷས་འདི་ཅིར་མཐོང་གསུང་། གཉལ་སྟོན་གྱིས་ཇོ་བོ་འདི་ན་བཞུགས། བྱམས་པ་འདི་ན་བཞུགས་བྱ་བ་ལ་སོགས་པ་ཀུན་གྱིས་མཐོང་བཞིན་དུ་མཐོང་ཞུས་པས། ཁོ་བོས་དེ་ལྟར་མ་མཐོང་ལྷ་སའི་གཙུག་ལག་ཁང་འདི་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་དུ་མཐོང་གསུང་། བདག་གིས་ཀྱང་མཐོང་ཐབས་ཡོད་ལགས་སམ་ཞུས་མོས་གུས་གྱིས་དང་མཐོང་གི་གསུང་། གསོལ་བ་བཏབ་བས་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་གཙོ་བོ་སློབ་དཔོན་ཉིད་ཀྱིས་མཛད་པ།

(༢༨༦)ཁོང་རང་ཡང་ལྷའི་གྲལ་ལ་ཚུད་པར་གཟིགས་སོ། །གཉལ་སྟོན་ན་རེའོ་སྐོལ་རྣམས་ལ་ནཱ་རོ་པ་ཙམ་གྱིས་དང་པ་ཡོད་ན། སློབ་དཔོན་འདི་ལ་ཏཻ་ལོ་བཙམ་གྱིས་བྱིན་བརླབས་ཡོད་ངོ་ཤེས་པར་འདུག་གསུང་སྐད། །གཞན་ཡང་རྡོ་རྗེ་གདན་སྐད་ཅིག་གི་སྐོར་བ་དང་། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་གཟིགས་པ་དང་། སྤྱན་རས་གཟིགས་དང་རྡོ་རྗེ་ཕག་མོ་ལ་སོགས་པ་ཡི་དམ་གྱི་ལྷ་དཔག་ཏུ་མེད་པའི་ཞལ་གཟིགས། །སྐུ་མི་སྣང་བ་དང་དུ་མར་གྱུར་པ་ལ་སོགས་པ་རྫུ་འཕྲུལ་དང་མངོན་པར་ཤེས་པའི་ཡོན་ཏན་དུ་མ་དང་ལྡན་པ་ཡིན་ཞིང་།། །།ཆོས་རྒྱལ་ཆེན་པོའི་བཀའ་ཚེམས་ལས་ལུང་བསྟན་པའང་ཡོད་དེ། །ཇི་སྐད་དུ། བྱང་ཆུབ་སེམས་དཔའ་ཤར་ལྷོར་སྐུ་མཁྲུངས་པ། །གསང་སྔགས་འཆད་པའི་རྣལ་འབྱོར་ཆེན་པོ་ནི། །སྙིང་པོའི་མཐའ་ཅན་སྐྱེས་བུ་དམ་པ་སྟེ། །གཙུག་ལག་ཁང་ཆེན་འདི་ལ་ཕན་པར་འགྱུར། །ཞེས་སོགས་འབྱུང་ཞིང་རྒྱས་པར་ནི་རྗེ་འདི་ཉིད་ཀྱི་རྣམ་ཐར་དུ་བལྟ་བར་བྱའོ། །དེ་

(༢༨༧)ལྟར་བདག་ཉིད་ཆེན་པོ་འདི་ནི་བླ་མ་ཆེན་པོ་དང་། ངོ་བོ་ཅིག་ཀྱང་ཐུགས་སྲས་ལྟ་བུར་སྣང་བ་མི་ལས་འདས་པ་ཡིན་ཞིང་། གུང་ལོ་ལྔ་བཅུ་རྩ་གསུམ་གྱི་བར་དུ་བཞུགས། གླང་གི་ལོ་སྟོན་ཟླ་ཐ་ཆུངས་གི་ཚེས་ཉི་ཤུ་ལ་ངོ་མཚར་བའི་བལྟས་མང་པོ་བྱས་སྟེ། སྐུ་གཤེགས། ཐུགས་དང་ལྗགས་མ་ཚིག་པར་བྱོན། །སློབ་དཔོན་པའི་བཅུང་པོ་སློབ་དཔོན་བསྒོམ་ཆུང་ཞེས་གྲགས་པ་ཡང་། ཏིང་ངེ་འཛིན་གྱི་རྟོགས་པ་དང་ཡོན་ཏན་དཔག་ཏུ་མེད་པ་མངའ་ཞིང་། བདེ་མཆོག་དང་སྒྲོལ་མ་དཀར་མོ་ལ་སོགས་ཏེ། ཡི་དམ་དཔག་ཏུ་མེད་པའི་ཞལ་གཟིགས། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་མཐོང་བ་དང་། དབུའི་གཙུག་གཏོར་ཀུན་གྱིས་གསལ་བར་མཐོང་བ་ཡོད་པ་དང་། རྫུ་འཕྲུལ་སྣ་ཚོགས་སྟོན་ཅིང་ཐུགས་རྗེ་དང་རྟོགས་པའི་ཡོན་ཏན་དཔག་ཏུ་མེད་པ་མངའ་བ་ཅིག་ཡིན་ཅིང་། གུང་ལོ་བཞི་བཅུ་རྩ་བཞི་ལ་ངོ་མཚར་བའི་བལྟས་མང་པོ་དང་བཅས་ཏེ་སྐུ་གཤེགས།

(༢༨༨)ཐུགས་ལྗགས་མ་ཚིག་པར་བྱོན། རྒྱས་བར་ནི་འདི་ཉིད་ཀྱི་རྣམ་ཐར་དུ་བལྟ་བར་བྱའོ། །དེ་ལྟར་རྗེ་ཁུ་དབུན་གསུམ་པོ་འདི་ནི། འགྲོ་བ་ཡོངས་ཀྱི་སྐྱབས་མགོན་རིགས་གསུམ་མགོན་པོ་ལྟ་བུ། །རྡོ་རྗེ་འཆང་ནས་སྤྲུལ་པའི་སྐུ་རྒྱུན་མ་ཆད་པ་ཡིན་ཏེ། རྗེ་བཙུན་ཁུང་བོན་འདི་དག་གི་སྲས་མཆོག་ཏུ་གྱུར་པ། རྗེ་དུས་གསུམ་མཁྱེན་པ་དང་། བདེ་གཤེགས་རིན་པོ་ཆེ་ཕག་མོ་གྲུ་པ་དང་། དཔལ་འབམ་རོམ་པ་རྣམས་སོ་སོར་ཡང་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་འགྲོ་བ་འདྲེན་པའི་གཙོ་བོར་གྱུར་པའོ། །ཉེ་བའི་སྲས་བཞི་ལ། བསྒོམ་པར་འདུལ་འཛིན་ལ་ཡག་ཇོ་སྲས། མགར་སྒོམ་དཀར་པོ། སྐྱེ་བསྒོམ་ཡེ་རྡོ་ར་དང་བཞིའོ། །གསོལ་ཇ་གཟིམས་གཡོག་དང་ཞབས་རྟོག་བྱེད་པའི་ཉེ་གནས་བཞི་ནི། ཇོ་གདན་ལེགས་མཛེས། ཤོ་བསྒོམ་བྱང་ཡེས། ཉེ་གནས་གསལ་བྱང་། རས་བསྒོམ་རས་པ་རང་བཞིའོ། །གཞན་ཡང་འོལ་ཁ་ཆོས་འབྱུང་། ཐང་ལྷ་མོན་བསྒྲོམ། །ཏི་སྒྲོ་ཉང་བསྒོམ། ཞིག་པོ་ལྗང་

(༢༨༩)།ཐུལ། ཞེས་བྱ་བ་རྣམས་དང་། རིན་པོ་ཆེ་རྨོག་ལྕོག་པ། རྒྱལ་བ་ཁྱུད་ཚང་པ། གནམ་མཚོ་ངོ་བསྒོམ། ཟང་རི་རས་པ་ལ་སོགས་ཏེ་ཕྱི་ནང་གི་ཡོན་ཏན་དཔག་ཏུ་མེད་པ་མངའ་བའི་བུ་སློབ་བསམ་གྱིས་མི་ཁྱབ་པ་བྱུང་ངོ་། །རྗེ་བསྒོམ་པ་དང་། དགེ་ཤེས་ཁམས་པ་དང་། རྗེ་རིན་པོ་ཆེ་དབུ་སེ་ལ་སོགས་པ་ཐུགས་ཐུགས་ཀྱི་སྲས་མང་ཞིང་འདུས་པའི་དུས་སུ། བླ་མ་རིན་པོ་ཆེའི་ཞལ་ནས། སྔོན་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཁོ་བོ་ཟླ་འོད་གཞོན་ནུ་ཞེས་བྱ་བར་གྱུར་ནས་ཏིང་ངེ་འཛིན་དམ་པ་བརྩལ་ཞིང་། འདིར་ཡང་ཁོ་བོས་ཁྱེད་རྣམས་ཏིང་ངེ་འཛིན་ལ་བཀོད་དེ། སངས་རྒྱས་ཀྱི་བསྟན་པ་ལ་འཁྱབ་ཆེར་བྱས་པ་ཡིན་ཞེས་གསུངས་ཏེ། དེ་ལྟར་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྲས་དམ་པར་གྱུར་པ། ཆོས་རྗེ་སྒམ་པོ་འདི་ཉིད་བཅོམ་ལྡན་འདས་ཀྱིས་ཏིང་ངེ་འཛིན་རྒྱལ་པོའི་མདོ་དང་། དཀོན་མཆོག་རྩེགས་པ་དང་། སྙིང་རྗེ་པདྨ་དཀར་པོ་ལ་སོགས་ཏེ་མདོ་རྒྱུད་དུ་མར་ལུང་བསྟན་ཅིང་། སྙིགས་མའི་དུས་ན་དེ་བཞིན་གཤེགས་

(༢༩༠)པའི་བསྟན་པ་ལ་ཆོས་འཛིན་པར་ཞལ་གྱིས་བཞེས་པ། དགེ་སློང་འཚོ་བྱེད་ཅེས་བྱ་བ་འཁོར་དགྲ་བཅོམ་པ་ལྔ་བརྒྱ་ལས་མི་ཉུང་བར་ལུང་བསྟན་ཏེ། དེ་ཡང་ཏིང་ངེ་འཛིན་གྱི་རྟོགས་པ་དང་ལྡན་པ། མ་དག་པའི་དངོས་པོ་བརྒྱད་མི་འཆང་བ། རི་མཚམས་དང་འདག་ཆར་ལ་གནས་པ། གསངས་སྤྱོད་ཙོག་བུའི་རྣལ་འབྱོར་ལ་རྩོན་པ། སྤྱན་དང་མངོན་ཤེས་དྲུག་གི་ཡོན་ཏན་དང་ལྡན་པ། ལྔ་ཁྲི་གཅིག་སྟོང་དྲུག་བརྒྱ་འབྱུང་ངོ་། །ཞེས་པ་དང་། མདོ་ཏིང་ངེ་འཛིན་རྒྱལ་པོའི་ལེའུ་བཅོྭ་ལྔ་པ་ལས་ཀྱང་། །གསལ་བར་ལུང་བསྟན་ཏེ། བཅོམ་ལྡན་ཀྱིས་བྱམས་པ་ལ་བཀའ་སྩལ་པ། །ཟླ་འོད་གཞོན་ནུར་གྱུར་པ་འདི་ཉིད་ཀྱིས། །མཚུངས་པ་མེད་པར་དགའ་བས་སངས་རྒྱས་བསྟོད། །སངས་རྒྱས་ཡོན་ཏན་བྱེ་བྲག་འཕགས་བརྗོད་པས། །རྟག་ཏུ་འཁོར་མོར་ཤིན་དུ་བསྔགས་པར་འགྱུར། །སྔོན་ཡང་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་འདིར། །སངས་རྒྱས་དག་ཀྱང་བྱེ་བ་ཕྲག་སྟོང་མཐོང་། །རྒྱལ་བ་དེ་དག་ཀུན་

(༢༩༡)གྱི་དྲུང་དུ་འདིས། །ཏིང་འཛིན་ཞི་མཆོག་འདི་ཡང་རབ་ཏུ་དྲིས། །བྱང་ཆུབ་སྤྱོད་པ་མཆོག་འདི་སྤྱོད་པ་ན། །འདི་ནི་ཀུན་ཏུ་ངའི་བུར་གྱུར་ཏེ། །ཐམས་ཅད་དུ་ཡང་སྤོབས་དང་ལྡན་པར་གྱུར། །ཀུན་དུ་རྟག་པར་ཚངས་པར་སྤྱོད་པ་སྤྱད། །འདི་ནི་ཕྱི་དུས་འཇིགས་པ་ཆེན་པོ་ལ། །རྟག་ཏུ་ཚངས་སྤྱོད་གཙང་ལ་རབ་གནས་པས། །ཏིང་འཛིན་འདི་ནི་ཤིན་དུ་རྒྱས་བྱེད་འགྱུར། །འདི་ལ་མ་ཕམ་ཁྱོད་ཉིད་ངའི་དཔང་། །ཏིང་འཛིན་དམ་པ་འདི་ནི་རབ་འཚོལ་ཞིང་། །ལམ་འདིར་ཞུགས་པས་བྱང་ཆུབ་དམ་ཐོབ་འགྱུར། །སངས་རྒྱས་བྱེ་བ་མང་པོས་ཡོངས་བཟུང་སྟེ། །འདྲེན་པ་རྣམས་ལ་མཆོད་པ་མཆོག་བྱེད་འགྱུར། །ང་ནི་ཡེ་ཤེས་ལ་ཡང་རབ་གནས་ཏེ། །ཟླ་འོད་སྤྱོད་པ་ཁྱད་ཞུགས་ལུང་བསྟན་ཅིང་། །འདིའི་སྲོག་དང་ཚངས་པར་སྤྱོད་པ་དག །ཕྱི་མའི་དུས་ལ་བར་ཆད་མེད་པར་བྱ། །ལག་ཐིལ་ཀྱུ་རུ་བྲུ་ལྔ་བཀོད་པ་བཞིན། །

(༢༩༢)མ་འོངས་པ་ན་གང་ལ་མཆོད་འགྱུར་བ། །སངས་རྒྱས་བྱེ་བ་དག་ནི་ཕྲག་སྟོང་དང་། །དེ་ལས་ལྷག་པར་གངྒའི་བྱེ་རྙེད་ཅེས། །ལྷ་དང་ཀླུ་རྣམས་བྱེ་བ་བརྒྱད་བཅུ་དང་། །གནོད་སྦྱིན་བྱེ་བ་སྟོང་ཕྲག་བདུན་བཅུ་དག །ཕྱི་མའི་དུས་ལ་བརྩོན་པར་བྱེད་པར་འགྱུར། །རྐང་གཉིས་གཙོ་བོ་ལ་ཡང་མཆོད་པ་བྱེད། །རྐང་གཉིས་གཙོ་ལ་མཆོད་པ་མཆོག་བྱས་ཏེ། །ཡེ་ཤེས་བླ་མེད་འདི་ནི་རབ་སྒྲུབས་ནས། །ཕྱི་མའི་དུས་ལ་དེ་ནི་འཇིག་རྟེན་མགོན། །རྒྱལ་བ་དྲི་མེད་འོད་ཅེས་བྱ་བར་འགྱུར། །ཟླ་འོད་གཞོན་ནུར་གྱུར་པ་བདག་ཉིད་ཀྱིས། །ལུང་བསྟན་འདི་ཐོས་དགའ་བ་རྒྱས་གྱུར་ཏེ། །ཏ་ལ་བདུན་སྲིད་དུ་ནི་མངོན་འཕགས་ནས། །མཁའ་ལ་འདུག་སྟེ་ཆེད་དུ་བརྗོད་པ་བརྗོད། །ཨེ་མ་རྒྱལ་བས་ཆོས་མཆོག་སྟོན་མཛད་པ། །རྣམ་གྲོལ་ཡེ་ཤེས་བདག་པོ་སྟོབས་གནས། །ཤིན་དུ་ངེས་པའི་ཡེ་ཤེས་མཆོག་གནས་པས། །ཕ་རོལ་རྒོལ་བ་དག་གིས་ཟིལ་མི་ནོན། །ཆགས་པ་སྤངས་

(༢༩༣)ཤིང་རྣམ་པར་གྲོལ་ལ་རེག །སྲིད་པའི་ཁྲི་ཤིང་འཆིང་བ་མཐའ་དག་བཅད། །སྲིད་པ་སྤངས་ཤིང་སྲིད་པར་མཚམས་སྦྱོར་མེད། །ཆོས་ཀྱི་རང་བཞིན་དངོས་མེད་རབ་མཁྱེན་ཅིང་། །བརྗོད་དུ་མེད་པའི་ཚིག་ཀྱང་ཐུགས་སུ་ཆུད། །མུ་སྟེགས་ཕྱིན་ཅི་ལོག་ལ་གནས་པ་དག །མི་མཁས་དེ་ཀུན་སེང་གེས་ཝ་བཞིན་བཤིག །བདེ་བར་གཤེགས་པ་བསྟན་པའི་ཆོས་ཀྱི་གཏེར། །གཏེར་མཆོག་དམ་པ་བདག་གིས་དེང་ཐོབ་སྟེ། །ངན་འགྲོ་ལོག་པར་ལྟུང་བ་ཐམས་ཅད་སྤངས། །འདྲེན་པར་མི་འགྱུར་སྙམ་པའི་ཐེ་རྩོམ་མེད། །གསེར་གྱི་ཁ་དོག་མཛེས་ཤིང་འོད་གསལ་བ། །ཕྱག་ཀྱང་དེའི་མགོ་ལ་རབ་གཞག་ནས། །ལྷར་བཅས་འཇིག་རྟེན་དག་ཀྱང་སྤང་བཀོད་དེ། །མིའི་ཁྱུ་མཆོག་བྱང་ཆུབ་དབང་བསྐུར་མཛད། །ཅེས་བསྟན་ཏོ།། །།རྒྱས་པར་ནི་མདོ་ཉིད་ལས་རྟོགས་པར་བྱའོ། །ཡང་འཁོར་འདུས་པའི་སྒོ་ནས་ཀྱང་

(༢༩༤)གསལ་བར་བསྟན་ཏེ། མདོ་དེ་ཉིད་ལས། ཟླ་འོད་གཞོན་ནུར་གྱུར་པ་སེམས་དགའ་ནས། །སངས་རྒྱས་སྤྱན་སྔར་འདུག་སྟེ་ཚིག་སྨྲས་པ། །སྐྱེས་བུ་དམ་པ་མྱ་ངན་ཡོངས་འདས་ནས། །མ་རུངས་དུས་ན་བདག་གིས་མདོར་འདི་བཟུང་། །བདག་གིས་ལུས་དང་སྲོག་ཀྱང་ཡོངས་བཏང་སྟེ། །འཇིག་རྟེན་སྐྱིད་པ་ཅི་མཆིས་ཀུན་བཏང་ལ། །བདག་གིས་འཇིག་པ་ཆེན་པོའི་དུས་དེར་ཡང་། །ཏིང་འཛིན་ཞི་མཆོག་འདི་ནི་བཟུང་བར་བགྱིས། །སེམས་ཅན་མང་ལ་སྙིང་རྗེ་ཆེར་བསྐྱེད་དེ། །སེམས་ཅན་སྡུག་བསྔལ་མགོན་མེད་མཐོང་བས་ཀྱང་། །དེ་དག་ལ་ནི་བྱམས་པ་ཉེ་སྦྱར་ཞིང་། །ཏིང་འཛིན་ཞི་མཆོག་འདི་ནི་བཟུང་བར་བགྱི། །དེ་ཡི་ཚེ་ན་ཏིང་འཛིན་འཛིན་པ་དང་། །ལྔ་བརྒྱ་ལས་ནི་མི་ཉུང་དེར་འབྱུང་སྟེ། །མདོ་སྡེ་མཆོག་འདི་རྒྱ་ཆེར་བཟུང་བ་ལ། །དེ་དག་སྔོན་དུ་འདྲེན་པ་གཞོན་ནུ་ཡིན། །ཞེས་བསྟན་ཏོ།། །།

(༢༩༥)ཡང་ཕྱི་རབས་ཀྱིས་རྒྱུད་འཛིན་བསྟན་པ་ཡང་མདོ་དེ་ཉིད་ལས། །མི་ཟད་པའི་ཕྱིར་དུས་ལ། །དམ་པའི་ཆོས་ནི་འཇིག་པའི་ཚེ། །མདོ་སྡེ་འདི་ནི་རབ་བཤད་པར། །ཁྱད་ལ་སུ་དག་སྤྲོ་བ་ཡོད། །དེ་ཚེ་གཞོན་ནུ་ལངས་ནས་ནི། །དུ་ཞིང་རྒྱལ་ལ་འདི་སྐད་གསོལ། །སངས་རྒྱས་ཐུགས་ཀྱི་སྲས་པོ་ཡིས། །འདི་སྐད་སེང་གེའི་སྒྲ་ཡང་གྲགས། །རྫོགས་པའི་སངས་རྒྱས་མྱ་ངན་འདས། །མི་ཟད་པ་ཡི་ཕྱི་དུས་ལ། །ལུས་དང་སྲོག་ཀྱང་རབ་བཏང་སྟེ། །བདག་གིས་མདོ་སྡེ་རྒྱས་པར་བགྱི། །བྱིས་པ་རྣམས་ཀྱིས་མི་བདེན་པ། །སྤྱད་ཅིང་སྤྱོད་པ་བཟོད་པར་བགྱི། །བཤེ་བ་དང་ནི་སྡིག་པ་ཡང་། །འདྲེན་པ་དང་དུ་བླང་བར་བགྱི། །བྱང་ཆུབ་སེམས་དཔའ་གཞན་དག་ལ། །ངན་སེམས་དག་ནི་སྐྱེ་བ་འམ། །གང་སྔོན་བདག་གི་སྡིག་པ་ཡིས། །ལས་རྣམས་བགྱིས་པ་བྱང་བར་བགྱི། །སངས་རྒྱས་གསེར་གྱི་མདོག་འདྲ་བ། །སྤྱི་བོ་ལ་ནི་ཕྱག་གཞག་སྟེ། །དེ་བཞིན་

(༢༩༦)གཤེགས་པ་འཇམ་དཔལ་དབྱངས། །ཟླ་འོད་ལ་ནི་སྟོན་པས་གསུང་། །གཞོན་ནུ་ཕྱི་མའི་དུས་དག་ལ། །ཁྱོད་ཀྱིས་ཚངས་པར་སྤྱོད་པ་དང་། །སྲོག་གི་བར་ཆད་མི་འབྱུང་བར། །ཁྱོད་ལ་བྱིན་གྱིས་བརླབས་པར་བྱ། །ཆོས་སྨྲ་བ་ནི་གཞན་དག་ཀྱང་། །བརྒྱད་པ་རྒྱ་པོ་དག་ལངས་ནས་སུ། །ཕྱི་མའི་དུས་ན་བདག་ཅག་ཀྱང་། །མདོ་སྡེ་འདི་ནི་འཛིན་པ་ལགས། །ལྷ་དང་ཀླུ་དང་གནོད་སྦྱིན་ཡང་། །བྱེ་བ་བརྒྱ་བཅུ་ཉེར་ལྷགས་ཏེ། །གཞན་ཡང་ཁྲག་ཁྲིག་དྲུག་བཅུ་རྣམས། །འཇིག་རྟེན་མགོན་ལ་འདི་སྐད་སྨྲས། །དགེ་སློང་དག་ནི་འདི་རྣམས་ལས། །དི་རིང་སུ་དག་ལངས་པ་རྣམས། །ཕྱི་དུས་དེ་ཚེ་བདག་ཅག་གིས། །འདྲེན་པ་རབ་ཏུ་བསྲུང་བར་བགྱི། །ཞེས་གསུངས་པས་བརྒྱུད་འཛིན་གྱི་སྐྱེས་བུ་དམ་པ་འདི་རྣམས་ཀྱང་། །སྔོན་གྱི་ཆོས་སྨྲ་བ་བརྒྱད་པོ་དེ་རྣམས་ཡིན་ཅིང་། །དེའི་དུས་ཀྱི་ལྷ་དང་ཀླུ་ལ་སོགས་པ་དེ་རྣམས་ཀྱང་། །སྐྱེས་བུ་

(༢༩༧)དམ་པ་དེ་རྣམས་ཀྱི་ཕྱི་བཞིན་དུ་ཆོས་སྐྱོང་བར་ལུང་བསྟན་པ་ཡིན་ནོ། །རྒྱས་པར་ནི་མདོ་ཉིད་དུ་བལྟ་བར་བྱའོ། །དོན་འདི་ཉིད་དང་མཐུན་པར་སྙིང་རྗེ་པདྨ་དཀར་པོ་ལས།། །།ཇི་སྐད་དུ་ང་འདས་ནས་མ་འོངས་པའི་དུས་ན། །བྱང་ཕྱོགས་ཀྱི་རྒྱུད་དགེ་སློང་འཚོ་བྱེད་ཅེས་བྱ་བ། སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ། སངས་རྒྱས་བརྒྱ་སྟོང་མང་པོ་ལ་བསྙེན་བཀུར་བྱས་པ། །དགེ་བའི་རྩ་བ་བསྐྱེད་པ། །ལྷག་པའི་བསམ་པ་བསྐྱེད་པ། །ཐེག་པ་ཆེན་པོ་ལ་ཡང་དག་པར་བཞུགས་པ། །སྐྱེ་བོ་མང་པོ་ལ་ཕན་པ་དང་བདེ་བའི་ཕྱིར་ཞུགས་པ། མང་དུ་ཐོས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་འཛིན་པ། ཐེག་པ་ཆེན་པོའི་བསྔགས་པ་བརྗོད། ཐེག་པ་ཆེན་པོ་ཡང་དག་པར་རབ་ཏུ་སྟོན་པ་ཞིག་འབྱུང་བར་འགྱུར་ཏེ། །ཞེས་བླ་མ་ཆེན་པོ་ཉིད་ཀྱི་ལུང་བསྟན་དང་། དེས་ངའི་སྐུ་གདུང་ཞིག་ཅིང་རལ་བ་རྣམས་མཐོང་ནས་གསེར་གྱིས་རྒྱན་པར་བྱེད། གདུགས་དང་རྒྱལ་

(༢༩༨)མཚན་དང་། ངར་དང་དྲིལ་བུ་གཡེར་ཁའི་དྲ་བས་གཡོགས་པ་དང་། །དེ་བཞིན་གཤེགས་པའི་སྐུ་གཟུགས་དང་མཆོད་རྟེན་གྱི་ཁང་པ་དང་། མཆོད་རྟེན་རྣམས་སེང་གེའི་རྒྱལ་མཚན་གྱིས་རྒྱན་ཏེ། ལྷ་དང་མི་རྣམས་དགའ་བ་སྐྱེ་ཞིང་ཡོངས་སྐྱང་བ་དང་། ངའི་བསྟན་པ་ཡོངས་སུ་བསྐྱང་བ་དང་། སེམས་མདངས་པ་རྣམས་དངས་པར་བྱ་བ་དང་། དངས་པ་རྣམས་ཕྱིར་ཞིང་འཕེལ་བ་དང་། སྐྱེ་བོ་མང་པོ་དགེ་བའི་རྩ་བའི་ཚོགས་བསགས་པའི་ཕྱིར་ལོངས་སྤྱོད་པ་བྱེད་དུ་འཇུག་པར་འགྱུར་རོ།། །།ཞེས་སློབ་དཔོན་བསྒོམ་པ་ལོ་ལྔ་བའི་ཚེ་མཇལ། དེ་གཙུག་ལག་གི་ཞིག་བསོས་བྱེད་དུ་བཅུག་པ་དགོངས་པ་ཡིན་ནོ་ཞེས་ཚད་མར་གྱུར་པ་རྣམས་གསུང་ངོ་།། །།ཀུན་དགའ་བོ་དེའི་ཚེ་དགེ་སློང་མི་བརྩོན་པ་ལྷོད་པ། ལོངས་སྤྱོད་མང་བ། སྤོང་བ་ལས་ཉམས་པ། ཚུལ་ཁྲིམས་ཉམས་པ། ཚུལ་ཁྲིམས་འཆལ་བ། སྡིག་པའི་ཆོས་ཀུན་དུ་སྦྱོང་བ། འདུ་

(༢༩༩)འཛི་ལ་དགའ་བ། རབ་ཏུ་དབེན་པ་ལ་མི་བལྟ་བ། བརྩོན་པ་བོར་བ། གནས་ཅིག་ན་འཁོད་པ། ཡོངས་སུ་འཛིན་པ་ལ་བརྩོན་པ། ཁྱིམ་པ་དང་རབ་ཏུ་བྱུང་བ་རྣམས་འདྲེས་པ། དཀོན་མཆོག་དང་མ་འདྲེས་པ། མ་གུས་པ། དགེ་སློང་ལྟར་བཅོས་པ་དག་ནི་མང་དུ་འབྱུང་བར་འགྱུར་རོ། །དགེ་སློང་བརྩོན་འགྲུས་བརྩམས་པ། རབ་ཏུ་དབེན་པ། དྲན་པ་ཉེ་བར་གཞག་པ། མཉམ་པར་གཞག་པ། ཤེས་རབ་དང་ལྡན་པ། སེམས་རྩེ་ཅིག་པ། དགེ་བའི་ཆོས་ཅན་འདོད་པ་ཆུང་བ། ཆོག་ཤེས་པ། བསོད་སྙོམས་ལ་རྒྱུ་བ། འཕགས་པའི་རིགས་ལ་གནས་པ། མང་དུ་ཐོས་པ། ཐོས་པ་བསགས་པ་དག་ནི་ཉུང་དུ་འབྱུང་བར་འགྱུར་ཏེ།། །།ཞེས་དག་པ་དང་མ་དག་པའི་འཁོར་ལུང་བསྟན་པ། །དེ་ལ་དགེ་སློང་འཚོ་བྱེད་དེ་འཁོར་རྣམས་ལ་ཁོང་ཁྲོ་བའི་སེམས་མེད་པ་དང་། དབང་པོ་མ་ཉམས་པ་དང་། དད་པ་དང་དང་བ་མཆོག་དང་ལྡན་པ། གོས་དུར་སྨྲིག་བགོས་ཤིང་།

(༣༠༠)ཚུལ་ཁྲིམས་ཅན་ཐམས་ཅད་ལ་སྦྱིན་གནས་སུ་འདུ་ཤེས་བསྐྱེད་ནས་སྦྱིན་པ་བྱིན། དགེ་བའི་རྩ་བ་བསྐྱེད་པར་བྱེད་དེ། བྱང་ཆུབ་སེམས་དཔར་བྱེད་པའི་དགེ་བའི་རྩ་བ་རྒྱ་ཆེན་པོ་རྣམ་པ་སྣ་ཚོགས་བསགས་ནས། འཆི་བའི་དུས་བྱས་མ་ཐག །ནུབ་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་བརྒྱ་སྟོང་འདས་པ་ན། དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱི་སངས་རྒྱས་ཀྱི་ཞིང་། འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་ཏེ། འཇིག་རྟེན་གྱི་ཁམས་ཡོན་ཏན་ཐམས་ཅད་ཀྱིས་རྒྱན་པ་ཞེས་བྱ་བར། །དེ་བཞིན་གཤེགས་པ་འོད་དྲི་མ་མེད་པ་ཞེས་བྱ་བར་འགྱུར་རོ། །ཀུན་དགའ་བོ་དགེ་སློང་འཚོ་བྱེད་ངེས་ཀྱང་ངའི་བསྟན་པ་འདི་ཡངས་ཤིང་རྒྱས་པར་བྱེད་པར་འགྱུར་གྱིས། །ཀུན་དགའ་བོ་ཁྱོད་མྱ་ངན་མ་བྱེད་སྨྲེ་སྔགས་མ་འདོན་ཅིག །ཀུན་དགའ་བོ་ངའི་ཚངས་པར་སྤྱོད་པ་རྒྱས་པ། ལྷ་དང་མི་རྣམས་ཀྱིས་མནོས་པར་འགྱུར་རོ། །ཞེས་གསུངས་ཤིང་། གཞན་ཡང་རྡོ་རྗེ་གདན་གྱི་བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས།

(༣༠༡)ཆུ་བོ་མ་ཧཱ་ལོ་ཧི་ཏའི་འགྲམ་རི་བྲག་ཚང་ཚིང་ཅན་ན་དགེ་སློང་འཚོ་བྱེད་ཅེས་གགས་པ། དག་པའི་འཁོར་དང་མ་དག་པའི་འཁོར་འདྲེས་པ་ཅིག་པུ། །ལྔ་བརྒྱ་ལས་མི་ཉུང་བ་དང་ལྷན་ཅིག་ཏུ་དེ་བཞིན་གཤེགས་པའི་ཡེ་ཤེས་ལ་ལོངས་སྤྱོད། ཅེས་པ་ལ་སོགས་མདོ་སྡེ་དང་རྒྱུད་སྡེ་དུ་མ་ལས་ལུང་བསྟན་པས། ཐེ་ཚོམ་དང་རྩོད་པའི་གནས་དང་བྲལ་ཞིང་། གཞན་ལས་ཆེས་ཡིད་ཆེས་པའི་གནས་སུ་བཟུང་བར་བྱ་བ་ཡིན་པའི་ཕྱིར་དང་། གཞན་ཡང་འདི་དག་ལས་ཆེས་མཆོག་ཏུ་གྱུར་པའི་རྣམ་པར་ཐར་བ་མ་བཞིག་ཀྱང་སྣང་མོད་ཀྱིས། འདིར་ནི་དེ་ཙམ་ཁོ་ན་ལས་བརྗོད་པར་མ་སྤོབས་སོ།། །།འདི་དག་ནི་རྗེ་ཉིད་ཀྱིས་གསུངས་པའི་རྣམ་ཐར་རྒྱས་བསྡུས་གསུམ་དང་། །ཉེ་གནས་ཆོས་བཞི་དང་། བྲན་ཁ་རིན་པོ་ཆེ་ལ་སོགས་པ་རྣམས་ཀྱིས་ཕྱོགས་ཅིག་ཏུ་སྒྲིགས་པ་དང་། འདུལ་འཛིན་གྱིས་ཟིན་བྲིས་སུ་མཛད་པ་རྣམས་དང་། རྗེ་མཁའ་སྤྱོད་དབང་

(༣༠༢)པོས་མཛད་པའི་རྣམ་ཐར་ཆེན་མོར་གྲགས་པ་རྣམས་གུང་སྒྲིགས་ཏེ། །མདོ་སྡེ་རིན་པོ་ཆེའི་ལུང་ཁུངས་དང་སྦྱར་ནས་མོས་པའི་བློ་ཁོ་ནས་ཡི་གེར་བགྱིས་སོ། །མེ་ཏོག་ཟླ་མཛེས་རྒྱལ་བའི་སྲས་པོ་མཆོག །གང་སྔོན་ཟླ་འོད་གཞོན་ནུ་ཞེས་བྱར་འགྱུར། །གང་རིའི་ཁྲོད་འདིར་དཔལ་ལྡན་སྒམ་པོ་པ། །རྒྱལ་མཆོག་དྲི་མེད་འོད་ལ་ཕྱག་འཚལ་ཏེ། །གང་གིས་སྐལ་མངས་སྔོན་ནས་རྗེས་བཟུང་ཡང་། །དྲན་དང་བློ་གྲོས་ཏིང་འཛིན་དམན་དབང་གིས། །ཇི་བཞིན་རྟོགས་ཏེ་དེ་ལྟ་ན་ཡང་འདིར། །དཔལ་ལྡན་བླ་མའི་རྣམ་ཐར་ཡིད་བཞིན་འཕྲེང་། །རབ་མཛེས་བཀོད་པའི་བ་དན་རྣམས་མཛེས་པ། །མགོན་མཆོག་ཐུགས་རྗེའི་མཐུ་ལས་ལེགས་གྲུབ་སྟེ། །མ་ལུས་སྐྱེ་དགུའི་མིག་གི་བདུད་རྩིར་ནི། །ཟད་མེད་ཕྱི་མཐའི་བར་དུ་རབ་ཏུ་གནས། །བདག་ནི་དུས་རྣམས་ཀུན་དུ་བཅོམ་ལྡན་འདས། །བདེ་ཆེན་རབ་རྩོལ་ཁྱོད་དང་མི་འབྲལ་ཞིང་། །ཌོམྦི་རྣལ་འབྱོར་དབང་པོའི་ལམ་བཟངས་ལས། །འགྲོ་རྣམས་ཡུད་ཀྱིས་རྣམ་

(༣༠༣)འདྲེན་ཉིད་གྱུར་ཅིག། །།ཆོས་ཀྱི་རྗེ་དཔལ་ལྡན་སྒམ་པོ་པའི་རྣམ་པར་ཐར་པ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཀུན་ཁྱབ་སྙན་པའི་བ་དན། ཐར་པ་རིན་པོ་ཆེའི་བརྒྱན་གྱི་མཆོག་ཅེས་བྱ་བ་འདི་ནི། རྗེ་ཉིད་ཀྱི་དཔོན་པོ། སྤྱན་སྔ་ཆོས་ཀྱི་རྗེ་བསོད་ནམས་ལྷུན་གྲུབ་ཟླ་འོད་རྒྱལ་མཚན་དཔལ་བཟང་པོས། སྟོན་པ་མྱ་ངན་ལས་འདས་ནས་ད་ལྟའི་བར་ལ། ལོ་ཉིས་སྟོང་གསུམ་བརྒྱ་གོ་བརྒྱད་སོང་ཞིང་། མགོན་པོ་འདི་ཉིད་བལྟམས་ས་མོ་ལུག་ནས་བཞི་བརྒྱ་ཞེ་གཉིས་སོང་ལ། མྱ་ངན་ཆུ་མོ་བྱ་ལས་འདས་པ་ན་གསུམ་བརྒྱ་རེ་བདུན་སོང་བའི་ལྕགས་ཕོ་འབྲུག་གི་ལོ་ལ། །བཀའ་བརྒྱུད་ཀྱི་བསྟན་པ་སྤེལ་བའི་སླད་དུ། རི་བོ་ཤནྟིར་པར་དུ་བགྱིས་པའོ།། །།ཡི་གེ་པ་ནི་ཨེ་ཡི་བླ་འབྲིང་ནས། ཀུན་དགའ་རིན་ཆེན་ཤེས་བྱ་འདི་ལ་མཁས། །བཀྲ་ཤིས་དཔལ་འབར་འཛམ་གླིང་བརྒྱན་དུ་ཤོག །

(༣༠༤)

(༣༠༥)ཚོགས་ཆོས་བཀྲ་ཤིས་ཕུན་ཚོགས་བཞུགས་སོ།། །།

(༣༠༦)ན་མོ་རདྣ་གུ་རུ། བཀྲ་ཤིས་ཕུན་ཚོགས་དཔལ་དང་ལྡན། །བདེ་སྐྱིད་དགེ་ལེགས་ཐམས་ཅད་ཀྱིས། །འབྱུང་གནས་བླ་མ་རིན་པོ་ཆེ། །འགྲོ་མགོན་རྗེ་ལ་ཕྱག་འཚལ་ལོ། །འགྲོ་མགོན་རིན་པོ་ཆེ་སྒམ་པོ་པའི་ཞལ་ནས། ལས་དང་པོ་པའི་གང་ཟག་གཅིག་སངས་རྒྱས་ཀྱི་སར་འགྲོ་བ་ལ་ལམ་གཉིས་ལས་མེད། །ཕ་རོལ་དུ་ཕྱིན་པའི་ལམ་དང་། གསང་སྔགས་ཀྱི་ལམ་དང་གཉིས་ཡིན་

(༣༠༧)གསུང་། དེ་ལ་དང་པོ་ནི་ཕ་རོལ་དུ་ཕྱིན་པའི་ལམ་ལྷ་བྱང་ཆུབ་འོད་ཀྱིས་ཇོ་བོ་རྗེ་སྤྱན་དྲངས་ནས། །ཇོ་བོས་བྱང་ཆུབ་ལམ་གྱིས་སྒྲོན་མེ་གསུངས། དེ་ལ་སྐུ་མཆེད་གསུམ་གྱིས་སྐྱེས་བུ་གསུམ་བྱ་བར་བཀྲལ། དེ་ནི་ཕ་རོལ་དུ་ཕྱིན་པའི་ལམ་ཡིན་ཏེ། །གང་ཟག་གི་དབང་པོ་རབ་འབྲིང་གསུམ་ལ་ཆོས་དྲུག་ཅིག་དགོངས། །དྲུག་གང་ཞེ་ན་འཇུག་པའི་ཆོ་ག བསྲུང་བྱ། བསྒོམ་བྱ། མཉམ་བྱ། ལས། འབྲས་བུ་དང་དྲུག་གོ། དང་པོ་འཇུག་པའི་ཆོ་ག་ནི། སྐྱེས་བུ་ཆུང་ངུའི་དུས་སུ་ངན་སོང་གསུམ་གྱི་སྡུག་བསྔལ་

(༣༠༨)ལ་འཇིགས་ནས་བླ་མ་གཅིག་ལ་ཆོས་ཅིག་ཞུས་པས། །བླ་མ་དེས་དང་པོ་སྐྱབས་སུ་འགྲོ་བ་ལ་སློབ་པ་ནི། སྐྱབས་འགྲོ་འབོགས་པའི་ཚིག་སྟེ་འཇུག་པའི་ཆོ་གའོ། །གཉིས་པ་བསྲུང་བྱ་ནི་བསླབ་བྱ་རྣམས་དང་། གསུམ་པ་བསྒོམ་བྱ་ནི། ངན་སོང་གསུམ་གྱིས་སྡུག་བསྔལ། བཞི་པ་ཉན་བྱ་ནི། ལས་འབྲས་ཀྱི་ཆོས། ལྔ་པ་ལས་ནི། བསོད་ནམས་ཀྱི་ཚོགས། །དྲུག་པ་འབྲས་བུ་ནི། ལྷ་མིའོ། །དེ་ནས་དགེ་བསྙེན་གྱི་དུས་སུ་དང་པོ་སྐྱབས་འགྲོ་བྱས་ནས། རྩ་བ་བཞི་ཆང་དང་ལྔའི་སྡོམ་པ་འབོགས་པ་ནི་འཇུག་པའི་ཆོག །མི་དགེ་བ་བཅུ་ཆང་དང་བཅུ་ཅིག་སྤངས་ནས། བསླབ་བྱའི་སྟེང་དུ་དགེ་བ་བཅུ་དང་དུ་ལེན་པ་བསྲུང་བྱ། བསྒོམ་བྱ་མན་ཆད་གོང་མས་འདྲེ། དེ་ནས་སྐྱེས་བུ་འབྲིང་གི་དུས་སུ་དགེ་ཚུལ་གྱི་སྡོམ་པ་ནི་དང་པོ་སྐྱབས་འགྲོ་བྱེད། དེ་ནས་མཁན་པོའི་བཞི། སློབ་དཔོན་གྱིས་བཅུ་འབོགས་པ་ནི་འཇུག་པའི་ཆོ་གའོ། །བསྲུང་བྱ་ནི་བསླབ་བྱའི་སྟེང་དུ་འོད་ལྡན་དང་ཀ་རི་ཀ་དང་འཁོར་བའི་ཉེས་དམིགས་ཉན། ལས་དང་འབྲས་བུ་ནི་གོང་དང་མཐུན། །དགེ་སློང་ལ་ཁྲིམས་

(༣༠༩)ཉིས་བརྒྱ་ལྔ་བཅུ་རྩ་གསུམ་གྱིས་སྡོམ་པ་འབོགས། བསྲུང་བྱ་ནི་བཀའ་སོ་སོ་ཐར་པའམ་འདུལ་བ་ནས་ཇི་ལྟར་བྱུང་བ་བཞིན་བསྲུང་། །གཞན་དགེ་ཚུལ་དང་མཐུན་ནོ། །སྐྱེས་བུ་མཆོག་གི་དུས་སུ་དང་པོ་སྐྱབས་འགྲོ་ཁྱད་པར་ཅན་བྱེད། དེ་ནས་འཇུག་པའི་སེམས་བསྐྱེད་དེ་གསུམ་སྡོམ་པའི་ཆོ་ག །སྐྱབས་འགྲོའི་བསླབ་བྱའི་སྟེང་དུ་བྱང་ཆུབ་སེམས་དཔའི་བསླབ་བྱ་ལ་སོགས་པ་སྡོམ་པ་ཉི་ཤུ་པ་ནས་ཇི་ལྟར་གསུངས་པ་བཞིན་བསྲུང་བ་ནི་བསྲུང་བྱ། བསྒོམ་བྱ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་འབའ་ཞིག་ཏུ་བསྒོམ། །མཉན་བྱ་ནི་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པའི་ཆོས་འབའ་ཞིག་མཉན། ལས་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེད་དུ་སོག །འབྲས་བུ་ནི་སེམས་བསྐྱེད་ནས་སྟོང་པ་ཉིད་བསྟན་པས་སྲིད་དུ་རུང་བས་སྟོང་པ་ཉིད་རྟོགས་ནས་སངས་རྒྱའོ། །དེ་ཐམས་ཅད་ཀྱི་སྔོན་དུ་སྐྱབས་འགྲོ་འོང་བ་ཅི་སྟེ་ཞེས་ན། སྐྱབས་འགྲོ་ནི་སྡོམ་པའི་ངོ་བོ་ཡིན་ཏེ། རྒྱུད་སྡོམ་པ་གསུམ་ལྡན་ནས། སྡོམ་པ་ཀུན་ལ་ཡོད་མོད་ཀྱིས། སྐྱབས་སུ་མ་སོང་པ་ལ་མེད། །ཅེས་གསུང་

(༣༡༠)པས་སྐྱབས་འགྲོ་མ་བཏང་ན། རྩ་བ་བཞི་ཤོར་བསླབ་བྱ་ཉམས་པ་ལས། །སྡོམ་པ་ཤོར་ཀྱང་སྡོམ་པའི་རོ་ཡིན་ཏེ། །དཔེར་ན་སྦྲང་མ་སྣ་བར་བཙིར་བ་དང་འདྲ། ཕྱིར་སྐྱོར་ན་སྐྱབས་འགྲོ་སྐྱོར་དགོས། རྩ་བ་བཞི་བླང་བྱ་ཡིན་པས་བླངས་པས་ཆོག །སྐྱབས་འགྲོ་ཤོར་ན་སྡོམ་པ་ཡོངས་དུང་གི་རྡུལ་ཕྱིས་པ་བཞིན་འགྲོ། །སྐྱབས་འགྲོ་ཉམས་པའི་རྒྱུ་དང་འཚོར་བའི་རྒྱུ་གཉིས་ཡིན། ཉམས་པ་ནི། ཤ་བཅོད་པ་དང་། སྣ་འབུགས་པ་དང་། སྦུ་འབལ་བ་དང་། སྒྲ་ཅན་གོ་རར་འཇུག་པ་དང་ལྔའོ། །འཆོར་བའི་རྒྱུ་ནི་དཀོན་མཆོག་གསུམ་གྱིས་སྐྱབས་ཏེ་མི་འདོད་དོ་བྱས་ནས་བཏང་ན་འཆོར། །མ་བཏང་ན་མི་འཆོར་གསུང་། ཡང་ཆོས་རྗེ་སྒམ་པོ་པའི་ཞལ་ནས། ཚེ་ལ་ལོང་མེད་པས་ཆོས་མང་པོ་བྱེད་མི་ཁོམ། སྒྲུབ་པའི་དུས་ལ་བབ། བསྒྲུབ་པ་ལ་ཆོས་མང་པོ་མི་དགོས། ཚེ་འདི་ལ་བློ་ལོག་ན་ཆོས་ཚིག་བཞི་ཚིགས་སུ་བཅད་པ་རེ་རེ་ལ་བརྟེན་ནས་སྒྲུབས་པས་ཆོག་གསུང་། །དེ་ཡང་ཆོས་ཐམས་ཅད་ཀྱི་གཞིའམ་རྩ་བ་ནི་དད་པ་ཡིན་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་དང་། དེས་གསུངས་པའི་ཆོས་ལ་དད། དེ་བསྒྲུབ་པའི་དགེ་འདུན་ལ་དད།

(༣༡༡)དེ་ལྟར་དད་རྩ་ན་དུས་རྟག་ཏུ་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བ་ཡིན། །དེ་ཡང་ཡང་དག་པའི་དགེ་བའི་བཤེས་གཉེན་ཅིག་དང་མ་ཕྲད་ན་དད་པ་དེ་ཡང་ཇི་ལྟར་འགྲོ་ཆ་མེད་དེ། དེ་བས་དགེ་བའི་བཤེས་གཉེན་གྱི་གདམས་པ་གལ་ཆེ། དེ་ཡང་དཔེར་ན་མི་གཅེས་པ་ཅིག་ན་ནས་སྨན་པ་ཅིག་འཚོལ་ན་ཤིན་དུ་མཁས་པ་ཅིག་འཚོལ་དགོས། མཁས་པ་དེས་ནང་ཀྱི་གཞི་ཤེས་རྒྱུ་ཤེས། བཅོས་པའི་ཐབས་ཤེས། གཞི་རླུང་མཁྲིས་བད་ཀན་གསུམ། རྒྱུ་ཉོན་མོངས་པ་གསུམ། འདོད་ཆགས་ལས་རླུང་། གཏི་མུག་ལས་བད་ཀན། ཞེ་སྡང་ལས་མཁྲིས་པ། དེ་བཅོས་པའི་ཐབས་ནི་སྨན་གྱི་རོ་ཚ་བ། ཁ་བ། མངར་བ་གསུམ་ལ་སོགས་པ་བཤལ་བ་དང་། སྐྱུགས་དང་མེ་རྩ་དང་། ཐུར་མ་དང་། གཏར་ཀ་ལ་སོགས་པ་བྱེད། དེ་ལྟར་བྱས་པས་ནད་པ་སྟེ་སོས་ནས་འོང་། སྨན་པ་མི་མཁས་པ་ཅིག་གིས་འཆོས་ན་དང་པོ་ནད་ཀྱི་གཞི་མ་ཤེས། ནད་ངོས་མ་ཟིན་པས་བཅོས་ལོག་བྱས་པས་ནད་པ་འཆི། མ་ཤི་ཡང་ཤི་ལ་ཐུག་པ་ཅིག་འོང་། དེ་བས་ན་འཆི་བ་མི་རྟག་པ་ནས་མགོ་བཟུང་ནས། །ཆོས་ཐམས་ཅད་སྟོང་པ་

(༣༡༢)ཉིད་རྣལ་མར་སྟོན་པའི་དགེ་བའི་བཤེས་གཉེན་ཅིག་གལ་ཆེ། དགེ་བའི་བཤེས་གཉེན་གྱི་མཚན་ཉིད་ནི། རང་ཡང་འཆི་བ་དང་མི་རྟག་པ་བསྒོམ་ལ། གཞན་ཡང་དེ་བསྒོམ་དུ་འཇུག་ན་དགེ་བའི་བཤེས་གཉེན་ཡིན། རང་ཡང་བྱམས་པ་དང་སྙིང་རྗེ་བསྒོམ། གཞན་ཡང་དེ་བསྒོམ་དུ་འཇུག་ན་དགེ་བའི་བཤེས་གཉེན་ཡིན། རང་ཡང་ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོང་པ་ཉིད་བསྒོམ། གཞན་ཡང་དེ་བསྒོམ་དུ་འཇུག་ན་དགེ་བའི་བཤེས་གཉེན་ཡིན། ཡང་ན་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་ནི་གཉིས་ཏེ། ཤེས་རབ་ཀྱི་མིག་ཅན་དང་། ཆོས་ཀྱི་མིག་ཅན་གཉིས་སོ། །ཤེས་རབ་ཀྱི་མིག་ཅན་ནི་འཁོར་བའི་མཚན་ཉིད་དང་། ལས་རྒྱུ་འབྲས་དང་། རྟེན་འབྲེལ་ཚོགས་པ་ལས་བྱུང་བ་དང་། རྒྱུ་དང་འབྲས་བུ་ཇི་ལྟར་བྱུང་བ་ལ་སོགས་པ་ཤེས་པ་ནི། ཤེས་རབ་ཀྱི་མིག་ཅན་ནོ། །ཆོས་ཀྱི་མིག་ཅན་ནི། རྒྱུད་ལ་ཡེ་ཤེས་ཤར་བའི་རང་གིས་ཁྱབ་འབྲེལ་གཞན་ལ་སྐྲན་ནུས་པའོ། །ཡང་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་ནི་གཞི་ལྡན་ཞེས་བྱ་སྟེ། ཟབ་མོའི་ཆོས་ལ་ངེས་པའི་བདག་ཐོབ་པ།

(༣༡༣)སེམས་ཅན་ལ་སྙིང་རྗེའི་བདག་ཐོབ་པ། དཀོན་མཆོག་གསུམ་ལ་དད་པའི་བདག་ཐོབ་པ། འགྲོ་བ་རྣམས་ལ་ཟང་ཟིང་མེད་པའི་ཆོས་སྟོན་པ། །དེ་ལྟ་བུའི་དགེ་བའི་བཤེས་གཉེན་ལ་བརྟེན་དགོས། ལོག་པའི་བཤེས་གཉེན་དང་ཕྲད་ན། བེའུ་སྤྲེལ་གཡང་ལ་སྐྱུར་བ་དང་འདྲ་སྟེ། ཐམས་ཅད་ཐུར་ལ་འགྲོ། ཆོས་བྱ་རྒྱུ་ནི་བསག་སྦྱང་གཉིས་ལས་མེད། སྡིག་པ་སྦྱང་བའི་བསོད་ནམས་བསག །བསོད་ནམས་བསག་པས་སྡིག་པ་སྦྱོངས། །རང་གི་སེམས་ཉིད་ལྷན་ཅིག་སྐྱེས་པ་འདི་རྒྱུ་ལས་བྱུང་སྟེ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་པས་བསོད་ནམས་བསག་པའི་རྒྱུ་འདིས་བྱས་པར་མཐོང་བས་ན་རྒྱུ་ལས་བྱུང་བའི་ཚུལ་དུ་འདུག །འདི་རྐྱེན་ལས་བྱུང་སྟེ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་པས་བསོད་ནམས་བསགས་པས་རྐྱེན་འདིས་བྱས་པར་མཐོང་བས་ན། རྐྱེན་ལས་བྱུང་བའི་ཚུལ་དུ་ཡང་འདུག །འདི་ཐབས་ལས་བྱུང་སྟེ། བྱམས་སྙིང་རྗེ་བསྒོམས་ཀྱིན་སེམས་བསྒོམ་པ་ལས། བསོད་ནམས་བསགས་པས་ཐབས་འདིས་བྱས་པར་མཐོང་བས་ན། ཐབས་ལས་བྱུང་བའི་ཚུལ་དུ་ཡང་

(༣༡༤)འདུག །དེ་བས་ན་བསོད་ནམས་བསགས་པ་གལ་ཆེའོ་གསུང་ངོ་།། །།ཡང་ཆོས་རྗེ་སྒམ་པོ་པའི་ཞལ་ནས། འཆི་བ་མི་རྟག་པ་བསྒོམས་པས་ཚེ་འདིའི་དོན་མི་བྱེད། འཁོར་བའི་ཉིས་དམིགས་བསྒོམས་པས་འཁོར་བར་མི་སྐྱེ། ལས་རྒྱུ་འབྲས་བསྒོམས་པས་ངན་སོང་དུ་མི་སྐྱེ། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་པས་ཉན་ཐོས་དང་རང་སངས་རྒྱས་སུ་མི་ལྟུང་། ཆོས་ཟབ་མོ་སྟོང་ཉིད་བསྒོམས་པས་གཟུགས་དང་གཟུགས་མེད་ཀྱི་ཁམས་སུ་མི་སྐྱེ་གསུང་། །དེ་ཡང་འཆི་བ་མི་རྟགས་པ་བསྒོམ་པ་ལ་ཕན་ཡོན་ལྔ་ཡོད་དེ། སྐྱོ་བ་སྐྱེ་བ་ཡིན། དད་པ་གསོ་བ་ཡིན། བརྩོན་འགྲུས་ཅན་དུ་འགྱུར་བ་ཡིན། འཇིག་རྟེན་ལ་མ་ཆགས་པ་ཡིན། མྱ་ངན་ལས་འདས་པ་ལ་ཕྱོགས་པ་ཡིན། འཆི་བ་སྒོམ་པ་ལ་རབ་འབྲིང་གསུམ་ཡིན། རབ་ཀྱིས་དངོས་པོ་ཞག་ཏུ་མི་འཛིན། འབྲིང་གིས་ཟླ་བར་མི་འཛིན། ཐ་མས་ཀྱང་ལོར་མི་འཛིན་པ་ཅིག་འོང་བ་ཡིན་གསུང་།། །།ཡང་རྗེ་སྒོམ་པོ་རིན་པོ་ཆེའི་ཞལ་ནས། ཞི་གནས་སྐྱེ་བར་བྱེད་པ་ལ། རྒྱུ་བཞི་ཡིན་ཏེ། བླ་མའི་བྱིན་བརླབས་གྱིས་སྐྱེ་བར་བྱེད་པ་དང་། རྟེན་འབྲེལ་གྱིས་སྐྱེ་བ་དང་། ཚོགས་བསགས་པ་ལས་སྐྱེ་བ་དང་། སྡིག་པ་སྦྱངས་པ་ལས་སྐྱེ་བ་དང་བཞི་ཡིན་གསུང་། དེ་ཡང་སེམས་ཀྱི་ངོ་བོ་མ་བཅོས་མ་བསླད་པ། རྣལ་མ་གསལ་བ། དག་པ་དུས་ཐམས་ཅད་དུ་རྒྱུན་ཆད་མེད་པ་ཡིན། དེ་ལ་གཉིས་ཏེ།

(༣༡༥)སྣང་བ་ལ་ངེས་པ་དང་། སྣང་ལ་མ་ངེས་པའོ། །སྟོན་ཁའི་ནམ་མཁའི་ལྟ་བུ་དང་སེམས་ཉིད་གཉིས་སུ་མེད་པར་རྟོགས་པ་ཏེ། ཡར་སངས་རྒྱས་ལ་མི་རེ། མར་འཁོར་བ་ལ་མི་དོགས། གཞན་གྱིས་བསྒྱུར་ཡང་མི་འགྱུར་བ་སྟེ། སྣང་ལ་ངེས་པ་ཡིན། མ་ངེས་པ་ནི་ཉམས་མྱོང་ལའང་བཞི་སྟེ། ཞི་གནས་ཀྱི་བདེ་བ་དང་གསལ་བ་མི་རྟོག་པའོ། །ཉམས་ལ་རེས་ཡོད། རེས་མེད་པ་མཉམ་བྱེད་པ་སྟེ། མི་རྟོག་པས་རྒྱུ་བྱས་ནས། མར་ལ་ལྡོག་པའི་ཉེན་ཡོད། །གཟུགས་ཁམས་དང་གཟུགས་མེད་པ་འགོག་པའི་རྒྱུ་ཡང་འགྲོ་ཉེན་ཡོད། དང་པོ་སློབ་པའི་དུས་སུ་རིག་པ་གསལ་སིང་ངེ་བ་ལ་སློབ། དེ་ཡང་ཤེས་པ་མ་ཡེངས་པ་ལ་སློབ། དེ་ཡངས་རིག་པའི་ངོ་བོ་ལ་ཡེ་མ་ཡེངས་བར་བྱ། དེ་ལ་གོམས་རྩ་ན་རང་ལ་དེ་ཤེས་སྐྱེ་བ་ཡིན། །སེམས་ཀྱི་ངོ་བོ་མ་ཤོར་བར་བྱས་ནས། རྣམ་རྟོག་ཇི་ཙམ་ཡང་འཕྲོ་བ་ཡིན། དཔེར་ན་ནམ་མཁའ་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ཡང་། སྤྲིན་དང་ན་བུན་དང་ཁུག་སྣ་ལ་སོགས་པ་ཇི་ཙམ་ཡང་འོང་བ་ཡིན། དེ་ནམ་མཁའ་རང་ལ་དེངས་ནས་འགྲོ་བ་དང་འདྲེ་སྟེ།

(༣༡༦)དེ་ཡང་རྣམ་རྟོག་གྲོགས་སུ་འགྲོ་བ་བྱ་བ་ཡིན། རྣམ་རྟོག་ལ་སྤྲོ་སྡུ་མ་བཏུབ་ན་སླར་ཐུབ་ཡིན། གཟུགས་མེད་དུ་སྐྱེ་བའི་ཉེན་ཡོད། ཡི་དམ་ལྷའི་བསྐྱེད་རིམས་རྫོགས་པ་ཡང་སྐད་ཅིག་མ་རེ་བསྒོམ། །སྐད་ཅིག་དྲན་རྫོགས་ཀྱིས་ཡི་དམ་ལྷར་བསྐྱེད་ནས། འོད་གསལ་འབའ་ཞིག་བསྒོམ་པ་ཡིན། དེ་ཡང་གསལ་སེང་ངེ་བ་དེ་ཉམས་མྱོང་ཡིན། དེ་ལ་མ་ཡེངས་པ་གནས་པ་ཡིན། ཤེས་རབ་ཀྱིས་བལྟས་པས་ཅིའི་ངོ་བོར་ཡང་མ་གྲུབ་པ་རྟོགས་པ་ཡིན། བླ་མ་རྟོགས་ལྡན་ཅིག་གིས་སློབ་པ་སྐལ་ལྡན་ཚེ་འདི་བློས་བཏང་བ་ཅིག་དང་ཕྲད་ནས། བླ་མ་དེས་མ་སྨིན་པ་སྨིན་པར་བྱེད་པའི་དབང་རྣམ་པ་བཞི་མཛད་ནས། སྨིན་ཏེ་གྲོལ་བར་བྱེད་པའི་ཐབས་བསྐྱེད་རྫོགས་གཉིས་ལ་སློབ་པ་ཡིན། བསྐྱེད་རིམས་ལྷའི་སྐུ་སྒྱུ་མ་ལྟ་བུ་བསྒོམ་པ་དང་། རྩ་རླུང་བསྒོམ་པ་དང་། སྤྲོས་པ་དང་བཅས་པའི་རྫོགས་རིམས་ཀྱང་དེ་ཡིན། སྤྲོས་མེད་ཀྱི་རྫོགས་རིམས་ནི་འོད་གསལ་སེམས་ཀྱི་སྟོང་ཉིད་མངོན་སུམ་དུ་གཟིགས་པ་འདི་ལགས་དེ་ལྟར་བསྐྱེད་རྫོགས་གཉིས་བསྒོམས་པས་ཡོན་ཏན་འབྱུང་སྟེ། །དེ་ཡང་

(༣༡༧)དབེན་པར་བསྒོམས་པ་ལས་འབྱུང་། ལུས་བདེ་ན་སེམས་བདེ་བར་འོང་སྟེ། ནང་དུ་རྟགས་རྣམ་པ་ལྔ་འཆར། སྤྱིར་ཡང་ཕན་ཡོན་རྣམ་པ་བརྒྱད་འབྱུང་སྟེ། རྟགས་དང་ཕན་ཡོན་དུ་བལྟ་བུ་བྱུང་ཙ་ན། རླུང་འགགས་ཏེ་རླུང་ཨ་བ་དྷུ་ཏིར་ཚུད་པ་ཡིན། རྟགས་གཉིས་པ་ཤར་ཙ་ན། སྣང་བ་ཉམས་སུ་མྱོང་བ་འོང་སྟེ། ཕྱིའི་སྣང་བ་འདི་ལ་མི་ཟེར། སེམས་ཀྱིས་སེམས་ཉིད་ཉམས་སུ་མྱོང་བ་བྱ་བ་ཡིན། རྟགས་གསུམ་པ་ཤར་རྩ་ན་གསལ་བ་མི་རྟོག་པ་འབྱུང་། དེ་བསྒོམ་པའི་མཐར་ཐུག་པ་ཡིན། རླུང་སེམས་གནས་སུ་ཚུད་པ་ཡིན། རྟགས་བཞི་བ་ཤར་རྩ་ན། ལྟ་བའི་དོན་ཆོས་ཉིད་ཐམས་ཅད་རིག་ཅིང་གསལ་བ་དང་ཕྲིན་ལས་རྣམ་པ་བཞི་འགྲུབ་སྟེ། ལྟ་བའི་དོན་བྱ་བ་ཡིན། སེམས་ཉིད་ལ་བློ་ངེས་པའོ། །ཆོས་ཐམས་ཅད་རིག་ཅིང་གསལ་བ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་འོད་གསལ་དུ་འཆར་བའོ། །ཕྲིན་ལས་བཞི་ནི་བཟླས་པ་ལ་སོགས་པ་བྱ་མི་དགོས་པའི་ཕྲིན་ལས་བཞི་ཀ་བྱས་ཀྱང་ཚེགས་ཆུང་ངུས་འགྲུབ་པའོ། །རླུང་འོད་གསལ་དུ་ཚུད་པའི་དུས་སུ་ཡེ་ཤེས་

(༣༡༨)ཀྱིས་རྟགས་འབྱུང་སྟེ། ལུས་འཇའ་ཚོན་ནམ་འོད་ཀྱི་གོང་བུ་ལྟ་བུ་ཡང་འབྱུང་ངོ་། །དེ་ཡེ་ཤེས་ཀྱིས་རྟགས་བྱུང་བ་ཡིན། ལྟ་བ་དང་བལྟ་བྱེད་མེད་པ་ལ་སྟོང་ཉིད་ཟེར་བ་ཡིན། ཁམས་གསུམ་ལས་འདས་ཤིང་བློ་དང་བྲལ་བ་ལ་སྨོན་བ་མེད་པ་ཟེར་བ་ཡིན་གསུང་། ཡང་ཆོས་རྗེ་སྒམ་པོ་པའི་ཞལ་ནས། བསྒྲུབ་པ་པོ་ལ་བདུད་ཀྱི་བར་ཆད་འབྱུང་བ་ནི་གཉིས་ཏེ། མི་དང་མི་མ་ཡིན་པའི་བདུད་དང་། རྣམ་པར་རྟོག་པའི་བདུད་དོ། །དེ་སེལ་བའི་ཐམས་གསུམ་ཡོད་དེ། དང་པོ་བྱམས་པ་དང་སྙིང་རྗེས་སེལ་བ་ཡིན་ཏེ། བྱམས་སྙིང་རྗེ་བསྒོམས་པ་ལས་མས་བུ་ལ་གནོད་པ་མི་སྲིད་པ་ཡིན། གཉིས་པ་ནི་སྒྱུ་མ་མི་ལམ་ལྟ་བུ་དང་སྟོང་པ་ཉིད་བསྒོམ་པས་སེལ་ཏེ། གནོད་བྱ་གནོད་བྱེད་གཉིས་མེད། གསུམ་པ་འཁྲུལ་བར་ཤེས་པས་སེལ་ཏེ། དེ་ཐམས་ཅད་སེམས་ཀྱི་རྣམ་འཕྲུལ་དུ་ཤེས་ཏེ། གནོད་པ་བྱེད་ཀྱང་མི་ཚུགས། །དེ་ལ་འཁོར་མང་པོ་དང་རྫས་ཀྱིས་བསོད་ནམས་ཆེན་པོ་འབྱུང་བ་ནི། གསང་སྔགས་ནས་ཐུད་མོང་གིས་དངོས་གྲུབ་ཏུ་བཤད། བདུད་ཀྱིས་བར་ཆད་ཀྱང་ཡིན་གསུང་། བདུད་ཀྱིས་ཀྱང་དངོས་སུ་

(༣༡༩)བར་དུ་མི་ཆོད་ཏེ། སྔོན་ལ་འཁོར་གྱིས་བར་དུ་གཅོད། དེ་ནས་རྫས་དང་བསོད་ནམས་ཆེ་བས་དགེ་སྦྱོར་གྱི་བར་དུ་གཅོད། དེ་ནས་སྒྲུབ་པ་དེ་ལ་ཆགས་སྡང་གིས་བར་དུ་བཅད་ནས་འགྲོ་བ་ཡིན། །བདུད་ཀྱིས་བར་ཆད་ཡིན་ནམ་མིན། །རང་གི་སེམས་ལ་བལྟ། རང་ལ་གནོད་ན་བདུད་ཀྱི་བར་ཆད་ཡིན། །མི་གནོད་ན་དངོས་གྲུབ་ཡིན་གསུང་།། །།ཡང་ཆོས་རྗེ་སྒམ་པོ་པའི་ཞལ་ནས། སྟོན་པ་བདེ་བར་གཤེགས་པས་གསུངས་པའི་ཆོས་ཐམས་ཅད་བསླབ་པ་རྣམ་པ་གསུམ་དུ་མ་འདུས་པ་མེད་གསུང་། དེ་ཡང་བསླབ་པ་རྣམ་པ་གསུམ་ནི། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང་། ལྷག་པ་སེམས་ཀྱི་བསླབ་པ། ལྷག་པ་ཤེས་རབ་ཀྱི་བསླབ་པ་གསུམ་ཡིན། དེ་ལ་ཚུལ་ཁྲིམས་ཀྱི་བསླབ་པ་གང་ཡིན་ན་མཁན་པོ་དང་སློབ་དཔོན་ལ་སོ་སོ་ཐར་པའི་སྡོམ་པ་བླངས་ནས་ཇི་ལྟ་བ་བཞིན་བསྲུང་བ་ནི་སྡོམ་པའི་ཚུལ་ཁྲིམས། དེ་ནས་སྨོན་པ་དང་འཇུག་པའི་བྱང་ཆུབ་སེམས་བསྐྱེད་ནས། བྱང་ཆུབ་སེམས་དཔའི་བསླབ་བྱ་ལ་སློབ་པ་ནི་སྡོམ་པའི་ཚུལ་ཁྲིམས། དེ་ནས་གསང་སྔགས་ཀྱི་དབང་ཞུས་ནས་རྩ་བའི་ལྟུང་བ་བཅུ་བཞི། ཡན་

(༣༢༠)ལག་གིས་བརྒྱད་ལ་སོགས་པའི་དམ་ཚིག་ཇི་ལྟ་བ་བཞིན་བསྲུང་བ་ནི་སྡོམ་པའི་ཚུལ་ཁྲིམས། གང་ཟག་གཅིག་གི་རྒྱུད་ལ་སྡོམ་པ་གསུམ་རྟེན་འབྲེལ་སྐོར་ཅིག་ཏུ་གནས་དགོས་ཏེ། སྐྱེ་ན་ཇི་ལྟར་སྐྱེ། གནས་ན་ཇི་ལྟར་གནས། བསྲུང་ན་ཇི་ལྟར་བསྲུང་། ལྡན་ན་ཇི་ལྟར་ལྡན། འཆོས་ན་ཇི་ལྟར་འཆོས་སྙམ་ན། མཁན་སློབ་ལ་སྡོམ་པ་བླངས་པའི་དུས་སུ་ངས་སོ་སོ་ཐར་པའི་སྡོམ་པ་ཐོབ་སྙམ་པའི་དུས་སུ་སྐྱེ། བྱང་ཆུབ་སེམས་དཔའི་སྡོམ་པ་ཐོབ་སྙམ་པའི་དུས་སུ་བྱང་ཆུབ་སེམས་དཔའི་སྡོམ་པ་སྐྱེ། དབང་བསྐུར་བའི་དུས་སུ་གསང་སྔགས་ཀྱི་དམ་ཚིག་ཐོབ་སྙམ་པའི་དུས་སུ། གསང་སྔགས་ཀྱི་སྡོམ་པ་སྐྱེ། གནས་ན་བྱེ་བྲག་ཏུ་གནས་ཏེ། བྱེ་བྲག་གང་ཞེ་ན། བྱེ་དེ་ལྟར་མཉམ་པའི་ངོ་བོ་ཅིག །སོ་སོར་ཡོད་པ་མ་ཡིན་ཏེ། སེམས་ཉིད་ཀྱི་ངོ་བོ་གང་ཟག་ཅིག་གི་རྒྱུད་ལ་གསུམ་ཚང་བའོ། །བསྲུངས་ན་འཚོལ་བར་བསྲུངས་འཚོལ་བ་གང་ཞེ་ན། སོ་ཐར་གྱི་དུས་སུ་འདུལ་བ་འོད་ལྡན་བཞིན་དུ་བསྲུང་། སེམས་བསྐྱེད་བྱས་ནས་སྡོམ་པ་ཉི་ཤུ་པ་ལ་སོགས་པ་བཞིན་བསྲུང་། བྱང་ཆུབ་སེམས་

(༣༢༡)དཔའི་སྤྱོད་པ་བྱ། དབང་བསྐུར་ནས་རྩ་བའི་ལྟུང་བ་བཅུ་བཞི་པ་ལ་སོགས་པ་ནས་ཇི་ལྟར་གསུངས་པ་བཞིན་དུ་གསང་སྔགས་ཀྱི་དམ་ཚིག་བསྲུང་ལྡན་ན་ཡར་ལྡན་ཏེ་ནང་ཐུག་བྱུང་བའི་དུས་སུ། འོག་མ་གོང་མའི་ཁོངས་ན་ཡོད་པས་རིམས་ཀྱིས་གོང་མ་གཙོ་ཆེར་བྱ། འཆོས་ན་སོ་སོ་ཐར་པ་ལ་སྐྱོན་བྱུང་ན། མཁན་པོ་ལ་སོགས་པ་ལ་བཤགས་དགོས་ན་བཤགས། སྐྱོར་དགོས་བྱུང་ན་སྐྱར། བྱང་ཆུབ་སེམས་དཔའི་དུས་སུ་སྐྱོན་བྱུང་ན། སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའི་ལ་བཤགས་པས་ཆོག་ན་བཤགས། སྐྱོར་དགོས་ན་སྐྱོར། དེ་ནི་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའོ། །ལྷག་པ་སེམས་ཀྱི་བསླབ་པ་ནི། སྡོམ་པ་རྣམས་ལ་བདག་གིས་སོ་སོར་ཐར་པའི་དུས་སུ་སྐྱོན་མ་བྱུང་ངམ། བྱང་ཆུབ་སེམས་དཔའི་དུས་སུ་སྐྱོན་མ་བྱུང་ངམ། གསང་སྔགས་ཀྱི་དུས་སུ་སྐྱོན་མ་བྱུང་ངམ་སྙམ་དུ་སྔོ་བགྲང་བྱེད་ཅིང་། རང་སེམས་གླང་པོ་ཆེ་སྙོན་པ་དང་འདྲ་བ་སྟེ། ལྷག་པ་ཚུལ་ཁྲིམས་ཀྱི་དམིགས་པའི་ཀ་བ་ལ་དྲན་པའི་ཞགས་ཐག་གིས་བཅིངས། ཤེས་རབ་ཀྱི་ལྕགས་ཀྱུས་བཟུང་ནས།

(༣༢༢)བློ་རིམས་ཀྱིས་བསྒོམ་པར་བྱེད་པ་ནི་ཞི་གནས་སོ། །དེ་ལྟར་ཞི་གནས་ཀྱི་སེམས་རྩེ་ཅིག་ཏུ་བྱས་ནས་ལྷག་མཐོང་གིས་སྦྱོང་ཞིག་འགྱེད་དོ། །སྡོམ་པ་ལ་རྟོག་དཔྱོད་བཏང་ནས་ཇི་སྲིད་རྟོག་དཔྱོད་འདུག་ཕན་ཆད་དུ་བསམ་པའི་ཤེས་རབ་ཡིན་ལ། རྟོག་དཔྱོད་ལས་འདས་ཕན་ཆད་བསྒོམ་པའི་ཤེས་རབ་པོ། །ལྷག་པ་ཤེས་རབ་ཀྱི་བསླབ་པ་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་སྤྲོས་པ་དང་བྲལ་བ་དེ་གོ་ཞིང་། རྟོགས་ན་ཤེས་རབ་ཀྱི་བསླབ་པ་ཡིན་གསུང་།། །།ཡང་ཆོས་རྗེ་སྒམ་པོ་པའི་ཞལ་ནས། ཚེ་ལ་ལོང་མེད་མྱུར་དུ་འཆི་བས་འཇིག་རྟེན་གྱི་ཆོས་ཐམས་ཅད་ལ་མ་ཆགས་པ་ཅིག་དགོས་གསུང་། དེ་ཡང་རིགས་དྲུག་གར་སྐྱེས་ཀྱང་སྐྱིད་མེད་ཅིང་། འཁོར་བ་སྡུག་བསྔལ་གྱི་ཕུང་པོར་ཤེས་པས་འཁོར་བ་མཐའ་དག་ལ་མ་ཆགས་པ་ཅིག་དགོས། །ཆོས་ཐམས་ཅད་ཀྱི་རྩ་བ་སྙིང་རྗེ་ཡིན་པས། དུས་ཐམས་ཅད་དུ་སེམས་ཅན་བློས་མི་སྤོང་པ་ཅིག་དགོས། ཆོས་ཐམས་ཅད་མ་སྐྱེས་ཤིང་སྐྱེ་བ་མེད་པར་ཤེས་པས། གང་ལ་ཡང་དངོས་པོ་དང་མཚན་མར་མི་འཛིན་པ་ཅིག་དགོས། ཆོས་དེ་རྣམས་རྒྱུད་ལ་སྐྱེ་བར་བྱེད་

(༣༢༣)པ་ལ་བླ་མ་དང་ཇོ་བོ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་དད་པ་དང་གུས་པ་རྒྱུན་མི་འཆད་པའི་སྒོ་ནས་མཆོད་པ་དང་གསོལ་བ་འདེབས་པ་རྒྱུན་མི་འཆད་པ་ཅིག་དགོས། ཡུན་རིང་དུ་གོམས་པའི་མ་རིག་པའི་བག་ཆགས་མཐུག་པོས་འཁྲུལ་པའི་ཤེས་པ་སྣ་ཚོགས་སུ་ཤར་ཡང་བྱིས་པ་ཆུང་ངུའི་དཔེ་དང་། སེང་གེའི་གྲིབ་མའི་དཔེ་དང་། རབ་རིབ་ཅན་གྱི་སྐྲ་ཤད་ཀྱི་སྒོ་ནས་འཁྲུལ་པ་བཅད། སྣང་བ་དང་སེམས་ཐ་མི་དད་པ་ནི་ཆུ་དང་ཆབ་རོམ་གྱི་དཔེ་དང་། ཙན་དན་དང་དྲིའི་སྒོ་ནས་རྟོགས་པར་བྱའོ། །སྣང་བ་ལ་ཆོས་སྐུས་ཁྱབ་པའི་དཔེ་ནི། གསེར་རྡོ་དང་དངུལ་རྡོ་དང་འོ་མ་ལ་མར་གྱིས་ཁྱབ་པ་ལ་སོགས་པའི་སྒོ་ནས་རྟོགས་པར་བྱའོ། །མེད་བཞིན་དུ་སྣང་བ་ནི་དུ་བ་དང་སྤྲིན་དང་ཁུག་སྣ་དང་གཟུགས་བསྙན་དང་བྲག་ཆ་ལ་སོགས་པའི་དཔེའི་སྒོ་ནས་རྟོགས་པར་བྱའོ། །རྟེན་འབྲེལ་ཚོགས་པ་ལས་སྣང་བ་ནི་མེ་ལོང་གི་གཟུགས་བརྙན་དང་། ཆུ་ཟླ་དང་། ནོར་བུ་རིན་པོ་ཆེའི་དཔེ་ལ་སོགས་པའི་སྒོ་ནས་རྟོགས་པར་བྱའོ། །དེ་ལྟར་ཆོས་ཐམས་ཅད་གདོད་མ་ནས་ཡོད་མ་མྱོང་བ་འཁྲུལ་པའི་

(༣༢༤)ངོ་བོར་སྣང་བ་སྟེ། རྨི་ལམ་ལྟ་བུར་རང་གིས་སེམས་ཀྱི་གཟུགས་བརྙན་དོན་མ་ཡིན་པ་དོན་ལྟར་ཤར་བར་གོ་བར་བྱ། དེ་བས་ཆོས་ཐམས་ཅད་བརྫུན་པས་བསླུ་བ་མིང་ཙམ་མམ། བཏགས་པ་ཙམ་དོན་དེ་ལྟ་བུའི་ཀུན་རྫོབ་དེ་ཡང་སྒྱུ་མ་ལྟར་ཡོད་མེད་ཀྱི་མཐའ་གཉིས་དང་བྲལ་བར་རྟོགས་པར་བྱ། དེ་ལྟར་དོན་སྤྱིའི་རྣམ་པ་ཡུལ་དུ་བྱས་ནས་རྟོགས་པ་ཐོབ་སྙམ་ཡང་དོན་མི་མཐོང་གསུང་སྟེ། དེ་བས་ན། བླ་མ་མཚན་ཉིད་དང་ལྡན་པ་ཅིག་གིས་དབང་བྱིན་བརླབས་ཀྱིས་སྒོ་ནས་རྒྱུད་སྨིན་པར་བྱས་ནས་བླ་མས་ཐབས་ཉམས་སུ་ལེན་དུ་བཅུག་པ་ལས་འོང་སྟེ། དེ་ཡང་གསང་སྔགས་ཀྱི་མན་ངག་རྟེན་འབྲེལ་ཚོགས་པ་ལས་སྐྱེ་བས་བདེ་བ་གསལ་བ་མི་རྟོག་པ་གསུམ་གྱི་ཉམས་འབྱུང་། དེ་ཡང་དད་པ་དང་གུས་པའི་སྒོ་ནས། ཡུན་རིང་དུ་ཉམས་སུ་བླངས་པ་ལས་འབྱུང་སྟེ་རླུང་སེམས་འབྱོངས་པའི་རྟགས། ལུས་རས་པ་ལ་གྱི་འདབ་མ་ལྟ་བུ་ལ་སོགས་པའི་ཉམས་མང་དུ་འོང་། སྲོག་རྩོལ་དྷུ་ཏིར་ཚུད་པའི་སྟོབས་ཀྱིས་རྟགས་ལྔ་དང་ཕན་ཡོན་བརྒྱད་ལ་སོགས་པའི་རྟགས་མང་དུ་འབྱུང་དེ་ལྟ་བུའི་ལུས་སེམས་བདེ་བ་ཅི་བྱུང་ཡང་

(༣༢༥)ཞི་གནས་ཡིན་འོན་ཀྱང་རྟགས་ལྔ་དང་ཕན་ཡོན་བརྒྱད་པོ་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པ་ལས་འབྱུང་སྟེ། དམིགས་པ་འཕྲ་མོ་ཟིན་པའི་གནས་པ་ལྟེང་ལྟེང་ལས་མི་འབྱུང་ངོ། །དེ་ལྟ་བུའི་ཏིང་ངེ་འཛིན་བསམ་གཏན་དང་པོའི་དངོས་བཞི་ཡིན། དེ་ཡང་ལུས་ཀྱི་རྣམ་པར་ཤེས་པའི་དོན་གསུམ་གྱིས་བསམ་གཏན་གྱི་དགའ་བདེ་བསྒོམ་པ་ཡིན་གསུང་། བླ་མ་ཆོས་ཀྱི་སྤྱན་ཅན་སེམས་ཉིད་སྟོང་པ་ཉིད་མངོན་སུམ་དུ་བྱས་པ་ཅིག་གིས་བདེ་གསལ་མི་རྟོག་པ་གསུམ་སྐྱེ་མེད་དུ་ངེས་སུ་འཇུག །སྐྱེ་མེད་དུ་མ་ངེས་ན་ནི་སྣང་བ་ལ་མ་ངེས་པ་ཞེས་བྱ་སྟེ། སོ་སོར་བཏགས་མིན་གྱི་འགོག་པར་འགྲོ། ཐུན་མོང་གི་ལམ་ཡིན་པས་གར་སྐྱེ་ཆ་མེད་པ་ཡིན། ངེས་པའི་ཤེས་པ་སྐྱེས་ནས་རྟོག་པ་དང་བྲལ་བའི་སྟོང་པ་ཉིད་ཡུལ་མངོན་སུམ་ཉིད་ཀྱིས་བར་དུ་ཤེས་གསུང་ངོ་། །བདེ་གསལ་མི་རྟོག་པ་མེད་པར་སེམས་སྐྱེ་མེད་ཀྱི་ངོ་བོ་ཙམ་ལ་ཡང་ངེས་ན།། །།བླ་མ་མི་ལའི་ཞལ་ནས། དེ་དེ་ཡིན་ཏེ་དེ་དེ་མིན། སྡོང་པོ་ཡིན་ཏེ་འབྲས་བུ་མིན། ཡོན་ཏན་ཡིན་ཏེ་རྟོག་མེད་མིན་གསུང་། ཇོ་བོ་ཆེན་པོའི་ཞལ་

(༣༢༦)ནས། ངེས་འབྱུང་བག་ཆགས་བྲལ་བས་རྣལ་འབྱོར་མ་མཐོང་བ། ནམ་མཁའི་མེ་ཏོག་བུང་བས་འཇིབ་པ་འདྲ་གསུང་། དེ་བས་ན། ཆོས་ཐམས་ཅད་སེམས་ཀྱི་རང་བཞིན་ཡིན་པས་སེམས་ཀྱིས་ཆོས་ཉིད་རྟོགས་པས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རྟོགས་པ་ཡིན་ནོ། །དེ་བས་ནི། སེམས་ཀྱི་རང་བཞིན་བཟུང་འཛིན་གཉིས་དང་བྲལ་བ། ཆོས་སྐུའི་ངོ་བོ་རྫོགས་པའི་སངས་རྒྱས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ་གནས་པས་ན་རྟེན་ཅེས་བྱའོ། །དེ་ལ་རྣམ་པར་རྟོག་པ་རྣམ་སྤངས་པ། བཟུང་དང་འཛིན་པ་དང་བྲལ་བ། ཡེ་ཤེས་འདུས་མ་བྱས་པ་སྟེ་རྒྱུ་དང་རྐྱེན་གྱིས་མ་སྐྱེད་པ་ཅེས་གསུངས་སོ། །དེ་ལྟ་བུའི་སེམས་ཀྱི་ཆོས་ཉིད་རྟོགས་པ་ནི། ཟག་པ་མེད་པའི་གདམས་པ། ས་དང་པོའི་མངོན་སུམ་ཡིན་ཏེ། སེམས་ཉིད་ཀྱི་སྟོང་པ་སྟོང་པ་ཉིད་ལ་ངེས་ཤེས་སྐྱེས་པའི་ཕྱིར་རོ། །དེ་ལ་ཇི་ལྟར་སྐྱེ་ཞེས་ན་གཟུགས་བརྙན་དང་། སྒྱུ་མ་ཡུལ་གྱིས་སྟོང་པ་ཉིད་མངོན་གསུམ་དུ་རྟོགས་པ་བཞིན་དུ་རང་གྱིས་རང་ལ་ངེས་པའི་ཤེས་པ་འདྲེན་ནོ། །དེ་ལྟར་སེམས་ཀྱི་སྟོང་ཉིད་ལ་ངེས་པ་ཐོབ་པ་ལ། མཚན་མ་མེད་པ་ཅེས་

(༣༢༧)བྱའོ། །རང་རིག་རྟོག་པ་མེད་པའི་མངོན་གསུམ་ངེས་གྱུར་པ། བདེ་ཆེན་རྟོག་མེད་ཁྱད་པར་བསྐལ་བ་མཉམ་པ་མཐོང་ཞེས་སོ། །ནང་དུ་སེམས་ཀྱི་དོན་སྐྱེ་མེད་མཐོང་བའི་ཤུགས་ཀྱིས། ཕྱིའི་ཡུལ་སྟོང་པའི་རྟོགས་པ་ནི་རྣལ་འབྱོར་གྱིས་མངོན་གསུམ་ཡིན། དེ་ཡང་དང་པོའི་ཤེས་པ་ངོས་ཟིན་པ་འདི་ཉིད་ཡིན་ཏེ། ཤེས་རབ་ཀྱི་མིག་གིས་སེམས་ལ་བལྟས་པས། སེམས་ཀྱི་ངོ་བོ་ཐོག་མ་དང་ཐ་མ་ཡོད་པ་མ་ཡིན་ཏེ། ནམ་མཁའ་དང་འདྲའོ། །དབུས་ནི་ཅི་ཡང་མ་ཡིན་པའི་ཕྱིར་ཕྱག་རྒྱ་ཆེན་པོ་ནི་བདག་གིས་སྨྲས་མི་ནུས་སོ། །ཤེས་གསུང་ཏེ། ཐ་མལ་གྱི་ཤེས་པའི་ངོ་བོ་ལ་བསྒོམ་བྱའི་ཡུལ་དང་། བསྒོམ་བྱེད་ཀྱི་མཁན་པོ་གཉིས་འཛིན་གྱི་བསམ་གཏན་དང་བྲལ་བས། བསྒོམ་དུ་མེད་པ་བསྒོམ་པའི་མཆོག །ཅེས་བྱའོ། །རང་བཞིན་གྱིས་དག་པའི་སེམས་ཀྱི་སྟོང་ཉིད་མངོན་གསུམ་དུ་མཐོང་པའི་དོན་དེ་ལ་ཆོས་ཀྱི་སྐུ་ཞེས་བྱ་སྟེ། དེ་ལ་ཚེས་གཅིག་གི་ཟླ་བ་ཟླ་བ་ཡིན་ཀྱང་གསལ་བའི་དོན་བྱེད་མི་ནུས་པས་ཚེས་གཅིག་གི་ཟླ་བའི་དཔེ་དང་། སེང་གེའི་ཕྲུ་གུ་སེང་གེ་ཡིན་ཡང་། གཞན་ཟིལ་གྱིས་མནོན་མི་ནུས་པས་སེང་གེ་

(༣༢༨)ཕྲུ་གུའི་དཔེ་དང་། བྱིས་པ་ཆུང་ངུ་མི་ཡིན་ཡང་མི་ཚད་ལྡན་སྟོབས་ལྡན་མ་ཡིན་པས་བྱིས་པ་ཆུང་འདུའི་དཔེ་རྣམས་ཀྱི་སྒོ་ནས་སེམས་རྟོགས་པར་བྱ། དེ་ཡང་མ་བཅོས་པར་གཞག་པས་ཉམས་སུ་མྱོང་སྟེ། མྱོང་བའི་དོན་ལ་ཡང་དང་ཡང་དུ་ངེས་པ་ཐོབ་པར་བྱས་པས་གསལ་ལ་འཛིན་མེད་འོང་། དེ་ལ་ཡུན་རིང་དུ་གནས་ཤིང་མི་འགྱུར་བ་ལ་ཡོན་ཏན་དུ་མི་བལྟ་སྟེ། གནས་པར་འདོད་ན་འཆིང་པའི་བསམ་གཏན་དུ་འགྲོ། རང་བཞིན་ངོ་བོ་ནི་སེམས་མ་བཅོས་པ་ཁོ་ན་ཡིན་ཏེ། གསལ་ལ་འཛིན་པ་མེད་པ་འདི་ཉམས་སུ་མྱོང་ཞིན་རྟོགས་པ་ཐོབ་པ་ནི། སྐྱེ་འཇིག་དང་བྲལ་བ་དང་། །དུས་ཐམས་ཅད་པ་དང་། རྒྱུན་ཆད་མེད་པ་དང་། མི་འགྱུར་པ་དང་། ཐམས་ཅད་ལ་ཁྱབ་པ་དང་། དོན་རྣམས་ཉམས་སུ་མྱོང་ཞིང་རྟོགས་པ་ཐོབ་པ་ནི་དམའ་མཐོང་བ་ཡིན་ཏེ། ད་ནི་བདག་གིས་སུ་ལ་ཡང་དྲི་བར་མི་བྱའོ་ཅེས་གསུངས་སོ། །དེ་ཡང་དང་པོ་དམིགས་པ་དང་རྩོལ་བས་མི་སྒྲུབ། བར་དུ་མི་གནས་ཐ་མར་ཡིན་ནམ་མིན་ནམ་སྙམ་པའི་རྟོག་པ་དང་བྲལ་བར་བྱའོ། །དུས་རྟག་ཏུ་དྲན་པ་རྒྱན་ཆགས་ཀྱིས་ཏིང་ངེ་འཛིན་དང་འབྲལ་

(༣༢༩)བར་མི་བྱ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་མི་བྲལ་བའི་སྒོ་ནས། ཟག་པ་མེད་པའི་བདེ་བ་རྒྱུན་ཆད་མེད་པས་ལུས་སེམས་ལ་བསླན་པ་སྟེ། སྦྱངས་པའི་ཡོན་ཏན་ཐོབ་པར་བྱ། བྱམས་པ་དང་སྙིང་རྗེས་ཀུན་ནས་བསླངས་པའི་ངོ་བོ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་དང་མི་འབྲལ་བར་བྱའོ་ཅེས་གསུངས། ཐབས་དང་ཤེས་རབ་ཟུང་དུ་འཇུག་པའི་རྟོགས་པ་སྒྲུབ་ཅེས་བྱ་བ་རྗེ་སྒམ་པོ་པའི་ཆོས་ལགས་སོ།། །།ཡང་ཆོས་རྗེ་སྒམ་པོ་པའི་ཞལ་ནས། རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཐོབ་པར་བྱེད་པ་ལ། སྡོམ་པ་གསུམ་དང་ལྡན་དགོས་གསུང་། སྡོམ་པ་གསུམ་དང་ལྡན་དགོས་པར་ག་ནས་བཤད་སྙམ་ན། རྒྱུད་རྡོ་རྗེ་རྩེ་མོ་ནས་བྱང་ཆུབ་སེམས་འཛིན་གྱུར་ནས་ནི། ལྷ་གཞན་ལ་ནི་མི་མོས་པས། །དཀོན་མཆོག་གསུམ་ལ་དད་པ་དང་། །དེ་ལ་གཞོལ་ཞིང་འབབ་པ་ཡིན། །གསོད་དང་རྐུ་དང་འཁྲིག་པ་དང་། །བརྫུན་དང་ཆང་ནི་རྣམ་པར་སྤང་། །ཁྱིམ་པའི་ཚུལ་དུ་གནས་ན་ནི། །གསང་སྔགས་རྒྱལ་པོ་རབ་ཏུ་སྒྲུབ། །གལ་ཏེ་དེ་ནི་རབ་བྱུང་ན། །སྡོམ་པ་གསུམ་ལ་གནས་པར་བྱ། །སོ་སོ་ཐར་དང་བྱང་ཆུབ་

(༣༣༠)སེམས། །རིག་འཛིན་ནང་གི་སྡོམ་པའོ། །གཉིས་པོ་རིག་འཛིན་རྟེན་ཡིན་ཏེ། །ཡང་ན་རིག་འཛིན་ནང་དུ་འདུས། །ཤེས་གསུངས་པས་ནི། དེ་ཡང་སོ་སོ་ཐར་པའི་དགེ་བསྙེན་གྱི་སྡོམ་པ་ནི། གྲོགས་དགེ་བསྙེན་གྱི་སྡོམ་པ་ཐོབ་པ་ཡན་དང་འབྲེལ། ཆོ་ག་སྐྱབས་སུ་འགྲོ་བ་ཡན་ཆད་དང་འབྲེལ། བསླབ་བྱ་རྩ་བ་བཞི་ཆང་དང་བཅས་པ་བསྲུང་། དགེ་ཚུལ་གྱི་སྡོམ་པ་ནི་གྲོགས་མཁན་པོ་དང་། སློབ་དཔོན་མཚན་ཉིད་དང་ལྡན་པས་འབྲེལ། ཆོ་ག་སྐྱབས་སུ་འགྲོ་བ་དང་འབྲེལ། །བསླབ་བྱ་རྩ་བ་བཞི་དང་འབྲེལ། །ཡན་ལག་དྲུག་མཁན་པོ་ལས་ཐོབ་པ་བསྲུང་། དགེ་སློང་གི་སྡོམ་པ་ནི་གྲོགས་མཁན་པོ་དང་སློབ་དཔོན་གཉིས། དགེ་འདུན་མཚན་ཉིད་དང་ལྡན་པ་དང་འབྲེལ། ཆོ་ག་གསོལ་བ་དང་བཞིའི་ལས་ལ་སོགས་པ་དང་འབྲེལ། བསླབ་བྱ་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ལ་སོགས་པ་ཕྲན་ཚེགས་དང་བཅས་པ་བསྲུབ་བར་བྱའོ། །བྱང་ཆུབ་སེམས་དཔའི་སྡོམ་པ་ནི། ཡུལ་བླ་མ་མཚན་ཉིད་དང་ལྡན་པ་དང་འབྲེལ། ཆོ་ག་སྨོན་འཇུག་དོན་དམ་བྱང་ཆུབ་མཆོག་ཏུ་སེམས་སྐྱེད་པ་དང་འབྲེལ། །བསླབ་བྱ་ནི་རང་གི་སྲོག་ལ་བབ་ཀྱང་། །བྱམས་སྙིང་རྗེ་བྱང་ཆུབ་ཀྱི་

(༣༣༡)སེམས་མི་བཏང་ཞིང་། ཕ་རོལ་དུ་ཕྱིན་པ་དྲུག་ལ་སོགས་པ་མདོར་ན་སྡོམ་པ་ཉི་ཤུ་པ་དང་། ཚུལ་ཁྲིམས་ཀྱི་ལེའུ་ལ་སོགས་པ་ནས་གསུངས་པ་བཞིན་དུ། བསླབ་པར་བྱའོ། །ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྡོམ་པ་ནི། ཡུལ་རྡོ་རྗེ་སློབ་དཔོན་དང་འབྲེལ། ཆོ་ག་དབང་དང་བྱིན་བརླབས་ཀྱི་རིམ་པ་དང་འབྲེལ། བསླབ་བྱ་རྩ་ལྟུང་ཡན་ལག་དང་བཅས་པ་ལ་བསླབ་པར་བྱའོ། །དེ་ལྟ་བུའི་སྡོམ་པ་གསུམ་གྱི་ངོ་བོ་ནི། རྣམས་སྣང་མངོན་པར་བྱང་ཆུབ་པའི་རྒྱུད་ལས། སོ་སོ་ཐར་པའི་སྡོམ་པའི་ངོ་བོ་ནི་གཞན་ལ་གནོད་པ་བཞི་དང་བཅས་པ་ལ་རྣམ་པ་ཐམས་ཅད་དུ་ལོག་པ་ཡིན་ལ། བྱང་ཆུབ་སེམས་དཔའི་ངོ་བོ་ནི་དེའི་སྟེང་དུ། སེམས་ཅན་ལ་ཕན་འདོགས་པའོ་ཅེས་གསུངས་པ་དང་། ཡང་རྡོ་རྗེ་གུར་ལས། ཕུང་པོ་སངས་རྒྱས་མངའ་བདག་ཉིད། །དེ་ལ་བརྙས་པ་བརྒྱད་པ་ཡིན། །ཞེས་པ་གསང་སྔགས་ཀྱི་སྡོམ་པའི་ངོ་བོ་ནི། རྣམ་པ་ལྷར་གསལ་བ། ཉམས་མྱོང་བདེ་བ། རང་བཞིན་མི་རྟོག་པ་གསུམ་དབྱེར་མེད་པའོ། །དེ་ཡང་རྟེན་གྱི་གང་ཟག་ལ་སྡོམ་པ་གསུམ་པོ་དེ་གནས་ན་ཇི་ལྟར་གནས། བསྲུངས་ན་ཇི་ལྟར་བསྲུངས། ལྡན་

(༣༣༢)ན་ཇི་ལྟར་ལྡན། ཕྱིར་བཅོས་ན་ཇི་ལྟར་འཆོས། མི་འགལ་བར་བསྲུང་ན་ཇི་ལྟར་བསྲུང་ཞེས་ན། དེ་ལ་སྡོམ་གསུམ་གྱི་ངོ་བོ་ནི་ཅིག་ཏུ་གནས་པའང་མ་ཡིན་ཏེ། དང་པོ་སྐྱེ་བའི་རྒྱུ་ཕྱོགས་ཅིག་པ་མེད་པ་ལ། །ཐ་དད་དུ་བཤད་པ་དང་། གྲུབ་པའི་སྡེ་མི་ཅིག་སྟེ། དང་པོ་ཐོབ་པའི་དུས་ཅིག་པ་མེད་དེ། རིམ་པ་བཞིན་དུ་ཐོབ་དགོས་པ་དང་། གནས་པའི་དུས་ཅིག་པ་མེད་དེ། སོ་སོ་ཐར་པའི་རྩ་བ་ནི་ཇི་སྲིད་མཚོ་བ་ཡིན་ལ། སྡོམ་པ་གཉིས་པོ་ནི་དུས་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱིས་བར་ཡིན་པ་དང་། གཏོང་བའི་རྒྱུ་ཅིག་མིན་ཏེ། སོ་སོ་ཐར་པའི་རྩ་བ་བཞི་ཤོར་ན་གཏོང་བར་བཤད་ལ། བྱང་ཆུབ་སེམས་དཔའི་དབང་དུ་བྱས་ནི་མི་དགེ་བ་བཅུ་ལ་ཡིད་ཀྱིས་གསུམ་པོ་མ་གཏོགས་པ་བདུན་པོ་སེམས་ཅན་གྱི་དོན་དུ་འགྱུར་བར་བཤད་པ་དང་། གསང་སྔགས་རྡོ་རྗེ་ཐེགས་པར་ནི་དེ་དག་ཉིད་ལམ་དུ་གསུང་པའི་ཕྱིར་དང་། ཡང་རྟེན་དང་ངོ་བོ་ལའང་ཐ་དད་སྟེ། སོ་སོ་ཐར་པ་ནི་གླིང་གསུམ་གྱིས་སྐྱེས་པ་དང་། བུད་མེད་ལ་སྐྱེ་བར་བཤད་པ་ལ། སྡོམ་པ་གཉིས་པོ་ནི། སྐྱེས་པ་དང་། མ་ནིང་དང་། མཚན་གཉིས་དང་། བྱང་གི་སྒ་མི་སྙན་དང་། ལྷ་དང་ཀླུ་ལ་སོགས་

(༣༣༣)པ་མི་ཁོམ་པའི་གནས་བརྒྱད་སྤངས་པ་ཐམས་ཅད་ལ་སྐྱེ་བར་བཤད་པ་དང་། སྡོམ་པ་རང་གི་ངོ་བོ་འགལ་ཏེ། སོ་སོ་ཐར་པའི་སྡོམ་པའི་ངོ་བོ་ནི་སེམས་མ་ཡིན་ཏེ། སེམས་ལས་བྱུང་བ་ཡུལ་དང་དབང་པོ་ལྔ་དང་བཅུ་སྟེ། རྣམ་པར་རིག་པའི་གཟུགས་མ་ཡིན་པ་ལ། རྣམ་པར་རིག་བྱེད་མ་ཡིན་པ་གཟུགས། བསྟན་དུ་མེད་ཅིང་ཐོགས་པ་མེད་པའི་གཟུགས་སུ་འདོད་པ་དང་། བྱང་ཆུབ་སེམས་དཔའི་ནི་སེམས་ཀྱི་ཁྱད་པར་ལ་འདོད་པ་དང་། གསང་སྔགས་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་འདོད་པས། ངོ་བོ་འགལ་བར་གནས་པ་དང་། ཡང་སྡོམ་པ་གཉིས་པོ་ཕུལ་ཡང་སོ་སོ་ཐར་པ་གནས་པར་བཤད་པ་དང་། སོ་སོ་ཐར་པ་ཕུལ་ཡང་གཉིས་པོ་མི་གཏོང་བར་བཤད་པས། དེས་ན་སྡོམ་པ་ཅིག་པའང་མི་བཏུབ་པོ། །སྡོམ་པ་གསུམ་པོའི་ངོ་བོ་གནས་སྐབས་ཐམས་ཅད་དུ་ཐ་དད་དུའང་མི་བཏུབ་སྟེ། ཐ་དད་ན་རང་རིག་མངོན་གསུམ་ལས་འདི་ནི། སོ་སོ་ཐར་པའི་སྡོམ་པའོ། །འདི་ནི་བྱང་ཆུབ་སེམས་པའི་སྡོམ་པ། འདི་གསང་སྔགས་ཀྱིས་སྡོམ་པ་ཡིན་ཞེས། སེམས་ཐ་དད་པ་གསུམ་དུ་སྣང་བར་རིག་པ་ལ།

(༣༣༤)སེམས་ཅིག་ལས་མེད་པའི་ཕྱིར། ཐམས་ཅད་དུ་ཐ་དད་པའང་མི་འཐད་དོ། །འོ་ན་ཇི་ལྟར་གནས་ཤེས་ན་སྡོམ་པ་གསུམ། ངོ་བོ་ཤིན་དུ་ཐ་དད་གནས་སྐབས་འདྲེས་པའི་ཚུལ་དུ་གནས་པ་ཡིན་ཏེ། དཔེར་ན་ཆུ་དང་འོ་མ་འདྲེས་པ་ལ། ཐ་དད་མེད་ཀྱང་ངང་པས་ཆུ་གཞག་ནས་འོ་མ་བླང་དུ་བཏུབ་པ་བཞིན་དུ། སྡོམ་པ་གསུམ་པོ་འདི་ཡང་གང་རུང་ཅིག་ཕུལ་ནས་ཀྱང་། གཉིས་པོ་གནས་སུ་བཏུབ་པས་དེས་ན་ངོ་བོ་ཐ་དད། གནས་སྐབས་འདྲེས་པའི་ཚུལ་དུ་གནས་སོ། །བསྲུངས་ན་ཇི་ལྟར་བསྲུང་ཞེས་ན། བསྲུངས་ན་འཚོལ་བར་བསྲུང་སྟེ། སྡོམ་པ་གསུམ་པོ་ན་བ་ལ་སོགས་པའི་སྲོག་གི་བར་ཆད་དུ་འགྲོ་བ་དང་། སྡོམ་པ་གཉིས་པོའི་བར་ཆད་དུ་གང་འགྲོ་བ་དང་། ལམ་གོང་མ་རྒྱུད་ལ་སྐྱེ་བའི་བར་ཆད་དང་། བར་ཆད་གསུམ་པོ་དང་། སྡོམ་པ་གསུམ་པོ་འདོམ་ཐུག་བྱུང་ན། བར་ཆད་དུ་གང་འགྲོ་བ་སྟེ་མ་བསྲུངས་ཀྱང་ཉེས་པ་མེད་པས། བསྲུངས་ན་དེ་ལྟར་འཆོལ་བར་བསྲུང་ངོ་། །ལྡན་ན་ཡར་ལྡན་ཏེ། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་ཅིག་གི་འབྲས་བུར་གནས། །ཤེས་གསུངས་པས། ཆུང་ངུའི་ངོར་ཆེན་པོ་མི་བཏོང་སྟེ།

(༣༣༥)སོ་སོ་ཐར་པ་དང་བྱང་ཆུབ་སེམས་དཔའི་སྡོམ་པ་ནང་ཐུག་བྱུང་ན། བྱང་ཆུབ་སེམས་དཔའ་ལྟར་སྦྱང་ལ། བྱང་ཆུབ་སེམས་དཔའ་སྡོམ་པ་སོ་སོ་ཐར་པའ་ཡལ་བར་དོར་བ་ལ་ཉེས་པ་མེད། བྱང་ཆུབ་སེམས་དཔའ་དང་གསང་སྔགས་འདོམ་ཐུག་བྱུང་ན། གསང་སྔགས་ལྟར་སྤྱད་ལ། བྱང་ཆུབ་སེམས་དཔའི་སྡོམ་པ་ཡལ་བར་དོར་བ་ལ་ཉེས་པ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། གོང་མ་བསྲུངས་པས་ཉེས་པ་མེད། འོག་མ་མི་གནས་པས་ཉེས་པ་མེད། ཉེས་པ་གཉིས་པོ་གང་མེད་པ་ཆོ་ག་བཙན་པོ། ཐབས་བཟང་པོ། ཐེག་པའི་གོ་རིམས་སངས་རྒྱས་ཀྱི་དགོངས་པ་ཡིན་གསུང་། དེ་ལྟར་མ་ཡིན་ཏེ། གོང་མ་དོར་ནས་འོག་མ་བསྲུངས་ན། འོག་མ་བསྲུངས་བས་ཉེས་པ་བསྐྱེད། །གོང་མ་དོར་བས་ཉེས་པ་བསྐྱེད། །ཉེས་པ་གཉིས་གང་བསྐྱེད་པ་དེ་ཆོ་ག་དམན་པ་ཐབས་དམན་པ་ལ་ཞུགས་པ། ཐེག་པའི་གོ་རིམས་ནོར་བ། སངས་རྒྱས་ཀྱི་དགོངས་པ་མ་ལོན་པ་སྟེ། ཆུང་ངུའི་ངོར་ཆེན་པོ་བཏང་བའི་ཕྱིར་རོ། །དེ་བས་ན་ལྡན་ན་ཡར་ལྡན་ནོ། །ཕྱིར་འཆོས་ན་གྲུབ་མཐའ་བཞིན་དུ་ཕྱིར་འཆོས་ཏེ། སོ་སོ་ཐར་པ་དང་འགལ་

(༣༣༦)ན་བསམ་པ་དང་སྦྱོར་བའི་སྒོ་ནས། བྱང་ཆུབ་སེམས་དཔའི་སྡོམ་དང་འགལ་ན་སྟོབས་བཞིའི་སྒོ་ནས། གསང་སྔགས་ཀྱི་སྡོམ་པ་དང་འགལ་ན་བཤགས་སྡོམ། དབང་རིགས་ཀྱིས་སྒོ་ནས་ཕྱིར་འཆོས། དེ་ཡང་དེ་གསུམ་དང་། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་པ་ལ་ནི་བཤགས་པ་ལ་ཚེགས་མེད་དེ། དེ་ལྟར་ཡང་བཤགས་བྱ་བཤགས་བྱེད་ཤར་པ་རྣམས། །གང་ཚེ་རྣལ་འབྱོར་པས་མ་མཐོང་། རང་བཞིན་དག་པས་ཡོངས་སུ་མཐོང་། དེ་ནི་བཤགས་པའི་སྡོམ་པ་ཅེས་གསུངས་སོ། །སྡོམ་པ་གསུམ་པོ་དེ་ངོ་བོ་ཅིག །གནས་སྐབས་ཐ་དང་། གོང་གི་འགལ་བ་ལྟར་སྣང་བ་རྣམས། མི་འགལ་བར་བསྲུང་ན་ཇི་ལྟར་བསྲུང་ཞེས་ན། དེ་ལ་མི་འགལ་བ་རྣམ་པ་དྲུག་སྟེ། དུས་མི་འགལ་བ་ནི། ཉིན་མོ་སོ་སོ་ཐར་པ་མི་འགལ། མཚན་མོ་གསང་སྔགས་ཀྱི་དམ་ཚིག་རང་མི་འགལ། གཉིས་ཀར་བྱང་ཆུབ་སེམས་དཔའི་སྡོམ་པ་དང་མི་འགལ་བར་བྱའོ། །གནས་མི་འགལ་བ་ནི་གྲོང་ཁྱེར་དུ། སོ་སོ་ཐར་པ་དང་མི་འགལ། དགོན་པ་དབེན་པར་གསང་སྔགས་ཀྱི་དམ་ཚིག་དང་མི་འགལ། གཉིས་ཀར་བྱང་ཆུབ་སེམས་དཔའི་སྡོམ་པ་དང་མི་འགལ་བར་བྱའོ། །

(༣༣༧)གནས་མི་འགལ་བ་ནི་གྲོང་ཁྱེར་དུ། སོ་སོ་ཐར་པ་དང་མི་འགལ། དགོན་པ་དཔེན་གསང་སྔགས་ཀྱི་དམ་ཚིག་དང་མི་འགལ། གཉིས་ཀར་བྱང་ཆུབ་སེམས་པའི་སྡོམ་པ་དང་མི་འགལ་བར་བྱའོ། །གྲོགས་མི་འགལ་བ་ནི་ཉན་ཐོས་ཀྱི་ནང་དུ་སོ་སོ་ཐར་པ་དང་མི་འགལ། ཐེག་པ་ཆེན་པོའི་རིགས་ཅན་གྱི་ནང་དུ་བྱང་ཆུབ་སེམས་དཔའི་སྡོམ་པ་དང་མི་འགལ། རྒྱུད་སྨིན་འགྲོལ་དང་ལྡན་པའི་ནང་དུ་གསང་སྔགས་ཀྱི་དམ་ཚིག་དང་མི་འགལ་བར་བྱའོ། །རྐྱེན་མི་འགལ་བ་ནི་ན་བ་དང་། སྲོག་གི་བར་ཆད་དུ་འགྲོ་བ་དང་། ལམ་གོང་མའི་བར་ཆད་དུ་འགྲོ་ན་མི་བྱ་སྟེ། མ་བསྲུངས་ཀྱི་ང་འགལ་བ་མེད་དོ། །བསམ་པ་མི་འགལ་བ་ནི། གཞན་དོན་དུ་འགྱུར་བ་དང་། ལམ་གོང་མ་རང་གི་རྒྱུད་ལ་རྟེན་ནས། སྲོག་གཅོད་པ་ལ་སོགས་པ་བྱས་ཀྱང་མི་འགལ་ལོ། །གང་ཟག་གིས་གནས་པས་མི་འགལ་བ་ནི། བསང་པ་བསོ་ནུས། རིག་མ་འགུགས་ནུས། དངོས་པོ་སྤེད་ནུས་པས་དེ་ལྟར་བྱས་ཀྱང་འགལ་བ་མེད་དོ། །དེ་ལྟར་བསླབ་པ་གསུམ་པོ་རྣམས་ཀྱང་། འདོམ་ཐུག་བྱུང་བའི་དུས་སུ་ཤེས་རབ་ཀྱིས་སྲང་ལ་

(༣༣༨)དབབ། གནང་བཀག་གིས་ཀྱང་འདི་སྡུས་ན། འགལ་བྱ་ཆེ་ཤོས་སྤངས་པའི་དོན་དུ་ཆུང་ཤོས་གནང་། ཆེ་ཤོས་སྤངས་པས་ཉེས་པ་མེད། ཆུང་ཤོས་གནང་བའི་ཉེས་པ་མེད་དོ། །ཤེས་རབ་ཐབས་དང་ལྡན་པ་ཡིས། །དུས་ཚོད་གཙོ་བོར་ཁྱེར་བ་གཅེས། །ཤེས་གསུངས་པས། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འདོད་པའི་གང་ཟག་གིས། རྒྱུད་སྡོམ་པ་གསུམ་དང་ལྡན་པར་བྱ་གསུང་།། །།ཡང་རྗེ་སྒམ་པོ་པའི་ཞལ་ནས། སྤྱིར་ཕྱག་རྒྱ་ཆེན་པོས་ལ་དབྱེ་བ་མེད་ཀྱི་ང་། རྣལ་འབྱོར་པ་རྣམས་ཀྱིས་ཕྱག་རྒྱ་ཆེན་པའི་དོན་ཁོང་དུ་ཆུད་པར་བྱ་བའི་ཆེད་དུའམ། མ་རྟོགས་པ་རྟོགས་པར་བྱ་བའི་ཆེད་ཙམ་དུ། དབྱེ་བ་རྣམ་པ་གཉིས་ཏེ། སེམས་ཉིད་ལྷན་ཅིག་སྐྱེས་པ་དང་སྣང་བ་ལྷན་ཅིག་སྐྱེས་པ་གཉིས་ཡིན་གསུང་། དེ་ལ་སེམས་ཉིད་ལྷན་ཅིག་སྐྱེས་པ་ནི། ཆོས་ཀྱི་སྐུ་ཡིན། སྣང་བ་ལྷན་ཅིག་སྐྱེས་པ་ནི་ཆོས་སྐུའི་འོད་ཡིན། དེ་ཡང་སེམས་ཉིས་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ་ཏེ་སྤྲོས་པ་ཐམས་ཅད་དང་བྲལ་བ། ཁ་དོག་དང་དབྱིབས་དང་བྲལ་བ་རང་བཞིན་མ་བཅོས་པའོ། །ངོ་བོ་ངོས་བཟུང་དང་བྲལ་བ། དཔེ་ནམ་མཁའ་ལྟ་བུ་ཡིན་ཏེ་གང་དུ་ཡང་ཁྱབ་པ། རྣམ་པར་རྟོག་

(༣༣༩)པ་མེད་པ། མི་འགྱུར་བ་ངོ་བོ་ཉིད་ཀྱི་སྟོང་པ་ཉིད་ཀྱིས་སྟོང་པ་ཅིག་ཡིན། སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད་ནི། རྒྱུ་རྐྱེན་དང་བྲལ་བས་རང་བྱུང་རྟོག་པའི་འོད་དཔའ་རླབས་དང་བྲལ། བློ་བུར་གྱི་དགེ་བ་དང་མི་དགེ་བ་དང་། ལུང་མ་སྟན་པའི་རྣམ་རྟོག་དུ་མ་དང་བཅས་པ་འདི་ཡིན། དེ་གཉིས་ཅིག་གམ་ཐ་དད་ན་མ་རྟོགས་པ་རྣམས་ཐ་དད་པ་ལྟར་སྣང་ཡང་བླ་མ་དམ་པའི་གདམ་ངག་གིས་རྟོགས་པ་རྣམས་ལ་ཅིག་ཡིན་ཏེ། དཔེར་ན་ཙན་དན་དང་ཙན་དན་གྱི་དྲི་འམ། ཉི་མ་དང་ཉི་མའི་འོད་ཟེར་རམ། ཆུ་དང་ཆུའི་རླབས་ལྟ་བུ། དེ་ཡང་ཙནྡན་གྱི་དྲིས་ཕྱོགས་ཐམས་ཅད་དུ་ཁྱབ་ཀྱང་ཙནྡན་ལས་མ་འདས། ཉི་མའི་འོད་ཟེར་ཕྱོགས་བཅུར་འཕྲོ་ཡང་། ཉི་མ་ལས་མ་འདས། ཆུའི་རླབས་ཆུའི་རང་བཞིན་ལས་མ་འདས་པ་དང་འདྲ་སྟེ། སྣང་བ་ལྷན་ཅིག་སྐྱེས་པ་ཡང་སེམས་ཉིད་ལྷན་ཅིག་སྐྱེས་པ་ལས་མ་འདས་ཏེ། དེ་ལྟར་རྟོགས་པར་བྱེད་པ་ལ་རྟོགས་པར་བྱེད་པའི་ཆོས་གསུམ་སྟེ། གཞི་ཅིར་ཡང་མ་ཡིན་པ་ལས་སྣ་ཚོགས་སུ་ཤར་བར་ཤེས་པར་བྱ་བ་དང་། སྣ་ཚོགས་སུ་ཤར་ཡང་དོན་ཅི་ཡང་མ་ཡིན་པར་ཤེས་པར་བྱ་བ་དང་། རྟོགས་པའི་དུས་ན་གཉིས་མེད་

(༣༤༠)སྨྲར་མི་བཏུབ་པར་ཤེས་པར་བྱའོ། །དེ་ལ་བཞི་ཅི་ཡང་མ་ཡིན་པ་ནི། སེམས་ཉིད་ལྷན་ཅིག་སྐྱེས་པའོ། །སྣ་ཚོགས་སུ་ཤར་བ་ནི་སྣང་བ་ལྷན་ཅིག་སྐྱེས་པའོ། །སྣ་ཚོགས་སུ་ཤར་ཡང་དོན་ཅི་ཡང་མ་ཡིན་པ་ནི། རྣམ་པར་རྟོག་པ་དུ་མ་སྟེ་དོན་ཅི་ཡང་མ་ཡིན་པར་མི་བདེན་པར་ཤེས་པར་བྱའོ། །རྟོགས་པའི་དུས་སུ་གཉིས་མེད་སྨྲར་མི་བཏུབ་པར་བྱ་བ་ནི། སྣང་བ་དང་རྟོགས་པ་གཉིས་མེད་དུ་རྟོགས་པ་དོན་སྨྲར་མེད་པ། ལྐུགས་པའམ་བུ་ཆུང་གིས་རྨི་ལམ་སྨིས་པ་ལྟ་བུར་གོ་བའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་པར་བྱེད་པ་ལ། ཉམས་སུ་ལེན་དགོས་པར་ཉམས་སུ་བླང་པའི་ཆོས་གསུམ་སྟེ། དང་པོ་འབད་བཙོལ་དང་བྲལ་བའི་སྒོ་ནས་ལུས་སེམས་ཀློད་པ་དང་། བར་དུ་ཐེ་ཚོམ་དང་བྲལ་བའི་སྒོ་ནས་མ་བཅོས་པའི་ངང་ལ་བཞག་པ་དང་། ཐ་མ་བྱུང་ཚོར་གྱིས་རྣམ་པར་རྟོག་པ་ཐམས་ཅད་སྐྱེ་མེད་དུ་ཤེས་པར་བྱའོ། །དེ་ཡང་སྦྱོར་བའི་དུས་སུ་འབད་བཙོལ་དང་བྲལ་བའི་སྒོ་ནས། ལུས་སེམས་ཁོང་ཀློད་པ། དངོས་བཞིའི་དུས་སུ་ཐེ་ཙོམ་དང་བྲལ་བའི་སྒོ་ནས། དུས་གསུམ་གྱིས་རྣམ་པར་རྟོག་པ་དང་བྲལ་བར་བྱས་ལ། གནས་ལུགས་མ་བཅོས་པའི་ངང་ལ་བཞག །རྗེས་ཀྱི་ཤེས་

(༣༤༡)པ་ལ་རྣམ་པར་རྟོག་པ་ཅི་སྐྱེས་ཐམས་ཅད་སྔར་འདྲིས་ཀྱི་མི་དང་ཕྲད་པ་ལྟར་ཤེས་པར་བྱས་ལ་བྱུང་ཚོར་གྱི་རྣམ་པར་རྟོག་པ་ཐམས་ཅད་སྐྱེ་མེད་དུ་ཤེས་པར་བྱའོ། །དེ་ལ་རྒྱས་འདེབས་དགོས་པས་མཐའ་རྟེན་གྱི་གདམ་ངག་གསུམ་སྟེ། འགྲོ་བ་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་ལྷན་ཅིག་སྐྱེས་པ་ཡིན་རང་ལ་ཡོད་པས་གཞན་ནས་བཙལ་མི་དགོས། སྡུག་བསྔལ་སྤངས་པའི་བདེ་བ་ཆེན་པོ་ཆོས་ཀྱི་སྐུ་རང་གི་རིག་པ་ཁོ་ན་ཡིན་པས་ལོགས་ན་མེད། སྣང་གྲགས་ཀྱིས་ཆོས་ཐམས་ཅད་རང་གི་སེམས་ཡིན་པས་རང་སེམས་ལ་རང་འཇིགས་མི་དགོས་པས་ཉམ་ང་བ་དང་བག་ཚ་བ་ཐོང་། དེ་ཡང་འགྲོ་བ་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པ་ནི་རིགས་དྲུག་སེམས་ཅན་ཡིན་ཕན་ཆད། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས་མ་ཁྱབ་པ་མི་སྲིད་པས་ན་གཞན་ནས་བཙལ་མི་དགོས། སྡུག་བསྔལ་སྤངས་པ་ནི་འཁོར་བའི་སྡུག་བསྔལ་ཐམས་ཅད་ཆོས་ཉིད་ཀྱི་ངང་ལ་སངས་ཀྱིས་དག་པས། བདེ་ཆེན་ཆོས་ཀྱི་སྐུ་རང་གི་རིག་པ་ཡིན་པས་སེམས་ཉིད་ལས་མ་རྟོགས་པ་ལོགས་ན་མེད། སྣང་གྲགས་ཀྱི་ཆོས་ཐམས་ཅད་རང་གི་སེམས་ཡིན་པས་ཐམས་ཅད་སེམས་སུ་ཤེས། རང་སེམས་འོད་གསལ་དུ་ཤེས། འོད་གསལ་གྱི་རང་བཞིན་ཆོས་ཉིད་དུ་ཤེས། ཆོས་ཉིད་སེམས་ཀྱི་

(༣༤༢)ངང་དུ་གནས་ནས། སེམས་ཅན་ཐམས་ཅད་ལྷའི་བུའི་བདུད་དུ་སོང་ཡང་། གནོད་པ་སྐྱེལ་ས་མ་རྙེད། གནོད་པ་སྐྱེལ་མཁན་གྱི་བདུད་དེ་རང་ཆོས་ཉིད་ཡིན་པས། ཆོས་ཉིད་ཀྱིས་ཆོས་ཉིད་ལ་གླགས་མི་བརྙེད། དེའི་ཕྱིར་ཉམ་ང་བ་དང་བག་ཚ་བ་ཐམས་ཅད་ཆོས་ཉིད་ཀྱི་ངང་དུ་མཐོང་གསུང་། ཆོས་རྗེ་སྒམ་པོ་པའི་གསུང་ལ། ཉེ་གནས་ཤོ་སྒོམ་བྱང་ཡེས་ཀྱིས་ཟིན་བྲིས་སུ་མཛད་པ། བདག་གིས་ཕྱོགས་ཅིག་ཏུ་སྒྲིགས་པའོ།། །།ཆོས་ཐུན་དགུ་ཡོད།། དགེའོ། །བཀྲ་ཤིས་སོ།། །།

(༣༤༣)མགོན་པོ་ཟླ་འོད་གཞོན་ནུས་མཛད་པའི་ཚོགས་ཆོས་ལེགས་མཛེས་མ་བཞུགས་སོ། །

(༣༤༤)ན་མོ་གུ་རུ། བླ་མ་རིན་པོ་ཆེའི་ཞལ་ནས། འོ་སྐོལ་ད་ལྟ་ཐོབ་པར་དཀའ་བའི་མི་ལུས་རིན་ཆེན་ཐོབ། འཕྲད་པར་དཀའ་བའི་སངས་རྒྱས་ཀྱི་བསྟན་པ་རིན་ཆེན་དང་འཕྲད་པའི་དུས་འདི་ལ། སངས་རྒྱས་ཀྱི་བསྟན་པའི་སྒོར་ཞུགས་ནས་སྒྲུབ་པ་ཉམས་སུ་

(༣༤༥)ལེན་དགོས། དེ་ཡང་འཇུག་པའི་སྒོ་བསམ་གྱིས་མ་ཁྱབ་པ་གཅིག་ཡོད་ཀྱང་། བསྡུ་ན་གསུམ་ཡིན་ཉན་ཐོས་གྱི་ཐེག་པའི་སྒོར་ཞུགས་པ་དང་། རང་སངས་རྒྱས་ཀྱི་ཐེག་པའི་སྒོར་ཞུགས་པ་དང་། ཐེག་པ་ཆེན་པོའི་སྒོར་ཞུགས་ནས་སྒྲུབ་པ་ཉམས་སུ་ལེན་པའོ། །དེ་ལྟར་འཇུག་པའི་སྒོ་ཐེག་པ་གསུམ་ཡོད་ཀྱང་། ད་རེས་ཐེག་པ་དེ་མི་སྟོན་ཉན་རངས་གི་ཐེག་པ་ཆེན་པོའི་སྒོར་བཞུགས་ནས་སྒྲུབ་པ་ཉམས་སུ་ལེན་པའི་ཐབས་གཅིག་སྟོན། དེ་ལ་ཡང་དབྱེ་ན་གཞུང་ལུགས་མང་དུ་ཡོད་དེ། སེམས་ཙམ་རྣམ་པར་

(༣༤༦)བདེན་པའི་གཞུང་ལུགས་དང་། རྣམ་པར་རྫུན་པར་འདོད་པའི་གཞུང་ལུགས་དང་གཉིས། དབུ་མ་ལ་སྒྱུ་མ་ལྟ་བུ་དང་རབ་ཏུ་མི་གནས་པའོ། །དེ་ལས་ཟུང་འཇུག་རབ་ཏུ་མི་གནས་པ་དང་། རྒྱུན་ཆད་རབ་ཏུ་མི་གནས་པའི་གཞུང་དང་། གསང་སྔགས་ལ་ཡང་གསར་མ་དང་། རྙིང་མ། ཕྱི་པ་དང་ནང་པ། ཕ་རྒྱུད་མ་རྒྱུད་ལ་སོགས་མང་དུ་ཡོད་ཀྱང་། བསྡུ་ན་གཉིས་ཕ་རོལ་དུ་ཕྱིན་པ་ཚོགས་ཀྱིས་ལམ་དང་། གསང་སྔགས་ཐབས་ལམ་མོ། །དེ་ལ་ཡང་དང་པོ་ནི་དུས་ཡུན་རིང་དུ་འགོར་ཞིང་། སྤྱོད་པ་ཉམས་སུ་བླང་དཀའ་བར་འདུག་པས་ད་རེས་དེ་མི་སྟོན། བླ་མའི་བྱིན་རླབས་ཀྱི་དྲོད་ལ་བརྟེན་ནས་ཡང་དག་པའི་ཡེ་ཤེས་ངོས་ཟིན་ཏེ། ལྷན་གཅིག་སྐྱེས་པའི་ཡེ་ཤེས་མངོན་སུམ་དུ་རྟོགས་པར་བྱེད་པའི་གསང་སྔགས་ཐབས་ཀྱི་ལམ་གྱི་སྒོར་ཞུགས་ནས། སྒྲུབ་པ་ཉམས་སུ་བླང་བའི་ཐབས་གཅིག་སྟོན། དེ་ལ་ཡང་སྔགས་ཕྱི་པ་དང་ནང་པ། ཕ་རྒྱུད་མ་རྒྱུད་གང་གིས་སྒོར་ཞུགས་ནས་ཉམས་སུ་ལེན་ཀྱང་བྱིན་བརླབས་ཀྱིས་ལམ་པ་ཡིན་པས། བླ་མའི་

(༣༤༧)བྱིན་བརླབས་ཞུགས་པ་གཅིག་གལ་ཆེ། བྱིན་བརླབས་མ་བཞུགས་ན་མཆོག་ཐུན་མོངས་གི་དངོས་གྲུབ་སྒྲུབས་ཀྱང་མི་འགྲུབ་ལ། བླ་མའི་བྱིན་བརླབས་ཞུགས་ན་མཆོག་ཐུན་མོངས་གི་དངོས་གྲུབ་ཐམས་ཅད་ཚེག་མེད་པར་འགྲུབ་སྟེ། དཔེར་ན་མི་དབུལ་པོའི་ཁྱིམ་ན་མི་རབ་བདུན་རྒྱུད་དུ། དབུལ་བའི་སྡུག་བསྔལ་སེལ་བར་བྱེད་པའི་གཏེར་ཆེན་གཅིག་ཡོད་ཀྱང་། གཏེར་ཁ་མ་ཕྱེད་ཀྱི་བར་དུ་དབུལ་བའི་སྡུག་བསྔལ་དང་བཅས་ལ། ཁ་ཕྱེད་རྩ་ན་དབུལ་བའི་སྡུག་བསྔལ་དང་བྲལ་ལོ། །དཔེ་དེ་བཞིན་དུ་མི་དབུལ་པོ་དང་འདྲ་བའི་འོ་སྐོལ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ། གཏེར་དང་འདྲ་བའི་སེམས་ཉིད་ལྷན་ཅིག་སྐྱེས་པའི་རང་ཆས་སུ་ཡོད་ཀྱང་། གཏེར་ཁ་མ་ཕྱེད་པ་དང་འདྲ་བའི་བླ་མའི་བྱིན་བརླབས་མ་ཞུགས་ན། དེ་མི་ཟིན་ཅིང་དངོས་གྲུབ་རྣམ་གཉིས་གྲུབ་པའི་ཐབས་མེད། གཏེར་ཁ་ཕྱེ་བ་དང་འདྲ་བའི་བླ་མའི་བྱིན་བརླབས་ཞུགས་ན། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོས་ཟིན་ཏེ། དངོས་གྲུབ་རྣམ་པ་གཉིས་ཐོབ་པ་ལ་ཚེགས་མེད་དེ། དེས་

(༣༤༨)ན་ད་རེས་ཐུན་མོང་གི་གདམས་ངག་རིན་པོ་ཆེ་གཏེར་ཁ་ཕྱེད་པ་ལྟ་བུའི་གདམས་ངག་འདི་སྟོན་ནོ། །ན་མོ་གུ་རུ། ཐུན་མོང་གི་གདམས་ངག་རིན་པོ་ཆེ་གཏེར་ཁ་འབྱེད་པ་ལྟ་བུའི་གདམས་ངག་འདི་ལ་དོན་བཞི་སྟེ། གསང་སྔགས་བྱིན་བརླབས་ཀྱི་ལམ་པ་ཡིན་པས། དང་པོ་བླ་མའི་བྱིན་རླབས་ཞུགས་པ་གཅིག་གལ་ཆེ་བ་ཡིན། བླ་མའི་བྱིན་བརླབས་ཞུགས་ནས་ཡེ་ཤེས་ཀྱི་མཐོང་ས་ཕྱེད། དེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རྟོགས་པ་ཤར་བས། ཕྱི་ཤེས་བྱའི་ཆོས་ཐམས་ཅད་ལ་སྒྲོག་རང་གྲོལ་ལ་སོང་ནས། ཡེ་ཤེས་ཀྱི་རིག་པ་སྒྲོ་འདོགས་ནང་ནས་ཆོད་པ་གཅིག་ཡོད་དོ། །དེ་ལྟར་ཧེ་བཛྲ་ལས། ཡང་དག་ཡེ་ཤེས་སྣང་བ་པོ། གང་དུ་ཡང་ནི་མི་སྙེད་དེ། །བླ་མའི་དུས་ཐབས་བརྟེན་པ་ལས། །བདག་གི་བསོད་ནམས་ལས་ཤེས་བྱ། །ཅེས་གསུངས་འདུག་པའི་ཕྱིར་རོ། །འོ་ན་བྱིན་བརླབས་སེམས་འཇུག་པ་ལ་གར་ཐོང་ཐོང་གཅིག་ལ་བརྟེན་པས་ཆོག་གམ་སྙམ་ན་མི་ཆོག་དེ་དང་པོ། བླ་མ་དམ་པ་གཅིག་ལ་བརྟེན་དགོས་སོ། །དེ་ཡང་བླ་མའི་མཚན་

(༣༤༩)མཚན་ཉིད་མདོ་འམ་རྒྱུད་ནས་མང་དུ་བཤད་ཀྱང་བསྡུ་ན། །གསུམ་ལྡན་དུ་དགོས་ཏེ། དེ་ཡང་དང་པོ་བརྒྱུད་པའི་བཀའ་མ་ཆད་པ་དང་གཅིག་ངང་ཚུལ་བཟང་ལ་ཐུགས་རྗེ་ཆེ་བ་དང་གཉིས། དམན་པའི་བློ་སྤངས་ཏེ་གུས་པ་སྐྱེ་བའི་རྟེན་དུ་རུང་བའོ། །དང་པོ་ལ་གསུམ། ཐུགས་རྒྱུད་བྱིན་རླབས་ཀྱི་བརྒྱུད་པ་མ་ཆད་པས། སློབ་མའི་རྒྱུད་ལ་རྟོགས་པ་སྐྱེད་ནུས་པ་དང་། སྙན་བརྒྱུད་དམར་ཁྲིད་ཉམས་ཀྱི་བརྒྱུད་པ་མ་ཆད་པས་སམ་ཏིལ་ལམ་སྣ་འདྲེན་ནུས་པ་དང་། ནག་ཁྲིད་བཀའི་རྒྱུད་པ་མ་ཆད་པས། བཤད་པ་ལ་ཚིག་གིས་ལྷང་མ་ཞུགས་ཏེ། གང་གིས་ལམ་སྣ་འདྲེན་ནུས་པའོ། །གཉིས་པ་ནི། གོ་སླ། གསུམ་པ་ལ་གཉིས་རང་གུས་པ་སྐྱེ་བ་དང་། གཞན་གུས་པ་སྐྱེ་བའི་རྟེན་དུ་རུང་བའོ། །དང་པོ་ལ་དམན་པའི་བློ་ནི་བླ་མ་འདི་གདམས་ངག་ཀྱང་ཆུང་། རྟོགས་པ་ཡང་དམའ། འདི་བས་གདམས་ངག་ཀྱང་ང་རང་ཆེ། བྱིན་རླབས་ཀྱང་ང་རང་ཆེ། རྟོགས་པ་ཡང་ང་རང་མཐོ་སྟེ། འབྲེལ་དོན་གྱིས་སྟོབས་ཀྱིས་བརྟེན་པ་ཡིན་སྙམ་ནས། བླ་མ་ལ་བརྙས་ཤིང་རང་ཉིད་ང་རྒྱལ་

(༣༥༠)དང་བཅས་པས། ཅི་ཙམ་བརྟེན་ཀྱང་བྱིན་རླབས་མི་འཇུག་ཅིང་། རྟོགས་པ་རྒྱུད་ལ་མི་སྐྱེའོ། །ཡང་གུས་པ་སྐྱེ་བའི་རྟེན་དུ་རུང་བ་ནི། བླ་མ་འདི་གདམས་པའི་གནད་ཀྱང་ཆེ། བྱིན་རླབས་དང་ཐུགས་རྗེ་ཡང་ཆེ། རྟོགས་པ་ཡང་མཐོ་དུས་དིང་སང་གི་རྡོ་འཆང་དངོས་འདི་ཡིན་སྙམ་པའི་དང་གུས་ཡོད་ན། བྱིན་རླབས་འབྱུང་ཞིང་རྟོགས་པ་རྒྱུད་ལ་སྐྱེའོ། །གཉིས་པ་ནི་ཐམས་ཅད་ཀྱིས་བྱིན་རླབས་ཅན་གདམས་ངག་ཅན་རྟོགས་པ་པ་དང་ལྡན་པར་གྲགས་པ་གཅིག་བརྟེན་ནོ། །དེ་ལས་དགོས་པ་གཉིས། གསང་མི་དགོས་པས་རང་བརྒྱུད་སྒྲིབ་པ་མི་སོགས་པའི་དགོས་པ་དང་། །གཞན་གྱིས་རྗེས་སུ་ཡིད་རང་བྱས་པས་གཞན་རྒྱུད་ཚོགས་རྫོགས་པར་འགྱུར་བའི་དགོས་པའོ། །བྱིན་རླབས་གུས་པ་ལས་འབྱུང་བས་གསོལ་བ་རྒྱུན་ཆད་མེད་པར་འདེབས་པ་གཅིག་དགོངས་ཆན་བུ། དེ་ལྟ་བུའི་བླ་མ་མཚན་ཉིད་དང་ལྡན་པ་དེ་ལ་བརྟེན་བཙམ་གྱིས་མི་ཆོག་སྟེ། དེ་ཡང་གུས་པས་གང་ལ་བསྒོམ་ཞིང་གསོལ་བ་འདེབས་ན། བླ་མ་ལ་གུས་པ་བསྒོམ་ཞིང་གསོལ་བ་འདེབས་པ་ཡིན་ཏེ། དེ་ཡང་སྤྱིར་བླ་མ་ཐམས་ཅད་ཀྱང་དུས་གསུམ་གྱི་སངས་

(༣༥༡)རྒྱས་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པས་སེམས་ཅན་གྱི་དོན་མཛད་པ་ཡིན་ནོ། །དེ་ལྟར་ཡང་བདེ་ཆོག་ལས། བདེ་གཤེགས་སྐྱེད་པ་བླ་མའི་རྒྱུད། །རྡོ་རྗེ་སེམས་པའི་རྣམ་འཕྲུལ་ཡིན། །ཞེས་གསུངས་སོ། །དེ་བས་ན་བླ་མ་གཅིག་ལ་གསོལ་བ་བཏབ་པ་དང་། ཀུན་ལ་གསོལ་བ་བཏབ་པ་ཁྱད་མེད་པས་རང་གང་ལ་མོས་པའི་བླ་མ་གཅིག་ལ། བླ་མ་སངས་རྒྱས་དངོས་ཡིན་སྙམ་དུ་བསམ་ཞིང་གསོལ་བ་བཏབ་པས། དེ་ཡང་ཁ་ཙམ་མན་ཚིག་ཙམ་མེན་གུས་པ་སིང་སིང་བ་བསྒོམ་ཞིང་གསོལ་བ་དྲག་ཏུ་གདབ། རྒྱུན་ཆད་མེད་པར་གདབ། མོས་གུས་བྱས་གདུང་བའི་ཤུགས་སྐྱེད་ལ་གདབ་བོ། །དེ་ལྟར་ཡང་བླ་མ་དང་ནི་རྡོ་རྗེ་འཛིན། །ཐ་དད་པར་ཡང་མི་བསམ་མོ། །ཞེས་གསུངས་སོ། །དེ་ལྟར་གུས་པས་བསྒོམས་ན་བྱིན་རླབས་འབྱུང་བ་བླ་མ་ནཱ་རོ་པས། ཏཻ་ལོ་པ་ལ་ལོ་བཅུ་གཉིས་སུ་མོས་གུས་བྱས་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་མཐར་ཐུག་པ་ཐོབ་པའམ། སློབ་དཔོན་ཀླུ་གྲུབ་ཀྱིས་བྲམ་ཟེ་ཆེན་པོས་ར་ཧ་པ་ལ་མོས་གུས་བྱས་པས་ཐུན་གཅིག་གིས་གྲོལ་

(༣༥༢)བ་དང་། རྟོག་རྩེ་བས་བཟང་པོའི་ཞབས་ལ་ནུབ་གཅིག་དུ་མོས་གུས་མཐར་ཐུགས་པ་བྱས་པས།། །།། མཆོག་ཐུན་མོངས་གི་དངོས་གྲུབ་མཐར་མཐུག་པ་ཐོབ་པ་བཞིན་ནོ། །སྤྱིར་ཡང་གུས་པ་ལ་གཉིས། བསྒོམས་པའི་མོས་གུས་དང་། སྐྱེས་པའི་མོས་གུས་སོ། །དང་པོ་ནི་ལས་དང་པོ་པས་མོས་གུས་བཅོས་མ་བསྒོམས་པ་ཡིན་ཏེ། སྒོམས་པས་ཀྱང་བླ་མའི་སྤྱོད་ལམ་མ་དག་པ་བག་ཙམ་མཐོང་བས་ཀྱང་གུས་པ་ལྡོག་སྟེ་མི་བརྟན་ནོ། །གཉིས་པ་ནི་མོས་གུས་མ་བསྒོམས་པར་ཤུགས་ཀྱིས་འབྱུང་བའོ། །དེ་ལ་ནི་ལུས་ངག་གི་སྤྱོད་ལམ་མཇུག་པ་ཅི་མཐོང་ཡང་། མོས་གུས་མི་ལྡོག་སྟེ་རང་སྐྱོན་དུ་ཤེས་པར་འབྱུང་ལྟ་བུའི་རྩ་བ། །གུས་པ་ངེས་ཤེས་སྐྱེས་པ་ལས་འབྱུང་བས། མཆན་བུ། མ་བཅོས་པ་འབྱུང་སྟེ་རྒྱུ་ཅི་ལས་བྱུང་ན་དགེ་སྦྱོར་རྒྱུད་ལ་སྐྱེས་ཏེ་ནང་དུ་རང་ལ་དགེ་སྦྱོར་སྐྱེས་ཙ་ན། བླ་མ་དང་མཆེད་གྲོགས་ཐམས་ཅད་ལ་ཡང་དགེ་སྦྱོར་བཟང་པོས་ཡོད་ངེས་སྙམ་ནས་གུས་པ་རང་བཞིན་གྱིས་འབྱུང་། རང་ལ་དགེ་སྦྱོར་མ་སྐྱེས་

(༣༥༣)ན། བསྒོམས་འདི་བླ་མ་དང་མཆེད་གྲོགས་ཐམས་ཅད་ལ་ཡང་མེད་ངེས་སྙམ་ནས་མོས་གུས་མི་འབྱུང་བ་ཡིན། འོན་མོས་གུས་དགེ་སྦྱོར་རྒྱུད་ལ་སྐྱེས་པ་ལས་བྱུང་ན་དགེ་སྦྱོར་རྒྱུད་ལ་སྐྱེས་པ་ཁ་ཅི་དགོས་སྙམ་ན། །རྩ་བ། གདམ་ངག་གི་གནད་དུ་ཐེམས་པ་གཅིག་དགོས་ཏེ། །མཆན་བུ། གསོལ་བ་འདེབས་པའི་མཁན་པོ་ཡང་རང་གི་སེམས། གདམས་པ་གནད་དུ་ཐེབས་ནས་སེམས་ཀྱི་འཁྲུལ་རྟོག་དག །དེ་ཀ་དགུ་ཙ་ན་འཁྲུལ་པའི་སྣང་བ་ཐམས་ཅད་རང་དག་པའོ། །ཡང་ན་གསོལ་བ་གདབ་པའི་ཡུལ་བླ་མར་སྣང་བ་ཡང་སེམས། གསོལ་བ་འདེབས་པའི་མཁན་པོ་ཡང་རང་གིས་སེམས། གསོལ་བ་འདེབས་པ་ཡང་སེམས། དེས་ན་སེམས་ལ་སེམས་ཀྱིས་གསོལ་བ་བཏབ་པས། སེམས་སེམས་ཉིད་ཀྱི་ངང་དུ་དག་ཙ་ན། གསོལ་བ་ཐེབས་ཤིང་བླ་མའི་བྱིན་རླབས་ཞུགས་པ་ཡིན་ནོ།། །།རྩ་བ། གདམས་པ་བླ་མ་ལས་འབྱུང་བས། །མཆན་བུ། ཟབ་མོ་རྙེད་པ་དེ་ཡང་། གཞན་གནས་ཀྱང་མི་འབྱུང་གདམས་པ་སྟེ། རྩ་བ། བླ་མ་ལ་ཡུན་རིང་དུ་བརྟེན་པ་གཅིག་དགོས་ཏེ། །མཆན་བུ། དེ་ཡང་བླ་མ་དང་གཡག་འགྲོགས་བྱས་པས་མི་ཆོག །ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་མ་དག་

(༣༥༤)པ་ཐམས་ཅད་སྤངས་ནས་ལུས་ངག་ཡིད་གསུམ་གུས་པའི་སྒོ་ནས་བརྟེན་ནོ། །འོ་ན་བརྟེན་པ་ཙམ་གྱིས་མི་ཆོག་སྟེ། ༈ །རྩ་བ་ཡང་ནས་ཡང་དུ་ནན་ཏན་བྱས་པ་གཅིག་དགོས་ན། ༈ །མཆན་བུ། གདམས་པ་མཐའ་དག་རྩད་ནས་ཆོད་པ་ཐེ་ཚོམ་མེད་ཅིང་རྩ་བ་ཡིད་ཆེས་པ་གེགས་སེལ་གྱི་གདམས་པ་དང་བོགས་འདོན་གྱི་གདམས་ངག་ལ་སོགས་པ་མ་ལུས་པ་ཐོབ་པ་ཐམས་ཅད་ལ་ནན་ཏན་བྱས་པ་གཅིག་དགོས་པ་ཡིན་གསུང་། ༈ །ན་མོ་གུ་རུ། བླ་མ་རིན་པོ་ཆེའི་ཞལ་ནས་སྤྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཐུགས་རྗེ་ཆེ་ལ་ཐབས་མཁས་པ་དེས་ཆོས་ཀྱི་སྒོ་མོ་བརྒྱ་ཁྲི་བཞི་སྟོང་བཀའ་སྩལ་པ་དེ་ཐམས་ཅད་ཀྱིས་བརྗོད་བྱའི་དོན་ཧྲིལ་གྱིས་དྲིལ་བས། རྒྱུ་སེམས་ཅན་ལ་བརྟེན་ནས་འབྲས་བུ་སངས་རྒྱས་ཐོབ་པར་བྱེད་པའི་ཐབས་གཅིག་བསྟན་པ་ཡིན། སེམས་ཅན་དང་སངས་རྒྱས་གཉིས་རྒྱུ་ཐ་དད་དུ་འདུག་པས་ཐ་དད་སྒྲུབ་དུ་བཅད་བཏུབ་བམ་སྙམ་ན། སྤྱིར་ཐ་དད་པ་ལ་གསུམ། །དངོས་པོ་ཐ་དད་པ་དང་། གཅིག་པ་བཀག་པ་ཐ་དད་པ་དང་། །ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་དང་གསུམ་མོ། །དེ་ལྟར་གསུམ་ཡོད་པ་ལས་

(༣༥༥)དངོས་པོ་ཐ་དད་པ་རྟ་དང་བ་གླང་ལྟ་བུ་ཡང་མིན། ཡིན་ན་རྟས་པ་གླང་སྒྲུབ་ཏུ་མི་ཏུབ་པ་བཞིན་ནོ། །གཅིག་པ་བཀག་པའི་ཐ་དད་པ་ཡང་མ་ཡིན། འོ་ན་ཇི་ལྟར་ཡིན་ན། ངོ་བོ་གཅིག་ལ་ལྡོགས་པ་ཐ་དད་པ་ཡིན། ངོ་བོ་གཅིག་ཏུ་ཡིན་ན་ངོ་བོ་གང་དུ་གཅིག །ངོ་བོ་སེམས་སུ་གཅིག་སྟེ་སེམས་ཅན་དུ་སྣང་བ་ཡང་སེམས་བུདྡྷ་སེམས་ཡིན་ཏེ། དོན་ལ་སེམས་ལས་མ་གཏོགས་པའི་ཆོས་མེད་དེ། དེ་ལྟར་ཡང་། སེམས་ལས་མ་གཏོགས་ཆོས་རྣམས་མེད་ཅེས་པའོ། །དེ་ལྟར་ཡང་ངོ་བོ་གཅིག་ཡིན་ན་བུདྡྷ་སྒྲུབ་མི་དགོས་སམ་སྙམ་ན། ངོ་བོ་གཅིག་ཀྱང་ལྡོག་པ་ཐ་དད་པས་སྒྲུབ་དགོས་ཏེ། ལྡོག་པ་ཇི་ལྟར་ཐ་དད་ན། བུདྡྷ་ནི་སེམས་ཉིད་སྐྱེ་བ་མེད་པའི་དོན་རྟོགས་པས་ཁྱད་པར་དུ་བྱས་པ་ཡིན། དེ་ལྟར་ཡང་འདའ་ཀ་ཡེ་ཤེས་ལས། སེམས་རྟོགས་ན་ཡེ་ཤེས་ཡིན་པས་སངས་རྒྱས་གཞན་ནས་མི་ཚོལ་བའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །ཅེས་གསུངས་སོ། །སེམས་ཅན་ནི་རིག་ལྔའམ་དྲུག་གིས་བསྡུས་པ་ཐམས་ཅད་དོ། །དེ་ཐམས་ཅད་ཀྱི་རྒྱུད་ལ་སེམས་ཉིད་རང་བཞིན་གྱིས་རྣམ་

(༣༥༦)པར་དག་པའང་ཆས་སུ་ཡོད་པ་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པས་སྒྲིབས་ནས། སེམས་ཉིད་ཀྱི་དོན་མ་གཏོགས་པས་འཁྲུལ་པ་ཡིན་ཏེ། ཁམས་གསུམ་དུ་འཁོར་ཞིང་རིགས་དྲུག་ཏུ་འཁྱམས་པ་ཡིན་ནོ། །དེ་ལྟར་ཡང་ཀྱཻ་རྡོ་ལས། །སེམས་ཅན་རྣམས་ཀྱི་སངས་རྒྱས་ཉིད། །འོན་ཀྱང་བློ་བུར་དྲི་མས་བསྒྲིབས། །ཞེས་གསུངས་སོ། །དེས་ན་སངས་རྒྱས་ཐོབ་པར་བྱེད་པ་ལ་སེམས་ཉིད་སྐྱེ་བ་མེད་པའི་དོན་རྟོགས་དགོས། དེ་རྟོགས་པར་བྱད་པ་ལ་བློ་བུར་གྱི་དྲི་མ་དག་དགོས། །བློ་བུར་གྱི་དྲི་མ་དག་པར་བྱེད་པ་ལ། ཐབས་ཤེས་རབ་བཟུང་དུ་འབྲེལ་བར་ཉམས་སུ་ལེན་དགོས་པས། ཐབས་ཤེས་རབ་ཟུང་དུ་འབྲེལ་བ་པི་ཝང་གི་སྒྲ་ལྟ་བུའི་གདམས་ངག་འདི་སྟོན། དེ་ཡང་ཐབས་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་པ་དང་། ཤེས་རབ་ཆོས་ཐམས་ཅད་ཀྱི་ཀྱི་ཟབ་མོ་སྟོང་པ་ཉིད་བསྒོམས་པ་གཉིས་ཟུང་འབྲེལ་དུ་ཉམས་སུ་བླངས་པས། སྒྲིབ་པ་གཉིས་བག་ཆགས་དང་བཅས་པ་དག་ནས། མི་གནས་པའི་མྱ་ངན་ལས་འདས་པ་ཐོབ། དེ་པི་ཝང་གི་སྒྲ་ལྟ་བུའི་ཡིན་ཏེ། དཔེར་ན་པི་

(༣༥༧)ཝང་གི་སྒྲ་དེ་རྒྱུད་ལས་ཀྱང་མ་བྱུང་ཁོག་པ་ལས་ཀྱང་མ་འབྱུང་། སྐྱེས་བུའི་རྩོལ་བ་ལས་ཀྱང་མ་བྱུང་སྟེ། དེ་ཐམས་ཅད་ཀྱི་རྟེན་འབྲེལ་ཚོགས་པ་ལས་བྱུང་བ་ཡིན་ནོ། །དེ་བཞིན་དུ་སྒྲིབ་པ་གཉིས་ངག་ནས་མྱ་ངན་ལས་འདས་པ་ཐོབ་པ་ཡང་། ཐབས་རྐྱང་བསྒོམས་པ་ལས་ཀྱང་མ་འབྱང་། །ཤེས་རབ་རྐྱང་པ་བསྒོམས་པ་ལས་ཀྱང་མ་བྱུང་སྟེ། ཐབས་དང་ཤེས་རབ་ཟུང་འབྲེལ་དུ་ཉམས་སུ་བླངས་པས་ས་ཐོབ་པ་ཡིན་ནོ། །དེ་ལ་ཐབས་དང་ཤེས་རབ་ཟུང་འབྲེལ་དུ་ཉམས་སུ་ལེན་པ། པི་ཝང་གི་སྒྲ་ལྟ་བུའི་གདམས་ངག་འདི་ལ་དོན་བཞི། འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་ཁྱེར་ཤེས་པ་གཅིག་གལ་ཆེ། །མཆན་བུ། དེ་ལྟར་འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་མ་ཤེས་པར་འཁོར་བ་ལ་བློ་མི་ལྡོག་ཅིང་། མྱ་ངན་ལས་འདས་པ་ལ་འདུན་ཅིང་འདོད་པ་མི་འབྱུང་བས་དང་པོ་འཁོར་བའི་ཉེས་དམིགས་བསྒོམ། དེ་ལ་གཉིས་སྤྱིར་འཁོར་བ་མཐའ་དག་ལ་དམིགས་ཏེ་བསྒོམས་པ་དང་། ཕུན་གསུམ་ཚོགས་པ་གཉིས་ཀྱི་སྡུག་བསྔལ་ལ་དམིགས་སྟེ་བསྒོམ་པའོ། །དང་པོ་ནི་དམྱལ་བ་ན་ཚ་གྲང་གིས་སྡུག་བསྔལ་མ་གཏོགས་

(༣༥༨)པ་བདེ་བའི་གོ་སྐབས་སྐད་ཅིག་ཀྱང་མེད། ཡི་དགས་ལ་བཀྲེས་སྐོམ། བྱོལ་སོང་ལ་བཀོལ་སྤྱོད་ཀྱིས་སྡུག་བསྔལ། ལྷ་ལ་འཆི་འཕོ་ལྟུང་བྱེད་ཀྱི་སྡུག་བསྔལ་ལྷ་མ་ཡིན་ལ་འཐབ་རྩོད་ཀྱིས་སྡུག་བསྔལ། མི་ལ་ཡང་སྡུག་བསྔལ་གསུམ་མམ་བརྒྱད་ཀྱི་སྡུག་བསྔལ་གྱིས་སྡུག་བསྔལ་བ་བདེ་བའི་གོ་སྐབས་སྐད་ཅིག་ཀྱང་མེད་པ་ཡིན་སྙམ་དུ་བསམ། གཉིས་པ་ནི་མི་རང་ལ་ཡང་ནང་བཟར་མེད། ནུབ་གོན་དུ་མེད་པ་དང་། ན་ཚ་ལ་སོགས་པའི་སྡུག་བསྔལ་གྱིས་ཉེན་པའི་ཚོགས་རྣམས་ཀྱང་། སྡུག་བསྔལ་བའི་རང་བཞིན་ཡིན་ལ། ད་ལྟ་བདེ་སྐྱིད་ཕུན་གསུམ་ཚོགས་པ་རང་གིས་སྡུག་བསྔལ་ལ་བསོམས་དང་། བསམ་ན་དེ་རྣམས་ལ་སྡུག་བསྔལ་འབའ་ཞིག་ལས་བདེ་བ་མེད་དེ། དེ་ལྟར་བསྒོམས་པས་འཁོར་བ་འདི་མེ་དོང་དང་འདྲ། རྩོན་ར་དང་འདྲ་གཤེད་མའི་རལ་གྲི་དང་འདྲ་སྟེ། ཇི་ལྟར་བྱས་ཀྱང་སྡུག་བསྔལ་འབའ་ཞིག་ལས་མི་འདུག་སྙམ་པ་ཅིག་བྱུང་ཙ་ན་འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་པ་ཡིན་ནོ། རྩ་བ། སྡུག་བསྔལ་ལམ་དུ་ཁྱེར་ཤེས་པ་གཅིག་གལ་ཆེ། །མཆན་

(༣༥༩)བུ། སྡུག་བསྔལ་ལམ་དུ་ཁྱེར་བ་ལ་གཉིས། ཁྱེར་བ་དངོས་དང་། ལམ་གྱི་ཆ་རྐྱེན་དུ་ཁྱེར་བའོ། །དང་པོ་ནི་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ལ་དམིགས་ནས། དེ་ལྟར་འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་ནས། ཉན་ཐོས་ལྟར་སྤོང་དམ་སྙམ་ན་མི་སྤོང་སྟེ་བོདྷི་ས་ཏྭ་རྣམས་ཀྱིས་སྡུག་བསྔལ་དུ་ཁྱེར་དགོས་པས་ན། བྱམས་པ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པའོ། །དེ་ལྟར་སེམས་ཅན་དང་སྡུག་བསྔལ་གཉིས་ཀ་རང་རྒྱུད་པར་བྱས་ནས། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་སྟེ། སྙིང་རྗེ་ནི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས། གཉིས་པ་ནི་རྒྱུད་ལན་ཚ་དང་སྡུག་བསྔལ་བྱུང་བའི་དུས་སུ། སྡུག་བསྔལ་འདི་དགེ་སྦྱོར་གྱིས་བསྐུལ་མ་ཡིན། དད་པའི་གསོལ་འདེབས་ཡིན། །བརྩོན་འགྲུས་ཀྱིས་ལྕག་ཡིན། སྡུག་བསྔལ་འདི་དགོས་པ་ཡིན། སྐུ་དྲིན་ཆེ་བ་ཡིན། བྱང་གི་སྒྲ་མི་སྙན་པའི་བརྟེན་ལ་ཡོན་ཏན་གོང་མ་མི་སྐྱེ་བ་ཡང་སྡུག་བསྔལ་གྱིས་ལྷག་པར་འཚེ་བ་མེད་པའི་སྐྱོན་ཡིན། སྡུག་བསྔལ་མེད་ན་ངེས་འབྱུང་མེད་བྱ་བ་ཡིན་

(༣༦༠)དཔེར་ན་ལྷ་གསེར་གྱི་རྔ་སྤྲིན་གྱིས་སྙིང་པོ་ཅན་ལྟ་བུ་ཡིན་སྙམ་དུ་བསམ། རྩ་བ། དེ་ལྟར་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོས་པས་གང་ལ་གཏང་ཀྱང་གཏང་དུ་བཏུབ་སྟེ། སིང་སིང་སྐྱེ་སྐྱེ་ཞིང་འདུག་ན་ཐབས་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པ་མཐར་ཐོན་པ་ཡིན་པས། དེས་ཆོག་གམ་སྙམ་ན་མི་ཆོག་སྟེ། ལམ་དངོས་དང་མཚན་མར་འཛིན་པའི་བློ་དང་འབྲལ་བ་ཅིག་གལ་ཆེ། ཞེས་པ་ནི་ཐབས་སྙིང་རྗེ་ཆེན་པོའི་དེ་ཉིད་ཀྱིས་ངོ་བོ་བལྟས་པས། འདས་པ་འགགས་ཏེ་མ་དམིགས། མ་འོངས་པ་མ་སྐྱེས་ཏེ་མ་དམིགས། ད་ལྟའི་ཤེས་པ་ལ་དངོས་པོ་དང་མཚན་མ་གང་དུ་ཡང་གྲུབ་པ་མེད་དོ། སྙིང་རྗེ་སྐྱེ་བའི་ཡུལ་ལ་བསྟས་ན། སྡུག་བསྔལ་བ་པོ་རང་གྲུབ་པ་མེད་དོ། །སྡུག་བསྔལ་ལུས་ལ་མེད། ལུས་འབྱུང་བ་བཞི་ལས་གྲུབ་པའི་བེམ་པོ་ཡིན་སེམས་ལ་མེད་དེ་སེམས་ནམ་མཁའ་དང་འདྲ་བའི་སྟོང་པ་ཡིན་པའི་ཕྱིར་རོ། །སྡུག་བསྔལ་རང་གི་ངོ་བོ་ཡང་སྐྱེ་འགག་གནས་གསུམ་དང་འབྲལ་ཏེ་གྲུབ་པ་མེད་དོ། །སྐྱེ་འགག་གནས་གསུམ་དེ་ལྟར་དངོས་པོ་དང་མཚན་མ་གང་དུ་ཡང་གྲུབ་པ་མེད་པ་ཅིག་ཏུ་ཐག་ཆོད་ཙན། དེ་ཀའི་ངང་ལ་ཡིན་མིན་

(༣༦༡)ལ་སོགས་པ་བློ་བྲལ་གྱིས་ངང་ལ་བཞག་གོ། །དེ་ལྟར་བསྒོམས་པས་མཉམ་བཞག་གི་དུས་ཆོས་ཐམས་ཅད་ནམ་མཁའ་ལྟ་བུར་རྟོགས་ཀྱང་། རྗེས་ཀྱི་གནས་སྐབས་སུ་བདེ་སྡུག་གི་རྣམ་པ་ཐམས་ཅད་སྒྱུ་མ་ལྟ་བུར་ཆར་རོ། །དེ་ལྟར་ཡང་མདོ་ལས། བྱང་ཆུབ་སེམས་དཔའ་རྣམས་མཉམ་པར་གཞག་པའི་དུས་སུ་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་ལྟ་བུར་མཐོང་ལ། རྗེས་ཀྱི་དུས་སུ་ནི་ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་མཐོང་བའོ། །ཅེས་གསུངས་སོ། །དེའི་ཚེ་ན་སྔར་གོམས་པའི་སྟོབས་ཀྱིས་བྱམས་པ་དང་སྙིང་རྗེ་ཡང་ཞེན་པ་མེད་པར་འཆར་ཏེ། དེ་ཀ་ལ་ཆོས་ལ་དམིགས་པའི་སྙིང་རྗེ་ཞེས་བྱ་སྟེ། ཆོས་སྣང་བ་ཙམ་འདི་ལ་དམིགས་ནས་སྐྱེ་བའི་ཕྱིར་རོ། །དེ་ཙམ་ན་ལུས་ངག་གི་དགེ་སྦྱོར་རྨི་ལམ་སྒྱུ་མ་ཙམ་དུ་ཞེན་པ་མེད་པར་གཞན་དོན་དུ་བྱེད་པའོ། །དེ་ལྟར་སྡུང་བ་ལས་ཀྱང་། ཕུང་པོ་འདི་དག་གདོད་ནས་སྟོང་ཉིད་སྐྱེ་མེད་ཅེས། མཉམ་པར་མ་བཞག་སེམས་ཅན་ཁམས་ལ་སྙིང་རྗེ་འཇུག །བར་སྐབས་དེར་ཡང་སངས་རྒྱས་ཆོས་ལ་ཡོངས་མི་མཉམ། །ཞེས་གསུངས་སོ། །བློ་བྲལ་དེ་ཀ་ལ་མཐར་ཐུག་གི་འབྲས་བུ་ཆོས་ཀྱི་སྐུ་ཡིན་པར་ངོ་ཤེས་པར་བྱ་བ་གལ་

(༣༦༢)ཆེའོ། །ཅེས་པ་ནི་དེ་ལྟར་དངོས་པོ་དང་མཚན་མར་མི་འཛིན་པའི་བློ་བྲལ་གྱི་དོན་དང་མ་བྲལ་བར་ཉམས་སུ་བླངས་པས། །དུས་ཐམས་ཅད་དུ་དེའི་ངང་ལས་མ་གཡོས་ཏེ་མཉམ་གཞག་དང་ཞེས་ཐོབ་མེད་པར་ཆུའོ་རྒྱུན་གྱི་རྣལ་འབྱོར་དུ། ཕྲིལ་གྱིས་སོང་བ་དེ་ཀ་མཐར་ཐུག་གི་འབྲས་བུ་ཆོས་ཀྱི་སྐུ་ཐོབ་པ་ཡིན་ནོ། །དེ་ལྟར་ཆོས་ཀྱི་སྐུའི་ངང་ལས་མ་གཡོས་པར་གདུལ་བྱའི་སྣང་བ་ཤར་ནས་སེམས་ཅན་གྱི་དོན་ལྷུན་གྲུབ་དུ་མཛད་དོ། །མཛད་ཀྱང་ཀུན་སློང་དང་རྣམ་པར་རྟོག་པ་གང་ཡང་མེད་དེ། དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ་ཡིན་ནོ། །དེ་ལྟར་རྟོག་པ་མེད་ཀྱང་སེམས་ཅན་གྱི་མཛད་པའི་ཆ་ནས། །དམིགས་པ་མེད་པའི་སྙིང་རྗེ་ཞེས་བྱ་སྟེ། དོན་ལ་རྒྱུའི་མིང་འབྲས་བུ་ལ་སྦྱར་ཏེ་བཏགས་པ་ཡིན་ནོ། །དེ་ཡང་མདོ་ཧ་ལས། སྙིང་རྗེའི་མེ་རྟོག་གཞན་ཕན་འབྲས་བུ་འཛིན། །མིང་ནི་གཞན་ལ་ཕན་པའོ། །ཅེས་པའི་ཕྱིར་རོ།། །།ན་མོ་གུ་རུ། བླ་མ་རིན་པོ་ཆེའི་ཞལ་ནས། བཀའ་སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ། རྒྱུད་སྡེ་རིན་པོ་ཆེ་རྣམ་པ་བཞི། དེ་ཐམས་ཅད་ཀྱི་འགྲེལ་པ་གདམས་ངག་དང་བཅས་པ་དཔག་ཏུ་མེད་པ་གཅིག་གསུངས་ཀྱང་། དེ་ཐམས་ཅད་ཀྱི་ནང་

(༣༦༣)ནས་བརྗོད་བྱའི་རྒྱུ་འབྲས་རྟེན་ཅིང་འབྲེལ་བར་འབྱུང་བའི་གནས་ལུགས་སམ་ཡིན་ལུགས་གཅིག་བསྟན་པ་ཡིན། དེ་བསྟན་པའི་དགོས་པ་བླང་དོར་གྱིས་བྱེ་བྲག་ཤེས་པའི་དགོས་པ་ཡོད། དེས་ན་རྒྱུ་འབྲས་ཀྱི་ནས་ལུགས་ཤེས་དགོས། དེ་ལ་གཉིས་འཁོར་བའི་རྒྱུ་འབྲས་དང་། མྱ་ངན་ལས་འདས་པའི་རྒྱུ་འབྲས་གཉིས་སོ། །དང་པོ་ལ་སྤྱིར་ནམ་མཁའ་ལ་མཐའ་མེད་པ་བཞིན་དུ། འཁོར་བའི་སེམས་ཅན་ལ་ཡང་མཐའ་མེད་པ་ཡིན་ཀྱང་། བསྡུ་ན་འགྲོ་བ་རིགས་དྲུག་ཏུ་འདུས། དེ་ཐམས་ཅད་ཀྱང་རྒྱུ་ཉོན་མོངས་པ་དུག་ལྔས་ནས་བསླངས་ནས་ལས་དགེ་མི་དགེ་སྤྱད་པས། འབྲས་བུ་འགྲོ་བ་རིགས་དྲུག་ཏུ་སྐྱེས་ནས་འཁོར་བའི་བདེ་སྡུག་སྣ་ཚོགས་ཉམས་སུ་མྱོང་བ་ཡིན། དེ་ཡང་རྒྱུ་འབྲས་ངོ་སྐལ་དུ་རྩི་ན། ཉོན་མོངས་པ་ཞེ་སྡང་གིས་ཀུན་ནས་བསླངས་ནས། མི་དགེ་བ་བཅུ་སྤྱད་པས་འབྲས་བུ་དམྱལ་བར་སྐྱེ། འདོད་ཆགས་ཀྱིས་ཡི་དགས། གཏི་མུག་གིས་དུད་འགྲོ། ཕྲག་དོག་གིས་ཀུན་ནས་བསླངས་ནས་མི་དགེ་བ་བཅུ་སྤྱད་ནས། ལྷ་དང་ལྷ་མ་ཡིན་དུ་སྐྱེ་སྟེ། ང་རྒྱལ་གྱིས་མིར་སྐྱེའོ། །གཉིས་པ་མྱ་ངན་ལས་འདས་པ་ལ་གཉིས། ཞི་བ་མྱ་ངན་ལས་འདས་པ་དང་། མི་གནས་པའི་

(༣༦༤)མྱ་ངན་ལས་འདས་པའོ། །ཞི་བ་མྱ་ངན་ལས་འདས་པ་དེ་ཐོབ་པར་བྱེད་པའི་རྒྱུ། གང་ཟག་གི་བདག་མེད་པ་བསྒོམ་པ་དང་། ཆོས་ཀྱིས་བདག་མེད་ཕྱོགས་གཅིག་ཏུ་བཟུང་བ་རང་བཞིན་མེད་པར་རྟོགས་པ་ཡིན་ལ། །རྐྱེན་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་སོགས་པ་ལྷ་དཀོན་མཆོག་གསུམ་ལ་བརྟེན་ནས་ཚོགས་བསོག་གོ། དེ་ལྟར་རྒྱུ་རྐྱེན་གཉིས་པ་ལ་བརྟེན་ནས་འབྲས་བུ་ཞི་བ་མྱ་ངན་ལས་འདས་པ་ཐོབ་པའོ། །གཉིས་པ་ནི་རྒྱུ་བདག་མེད་པ་གཉིས་རྟོགས་པའི་ཤེས་རབ། །རྐྱེན་བསྡུ་བའི་དངོས་པོ་བཞི་འམ་ཕ་རོལ་ཏུ་ཕྱིན་པ་དྲུག་གམ། །ཚད་མེད་པ་བཞི་བསྒོམས་པ་ལ་སོགས་པའི་རྒྱུ་རྐྱེན་ཚོགས་པ་ལ་བརྟེན་ནས། འབྲས་བུ་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པའོ། །དེ་ལྟར་ཆོས་ཐམས་ཅད་ཀྱི་རྒྱུ་འབྲས་ཀྱི་གནས་ལུགས་བདེན་ངེས་མི་སླུ་པས་སོ། །ད་འཁོར་བ་རྒྱུ་འབྲས་སྐྱོན་དང་བཅས། །ཉེས་དམིགས་དང་བཅས་པར་ཤེས་པར་བྱས་ནས་དོར་བར་བྱ། མྱ་ངན་ལས་འདས་པ་རྒྱུ་འབྲས་ཡོན་ཏན་དང་བཅས་ཏེ་ཤེས་པར་བྱས་ནས་ཉམས་སུ་བླང་བར་བྱ། དེ་ལ་ཡང་གཉིས་ཡོད་པ་ལས། ཞི་བ་མྱ་ངན་ལས་འདས་པ་རྒྱུ་

(༣༦༥)འབྲས་ནི་དམན་པར་འདུག་པས་དོར་བར་བྱ། །མི་གནས་པའི་མྱ་ངན་ལས་འདས་པ་རྒྱུ། །འབྲས་དང་བཅས་པ་ཉམས་སུ་བླང་བྱ་ཡིན་གསུང་སྟེ། དེ་ལྟར་རྒྱུ་འབྲས་བདེན་ངེས་པས་བྱ་བ་མ་ཡིན་པ་སྤོང་ཞིང་། བྱ་བའི་ཆ་ཉམས་སུ་ལེན་དགོས། དེ་ལྟར་ཉམས་སུ་ལེན་པ་ལ། ལས་རྒྱུ་འབྲས་ཀྱི་གནས་ལུགས་སམ་ཡིན་ལུགས་ཤེས་དགོས་སོ། །དེ་ཤེས་པར་བྱེད་པ་ལ་རྒྱུ་འབྲས་མི་སླུ་བས་ལུ་ལྗང་པ་ལྟ་བུའི་གདམས་ངག་འདི་སྟོན་པ་ཡིན། དེ་ཡང་དཔེར་ན་རྒྱུ་འབྲས་ས་ལུ་ལ་བརྟེན་ནས་མྱ་ངན་ལས་འདས་པ་ལྟ་བུའི་བྱུང་ངེས་པར་འདུག་པས། ས་ལུའི་སོ་རྣམས་ཀྱི་རྩོལ་བ་བྱེད་ཅིང་། བྲ་བོའི་སོ་རྣམས་མི་བྱེད་པ་བཞིན་དུ། ཆོས་ཐམས་ཅད་ཀྱི་རྒྱུ་འབྲས་ཀྱི་གནས་ལུགས་ཤེས་པས་འཁོར་བའི་རྒྱུ་འབྲས་གཉིས་པོ་སྤོང་། མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའི་རྒྱུ་འབྲས་ཉམས་སུ་ལེན་པ་ཡིན་ནོ། །དེས་ན་རྒྱུ་འབྲས་མ་སླུ་བ་ས་ལུ་ལྗང་པ་ལྟ་བུའོ། །གདམས་ངག་འདི་ལ་དོན་བཞི་སྟེ། སྔ་མའི་རྒྱུ་འབྲས་ཀྱི་ལས་ལ་རྟགས་ཤིང་དཔྱད་པའི་སྒོ་ནས་ངེས་ཤེས་སྐྱེས་པ་དང་། ཞེས་པ་ནི། ད་ལྟར་ཚོར་བ་སྡེ་ཉམས་སུ་མྱོང་བ་ནི། སྐྱེ་བ་སྔ་མ་ཕན་ཆད་ལས་དགེ་མི་དགེ་སྤྱད་པའི་འབྲས་བུ་ཡིན་ནོ། །དེ་ལྟར་མདོ་ལས། འགྲོ་བ་འདི་

(༣༦༦)ཐམས་ཅད་ལས་ལ་འབྱུང་། །ལས་རྣམས་ཀུན་ལ་མཐུ་ཡོད་པས། །ལུས་ཅན་ཀུན་གྱི་སྐྱིད་སྡུག་འདི། །ལས་རྣམས་ཡིན་པར་ཤེས་པར་བྱ། །ཅེས་གསུངས་སོ། །རིགས་པས་དཔྱད་ཀྱང་རྒྱུ་འབྲས་བདེན་ངེས་ཏེ། །བསོད་རྣམས་བསགས་པའི་བརྟེན་གྱི་གང་ཟག་ལ་གཞན་རྣམས་ཐམས་ཅད་ཀྱི་ལོ་ཉེས་ཡང་དེའི་ལོ་ལེགས་ནས་འོང་། གཞན་གྱི་ཕྱུགས་ཉེས་ཡང་དེའི་ལེགས་པ་ལ་སོགས་པ་འོང་། བསོད་རྣམས་མ་བསགས་པའི་རྟེན་གྱི་གང་ཟག་དེ་ལ་གཞན་ཐམས་ཅད་ཀྱི་ལོ་ལེགས་ཀྱང་། དེའི་ཉེས་པ་ལ་སོགས་པའི་ངོ་བོ་མི་འདོད་པ་ཐམས་ཅད་འབྱུང་སྟེ། དེ་ཐམས་ཅད་ཀྱང་བསོད་རྣམས་སྔ་མ་ཕན་ཆད་དུ་ལས་དགེ་མི་དགེ། སྤྱད་པའི་འབྲས་བུ་ཡིན་ནོ། །དེ་བས་ན་ཚེ་འདིའི་སྡུག་བསྔལ་སྤང་དུ་མི་བཏུབ་ལ། བདེ་བ་སྒྲུབ་ཏུ་ཡང་མི་བཏུབ་སྟེ། དེ་གཉིས་ཀའི་རྒྱུ་སྔོན་དུ་སོང་བའི་ཕྱིར་རོ། །དཔེར་ན་རྒྱུ་ས་བོན་སྔོན་དུ་སོང་བའི་འབྲས་བུ་དགག་པར་མི་ནུས་པ་བཞིན་ནོ། །དེ་བས་ན་རྒྱུ་འབྲས་བདེན་ངེས་མི་སླུ་ངེས་པ་ཡིན་སྙམ་དུ་བསམ་མོ། །དེ་ལྟར་བསམ་པ་རྒྱུ་འབྲས་འདེན་ངེས་མི་སླུ་ངེས་པར་འདུག་སྙམ་དུ་སྔ་མའི་རྒྱུ་འབྲས་ལས། ངེས་ཤེས་

(༣༦༧)སྐྱེས་པའི་སྒོ་ནས་ད་ལྟར་གྱི་རྒྱུ་འབྲས་ལ་བླང་དོར་གྱི་སྒོ་ནས་སྒྲུབས་ཅིང་ཉམས་སུ་བླངས་པ་དང་། ཞེས་པ་ནི། སྤྱིར་རྒྱུ་འབྲས་ཀྱིས་ཆོས་ཐམས་ཅད་བསྡུ་ན་གཉིས། འབྲས་བུ་ལ་སྤྱོད་པའི་དུས་དང་། རྒྱུ་ལ་སྤྱོད་པའི་འདུས་སོ། །དང་པོ་ནི་ད་ལྟ་ཚོར་བ་བདེ་སྡུག་ཉམས་སུ་མྱོང་བ་བཞིན་པ་འདི་ཡིན་ཏེ། དེ་ཡང་རྒྱུ་སྔོན་དུ་སོང་བའི་སྟོབས་ཀྱིས་འབྲས་བུ་དགག་པར་མི་ནུས་པ་ཡིན་ནོ།། །།གཉིས་པ་ནི་དགེ་མི་དགེའི་ལས་ལ་སྤྱོད་པ་ཕྱི་མ་བདེ་སྡུག་སྒྲུབ་པའི་རྒྱུ་ཡིན་པས། དེ་ཕྱི་མ་ཕན་ཆད་དུ་བདེ་བ་ཐོབ་པར་འདོད་པས་དགེ་བ་ཉམས་སུ་བླང་ཞིང་། སྡུག་བསྔལ་དང་འབྲལ་བར་འདོད་པས་སྡིག་པ་མི་དགེ་བ་སྤང་ཞིང་དོར་བར་བྱའོ། །དེ་ལྟར་མི་དགེ་བ་སྤངས་ནས་ཕྱི་མ་ལ་འབྲས་བུ་སྡུག་བསྔལ་འབྱུང་མི་སྲིད་དོ། །རྒྱུ་མེད་པའི་འབྲས་བུ་ཤེས་བྱ་ལ་འབྱུང་མི་སྲིད་པའི་ཕྱིར་རོ། །དེས་ན་དགེ་སྡིག་གི་ལས་ཆོས་འཕྲ་མོ་ཡང་ཁྱད་དུ་མི་བསད་པར། སྡིག་པ་ཕྲ་ཞིང་ཕྲ་བ་ནས་སྤངས་ཤིང་དགེ་བ་ཕྲ་བ་ནས་ཉམས་སུ་བླང་ངོ་། །དེ་ཡང་ཁ་ཅིག་ན་རེ། དེ་ཡང་མ་ངེས་ཏེ། ད་ལྟ་དགེ་བའི་ལས་འབའ་ཞིག་བྱེད་པ་ལ་བདེ་ཞིང་

(༣༦༨)སྡུག་བསྔལ་བ་ཡང་འདུག་ལ། མི་དགེ་བ་འབའ་ཞིག་བྱེད་པ་ལ་བདེ་ཞིང་སྐྱིད་པ་ཡང་འདུག་པའི་ཕྱིར་རོ་ཟེར་བ་ལ། དེའི་སྐྱོན་མེད་དེ་ད་ལྟ་བདེ་སྡུག་སྣ་ཚོགས་སུ་ཉམས་སུ་མྱོང་བ་འདི་ཐམས་ཅད་ཚེ་སྔ་མའི་ལས་ཀྱི་འབྲས་བུ་ཡིན་ལ། ད་ལྟ་དགེ་མི་དགེ་སྤྱད་པའི་འབྲས་བུ་སྐྱེ་བ་ཕྱི་མ་ལ་འབྱུང་བ་ཡིན་པའི་ཕྱིར་རོ། །འོ་ན་ད་ལྟ་དགེ་བའི་ལས་སྤྱད་པས་སྐྱེ་བ་སྔ་མ་ཕན་ཆད་ཀྱི་ལས་མི་དགེ་བ་བྱས་པ་ཕན་ཆད་ཀྱང་འདག་པ་མེ་ནམ་སྙམ་ན། དེ་ལ་གཉིས། ས་བོན་དང་། རྣམས་སྨིན་ནོ། །དང་པོ་སྐྱེ་བ་སྔ་མ་ཕན་ཆད་ལ་སྡིག་པ་མི་དགེ་བ་སྤྱད་པའི་ས་བོན། ཀུན་གཞི་ལ་ཡོང་བ་འགགས་ཏེ། དེ་ལ་འབྲས་བུ་མ་བྱུང་བའི་ཕྱིར་རོ། །གཉིས་པ་ནི་རྣམ་པར་སྨིན་པའི་འབྲས་བུ་ད་ལྟ་བདེ་སྡུག་ཉམས་སུ་མྱོང་བཞིན་པ། འདི་ནི་སྤང་བར་མི་ནུས་ཏེ། ཉམས་སུ་མྱོང་བའི་ཕྱིར་རོ། །སྤྱིར་ཡང་སྤང་བྱ་སྤོང་བ་ཐམས་ཅད་ནི་ས་བོན་ལ་གནོད་པ་སྐྱེལ་པ་ཡིན་ལ། གཉེན་པོ་རྒྱུད་ལ་བརྟེན་པ་ཐམས་ཅད་ནི་ས་བོན་གསོས་འདེབས་པ་ཡིན་ནོ། །དེ་ལྟར་སྡིག་པ་སྤང་ཞིང་དགེ་བ་ཉམས་སུ་ལེན་པའི་དུས་སུ་རྒྱུ་འབྲས་ཀྱི་དོན་ཐམས་ཅད་ཀྱང་། གཉིས་མེད་དུ་ལྟ་བས་ཐག་

(༣༦༩)བཅད་པ་དང་། ཞེས་པ་ནི་སྤྱིར་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱང་ཀུན་རྫོབ་འཁྲུལ་པའི་སྣང་བ་མ་འགགས་ཀྱི་བར་དུ། རྒྱུ་འབྲས་རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་དུ་གནས་པ་ཡིན། དེ་ལ་ཡང་དབྱེ་ན་གཉིས། འདུས་བྱས་འཁོར་བའི་རྒྱུ་འབྲས་དང་། འདུས་མ་བྱས་མྱ་ངན་ལས་འདས་པའི་རྒྱུ་འབྲས་གཉིས་སོ། །དང་པོ་ནི་རྒྱུ་དགེ་མི་དགེ་སྤྱད་པ་ལ་བརྟེན་ནས། འབྲས་བུ་བདེ་སྡུག་ཉམས་སུ་མྱོང་བ་ཡིན་པས། སྡུག་བསྔལ་དང་འབྲལ་བར་འདོད་བདེ་བ་དང་ཕྲད་པར་འདོད་པ་རྣམས་ཀྱིས་མི་དགེ་བ་སྤངས་ཤིང་དགེ་བ་ཉམས་སུ་བླང་། གཉིས་པ་ནི། རྒྱུ་ཆོས་ཐམས་ཅད་ཀྱི་ཟབ་མོ། སྟོང་པ་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་དོན་བསྒོམས་པ་ལ་བརྟེན་ནས། འབྲས་བུ་སྐུ་གསུམ་རོ་མཉམ་བདེ་བ་ཆེན་པོ་སྐུ་འཐོབ་པའོ། །དེས་ན་འབྲས་བུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པར་འདོད་པས། རྒྱུ་ཆོས་ཐམས་ཅད་ཀྱི་ཟབ་མོ་སྟོང་པ་ཉིད་བསྒོམ་དགོས་པ་ཡིན་ནོ། །ད་བསྒོམ་པའི་དུས་སུ་འཁོར་བའི་རྒྱུ་འབྲས་ཇི་ལྟར་ཉམས་སུ་བླང་སྙམ་ན། དེ་ཡང་གནས་ལུགས་ཀྱི་དོན་མ་རྟོགས་ཤིང་འཁྲུལ་པའི་སྣང་བ་

(༣༧༠)མ་དག་གི་རིང་ལ། རྒྱུ་འབྲས་བདེན་ངེས་པས། སྡིག་པ་སྤང་ཤིང་དགེ་བ་ཉམས་སུ་བླང་། གནས་ལུགས་ཀྱི་གདོན་རྟོགས་འཁྲུལ་པའི་སྣང་བ་དག་པའི་དུས་སུ། །རྒྱུ་འབྲས་ངོ་བོ་ཉིད་དུ་གྲོལ་ཏེ་རང་དག་གོ། དེ་ཙམ་ན་སྡིག་པ་སྤང་དུ་མེད། དེ་མེད་ན་དགེ་བ་ཉམས་སུ་བླང་དུ་ཡང་མེད་དེ་བླང་དོར་དང་འབྲལ་ལོ། །དེ་ལྟར་རྒྱུ་ལ་བླང་དོར་དང་བྲལ་ན་འབྲས་བུ་ལ་རེ་དོགས་དང་བྲལ་ཏེ། རེ་དོགས་འབྱུང་མི་སྲིད་དོ། །དེ་ཅིས་ཏེ་སྙམ་ན། རྒྱུ་ལས་དགེ་མི་དགེ་སྤྱད་པ་ཐམས་ཅད་ཀྱང་རང་གིས་སེམས་ཀྱིས་སྤྱད་པ་ཡིན་ལ། འབྲས་བུ་བདེ་སྡུག་ཉམས་སུ་མྱོང་བ་ཐམས་ཅད་ཀྱང་རང་གིས་ཉམས་སུ་མྱོང་བ་ལས་ཕྱི་རོལ་ན་གྲུབ་པ་མེད་དོ། །སེམས་ལ་དངོས་པོ་དང་མཚན་མ་གང་དུ་ཡང་གྲུབ་པ་མེད་དེ། ནམ་མཁའ་ལྟ་བུ་ཡིན། དེ་ལྟར་རྟོགས་ཙ་ན། རྒྱུ་ལས་དགེ་མི་དགེ་གཉིས་མེད། རྒྱུ་དང་འབྲས་བུ་གཉིས་མེད། གཉིས་མེད་ཀྱི་ངང་དུ་ཤེས་པ་རང་སར་ཁྲེས་བཞག་པ་ལས་གཞན་མེད་དོ། །དེ་ལྟར་རྟགས་ཤིང་དཔྱད་པས་ཐམས་ཅད་རང་གི་སེམས་སུ་ཐག་ཆོད་པ་ལས་དཔྱད་པས་སེམས་ལ་དངོས་པོ་དང་མཚན་མ་གང་དུ་ཡང་ཕགྲུབ་པ་མེད་དེ་ཆོས་ཀྱི་སྐུ་ནམ་མཁའི་དཀྱིལ་ལྟ་

(༣༧༡)བུ་ཅིག་ཏུ་ཐག་བཅད། དེ་ལྟར་ཐག་བཅད་པས་ཐག་ཆོད་པའི་དོན་བློ་ལས་འདས་པའི་དབྱིངས་སུ་བསྐྱལ་བའོ། །ཅེས་པ་ནི། རྒྱུ་དགེ་སྡིག་གཉིས་སེམས་སུ་ཐག་ཆོད་པས། དེར་དགེ་བ་སྤེལ་བའི་བློ་དང་ཡང་བྲལ་ལ། སྡིག་པ་སྤོང་བའི་བློ་དང་བྲལ་བའོ། །འབྲས་བུ་བདེ་སྡུག་གཉིས་སུ་སྣང་བ་ཡང་སེམས་སུ་རོ་གཅིག་པར་གོ་ལ། སེམས་ལ་དངོས་པོ་དང་མཚན་མ་གང་དུ་ཡང་གྲུབ་པ་མེད་དེ། ནམ་མཁའ་ལྟ་བུར་གོ་བས་སྡུག་བསྔལ་སྤང་བའི་བློ་དང་བྲལ་ལ་བདེ་བ་གྲུབ་པའི་བློ་དང་ཡང་བྲལ་ལོ། །ལར་ཧྲིལ་གྱིས་དྲིལ་བས་རྒྱུ་བླང་དོར་གྱི་བློ་དང་བྲལ་ལ། འབྲས་བུ་རེ་དོགས་ཀྱི་བློ་དང་བྲལ་ནས། དེ་ལྟར་བློ་ཐམས་ཅད་དང་བྲལ་ནས། ད་བློ་བྲལ་གྱི་དོན་དང་བྲལ་བ་མེད་པར་ཉམས་སུ་བླང་གསུང་ངོ་།། །།ན་མོ་གུ་རུ། བླ་མ་རིན་པོ་ཆེའི་ཞལ་ནས། སྤྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཐེག་པའི་རིམ་པ་བསམ་གྱིས་མི་ཁྱབ་པ་ཅིག་གསུངས་པ་ཐམས་ཅད་ཀྱང་གདུལ་བྱ་གང་ཟག་གི་སྣོན་ཀྱི་རིམ་པ་དང་སྦྱར་ནས་གསུངས་པ་ཡིན། དེ་ལྟར་ཡང་བསྡུས་རྒྱུད་ལས་ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། འགྲོ་བའི་དོན་ལ་རྟོགས་པ་པོ། །ཅེས་

(༣༧༢)གསུངས་སོ། །དེས་ནས་དེ་ཐམས་ཅད་ལ་གྲུབ་མཐའ་བཟང་ངན་དང་། བདེ་མི་བདེ་ལེགས་ཀྱི་བྱེ་བྲག་མི་དབྱེ། སངས་རྒྱས་ཀྱིས་གསུངས་པའི་ཆོས་ལ་མི་ལེགས་པ་དང་། ནོར་ས་ཤེས་བྱ་ལ་མི་སྲིད། ཐེག་པ་མཐོ་དམན་གྱི་རིམ་པ་བྱུང་བ་ཐམས་ཅད་ཀྱང་དབང་པོའི་རིམ་པ་དང་སྦྱར་ནས་གསུངས་པ་ཡིན། དབང་པོ་དམན་པ་ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་ཅན་གྱི་རྟེན་གྱི་གང་ཟག་ལ་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐག་པ་བསྟན་པའི་དུས་སུ། བདེ་ཡང་དེ་ཀ་བདེ་ལེགས་ཀྱང་དེ་ཀ་ལེགས་ནས་ཡོང་བ་ཡིན། རང་གིས་གྲུབ་མཐའ་གཞན་ལ་སྨད་དུ་མི་རུང་། སྒྲོག་གདགས་སུ་མི་རུང་། །དེ་ལྟར་བྱས་ན་ཉེས་དམིགས་ཆེ་ཏེ། མདོ་དང་བསྟན་ན་ཆོས་སྤོང་གི་ལས་སོག །རྒྱུད་སྡེ་དང་བསྟུན་ན་རང་ངམ་གཞན་གྱི་གྲུབ་མཐའ་ལ་སྨད་པའི་ཉེས་པའོ། །དེས་ན་ཆོས་ལ་ཕྱོགས་དང་རིས་སུ་མི་བཅོད། འོ་ན་སྤྱོད་འཇུག་ལས། རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱིས་གནོད། །ཅེས་གསུངས་བས། ཐེག་པ་གོང་མས་འོག་མ་སུན་དབྱུང་བར་བཤད་པ་སྙམ་ན། ཐེག་པ་འོག་མ་ལ་གནས་པའི་གང་ཟག་

(༣༧༣)སྟེ། ཐེག་པ་གོང་མ་ལ་འཇུག་པའི་ཆེད་དུ་སུན་དབྱུང་བ་ལ་ཉེས་པ་མེད། དེ་མ་ཡིན་པ་གྲུབ་མཐའ་གང་ལ་ཡང་སྒྲོ་གདགས་པ་དང་། བཀུར་པ་གདབ་ཏུ་མི་རུང་། དེ་ལྟར་ཐེག་པའི་རིམ་པ་མང་དུ་ཡོད་ཀྱང་དེ་ཐམས་ཅད་ཀྱི་ནང་ནས་ལམ་མཆོག་ཏུ་གྱུར་པ། ཐེག་པ་ཆེན་པོ་འདི་ཁོ་ན་ཡིན། དེ་ལྟར་ཡིན་པས་ད་ཐེག་པ་ཆེན་པོའི་རིགས་དང་ལྡན་པའི་རྟེན་གྱིས་གང་ཟག་ཅིག་གིས། ཐེག་པ་ཆེན་པོའི་སྒོར་ཞུགས་ནས་སྒྲུབ་པ་ཉམས་སུ་ལེན་པའི་དུས་སུ། དང་པོ་ལྟ་བས་ཆོས་ཐམས་ཅད་ཀྱི་ཟབ་མོ་སྟོང་པ་ཉིད་ཀྱི་བདག་མེད་པའི་དོན་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཅིག་ཏུ་གཏན་ལ་ཕབ་ནས་བསྒོམས་པས་ཉམས་སུ་ལེན་པའི་དུས་སུ་ལྟ་བས་གཏན་ལ་ཕབ་པའི་དོན་དེ་ཉིད་རང་གིས་རྒྱུད་ལ་བཀལ་ནས་ཉམས་སུ་ལེན་པའོ། །དེ་ལྟར་བདག་མེད་པའི་དོན་བསྒོམ་པ་དེ་ཡང་དང་པོ་རང་ནས་འཛུགས་ཚུགས་སུ་བསྒོམས་པས་མི་ཡོང་། ཐབས་ལ་བརྟེན་ནས་རིམས་ཀྱིས་བསྒོམ་དགོས་པ་ཡིན་པས། ད་བདག་མེད་པའི་དོན་རིམས་ཀྱིས་བསྒོམ་པས། རྒྱལ་པོའི་བཙུན་མོའི་བ་ལ་བརྡ་རིམས་ཀྱིས་སྤྲོད་པ་ལྟ་བུའི་གདམས་ངག་སྟོན། བདག་

(༣༧༤)མེད་པའི་དོན་རིམས་ཀྱིས་བསྒོམ་པ་རྒྱལ་པོའི་བཙུན་མ་ཤི་བ་ལ་བརྡ་རིམས་ཀྱིས་སྤྲོད་པ་ལྟ་བུའི་གདམས་ངག་འདི་ལ་འདོན་བཞི། དང་པོ་བདག་དང་གཞན་མཉམ་པ་བསྒོམ་པ་ནི། སྤྱིར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱང་། བདེ་བ་ཐོབ་པར་འདོད་ཅིང་སྡུག་བསྔལ་དང་བྲལ་བར་མི་འདོད་པ་ཅིག་ཀྱང་མེད་དེ། དེ་ལྟར་ཡང་མདོ་ལས། འགྲོ་བ་འདི་དག་བདེ་བར་མངོན་པར་འདོད། །ཅེས་པ་དང་། དེས་ན་བདག་བདེ་བར་ཐོབ་པར་འདོད་པ་བཞིན་དུ། སེམས་ཅན་ཐམས་ཅད་བདེ་བ་ཐོབ་པར་འདོད་པ་ཡིན་པ་ལ། །དེ་སྔ་ཕན་ཆད་དུ་བདག་གི་བདེ་བ་སྒྲུབ་ཅིང་གཞན་གྱིས་བདེ་བ་མི་སྒྲུབ་པ་དེ་ཇི་ལྟར་ཡིན་སྙམ་དུ་བསམ་པ་ཡིན་ཏེ། དེ་ལྟར་ཡང་སྤྱོད་འཇུག་ལས། གང་ཚེ་བདག་དང་གཞན་གཉིས་ཀ །བདེ་བ་འདོད་དུ་མཚུངས་པ་ལས། བདག་གཞན་ཁྱད་པར་ཅི་ཡོད་ན། གང་ཕྱིར་བདག་གིས་བདེ་བ་བརྩོན། །ཞེས་སོ། །དེ་བཞིན་དུ་སྡུག་བསྔལ་བསལ་བ་ཡང་སེམས་ཡིན་ཏེ། དེ་ལྟར་ཡང་དེ་ཉིད་ལས། གང་ཚེ་བདག་དང་གཞན་གཉིས་ཀ །

(༣༧༥)སྡུག་བསྔལ་མི་འདོད་མཚུངས་པ་ལས། །བདག་དང་ཁྱད་པར་ཅི་ཡོད་ན། །གང་ཕྱིར་གཞན་མིན་བདག་བསྲུང་བྱེད། །ད་ཕྱིན་བཅད་བདག་གི་བདེ་བ་སྒྲུབ་པ་བཞིན་དུ། །སེམས་ཅན་ཐམས་ཅད་ཀྱི་བདེ་བ་ཡང་བདག་གིས་སྒྲུབ་དག་གིས་སྒྲུབ་དགོས་སྙམ་དུ་བསམ། བདག་གི་སྡུག་བསྔལ་སེལ་བ་བཞིན་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཡང་བདག་གིས་བསལ་དགོས་སྙམ་དུ་བསམ་མོ། །དེ་ལྟར་བསྒོམས་པས་རང་གི་རྟོག་པ་ལ་གཞན་ལ་སྡུག་བསྔལ་དང་བདེ་བ་ཅི་བྱུང་ཡང་རང་ལ་ཕན་པ་དང་གནོད་པ་གང་ཡང་མི་འདུག་ལ་རང་ལ་བདེ་བ་དང་། སྡུག་བསྔལ་བག་ཙམ་བྱུང་བས་ཀྱང་ཕན་གནོད་དངོས་སུ་འབྱུང་གིན་འདུག་པས། སྔོན་ལ་རང་གི་བདེ་བ་གཅིག་སྒྲུབ་དུ་ཁ་ཅིག་སེལ་མཉམ་པའི་རྟོག་པ་བྱུང་ན། དེ་སྤོང་བའི་གཉེན་པོར། བདག་པས་གཞན་གཅེས་བསྒོམ་པ་ཡིན་ཏེ། དེ་སྔ་ཕན་ཆད་ལས་རྒྱུ་འབྲས་ལ་རྨོངས་པའི་མ་རིག་པས་བསྒྲིབས་ཏེ། བདེ་བསྒྲུབ་པ་དང་སྡུག་བསྔལ་སེལ་བའི་ཐབས་མ་ཤེས་པ་ཡིན་ཏེ། དེ་ལྟར་ཡང་སྤྱོད་འཇུག་ལས། བདེ་བ་འདོད་

(༣༧༦)ཕྱིར་གཏི་མུག་པས། རང་གི་བདེ་བ་དགྲ་ལྟར་བཅོམ། །ཞེས་པའོ། །དེས་ན་བདེ་བ་ཐོབ་པར་འདོད་པས་བདེ་བའི་རྒྱུ་སྒྲུབ་དགོས་ལ། སྡུག་བསྔལ་དང་བྲལ་བར་འདོད་པས་སྡུག་བསྔལ་གྱི་རྒྱུ་སྤང་དགོས་སྙམ་དུ་བསམ། སྡུག་བསྔལ་བའི་རྒྱུ་གང་ཡིན་ན་རང་དོན་བྱེད་པ་འདི་ཁོ་ན་ཡིན་ཏེ། འཁོར་བ་ཐོག་མཐའ་མེད་ཅིང་སྟོང་མཐའ་མེད་པར་འཁྱམས་ཏེ། འཁོར་བའི་སྡུག་བསྔལ་སྣ་ཚོགས་ཉམས་སུ་མྱོང་བ་འདི་ཐམས་ཅད་ཀྱང་རང་དོན་བྱས་པས་བྱུང་བ་ཡིན་ལ། བུདྡྷ་དང་པོ་དྷ་སི་ཏྭའི་ཡོན་ཏན་ཕུན་གསུམ་ཚོགས་པ་ཐམས་ཅད་སེམས་ཅན་གྱི་དོན་བྱས་པ་ལས་བྱུང་བ་ཡིན། །སྡུག་བསྔལ་ཐམས་ཅད་རང་དོན་བྱས་པ་ལས་བྱུང་སྟེ་དེ་ལྟར་སྤྱོད་འཇུག་ལས་མང་དུ་བཤད་ལྟ་ཅི་ཞིག་དགོས། བྱིས་པ་རང་གིས་དོན་བྱེད་དང་། །ཐུབ་པས་གཞན་གྱི་དོན་བྱེད་པ། །འདི་གཉིས་ཀྱིས་ནི་ཁྱད་པར་བལྟོས། །ཤེས་སོ། དེར་མ་ཟད་ཚེ་འདིའི་བདེ་བ་ཐམས་ཅད་ཀྱང་གཞན་དོན་བྱས་པ་ལས་བྱུང་ལ། སྡུག་བསྔལ་ཐམས་ཅད་རང་དོན་བྱས་པ་ལས་བྱུང་བ་ཡིན་ཏེ། དེ་ལྟར་ཡང་དེ་ཉིད་ལས་

(༣༧༧)འཇིག་རྟེན་བདེ་བ་ཇི་རྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་འབྱུང་། །འཇིག་བརྟེན་སྡུག་བསྔལ་ཇི་རྙེད་པ། དེ་ཀུན་རང་བདེ་འདོད་ལས་བྱུང་། །ཞེས་པས་སོ། །དེས་ན་སྡུག་བསྔལ་གྱི་རྩ་བ་འཁོར་བ་ཐོག་མ་མེད་པ་ནས་སྡུག་ཏུ་འཇུག་པ། བདག་ཅེས་པར་འཛིན་ཅིང་རང་དོན་བྱེད་པ་འདི་ཁོ་ནར་འདུག་སྙམ་དུ་བསམ། བདེ་བ་འཇུག་པ་དང་སྡུག་བསྔལ་སེལ་བའི་སྨན་གཞན་དོན་བྱེད་པ་འདི་ཁོ་ན་ཡིན་པས། སེམས་ཅན་གྱི་དོན་ཁོ་ན་བྱ་སྙམ་དུ་བསམ། དེ་ཡང་བདག་གིས་དུས་འདི་ནས་བཟུང་ནས་བླ་ན་མེད་པའི་སངས་རྒྱས་མ་ཐོབ་བར་དུ་ལུས་ངག་ཡིད་གསུམ་གྱི་བྱ་བ་ཅི་བྱེད་ཐམས་ཅད་སེམས་ཅན་གཞན་གྱི་དོན་དུ་བྱ་སྙམ་དུ་བསམ། གཞན་གདོན་བྱས་པའི་བསོད་རྣམས་དེ་ཡང་སེམས་ཅན་གཞན་གྱི་དོན་དུ་བསྔོ་མཉམ་དུ་བསམ། དེ་ལྟར་བསམ་ཅིང་བྱ་བ་ཅི་བྱེད་པ་ཐམས་ཅད་ཀྱང་སེམས་ཅན་གཞན་གྱི་གདོན་དུ་བྱའོ། །བདག་མ་གྲུབ་པར་བསྒོམ་པ་ནི། དེ་ལྟར་བསམས་པས་རང་གི་རྟོག་པ་ལ། སེམས་ཅན་གཞན་གྱི་དོན་བྱེད་པ་ཡང་གལ་ཆེ་བར་འདུག་སྟེ། རང་གིས་དོན་ཅིག་ཀྱང་

(༣༧༨)མ་བྱས་ན་རང་ལ་སྡུག་བསྔལ་བྱུང་ན་ངས་མི་བཟོད་སྙམ་ན། དེ་ཐམས་ཅད་མ་བསམས་པའི་སྐྱོན་ཡིན། བསམས་ན་བདག་གི་དོན་བྱེད་པ་ལ་དོན་བྱ་བའི་ཡུལ་བདག་བདེན་པར་གྲུབ་དགོས་པ་ལ། བདག་རང་བདན་པར་གྲུབ་པ་མེད་དོ། །འོ་ན་བདག་མ་གྲུབ་པ་ཅིས་ཤེས་ན། རིགས་པས་རྟགས་ཤིང་དཔྱད་པས་ཤེས་ཏེ། བདག་ཏུ་འཛིན་པ་དེ་བདག་ཏུ་བཟུང་བའི་ཡུལ་ཕུང་པོ་ལྔ་ལ་འཛིན་ནས། བདག་ཏུ་འཛིན་པའི་ཤེས་པ་ལ་བདག་ཏུ་འཛིན་ནམ། ཡང་ན་དེ་གཉིས་ལས་དོན་གཞན་དུ་གྱུར་པ་གཅིག་ལ་བདག་ཏུ་འཛིན་ནམ། དང་པོ་ལ། འཛིན་ནས་དེ་ལ་ཡང་བདག་མེད་དེ། ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུ་ཡིན་ནོ། །གཉིས་པ་ལ་བདག་ཏུ་འཛིན་ན་དེ་ལ་ཡང་བདག་མེད་དེ། ཤེས་པ་སྐད་ཅིག་མ་མི་རྟག་པ་ཡིན་ཏེ། དེ་ཡང་སྔ་མ་འགགས་ཏེ་མི་དམིགས། མ་འོངས་པ་མ་སྐྱེས་ཏེ་མི་དམིགས། ད་ལྟར་གྱི་ཤེས་པ་དངོས་པོ་དང་མཚན་མ་གང་དུ་ཡང་སྒྲུབ་པ་མེད་དེ། ནམ་མཁའ་ལྟ་བུ་ཡིན་པས་ན་ཡང་བདག་ཏུ་འཛིན་པ་མེད་དོ། །གསུམ་པ་ལ་བདག་ཏུ་འཛིན་ན་དེ་གཉིས་ལས་དོན་གཞན་དུ་གྱུར་པའི་བདག་ཀྱང་

(༣༧༩)ཤེས་བྱ་ལ་མི་སྲིད་དེ། དཔེར་ན་མོ་ཤམ་གྱི་བུ་ལ་བདག་ཏུ་བཟུང་བའི་ཡུལ་ཡང་མེད་ལ། བདག་ཏུ་འཛིན་པའི་ཤེས་པ་ཡང་མེད་པ་བཞིན་ནོ། །ཡང་ན་བདག་ཏུ་འཛིན་པ་དེ་ལུས་ལ་བདག་ཏུ་འཛིན་པ་དེ་ལུས་ལ་བདག་ཏུ་འཛིན་ནམ། སེམས་ལ་བདག་ཏུ་འཛིན། ལུས་ལ་འཛིན་ན་ལུས་ཆ་ཤས་ཕྱེ་ལ་གང་ལ་བདག་ཏུ་འཛིན་པ་བསོམས་དང་། བསམས་ན་ལུས་ལ་ཡང་བདག་མེད། སེམས་ལ་བདག་ཏུ་འཛིན་ན། སེམས་ལ་དངོས་པོ་དང་མཚན་མ་གང་དུ་ཡང་གྲུབ་པ་མེད་པས་ན་བདག་མེད་དོ། །དེ་ལྟར་བསམས་པས་བདག་ཏུ་གྲུབ་པ་མི་འདུག་པས། ད་གཞན་དོན་ཁོ་ན་བྱའོ་སྙམ་ན། གཞན་མ་གྲུབ་པར་བསྒོམ་པའོ། བདག་མ་གྲུབ་པར་རྟོགས་རྩ་ན། དེ་ལ་སྟོས་པའི་གཞན་ཡང་རྣམ་པ་ཐམས་ཅད་དུ་གྲུབ་པ་མི་སྲིད་དེ། དཔེར་ན་རྨི་ལམ་གྱི་གནས་སྐབས་སུ་བདག་གཞན་གཉིས་སུ་སྣང་ཡང་། གཉིད་སད་པའི་དུས་སུ་རྨི་ལམ་གྱི་བདག་ཏུ་སྣང་བ་དང་། གཞན་དུ་སྣང་བ་དང་། གཞན་དུ་སྣང་བ་གཉིས་ཀ་ལ་གྲུབ་པ་དོ། །དེ་ཙ་ན་སྣང་བ་དེ་གཉིས་ཀྱིས་སྟོབས་ཀྱིས།

(༣༨༠)རང་གི་སེམས་འཁྲུལ་ནས་བདག་གཞན་དུ་སྣང་བ་ཡིན་ནོ། །དེ་ལྟར་བདག་གཞན་གཉིས་ཀ་མི་གྲུབ་པར་རྟོགས་ཏེ། ཡོད་མ་མྱོང་བར་ཤེས་ཙ་ན། དེ་ལ་ལྟོས་པ་མེད་པ་ཡང་མི་སྲིད་པས། ཡོད་པ་དང་མེད་པ་ལ་སོགས་པའི་བློ་ཐམས་ཅད་དང་བྲལ་ལ་བྱར་མེད། འཛིན་མེད་དུ་བཞག་གོ། ན་མོ་གུ་རུ། བླ་མ་རིན་པོ་ཆེའི་ཞལ་ནས། སྤྱིར་སངས་རྒྱས་ཀྱིས་བསྟན་པའི་དོན་མཐའ་དག་བསྡུ་ན། ལུང་གིས་ཆོས་དང་རྟོགས་པའི་ཆོས་རྣམ་པ་གཉིས་སུ་འདུས་པ་ཡིན་ཏེ། །སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། ལུང་དང་རྟོགས་པའི་བདག་ཉིད་དོ། །ཅེས་གསུངས་པའོ། །དེ་ལ་ལུང་གི་ཆོས་ནི་གཞན་ལས་རྒྱུ་དེ་འོངས་པའི་དོན་གྱིས་ན་ལུང་ཞེས་བྱ་བ་ཡིན་ཏེ། དེ་ཡང་བླ་མ་གོང་མ་རྣམས་ལ་ཐོས་པའི་ཚིག་དང་། དོན་བློ་ལ་བཟུང་བ་མ་བརྗེད་པར་བྱས་ནས། ཕྱི་རབས་ཀྱི་སློབ་མ་སྣོད་དང་ལྡན་པ་ལ་སྟོན་པར་བྱེད་པའོ། །གཉིས་པ་རྟོགས་པའི་ཆོས་ཀྱི་གོ་བ་ནི། ཐོས་པའི་དོན་དེ་ཉིད་ཕུག་དབེན་པར་ཕྱིན་ནས་སྒྲུབ་པ་ཉམས་སུ་བླངས་ཏེ། མངོན་པར་རྟོགས་པ་རྒྱུད་ལ་བསྐྱེད་པར་བྱེད་པ་ཡིན་ནོ། །དེ་ལྟར་ཡང་དེ་འཛིན་བྱེད་དང་སྨྲ་བྱེད་པ་བསྒྲུབ་པར་བྱེད་པ་ཁོ་ནའོ། །ཅེས་

(༣༨༡)གསུངས་སོ། །དེ་ལྟར་བསྟན་པའི་དོན་དེ་ཉིད་གཏན་ལ་ཕབ་ནས། གང་ཟག་གཅིག་གིས་ཉམས་སུ་ལེན་པའི་དུས་སུ་ཇི་ལྟར་ཉམས་སུ་ལེན་ན། དང་པོ་བླ་མ་དམ་པ་གཅིག་ལ་བརྟེན་ནས་ལུང་གིས་ཆོས་ལ་ཐོས་བསམ་བྱེད་པ་ཡིན་སྟེ། དེ་ལྟར་ཡང་སྤྱོད་འཇུག་ལས། བཟོད་བྱ་ཐོས་ལ་རྩལ་བར་བྱ། །ཅེས་པའོ། །འོ་ན་དུས་རྟག་ཏུ་ཐོས་བསམ་བྱའམ་སྙམ་ན། དེས་མི་ཆོག་སྟེ་ཐོས་པའི་དོན་དེ་ཉིད་རི་ཁྲོད་དམ་དགོན་པ་དབེན་པར་ཕྱིན་ལ་བསྒོམ་དགོས་མ་བསྒོམས་ན་ཉོན་མོངས་པའི་གཉེན་པོར་མི་འགྲོ་སྟེ། དེ་ལྟར་སྤྱོད་འཇུག་ལས། དེ་ནས་ནགས་སུ་གནས་པར་བྱ། མཉམ་པར་གཞག་ལ་རྩོན་བྱ་ཞིང་། མི་སྡུག་ལ་སོགས་བསྒོམས་པར་བྱ། །ཅེས་པ་དང་། ཡང་དེ་ཉིད་ལས། ཉོན་མོངས་ཤེས་བྱའི་སྒྲིབ་པ་ཡིས། མུན་པའི་གཉེན་པོར་སྟོང་པ་ཉིད། ཇི་ལྟར་དེ་ཉིད་བསྒོམ་མི་བྱེད། ཅེས་པས་སོ། །དེས་ན་བསྒོམ་པར་ཁོ་ན་གལ་ཆེའོ། །བསྒོམ་པ་ལ་གཉིས་ལམ་དང་ལམ་གྱི་ཆས་རྐྱེན་ནོ། །དང་པོ་ནི། ཐབས་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པ་དང་།

(༣༨༢)ཆོས་ཐམས་ཅད་ཀྱི་ཟབ་མོ་སྟོང་པ་ཉིད་བདག་མེད་པའི་དོན་བསྒོམ་པའོ། །གཉིས་པ་ཆས་རྐྱེན་ནི། དད་པ་དང་བརྩོན་འགྲོས་སོ། །དེ་ལྟར་གཉིས་དགོས་པའི་རྒྱུ་མཚན་ཡང་དད་པ་མེད་ན་ཆོས་ལ་མི་ཚུད་ཅིང་། ལམ་དང་འབྲས་བུ་ལ་ཐེ་ཚོམ་ཟ་བའི་སྐྱོན། བརྩོན་འགྲུས་མེད་ན་དགེ་སྦྱོར་ཕྱི་ཤོལ་དུ་ལུས་པས་ཡོན་ཏན་རྒྱུད་ལ་མི་སྐྱེ་བའི་སྐྱོན། སྐྱོན་དེ་གཉིས་དང་བྲལ་བར་འདོད་པ་ལ་གཞི་དད་པ། གྲོགས་བརྩོན་འགྲུས་གཉིས་ལམ་གྱི་ཆ་རྐྱེན་དུ་མེད་ཐབས་མེད། དང་པོ་དད་པ་ལ་གསུམ་དང་བའི་དད་པ་དང་། འདོད་པའི་དད་པ་དང་། ཡིད་ཆེས་པའི་དད་པའོ། །དང་བའི་དད་པས་འབྲས་བུ་ལ་ཡིད་ཆེས། འདོད་པས་དད་པ་ཡོད་པས་ལམ་ལ་འཇུག་ཡིད་ཆེས་བའི་དད་པ་ཡོང་བས་ལམ་དང་། འབྲས་བུ་ཐེ་ཚོམ་མི་ཟ་བ་ཡིན་གསུང་། གྲོགས་བརྩོན་འགྲུས་ལ་གསུམ། གོ་ཆའི་བརྩོན་འགྲུས་དང་། སྦྱོར་བའི་སྦྱོར་བའི་བརྩོན་འགྲུས་དང་། ཆོག་མི་ཤེས་པའི་བརྩོན་འགྲུས་སོ། །དང་པོ་གོ་ཆའི་བརྩོན་འགྲུས་ཡོད་པས། བསྒོམ་པར་བློས་ཐག་བཅད་པ་ཡིན། གཉིས་པ། སྦྱོར་

(༣༨༣)བའི་བརྩོན་འགྲུས་ཡོད་པས་བསྒོམ་ཕྱི་ཤོལ་དུ་མི་འཇོག་སྟེ། ད་ལྟ་ཉིད་ནས་བསྒོམ་པ་ཡིན། གསུམ་པ་ཆོག་མི་ཤེས་པའི་བརྩོན་འགྲུས་ཡོད་པས་བསྒོམ་པ་འཕྲོ་མི་གཅོད་པས་དུས་རྒྱུན་ཆད་མེད་པར་བསྒོམ་པའོ། །དེ་ལྟར་བརྩོན་འགྲུས་རྣམས་པ་གསུམ་གྱིས་ལམ་སྤངས་སུ་བཅུག་ནས། ལམ་ཉམས་སུ་ལེན་པའི་དུས་སུ་བརྩོན་འགྲུས་རྣམ་པ་གསུམ་ལ་མི་མཐུན་པའི་ཕྱོགས་ཏེ། ལེ་ལོའི་དྲི་མས་གོས་ཏེ་བསྒོམ་ལ་ཡེངས་ནས་ལུས་ངག་ཐ་མལ་དུ་སོང་བའི་དུས་སུ། དད་པའི་གསོས་འདེབས། བརྩོན་འགྲུས་ཀྱིས་ལྕག་འདེབས་པ་ལ་དལ་འབྱོར་རྙེད་དཀའ་བ་དང་འཆི་བ་མི་རྟག་པ་བསྒོམ་པ་ཡིན། དེ་ཡང་དལ་འབྱོར་རྙེད་དཀའ་བ་བསྒོམ་པའི་དུས་སུ། དལ་འབྱོར་མི་ལུས་རིན་པོ་ཆེ་ཐོབ་པའི་དུས་འདི་ལ་མ་བསྒོམས་ན། ཕྱི་མ་ཕན་ཆད་དུ་མི་ཁོམས་པའི་གནས་བརྒྱད་དུ་སྐྱེས་ན། བསྒོམ་པའི་བློ་ཡང་མི་འབྱུང་ལ། བསྒོམ་པའི་ཐབས་ཀྱང་མེད་པས། ད་ལྟ་ཁོ་ན་བསྒོམ་པའི་དུས་ཡིན་པ་ལ་བསྒོམ་དགོས་འདུག་སྙམ་པ་ཅིག་བྱུང་ན་སྨན་པ་ལ་སྦྱོར་བ་སྟེ། ལེ་ལོའི་དྲི་མ་དང་། སྒྱིད་ལུག་པའི་ལེ་ལོའི་དྲི་མ་འདག །འཆི་བ་མི་

(༣༨༤)རྟག་པ་བསྒོམས་པའི་དུས་སུ། འཆི་ངེས་ནམ་འཆི་ཆ་མེད། འཆི་བ་ལ་ཆོས་མེན་པ་གཞན་གྱིས་མི་སྟོངས། ཆོས་ལ་བསྒོམ་པ་ཁོ་ན་གལ་ཆེ་བར་འདུག །ད་ལྟ་ཉིད་ནས་བསྒོམ་དགོས་སྙམ་པའི་གོ་བ་གཅིག་རྒྱུད་ལ་སྐྱེས་པའི་དུས་སུ། སྙོམ་ལས་ཀྱི་ལེ་ལོའི་དྲི་མ་འདག །དེ་ལྟར་དྲི་མ་ལེ་ལོ་གསུམ་པོ་སྟེ་དག་ཙ་ན། བསྒོམ་པ་ལ་བརྩོན་འགྲུས་དྲག་པོའི་སྒོ་ནས་ཉམས་སུ་ལེན་པ་གཅིག་འབྱུང་བ་སྟེ། དཔེར་ན་རྟ་བཟང་པོ་ལ་ལྕག་གིས་བྲབས་པས་པད་ཚར་ཆོད་པ་གཅིག་འོང་བ་ཡིན། དཔེ་དེ་བཞིན་དུ་ཉམས་སུ་ལེན་པའི་དུས་བར་སྐབས་སུ་དལ་འབྱོར་རྙེད་པར་དཀའ་བ་དང་། འཆི་བ་མི་རྟག་པ་བསྒོམས་པས་དེས་གྲོགས་བྱས་ནས། དགེ་སྦྱོར་རྒྱུན་ཆད་མེད་པ་བརྩོན་འགྲུས་དྲག་པོས་ཉམས་སུ་ལེན་པ་གཅིག་འབྱུང་བ་ཡིན་པས། བརྩོན་འགྲུས་ཀྱི་གྲོགས་བྱེད་པ་ལ་རྟ་བཟང་པོ་ལ་ལྕག་གིས་བྲབས་པ་ལྟ་བུའི་གདམས་ངག་ཅིག་སྟོན། བརྩོན་འགྲུས་ཀྱིས་གྲོགས་བྱེད་པ་ལ་རྟ་བཟང་པོ་ལ་ལྕགས་གིས་བྲབས་པ་ལྟ་བུའི་གདམས་ངག་འདི་ལ་དོན་བཞི། སྤྱིར་མི་ལུས་རྙེད་པར་དཀའ། ཅེས་པའི་གོ་བ་ནི། སྤྱིར་ནམ་མཁའི་མཐའ་དང་

(༣༨༥)མཉམ་པའི་སེམས་ཅན་ལ་དྲངས་བསམ་གྱིས་མི་ཁྱབ་ལ། བརྗོད་ཀྱིས་མི་ལང་སྟེ། དཔེར་ན་ནམ་མཁའ་ལ་མཐའ་མེད་པ་དེ་བཞིན་དུ། སེམས་ཅན་ལ་ཡང་མཐའ་མེད་པ་ཡིན་པ་ལ། དེ་ལ་རིགས་ཀྱི་སྒོ་ནས་དབྱེ་ན་ལྔ་འམ་དྲུག །གནས་ཀྱི་སྒོ་ནས་དབྱེ་ན་ཁམས་གསུམ་གྱི་སེམས་ཅན། དེ་རྣམས་ལ་མང་ཉུང་དུ་བྱས་ན། ལྷ་ཁོ་ན་མང་སྟེ། ལྷ་ལ་ཁམས་ཕྱེ་དང་གསུམ་ཡོད། འགྲོ་བ་རིགས་ལྔ་པོ་ལ་འདོད་པའི་ཁམས་ཀྱི་ཕྱེད་ལས་མེད་པས་ན་ཉུང་། ལྔ་པོ་ལ་དམྱལ་བ་ཁོ་ན་མང་། དེ་བས་ཡི་དགས་སྟོང་འགྱུར་གྱིས་ཉུང་། དེ་བས་དུད་འགྲོ་སྟོང་འགྱུར་གྱིས་ཉུང་། དུད་འགྲོ་ལ་བལྟོས་ན་མིའི་འགྲོ་བ་ཉུང་ཟད་ལས་མེད་པས་ན། རྙེད་པར་དཀའོ། །མི་ལུས་ཐོབ་པ་དེ་ལས་ཀྱང་བྱེ་བྲག་ཏུ་དལ་འབྱོར་རྙེད་པར་དཀའ། །ཅེས་པ་འདི་ལ་གཉིས། དལ་བ་ཕུན་སུམ་ཚོགས་པ་རྙེད་པར་དཀའ་བ་དང་། འབྱོར་བ་ཕུན་གསུམ་ཚོགས་པ་རྙེད་པར་དཀའ་བའོ། །དང་པོ་དལ་བ་ཕུན་གསུམ་ཚོགས་པ་རྙེད་པར་དཀའ་བ་ནི། མི་འཁོམས་པའི་གནས་བརྒྱད་སྤངས་ཏེ། མི་ཁོམས་གནས་བརྒྱད་ནི། དམྱལ་བ་དང་ཡི་དགས་དང་། དུད་འགྲོ་དང་། ལྷ་ཚེ་རིང་

(༣༨༦)པོ་དང་། ཡུལ་མཐའ་ཁོ་བ་དང་། དབང་པོ་མ་ཚང་བ་དང་། ཀླ་ཀློ་དང་། ལོག་ལྟ་ཅན་དང་། དེ་རྣམས་སུ་སྐྱེས་ན་ཆོས་བྱ་བའི་བློ་ཡང་མི་སྐྱེལ། ཆོས་བྱ་བའི་སྐབས་ཀྱང་མེད་པས་ན། མི་ཁོམ་པར་འདུག་པ་ལ། མི་མཐུན་པའི་ཕྱོགས་བརྒྱད་པོ་དེ་རྣམས་སུ་མ་སྐྱེས་པས་ན་དལ་བའོ། །གཉིས་པ་འབྱོར་བ་ཕུན་གསུམ་ཚོགས་པ་རྙེད་པར་དཀའ་བ་ལ་གཉིས། གཞན་གྱི་འབྱོར་པ་ལྔ་དང་རང་གིས་འབྱོར་པ་ལྔའོ། །དང་པོ་གཞན་འབྱོར་ལྔ་ནི། སངས་རྒྱས་འཇིག་རྟེན་དུ་བྱོན་པ་ཡང་དཀའ་བ་དང་། དེ་ཆོས་གསུངས་པ་ཡང་དཀའ་བ་དང་། བསྟན་པ་རྒྱུན་དུ་གནས་པ་ཡང་དཀོན། རྟོགས་པ་རྗེས་སུ་སྒྲུབ་པའི་གང་ཟག་ཡང་དཀོན། རྩེ་བས་རྗེས་སུ་འཛིན་པའི་གང་ཟག་ཡང་དཀོན། གཉིས་པ་རང་གིས་འབྱོར་པ་ལྔ་ནི། བསྟན་པ་དང་ཁ་ཐུག་པར་མི་ལུས་ཐོབ་པ་དང་དེ་ཡང་ཡུལ་དབུས་སུ་སྐྱེས་པ་དབང་པོ་ཚང་བ། སྐྱེ་མཆེད་ཀྱི་གནས་ལ་དད་པ། ལས་ཀྱི་མཐའ་མ་ལོག་པའོ། །དེ་ལྟར་མི་ཁོམ་པའི་གནས་བརྒྱད་སྤངས་པས་ན་དལ་བ། རང་གཞན་གྱི་འབྱོར་པ་བཅུ་ཚང་བའི་མི་ལུས་ནི་ཤིན་ཏུ་རྙེད་པར་དཀའ་སྟེ། དེ་ལྟར་ཡང་སྤྱོད་འཇུག་ལས། དལ་འབྱོར་འདི་ནི་ཤིན་དུ་རྙེད་པར་དཀའ། །ཅེས་གསུངས་པའི་ཕྱིར་རོ། །སྐྱེ་བ་སྔ་མ་

(༣༨༧)ཡན་ཆད་དུ་ཚོགས་དཔག་ཏུ་མེད་པ་བསགས། དཀའ་ལས་དཔག་ཏུ་མེད་པས་བྱས་པ་ལ་བརྟེན་ནས། རྙེད་པའི་དལ་འབྱོར་ཀྱང་མི་རྟག་པ་ཡིན་ཏེ། ཡུན་རིང་པོ་གཅིག་བསྡད་པའི་ལོང་མེད། འོ་སྐོལ་ལ་འཆི་བའི་འཇིགས་པ་འོང་ངེས། དེ་ལ་འབྲོས་ས་གཞན་མེད། ཐར་ས་གཞན་མེད། དེ་ལྟར་རྟ་དབྱངས་ཀྱིས་ཞལ་ནས་ཀྱང་། །སའམ་འོན་ཏེ་མཐོ་རིས་ན། །སྐྱེས་ནས་ལ་ལ་མ་ཤི་བ། །གང་ཞིག་ཁྱེད་ཀྱིས་མཐོང་པའམ། །འོན་ཏེ་ཐོས་སམ་ཐེ་ཚོམ་ཟ། །ཞེས་གསུངས་པས་སོ། །དེ་ལྟ་བུའི་འཇིགས་པ་ཡང་ཚེ་ལ་ངེས་པ་མེད་པས། ནམ་མཆི་ཆ་མེད་འཇིགས་པ་འོང་ནི་ངེས། བྱུང་བའི་དུས་སུ་ཉི་མ་རྒས་ལ་ཕག་དུ་འགྲོ་བ་འདྲ་བས། སྨན་དང་སྔགས་དང་། རིག་པ་གང་གིས་ཀྱང་བཟློག་མི་ནས། རྫས་དང་ཡོ་བྱད་ཉེད་དུ་དང་འབྲེལ་བ་གང་གིས་ཀྱང་མི་སྟོངས་ཏེ། དེ་ལྟར་སྤྱོད་འཇུག་ལས། རྙེད་པ་མང་པོ་ཐོབ་གྱུར་ཅིང་། ཡུན་རིངས་བར་དུ་བདེ་སྤྱད་ཀྱང་ཆོམ་པོས་ཕྲོགས་པ་ཇི་བཞིན་དུ། སྒྲེན་མོ་ལག་པ་སྟོང་པར་འགྲོ། །ཅེས་པ་དང་། འཆི་བའི་དུས་ལ་བབ་པ་ན། བུ་རྣམས་སྐྱབས་སུ་མི་འགྱུར་ལ་ཕ་མ་མ་ཡིན་གཉེན་འདུན་ནི། སུ་ཡང་སྐྱབས་སུ་འགྱུར་མེད། ཅེས་

(༣༨༨)གསུངས་སོ། །དུས་དེ་ཙ་ན་ཆོས་མིན་པ་གཞན་གང་གིས་ཀྱང་མི་ཕན་པར་འདུག་པས། ཆོས་ཁོ་ན་བྱེད་དགོས་གསུང་། མི་རྟག་པ་དེ་ཉིད་ལམ་དུ་ཁྱེར་ཤེས་པར་བྱ། ཅེས་པ་ནི་སྤྱིར་ལམ་དུ་ཁྱེར་བ་ལ་གཉིས། ཐབས་སྙིང་རྗེ་ལམ་ཁྱེར་བ་དང་། ཤེས་རབ་སྟང་པ་ཉིད་ལམ་དུ་ཁྱེར་བའོ། །དང་པོ་ནི་ཚེ་འདི་འདུས་བྱས་ཡིན་པས་སྐད་ཅིག་ཀྱང་མི་སྡོད། དེ་མི་རྟག་པ་ཡིན་པ་ལ། དེ་ལྟར་མ་ཤེས་པར་ཚེ་འདི་ཁོ་ན་དོན་དུ་གཉེར་ཞིང་། རྟག་པར་འཛིན་པའི་སེམས་ཅན་ལ་དམིགས་ནས་བྱམས་པ་དང་། སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པའོ་གཉིས་པ་ནི་མི་རྟག་པ་རང་གི་ངོ་བོ་ལ་རྟགས་པས། འདས་པ་འགགས་ཏེ་མི་དམིགས། མ་འོངས་པ་མ་སྐྱེས་ཏེ་མ་དམིགས་ད་ལྟར་བ་ལ་དངོས་པོ་དང་མཚན་མ་གང་དུ་ཡང་གྲུབ་པ་མེད་དོ། །ད་ལྟར་ཡང་མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། སོ་སོར་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །ཞེས་གསུངས་སོ། །ཐབས་བྱམས་པ་དང་སྙིང་རྗེ་རང་གིས་ངོ་བོ་ལ་རྟགས་ཤིང་དཔྱད་པས་ཀྱང་། སྐྱེ་འགག་གནས་གསུམ་གྱིས་སྟོང་པར་ཤེས་པར་བྱ་ལ། དེ་ཀའི་ས་ལ་རང་སར་བཞག་ཅིང་བསྒོམ། རྗེས་ཀྱིས་སྤྱོད་ལམ་ཐམས་ཅད་ཀྱང་ཐབས་དང་ཤེས་རབ་

(༣༨༩)ཟུང་དུ་འབྲེལ་བར་ཉམས་སུ་བླང་ཞིང་ཞེན་པ་མེད་པར་བྱ། དེ་ལྟར་ཡང་གཞན་ཕན་ཞེན་མེད་ཀྱི་སྙིང་རྗེ་འདི། ཐབས་ཀྱིས་མཆོག་ཏུ་བརྩིར་གྱིས་བཟུང་། །ཅེས་གསུངས་སོ།། །།བླ་མ་རིན་པོ་ཆེ་ཞལ་ནས། བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་པ་ལས། དལ་འབྱོར་འདི་ནི་རྙེད་པར་ཤིན་ཏུ་དཀའ། སྐྱེས་བུས་དོན་གྲུབ་ཐོབ་པར་གྱུར་པ་ལ་གལ་ཏེ་འདི་ལ་ཕན་པ་མ་སྒྲུབས་ན། ཕྱིས་ནི་ཡང་དག་འབྱོར་བ་ག་ལ་འགྱུར། །ཞེས་གསུངས་སོ།། །།དེ་ཡང་དལ་བ་ནི་མི་ཁོམ་པའི་གནས་བརྒྱད་སྤངས་པས་ན་དལ། རང་དང་གཞན་གྱི་འབྱོར་པ་བཅུ་ཚད་པས་མི་ལུས་འདི་ཤིན་ཏུ་རྙེད་དཀའ་བ་ཡིན། ཐོབ་ནས་ཀྱང་ཡུན་རིང་པོ་བསྡད་པའི་དབང་མེད་དེ། འཆི་བའི་འཇིགས་པ་ཅིག་འོང་ངེས། དེ་བྱུང་བའི་དུས་སུ་འཇིག་རྟེན་ཕ་རོལ་དུ་སྐྱས་ཆེན་པོ་ནི་འདེགས། སྨན་དང་སྔགས་དང་རིགས་པ་གང་གིས་ཀྱང་མཐུ་ལགས། ཉི་མ་ལའི་ཕག་ཏུ་འགྲོ་བ་དང་འདྲ་བ་དང་འདྲ་བར། ཐབས་གང་གིས་ཀྱང་བཟློག་ཏུ་མེད་པའི་དུས་སུ། སྐྱབས་མགོན་ཆོས་མེན་པ་གང་གིས་ཀྱང་མི་སྟོངས་པར་འདུག་པས། ཆོས་ལ་མི་བྱ་བའི་ཐབས་མེད། ཆོས་བྱེད་པ་

(༣༩༠)ལ་ཡ་ཆད་ཁ་འགགས་པ་འདྲ་བའི་ཆོས་འདིས་མི་ཕན། སྙིང་ནས་ཀྱི་ཆོས་ཅིག་བྱེད་དགོས། །སྙིང་ནས་ཆོས་བྱེད་པ་ལ་འདི་ཐམས་ཅད་ཀྱི་མཚན་ཉིད་ཤེས་པར་བྱས་ཏེ། ཤེས་པའི་འཁྱོག་ལམ་བསྲང་ནས་ཤེས་པ་བསྲངས་སུ་བཅུག་ནས། དགེ་སྦྱོར་ཉམས་སུ་ལེན་དགོས་པ་ཡིན་པ་ལ། ཆོས་ཐམས་ཅད་ཀྱི་མཚན་ཉིད་མ་ཤེས་པའི་དགེ་སྦྱོར་ཐམས་ཅད་ལྟར་སྣང་དུ་སོང་བས་སྒྱུ་མའི་སྐྱེས་བུ་ཡིན་པས། མཚན་ཉིད་ལམ་དུ་འཁྱེར་བའི་གདམ་ངག་འདི་སྟོན། དེ་ལ་མཚན་ཉིད་ཀྱི་དོན་བཤད་ན། ཆོས་ཐམས་ཅད་ཀྱིས་མཚན་ཉིད་མ་ཤེས་པས་ལྟར་སྣང་དུ་སོང་བ་ནི། སྤྱི་ཆོས་ལ་མང་ཡང་བསྡུ་ན་བཞི་ཡིན་ཏེ། འདུས་བྱས་ཀྱིས་ཆོས་ཐམས་ཅད་ཀྱི་མཚན་ཉིད་མི་རྟག་པར་མ་ཤེས་པས། དགེ་སྦྱོར་ཅི་དད་ཅི་བྱེད་པ་ཐམས་ཅད་ཚེ་འདིའི་རྟོག་པས་ཁྱེར་བས་ལྟར་སྣང་དུ་སོང་བ་ཡིན། གཉིས་པ་རྒྱུ་འབྲས་ཀྱི་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་མ་ཤེས་ནས་ཚུལ་ཁྲིམས་བསྲུང་བ་ཐམས་ཅད་ཡང་ལྟར་སྣང་དུ་སོང་བ་ཡིན་ནོ། །གསུམ་པ་འགྲོ་བ་རིགས་ལྔའམ་དྲུག་གིས་བསྡུས་པའི་སེམས་ཅན་ཐམས་ཅད། ཕ་མ་ཡིན་ཞིང་ཕ་མ་ཐམས་ཅད་ཀྱང་སྡུག་བསྔལ་དང་ལྡན་པར་མ་ཤེས་པའི་

(༣༩༡)སྙིང་རྗེ་རྒྱུད་ལམ་སྐྱེས་པས་སེམས་ཅན་གཞན་དོན་བྱེད་པ་ཐམས་ཅད་ཀྱང་ལྟར་སྣང་དུ་སོང་བ་ཡིན་ནོ། །བཞི་པ་སྣང་གྲགས་ཀྱི་ཆོས་ཐམས་ཅད་ཀྱི་ཡིན་ལུགས་ཡེ་ནས་སྐྱེ་བ་མེད་པ་ཆོས་ཀྱི་སྐུའི་རང་བཞིན་ཡིན་པ་ལ་དེ་ལྟར་དུ་མ་ཤེས་པའི་ཆགས་མེད་ཞེན་མེད་ཀྱང་ལྟར་སྣང་དུ་སོང་བ་ཡིན་ནོ། །དེས་ན་ཆོས་ཐམས་ཅད་ཀྱིས་མཚན་ཉིད་མ་ཤེས་པས་ལྟར་སྣང་དུ་སོང་བ་སྒྱུ་མའི་སྐྱེས་བུ་ལྟ་བུ་ཡིན་པས། མཚན་ཉིད་པ་ལམ་དུ་འཁྱེར་བའི་གདམས་ངག་འདི་ལ་དོན་བཞི། ཆོས་ཐམས་ཅད་ཀྱི་མཚན་ཉིད་མ་ཤེས་པའི་དགེ་སྦྱོར་ཐམས་ཅད་ལྟར་སྣང་དུ་སོང་བ་སྒྱུ་མའི་སྐྱེས་བུ་ལྟ་བུའི་གདམ་ངག་འདི་ལ་བཞི། འཆི་བ་མི་རྟག་པ་མ་བསྒོམས་ཤིང་རྒྱུད་ལམ་སྐྱེས་ན་ཆོས་བྱེད་པ་ལྟར་སྣང་དུ་སོང་བ་ཡིན། ཞེས་པའི་དོན་ནི། སྤྱིར་འཁོར་བའི་སྡུག་བསྔལ་འདི་ལས་ཐར་ཞིང་མྱ་ངན་ལས་འདས་པའི་བདེ་བ་ཐོབ་པར་འདོད་པ་ལ་དམ་པའི་ཆོས་བྱེད་དགོས་ཆོས་བྱེད་པ་ལ་ཡང་ལྟར་སྣང་དུ་མ་སོང་ན། ལམ་དུ་འགྲོ་བ་ཅིག་དགོས། ལམ་དུ་འགྲོ་བ་ལ་མི་རྟག་པ་བསྒོམ་དགོས་པ་ཡིན་ཏེ། ཆོས་བྱེད་ལོ་བསྒོམ་ལོ། །དལ་བསྒོམ་གྱི་ཆོས་ཚེ་འདིའི་རྣམ་པར་རྟོག་པས་ཀུན་ནས་བསླངས་པའི་སྒྲུབ་པ་

(༣༩༢)ཇི་ཙམ་བྱས་ཀྱང་འཁོར་བ་ལས་འཕགས་མི་སྲིད་པ་ཡིན། འཁོར་བའི་སྡུག་བསྔལ་འདི་ལས་ཐར་བར་འདོད་པས། དགེ་བ་བྱེད་པ་ཐམས་ཅད་ཀྱི་སྔོན་དུ་མི་རྟག་པ་ཐུན་རེ་བསྒོམ་དགོས། དེ་བསྒོམས་ནས་ཆོས་རྒྱུད་ལ་སྐྱེས་པ་ན་ཚེ་འདིའི་བྱ་བྱེད་དམ་ལས་གང་ལ་ཡང་བློ་མི་འཇུག་ཅིང་དགོས་མེད་ཀྱི་བློ་ཅིག་འབྱུང་སྟེ། བློས་སྣ་དེ་བྱུང་ཙ་ན་ཆོས་ལམ་དུ་མི་འགྲོ་བ་ཤེས་བྱ་ལ་མི་སྲིད་དེ། དགེ་སྦྱོར་ཅི་བྱེད་ཐམས་ཅད་མཚན་ཉིད་པར་འོང་བ་ཡིན་གསུང་། སྤྱིར་ཆོས་བྱེད་པ་ལ་ཚུལ་འཁྲིམས་རྣམ་པར་དག་པ་བསྲུང་དགོས། དེ་བསྲུང་བ་ལ་སྔོན་དུ་ལས་རྒྱུ་འབྲས་བསྒོམས་པ་ལ་བརྟེན་ནས། རྒྱུ་འབྲས་ལ་ཡིད་ཆོས་པ་ཅིག་དགོས་པ་ཡིན། ལས་རྒྱུ་འབྲས་ལ་བསྒོམས་པའི་བསྒོམ་ཡང་། ལས་རྒྱུ་འབྲས་ལ་ཡིད་མ་ཆེས་ན་ཚུལ་འཁྲིམས་རྣམ་པར་དག་པ་བསྲུངས་པ་པ་ཡང་ལྟར་སྣང་ཡིན། ཞེས་པའི་དོན་ནི། དེ་ཚུལ་ཆོས་སུ་སོང་བ་ཡིན། རེ་ཤིག་བསྲུང་ལོར་སོང་བས་ལྐོག་ཏུ་མི་ཐུབ། བསྲུངས་ཀྱང་འཁོར་བ་ལས་མི་འཕགས་ཏེ། ངེས་པར་འབྱུང་བའི་ཚུལ་འཁྲིམས་རྣམ་པར་དག་པ་བསྲུང་བ་གཅིག་སྡོད་འོང་ཡིན། ངེས་པར་འབྱུང་བའི་ཚུལ་

(༣༩༣)ཁྲིམས་རྒྱུད་ལ་མི་སྐྱེ་བ་ཡིན། དེས་ན་ཚུལ་ཁྲིམས་རྣམ་པར་དག་པ་བསྲུང་བར་འདོད་པ་ལ། ལས་རྒྱུ་འབྲས་བསྒོམ་དགོས་དེ་བསྒོམ་པས་རྒྱུད་ལ་སྐྱེས་ཏེ། ལས་རྒྱུ་འབྲས་ལ་ཡིད་ཆེས་ན། ཚུལ་ཁྲིམས་རྣམ་པར་དག་པ་བསྲུང་བ་ཅིག་སྡོད་འོང་བ་ཡིན། ངེས་པར་འབྱུང་བའི་ཚུལ་འཁྲིམས་མཚན་ཉིད་པ་ཅིག་འོང་བ་ཡིན་གསུང་། སྔོན་དུ་བྱམས་པ་དང་། སྙིང་རྗེ་བྱང་ཆུབ་ཀྱི་སེམས་གསུམ་རྒྱུད་ལ་མ་སྐྱེས་ན། གཞན་གདོན་བྱེད་པའང་ལྟར་སྣང་ཡིན། ཞེས་པ་ནི་འབྲས་བུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པར་བྱེད་པ་ལ་བོདྷི་སྭ་ཏྭ་རྣམས་ཀྱིས་ལམ་དུས་སུ་སེམས་ཅན་གྱི་གཞན་དོན་བྱེད་དགོས། དེ་ལ་སྔོན་དུ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གསུམ་བསྒོམ་པས། དེ་གསུམ་རྒྱུད་ལ་སྐྱེ་དགོས། རང་འདོད་ཕུགས་སུ་བཅུག་པའི་གཞན་དོན་ཅི་ཙམ་བྱས་ཀྱང་ལམ་དུ་འགྲོ་མི་སྲིད་དེ། གཞན་དོན་ལྟར་སྣང་ཡིན་ནོ། །དེས་ན་གཞན་དོན་བྱེད་པར་འདོད་པས། སྔོན་དུ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གསུམ་རྒྱུད་ལ་བློ་སྦྱོང་དགོས་པ་ཡིན་ཏེ། དེ་གསུམ་ལ་བློ་སྦྱོངས་ན་རང་ལ་མ་འཁྲིས་པའི་གཞན་དོན་མཚན་ཉིད་པ་གཅིག་འབྱུང་སྟེ། དེ་ལམ་ཕྱིན་ཅི་མ་ལོག་པ་ཡིན་ནོ། །དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཞན་དོན་བྱེད་པའི་དུས་སུ། ཞེན་པའམ། ཆགས་པའམ་འཛིན་པ་མེད་པར་བྱེད་དགོས། དེ་ལ་སྔོན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཉམ་

(༣༩༤)བཞག་དུ། ཆོས་ཐམས་ཅད་ཀྱི་ཟབ་མོ་སྟོང་པ་ཉིད་བསྒོམས་པས། རྗེས་ཐོབ་ཀྱིས་གནས་སྐབས་སུ་སྣང་བ་སྒྱུ་མ་ལྟ་བུར་འཆར་དགོས། སྔོན་དུ་མ་བསྒོམས་པའམ། མཉམ་བཞག་གི་དུས་སུ་སྟོང་པ་ཉིད་ཀྱི་དོན་བསྒོམས་ཀྱང་། རྗེས་ཐོབ་ཀྱི་སྐབས་སུ་སྣང་བ་སྒྱུ་མར་མ་ཤེས་ན་ཆགས་ཞེན་མེད་པ་སྐད་ཟེར་བ་ཐམས་ཅད་ལྟར་སྣང་ཡིན་ཏེ། དཔེ་ཐལ་བས་ཡོགས་པའི་མེ་དང་འདྲ་སྟེ། བདག་འཛིན་གྱིས་མདུད་པ་དམ་པོ་བཏིང་ནས་ཡོད་པས་དེ་ལམ་དུ་མི་འགྲོ། དངོས་འཛིན་གྱི་མདུད་པ་དམ་པོ་བཏིང་ནས་གྲོལ་བདེན་འཛིན་གྱི་འཁྲི་བ་ཆོད་དེ། རྒྱུད་ལ་ཞེན་ཆགས་མེད་ཅིང་འབྲས་བུ་ལ་རེ་བ་མེད་པའམ། ལྟོས་པ་མེད་པ་གཅིག་བྱུང་ན་ལམ་མཚན་ཉིད་པ་ཡིན་ནོ།། །།བླ་མ་རིན་པོ་ཆེ་ཞལ་ནས་སྤྱིར་སེམས་ཅན་གྱི་རྒྱུད་ལ། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ཡོད་པས་དེའི་གཉེན་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་ཀྱི་སྒོ་མོ་བརྒྱ་ཁྲི་བཞི་སྟོང་བཀའ་སྩལ་པ། །དེ་ཡང་བསྡུ་ན་ཐེག་པ་གསུམ་དུ་འདུས་པ་ལས། ད་རེས་ཉན་རང་གི་ཐེག་པ་མི་སྟོན། ཐེག་པ་ཆེན་པོའི་གདམས་ངག་བྱ་བ་འཆར། དེ་ལ་གཉིས། དེས་དོན་ལྟ་བསྒོམ་གྱི་གདམས་ངག་དང་། དྲང་དོན་སྤྱོད་

(༣༩༥)པའི་གདམས་ངག་གོ། །དེ་ལྟར་ལྟ་བསྒོམ་སྤྱོད་པ་གསུམ་པོ་དེ་ཡང་ལམ་གྱི་དུས་སུ་ཡ་མ་བྲལ་བར་བྱས་ནས། དེ་ཡང་ཟུང་འབྲེལ་དུ་ཉམས་སུ་ལེན་དགོས་པ་ཡིན་དེ་ལྟར་ཉམས་སུ་ལེན་པ་དེ་ཡང་ཕྱི་ཤོལ་དུ་བཞག་པས་མི་ཡོང་། དལ་འབྱོར་མི་ལུས་ཐོབ་པ་འདི་ལ་འབད་དགོས། མི་ལུས་ཐོབ་ནས་ཀྱང་ཚེ་འདི་མི་རྟག་སྟེ་འཆི་བའི་འཇིགས་པ་གཅིག་འོང་ངེས། དེ་ཡང་ཚེ་ལ་ངེས་པ་མེད་པས་ནམ་འོང་ཆ་མེད་པར་འདུག་པས་ན་ཡང་། དགེ་སྦྱོར་ཕྱི་ཤོལ་དུ་མ་ལུས་པར་བྱས་ལ་ད་ལྟ་ཉིད་དུ་སྒྲུབ་པ་ཉམས་སུ་བླངས་ཏེ། འདི་ལྟར་སྣང་བ་འདི་ཐམས་ཅད་ཀྱང་ཕྱི་རོལ་ན་བདེན་པའི་ཆོས་སུ་གྲུབ་པ་མེད། རང་གིས་སེམས་ཀྱིས་འཁྲུལ་པའི་སྣང་བ་ཡིན། དཔེར་ན་མདངས་གསུམ་གཉིད་ལོག་པའི་གནས་སྐབས་ཀྱིས་རྨི་ལམ་གྱི་སྣང་བ་དང་ཁྱད་པར་མེད་ཀྱང་ཀུན་རྫོབ་ཀྱིས་གནས་སྐབས་སུ་རྨི་ལམ་སྒྱུ་མ་ཙམ་དུ་རྒྱུ་འབྲས་མི་བསླུ་རྒྱུ་འབྲས་བདེན་ངེས་པ་ཡིན་པས། སྡིག་པ་མི་དགེ་བ་སྤང་ཞིང་དགེ་བ་ཉམས་སུ་ལེན་དགོས། །སྡིག་པ་མི་སྤོང་ཞིང་དགེ་བ་ཉམས་སུ་མི་ལེན་པའི་ཆོས་པས་མི་བཏུབ། རང་དོན་ཁོ་ན་བྱེད་པའི་ཉན་ཐོས་དང་རང་སངས་རྒྱས་

(༣༩༦)ཀྱི་རྟེན་གྱི་གང་ཟག་རྣམས་ཀྱིས་ཀྱང་། སྡིག་པ་མི་དགེ་བ་སྤང་དགོས། གཞན་དོན་བྱེད་པའི་ཐབས་ཕ་རོལ་ཏུ་ཕྱིན་པའི་སྒོར་ཞུགས་པ་རྣམས་ཀྱིས་ཀྱང་སྡིག་པ་མི་དགེ་བ་སྤོང་ཞིང་དགེ་བ་སྒྲུབ་དགོས། སྤྱིར་ཆོས་མི་བྱེད་ན་མི་བྱེད་བྱེད་ན་ཕན་ཆད་རྒྱུ་འབྲས་ལ་འཛེམ་པ་གཅིག་གལ་ཆེ་བ་ཡིན། དེ་ལྟར་རྒྱུ་འབྲས་ཀྱི་དོན་ཉམས་སུ་ལེན་པ་ལ། ཐོབ་པའི་མི་ལུས་ལ་གཅེས་སྤྲས་བྱ་ཞིང་། མི་ལུས་དེ་ལ་རྟེན་ནས་མི་དགེ་བ་སྤངས། དགེ་བ་ཉམས་སུ་བླང་མངོན་མཐོ་དང་ངེས་པར་ལེགས་ཀྱིས་འདོད་པའི་དོན་གྲུབ་པ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའི་གདམས་ངག་འདི་ལ་དོན་བཞི་སྟེ། དང་པོ་དལ་འབྱོར་རྙེད་པར་དཀའ་བ་བསྒོམ་པ་ནི། མི་ཁོམས་པའི་གནས་བརྒྱད་སྤངས་པའི་རང་བཞིན་གྱིས་དལ་བ་དང་། རང་དང་གཞན་གྱི་འབྱོར་པ་ཤིན་ཏུ་རྙེད་པར་དཀའ་ཡིན་ཏེ། དེ་ལྟར་སྤྱོད་འཇུག་ལས། དལ་འབྱོར་འདི་ནི་རྙེད་པར་ཤིན་ཏུ་དཀའ། ཞེས་གསུངས་སོ། །ད་ལྟ་དབང་པོ་ལྔ་ལ་སྐྱོན་མ་ཞུགས་སྡོམ་པ་རྣམས་གསུམ་གྱིས་རྟེན་དུ་རུང་བའི་མི་ལུས་ཐོབ་པ་འདི་ལ་ཡང་། ཁ་རྗེས་དང་བསྟབས་ཁ་ཡགས་ནས་ཐོབ་པ་མིན། སྔ་མ་ཕན་ཆད་དུ་ཚོགས་དཔག་ཏུ་མེད་པ་བསགས་དཀའ་

(༣༩༧)ལས་དཔག་ཏུ་མེད་པ་བྱས་པས་ཐོབ་པ་ཡིན། དེ་ལྟར་ཐོབ་པར་དཀའ་བའི་དལ་འབྱོར་མི་ལུས་རིན་པོ་ཆེ་ཐོབ་པའི་དུས་འདི་ལ། དམ་པའི་ཆོས་མ་བྱས་ན་ཕྱི་མ་ཕན་ཆད་དུ་མི་ཁོམས་པའི་གནས་བརྒྱད་གང་དུ་སྐྱེས་ཀྱང་ཆོས་བྱ་བའི་སྐབས་མེད་དེ། དེ་ལྟར་ཡང་སྤྱོད་འཇུག་ལས། གལ་ཏེ་འདི་ལ་ཕན་པར་མ་སྒྲུབས་ན། །ཕྱིས་ནས་ཡང་དག་འབྱོར་པར་ག་ལ་འགྱུར། །ཞེས་གསུངས་སོ། །ཆོས་བྱེད་པ་དེ་ཡང་ཕྱི་ཤོལ་དུ་བཞག་པས་མི་ཡོང་ད་ལྟ་ཉིད་ནས་ཉམས་སུ་ལེན་དགོས། དེ་ཅི་སྟེ་སྙམ་ན་དལ་འབྱོར་མི་ལུས་ཐོབ་ནས་ཀྱང་མི་ཚེ་ལ་ལོང་མེད་དོ། །གཉིས་པ་འཆི་བ་མི་རྟག་པ་བསྒོམ་པའི་མན་ངག་ནི། ཡུན་རིངས་མི་སྡོད་དེ་འཆི་བའི་འཇིགས་པ་ཅིག་འོང་ངེས། འོང་བ་དེ་ཡང་ནམ་འོང་ཆ་མེད། དེ་བྱུང་བའི་དུས་སུ་ཡང་དག་པའི་ཆོས་མིན་པ་གང་གིས་ཀྱང་མི་བསྟོངས་པ་ཡིན། ཤི་ནས་ཀྱང་རྒྱང་འཕན་པའི་ལྟ་བ་བཞིན་དུ་ཅང་མེད་དུ་མི་འགྲོ། ལས་དགེ་མི་དགེའི་སྟོབས་ཀྱིས་འཁོར་བ་མཐོ་དམན་གྱི་སྐྱེ་བོ་ལེན་ངེས་ཏེ། །ད་ལྟ་རང་གིས་བསོད་ནམས་ཀྱི་ལས་བསགས་ན། འདོད་ཁམས་ཀྱི་ལྷ་དང་མའི་སྐྱེ། བསོད་ནམས་མ་ཡིན་པའི་ལས་བསགས་ན་ཕྱི་མ་ལ་ངན་སོང་གསུམ་དུ་སྐྱེ། མི་གཡོ་བའི་ལས་བསགས་ན་

(༣༩༨)གཟུགས་དང་གཟུགས་མེད་ཁམས་ཀྱི་ལྷར་སྐྱེ་བ་ལེན་ནོ། །ད་ལྟ་ཡང་འགྲོ་བ་འདི་ཐམས་ཅད་དེ་ལྟ་བུའི་ལས་ལས་བྱུང་ངོ་། །གསུམ་པ་ལས་རྒྱུ་འབྲས་བསྒོམ་པའི་མན་ངག་ནི། ཕྱི་མར་སྐྱེ་གནས་གར་སྐྱེ་ལས་བདེ་བ་རྣམས་དབང་ཁོ་ན་ཆེ་ཏེ། ལས་རྣམས་ཀུན་ལ་མཐུ་ཡོད་པས། །ལུས་ཅན་ཀུན་གྱི་སྐྱིད་སྡུག་ནི། །ལས་རྣམས་ཡིན་པར་ཤེས་པར་བྱ། །ཅེས་གསུངས་སོ། །དེས་ན་སྡུག་བསྔལ་དང་འབྲལ་བར་འདོད་པས་སྡུག་བསྔལ་གྱི་རྒྱུ་བསོད་ནམས་མ་ཡིན་པ་སྤང་དགོས། བདེ་བ་དང་ཕྲད་པར་འདོད་པས་བདེ་བའི་རྒྱུ་བསོད་ནམས་སོག་དགོས་པས་བསོད་ནམས་བསགས་པ་ཁོ་ན་ལ་བསླབ་གསུང་ངོ་། །བཞི་པ་ལ་ལམ་ཐབས་ཤེས་ནི། མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་འདོད་པས་ལམ་གྱི་གནས་སྐབས་སུ་ཐབས་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པ་དང་། ཤེས་རབ་ཆོས་ཐམས་ཅད་ཀྱི་ཟབ་མོ་སྟོང་པ་ཉིད་བདག་མེད་པའི་དོན་བསྒོམ་དགོས་དེ་ལྟར་ལམ་གྱི་གནས་སྐབས་སུ་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བར་ཉམས་སུ་བླངས་པས། མཐར་ཐུག་འབྲས་བུ་གནས་སྐབས་སུ་སྐུ་གསུང་ཐུགས་ཡེ་ཤེས་ལྔའི་བདག་

(༣༩༩)དམ། སྐུ་གསུམ་མམ་ལྔའི་རང་བཞིན་སྐུ་ལྔའི་ཡེ་ཤེས་ལྔའི་བདག་ཉིད་དེ་ཐོབ་པར་འདུག་པས། དེས་ན་ད་ལྟ་ལམ་གྱི་གནས་སྐབས་སུ་ལས་རྒྱུ་འབྲས་ལ་གཙོར་བྱས་ལ། ཉམས་སུ་བླང་བར་བྱ་སྟེ། དེ་ཡང་སྡིག་པ་མི་དགེ་བའི་ཉེས་སྐྱོན་ཤེས་པའི་སྒོ་ནས་སྤངས་ཤིང་། དགེ་བའི་ཕན་ཡོན་ཤེས་པའི་སྒོ་ནས་ཉམས་སུ་བླང་བར་བྱ་སྟེ། སྤྱིར་བུདྡྷའི་བསྟན་པའི་སྒོར་ཞུགས། དམ་པའི་ཆོས་མི་བྱེད་ན་མ་གཏོགས། བྱེད་ཕན་ཆད་མི་དགེ་བ། མ་སྤངས་པའི་ཆོས་པ་མི་བཏུབ་པས། མི་དགེ་བ་སྤངས་ཤིང་དགེ་བ་ཉམས་སུ་ལེན་དགོས། དགེ་བ་ཉམས་སུ་ལེན་པ་ལ་ཡང་སྦྱོར་བ་དངོས་བཞི་རྗེས་གསུམ་གྱིས་མ་ཟིན་པའི་དགེ་བ་ཉམས་སུ་བླངས་ཀྱང་། ལམ་དུ་མི་འགྲོ་བས་དགེ་བ་ཉམས་སུ་ལེན་པ་ཐམས་ཅད་ལ་དམ་པ་གསུམ་གྱིས་ཟིན་པར་བྱས་ལ་ཉམས་སུ་བླང་བར་བྱའོ།། །།ན་མོ་གུ་རུ། བླ་མ་རིན་པོ་ཆེ་ཞལ་ནས། སྤྱིར་རྒྱུ་སེམས་ཅན་ལ་བརྟེན་ནས་འབྲས་བུ་སངས་རྒྱས་སྒྲུབ་པར་བྱེད་པ་ལ། ལམ་གདམས་ངག་རྣམ་པ་གཉིས་ཡིན། ལམ་ཅིག་ཆར་བའི་གདམས་ངག་དང་། ལམ་རིམ་གྱིས་པའི་གདམས་ངག་གོ། །དང་པོ་ལམ་

(༤༠༠)ཅིག་ཆར་བའི་གདམས་ངག་ནི། གཞི་དངོས་པོ་གཤིས་ཀྱི་གནས་ལུགས་བླ་མའི་གདམས་ངག་གིས་ངོ་སྤྲད་ནས་ལམ་དུ་ཁྱེར་བར་བྱེད་པ་ཅིག་ཡིན་ཏེ། ད་རེས་དེ་མི་འཆད། གཉིས་པ་ལམ་རིམས་ཀྱི་ས་པའི་གདམ་པའི་མན་ངག་གོ། །འཆད་པས། དེ་ལ་གཉིས་ཐབས་ཀྱི་ལམ་དང་ཤེས་རབ་ཀྱི་ལམ་མོ། །དང་པོ་ཐབས་ཀྱི་ལམ་ནི་ཐབས་ཀྱིས་ལམ་ལ་འཁྲིད་པའི་དུས་སུ། ངོ་སྤྲོད་རྣམ་པ་གསུམ་གྱིས་ངོ་སྤྲད་ནས། དེ་ངོ་འཕྲོད་པ་དང་ལམ་འཁྱེར་རྣམ་པ་གསུམ་གྱིས་ལམ་དུ་འཁྱེར་དགོས་པ་ཡིན་ཏེ། དེ་ཡང་བྱམས་པ་ལམ་དུ་འཁྱེར་བའི་དུས་སུ་འགྲོ་དྲུག་ཕ་མར་ངོ་སྤྲོད་དགོས་པ་ཡིན། དེ་ངོ་སྤྲད་ན་སྙིང་རྗེ་རྒྱུད་ལ་མི་སྐྱེ་མི་སྲིད་པ་ཡིན། བྱང་ཆུབ་ཀྱི་སེམས་གཉིས་ལམ་དུ་འཁྱེར་བའི་དུས་སུ། རྒྱུ་འབྲས་བརྟེན་འབྲེལ་དུ་ངོ་སྤྲོད་དགོས་པ་ཡིན། དེ་ངོ་མ་འཕྲོད་ན། བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་མི་སྲིད་པས། དེས་ན་ལམ་འཁྱེར་རྣམ་པ་གསུམ་གྱིས་ལམ་དུ་འཁྱེར་བར་བྱེད་པ་ལ། ངོ་སྤྲོད་རྣམ་པ་གསུམ་གྱིས་ངོ་སྤྲོད་པ་ཅིག་དགོས་པ་ཡིན། །གཉིས་པ་ནི་ཤེས་རབ་ཀྱིས་ལམ་ལ་ཁྲིད་ནས། ཤེས་རབ་ཀྱིས་ཆོས་ཐམས་ཅད་ཀྱི་ཟབ་མོ་སྟོང་པ་ཉིད་སྐྱེ་

(༤༠༡)བ་མེད་པའི་དོན་བསྒོམ་པ་ལ། དང་པོར་བླ་མ་མཚན་ཉིད་དང་ལྡན་པ་ཅིག་གིས་སྣང་གྲགས་ཆོས་སྐུར་ངོ་སྤྲོད་དགོས་པ་ཡིན། དེ་ངོ་མ་འཕྲོད་ན་ཆོས་ཐམས་ཅད་ཀྱི་ཟབ་མོ་སྟོང་པ་ཉིད་སྐྱེ་བ་མེད་པའི་དོན་རྟོགས་མི་སྲིད་པ་ཡིན། དེ་ལྟར་ལམ་འཁྱེར་བཞིའི་སྒོ་ནས་ལམ་དུ་འཁྱེར་བ་བྱེད་པ་ལ། ངོ་སྤྲོད་བཞིའི་སྒོ་ནས་ངོ་སྤྲད་ནས། ངོ་སྤྲོད་པའི་དོན་དེ་ལམ་དུ་འཁྱེར་བར་བྱེད་པ་ལ། དབུལ་པོ་གཏེར་དང་ཕྲད་པ་ལྟ་བུའི་གདམ་ངག་འདི་ལ་དོན་བཞི་སྟོན་ངོ་སྤྲད་པའི་དོན་ལམ་དུ་འཁྱེར་བ་དབུལ་པོ་གཏེར་དང་ཕྲད་པ་ལྟ་བུའི་གདམ་ངག་འདི་ལ་དོན་བཞི་ཏེ། འགྲོ་དྲག་ཕ་མ་རུ་ངོ་སྤྲོད་པ་ལ། །ཞེས་པ་ནི། ཕ་མ་བྱས་པའམ་མ་བྱས་པ་མེད་པས་ཐམས་ཅད་ཕ་མ་དྲིན་ཅན་ཤ་སྟག་ཡིན་པ་ལ། སྐྱེ་བར་མང་པོས་བར་དུ་ཆོད་པས་ཕ་མས་ཀྱང་རང་ཅག་ཚུར་ངོ་མ་ཤེས། རང་གིས་ཀྱང་སེམས་ཅན་ཕ་མར་ངོ་མ་ཤེས་པས་འཁྲུལ་སྟེ། སྡང་བའི་དགྲ་དང་གནོད་པའི་འགེགས་ལ་སོགས་པའི་སྣང་བ་ཤར་ཏེ། སྡུག་བསྔལ་སྣ་ཚོགས་ཉམས་སུ་མྱོང་བ་ནི། དེ་ལྟར་ངོ་མ་ཤེས་ཤའི་འཁྲུལ་པ་དེ་དག་གི་སྐྱོན་ཡིན།

(༤༠༢)ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་དང་མ་མཇལ་ཞིང་། ཐེག་པ་ཆེན་པོའི་ཆོས་ལ་ཐོས་བསམ་མ་བྱས་པའི་སྐྱོན་ཡིན་པས། དེ་ལྟར་ངོ་ཤེས་པར་བྱེད་པ་ལ་ཐེག་པ་ཆེན་པོ་དགེ་བའི་བཤེས་གཉེན་བརྟེན་ལ། ཐེག་པ་ཆེན་པོའི་ཆོས་ལ་ཐོས་བསམ་བྱ། དེ་ལྟར་ཐོས་བསམ་བྱས་པའི་དུས་སུ། བླ་མ་དགེ་བའི་གཤེས་གཉེན། དེས་ཀྱང་འགྲོ་བ་རིགས་ལྔ་འམ་དྲུག་གིས་བསྡུས་པའི་སེམས་ཅན་ཐམས་ཅད་རང་གིས་ཕ་མ་དྲིན་ཅན་ཤ་རྟག་ཡིན་པར་ངོ་སྤྲད་པ། བྱམས་པ་ལམ་དུ་འཁྱེར་བའི་གདམ་ངག་དང་། །ཞེས་པ་ནི། འདི་ཉམས་སུ་བླང་བར་བྱ་སྟེ། དེ་ཡང་དང་པོ་ངོ་སྤྲད་པའི་དུས་སུ་སྤྱིར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱིས་རང་གི་ཕ་མ་བྱས་པའི་ཕ་མ་མ་བྱས་པ་མེད་དེ། སེམས་ཅན་ཐམས་ཅད་ཕ་མ་དྲིན་ཅན་ཤ་སྟག་ཡིན། དེ་ལྟར་ཡིན་པར་ཡང་རྒྱུ་མཚན་བཞིའི་སྒོ་ནས་ངོ་སྤྲད་པར་བྱ་སྟེ། འཁོར་བ་ལ་ཐོག་མཐའི་མུ་བཟུང་དུ་མེད་པས་ན། ཡང་སེམས་ཅན་ཐམས་ཅད་ཀྱིས་ཕ་མ་མ་བྱས་པ་མེད་དེ། ཚེ་འདིའི་སྐད་ཅིག་ཀྱང་མི་རྟག་སྟེ། རང་གིས་རྣམ་པར་སྨིན་པའི་ལུས་རྙིང་པ་འབོར་ཞིང་། གསར་བ་ལེན་པའི་མདོར་ལེན་རྒྱུན་མི་ཆད་པར་

(༤༠༣)བྱས་ངེས་པར་འདུག་པས་ཀྱང་། སེམས་ཅན་ཐམས་ཅད་ཀྱིས་ཕ་མ་བྱས་པར་ངེས། ལས་ཀྱིས་སྟོབས་ཀྱིས་ལུས་སྣ་ཚོགས་པ་བླངས་ངེས་པར་འདུག་པས་ཀྱང་། ཕ་མ་མ་བྱས་པའི་སེམས་ཅན་ཅིག་ཀྱང་མེད་པར་ངེས། གནས་པ་ངེས་པ་མེད་པར་གནས་སྣ་ཚོགས་སུ་སྐྱེ་བ་བླངས་ངས་པར་འདུག་པས་ཀྱང་། སེམས་ཅན་ཐམས་ཅད་ཀྱིས་ཕ་མ་བྱས་པའམ། ཕ་མ་མ་བྱས་པ་མེད་ངེས་སྙམ་དུ་བསམ། དེ་བས་སེམས་ཅན་ཅིག་གིས་ཕ་མ་བྱས་པའི་གྲངས་ཀྱང་བསྒྲངས་ཀྱིས་མི་ལང་བ་ཡིན་ཏེ། དེ་ལྟར་ཡང་། མའི་ཐོག་མཐལ་རྒྱ་ཤུག་ཚིག་གུ་ཙམ། རི་ལུར་བསྒྲངས་ཀྱང་ས་ཡིས་ལང་མི་འགྱུར། །ཞེས་གསུངས་པའོ། །དེ་ལྟར་ལུང་དང་རིག་པའི་སྒོ་ནས་བསམས་པ། སེམས་ཅན་ཐམས་ཅད་ཕ་མ་དྲིན་ཅན་ཤ་སྟག་ཡིན་ངེས་པར་འདུག་ཨང་སྙམ་དུ་ཕ་མ་རུ་ངོ་འཕྲོད་པ་དང་། དགྲར་སྣང་དང་འདྲེར་སྣང་ལ་སོགས་པ་གནོད་བྱེད་ཀྱིས་སྣང་བ་རང་དག་ནས། སེམས་ཅན་ཐམས་ཅད་ལ་རྩ་བའི་ཕ་མ་དྲིན་ཅན་ཤ་སྟག་གིས་སྣང་བ་འཆར། དེ་ལྟར་ཤར་ཙ་ན། མ་རྒན་དྲིན་ཅན་འདི་རྣམས་ཐམས་ཅད་བདེ་བ་དང་ཕྲད་པར་འདོད་པ་རྒྱུན་ཆད་མེད་པར་བསྒོམ་པར་བྱའོ། །འོ་ན་དེ་ལྟར་བྱམས་པ་བསྒོམ་རྒྱུད་ལ་སྐྱེས་ནས་དེས་ཆོག་གམ་སྙམ་ན་དེས་མི་ཆོག་ཏེ། སྙིང་རྗེ་བསྒོམ་དགོས་པ་ཡིན་ཞེས་སྟོན་པ་ནི་འཁོར་བ་འདི་སྡུག་བསྔལ་དུ་ངོ་སྤྲོད་ལ་སྤྱིར་འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་ཁའི་རྦ་ཀློང་འཁྲུག་པ་ལྟ་བུའམ། མེ་ཚོགས་དཔུངས་

(༤༠༤)དཔུངས་པ་ལྟ་བུ་ཡིན་ཏེ། བདེ་བའི་གནས་སྐབས་གཅིག་ཀྱང་མེད་པ་ཡིན་པ་ལ། དེ་ལྟར་མ་ཤེས་པར་བདེན་པར་འཛིན་པ་ལ་ཕྱིན་ལྡོག་འཕྲལ་པའི་བློ་ཡོད་པས། དེ་སྤོང་བའི་གཉེན་པོར་ཐེག་པ་ཆེན་པོ་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ཅིག་གིས་འཁོར་བའི་ཉེས་དམིགས་བསྒོམ་པའི་གདམ་ངག་བསྟན་ཏེ། སྙིང་རྗེ་ལམ་དུ་འཁྱེར་བའི་མན་ངག་དང་། །ཞེས་པའི་དོན་འདི་ཉམས་སུ་ལེན་པར་བྱས་ཏེ་དེ་ཡང་དང་པོ་ངོ་སྤྲོད་པའི་དུས་སུ། སྤྱིར་འཁོར་བ་འདི་སྡུག་བསྔལ་གྱི་རང་བཞིན་ཡིན་པ་ལ། སྡུག་བསྔལ་དུ་ངོ་མ་ཤེས་དེ་ལྟར་ངོ་མ་ཤེས་པ་སྟེ་ངོ་ཤེས་པར་བྱེད་པ་ལ་རྒྱུ་མཚན་རྣམ་པ་གསུམ་གྱི་སྒོ་ནས་ངོ་སྤྲོད་པ་ཡིན་ཏེ། ངན་སོང་གསུམ་ན་གནས་པའི་སེམས་ཅན་ཐམས་ཅད་ནི་མེ་དོང་དུ་ལྷུང་བ་དང་འདྲ་སྟེ། སྡུག་བསྔལ་འབའ་ཞིག་ལས་བདེ་བའི་གོ་སྐབས་མེད་པ་ཡིན། མཐོ་རིས་ན་གནས་པའི་སེམས་ཅན་ཐམས་ཅད་ལ་ཡང་། བདེ་ཞིང་སྐྱིད་པའི་དུས་སུ་ཡང་འགྱུར་བའི་སྡུག་བསྔལ་དང་བཅས་པས་བུ་སྡུག་བསྔལ་རང་ཆས་སུ་ཡོང་ལ། བདེ་བ་དེ་ཉིད་སྡུག་བསྔལ་བའི་རྒྱུ་ཡིན་ཏེ། འབྲས་བུ་སྡུག་བསྔལ་ཆེན་པོ་འབྱིན་ངེས་པས། དཔེར་ན་བུ་ཅིག་

(༤༠༥)པོ་ཤི་བའི་མ་ལྟ་བུ་ཡིན་པས་ན་ཡང་བདེ་བའི་གོ་སྐབས་མེད་པ་ཡིན། དགྲ་ཉེན་པ་དང་། འདྲེས་ཉེན་པ་ལ་སོགས་པའི་སྡུག་བསྔལ་འབྱུང་བའི་དུས་ནི་སྡུག་བསྔལ་ཡིན་ཏེ། ནམ་ཡང་སྡུག་བསྔལ་འབའ་ཞིག་ཡིན་ལ། བཏང་སྙོམས་ཀྱི་དུས་སུ་འདུ་བྱེད་ཀྱི་སྡུག་བསྔལ་གྱི་སྡུག་བསྔལ་བ་ན། བདེ་བའི་གོ་སྐབས་མེད་པ་ཡིན་སྙམ་དུ་བསམ། དེ་ལྟར་བསམས་པའི་དུས་ན་འཁོར་བ་འདི་ན་བདེ་བའི་དུས་སྐད་ཅིག་ཡང་མི་འདུག་སྙམ་དུ་ངོ་སྤྲད་དེ། ངོ་ཤེས་པ་དང་དེ་རྣམས་ཀྱི་སྡུག་བསྔལ་ལ་དམིགས་ནས་སྙིང་རྗེ་བསྒོམ་པར་བྱ་སྟེ། ཁམས་གསུམ་སེམས་ཅན་འདི་རྣམས་ཐམས་ཅད་ཕ་མ་དྲིན་ཅན་ཤ་སྟག་ཡིན་པ་ལ། །དྲིན་ཅན་འདི་རྣམས་འཁོར་བ་ན་སྡུག་བསྔལ་བར་འདུག་པ་འདི་རྣམས་ཐམས་ཅད་སྙིང་རྗེ་སྙམ་དུ་བསམ་ཞིང་། སྡུག་བསྔལ་དང་འབྲལ་བར་འདོད་པས་སྙིང་རྗེ་རྒྱུན་ཆད་མེད་པར་བསྒོམ་པར་བྱའོ། །རྒྱུ་འབྲས་ཀྱི་ཆོས་ཐམས་ཅད་བརྟེན་འབྲེལ་དུ་ངོ་སྤྲོད་ལ། དེ་ལྟར་སྙིང་རྗེ་བསྒོམས་པས་སྙིང་རྗེ་རྒྱུད་ལ་སྐྱེས་ན། དེས་ཆོག་གམ་སྙམ་ན་མི་ཆོག་སྟེ་བོདྡྷའི་སེམས་སྐྱེད་དགོས་ཞེས་པ་ནི། ཐེག་ཆེན་པོའི་རིགས་དང་ལྡན་པའི་རྟེན་གྱི་གང་ཟག་ཅིག་གིས། འབྲས་བུ་བླ་མ་མེད་པའི་

(༤༠༦)བྱང་ཆུབ་ཐོབ་པར་བྱེད་པ་ལ། རྒྱུ་འབྲས་རྟེན་ཅིང་འབྲེལ་བར་འབྱུང་བའི་གནས་ལུགས་དེ་ངོ་ཤེས་དགོས་པ་ཡིན་པ་ལ། དེ་མ་ཤེས་པས་འཁྲུལ་ཏེ་འཁོར་བར་འཁྱམས་པས་འཁོར་བའི་སྡུག་བསྔལ་སྣ་ཚོགས་ཉམས་སུ་མྱོང་བར་བྱེད་པས། རྒྱུ་འབྲས་རྟེན་ཅིང་འབྲེལ་བར་འབྱུང་བའི་གནས་ལུགས་དེ་ངོ་ཤེས་པར་བྱེད་པ་ལ། ཐེག་པ་ཆེན་པོ་དགེ་བའི་གཉེན་མཚན་ཉིད་དང་ལྡན་པ་གཅིག་ལ་བརྟེན་ནས་དགེ་བའི་ཤེས་གཉེན་ནས་ཀྱང་སེམས་སྐྱེད་ལམ་དུ་འཁྱེར་ནས་སེམས་ཅན་ཐམས་ཅད་ཀྱི་གཞན་དོན་བྱེད་པའི་གདམས་ངག་དང་། ཞེས་པ་ནི། འདི་ཉམས་སུ་བླང་བར་བྱ་སྟེ། དེ་ཡང་དང་པོ་ངོ་སྤྲོད་པའི་དུས་སུ། སྤྱིར་རྒྱུ་འབྲས་ཀྱི་ཆོས་ཐམས་ཅད་བརྟེན་འབྲེལ་ཡིན། དཔེར་ན་རྒྱུ་ས་བོན་དྲུང་པོ་སྔོན་དུ་མ་སོང་བའི་འབྲས་བུ་མྱུ་གུ་སྔོན་པོ་འབྱུང་བ་ཤེས་བྱ་ལ་མི་སྲིད་པ་བཞིན་དུ། རྒྱུའི་ས་བོན་དྲུང་པོ་ལྟ་བུ་བྱང་ཆུབ་ཀྱི་སེམས་མ་སྐྱེད་པར། འབྲས་བུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པ་ཤེས་བྱ་ལ་མི་སྲིད་པ་ཡིན་པས། མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་པར་འདོད་པས་རྒྱུའི་གཙོ་བོ་བྱང་ཆུབ་ཀྱི་སེམས་སྐྱེད་དགོས་པ་ཡིན། དེ་ལྟར་ཡང་སྤྱོད་འཇུག་ལས་འདིས་ནི་ཚད་མེད་སྐྱེ་བའི་ཚོགས་རྣམས་ཀྱིས་

(༤༠༧)བདེ་མཆོག་བདེ་བླག་ཉིད་དུ་ཐོབ་པར་བྱེད། །ཅེས་གསུངས་སོ། །དེ་ལྟར་སངས་རྒྱས་ཐོབ་པར་བྱེད་པ་ལ། རྒྱུ་བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བར་འདུག་ན། བྱང་ཆུབ་ཀྱི་སེམས་དེ་རྒྱུ་གང་ལ་བརྟེན་ནས་འབྱུང་ན། །དེ་རྒྱུད་ལ་སྐྱེ་བ་ལ་སྙིང་རྗེ་བསྒོམ་ཞིང་བྱམས་པ་ལ་བློ་སྦྱང་དགོས་པ་ཡིན། དེ་འབྱོངས་ཙ་ན་བོ་དྷིའི་སེམས་རྒྱུད་ལ་མི་སྐྱེ་མི་སྲིད་པ་ཡིན། དེ་ལྟར་ཡང་མདོ་སྡེ་རྒྱན་ལས། །དེའི་རྩ་བ་སྙིང་རྗེར་འདོད། །ཅེས་པས་སོ། །དེ་ལྟར་སྙིང་རྗེ་བཅོས་མ་མ་ཡིན་པ་ཅིག་རྒྱུད་ལ་སྐྱེ་དགོས། དེ་རྒྱུད་ལ་སྐྱེ་བ་ལ་སྔོན་དུ་བྱམས་པ་བསྒོམས་ཞིང་བྱམས་པ་ལ་བློ་སྦྱངས་དགོས་པ་ནི། དེ་ལྟར་ཡང་སྙིང་རྗེ་ཆུང་བ་བྱམས་པ་སྟེ། །ཞེས་པའི་ཕྱིར་རོ། །དེ་ལྟར་བསྒོམས་པས་བྱམས་པ་བཅོས་མ་མ་ཡིན་པ་རྒྱད་ལ་སྐྱེས་ཙ་ན། དེའི་སྙིང་རྗེ་ལ་སྙིང་རྗེས་བཅོས་མ་མ་ཡིན་པ་རྒྱུད་ལ་མི་སྐྱེ་མི་སྲིད་པ་ཡིན། དེས་ན་དེ་ཐམས་ཅད་ཀྱང་རྒྱུ་འབྲས་བརྟེན་འབྲེལ་ཡིན་པས་རྗེས་སུ་འགྲོ་ངེས་སོ། །ལྡོག་པ་ངེས་པ་ནི་སྔོན་དུ་བྱམས་པ་མ་བསྒོམས་ཤིང་རྒྱུད་ལ་མ་སྐྱེས་ན། འབྲས་བུ་སྙིང་རྗེ་རྒྱུད་ལ་སྐྱེ་མི་སྲིད་པ་ཡིན། སྙིང་རྗེ་མ་སྐྱེས་པའི་སེམས་སྐྱེད་བྱས་ཀྱང་རྒྱུད་ལ་མི་སྐྱེ། དེ་ལ་སྐྱེས་བོདྷིའི་སེམས་

(༤༠༨)མ་ཟིན་པའི་དགེ་བ་ཉམས་སུ་བླངས་ཀྱང་། མི་གནས་པའི་མྱ་ངན་ལས་འདས་པའི་བདེ་བ་ཐོབ་མི་སྲིད་པ་ཡིན། དེ་ལྟར་རྒྱུ་འབྲས་ཀྱི་དོན་ལ་བསམ་པས། རྒྱུ་འབྲས་རྟེན་ཅིང་འབྲེལ་བར་འབྱུང་བའི་གནས་ལུགས་དེ་ངོས་ཟིན་ཅིང་ངོ་སྤྲད་པ་དང་། འབྲས་བུ་སངས་རྒྱས་ཐོབ་པར་འདོད་པས་ལམ་གྱི་གནས་སྐབས་སུ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གསུམ་བསྒོམས། སྤྱོད་པ་ཅི་བྱེད་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ནས་སླངས་ནས། རང་ལ་མ་འཁྲིས་པར་སེམས་ཅན་གཞན་དོན་དུ་ཉམས་སུ་བླངས་པ་ལས་བྱུང་བའི་དགེ་བ་དེ་ཡང་རང་ལ་མ་འཁྲིས་པར་གཞན་དོན་དུ་བསྔོ་ཞིང་མི་དམིགས་པར་ཉམས་སུ་བླང་ངོ་། །སྣང་གྲགས་ཆོས་སྐུ་རུ་ངོ་སྤྲད་ལ་དེ་ངོ་འཕྲོད་པ་དང་། །ཞེས་པ་ནི། སྤྱིར་སྣང་གྲགས་ཀྱིས་ཆོས་ཐམས་ཅད་ཀྱང་ཡེ་གདོད་མ་ནས་སྐྱེ་བ་མེད་པ་ཆོས་ཀྱི་སྐུའི་རང་བཞིན། གདོད་མ་ནས་རྣམ་པར་དག་ཅིང་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ། བརྗོད་དུ་མེད་པའི་དོན་ཅིག་ཡིན་པ་ལ། དེ་ལྟར་མ་ཤེས་མ་གོ་བའི་སྒྲུབ་པ་པོ་མི་མཁས་པའི་རྣམས་ཀྱིས། སྣང་གྲགས་འདི་བཀག་པའམ་བསལ་བའི་ཕ་རོལ་ན་ཆོས་ཀྱི་སྐུའམ་བརྗོད་དུ་མེད་པ་པ་ཚོལ་བར་བྱེད་དོ། །དེ་རྩལ་ཀྱང་བརྙད་མི་སྲིད་དོ། །དཔེར་ན་འཁྱག་པ་

(༤༠༩)སྤངས་པའི་ཕ་རོལ་ནས་ཆུ་རྙེད་མི་སྲིད་པ་བཞིན། དེ་ལྟར་མ་ཤེས་པ་དེ་གང་གིས་སྐྱོན་ཡིན་ནོ། །སྣང་གྲགས་ཀྱི་ཆོས་ཡིན་ལུགས་མ་ཤེས་ཤིང་། གནས་ལུགས་མགོ་བའི་སྐྱོན་ཡིན་པས། དེ་ངོ་ཤེས་པར་བྱེད་པ་ལ་བླ་མ་རྟོགས་པ་དང་ལྡན་པ་གཅིག་ལ། སློབ་མ་སྣོད་དང་ལྡན་པ་ཅིག་གིས་བརྟེན་དགོས། བརྗོད་དུ་མེད་པའི་དོན་ལམ་དུ་འཁྱེར་བའི་གདམས་ངག་གོ། །ཞེས་པའི་དོན་ནི། འདི་ཉམས་སུ་བླང་བར་བྱ་ཏེ། དེ་ཡང་ངོ་སྤྲོད་པའི་དུས་སུ་སྤྱིར་སྣང་གྲགས་ཀྱི་ཆོས་འདི་ཐམས་ཅད་ཀྱང་ཡིན་ལུགས་ཆོས་ཀྱི་སྐུའམ། བརྗོད་དུ་མེད་པའི་དོན་དང་རང་ཡིན། གནས་ལུགས་ཆོས་ཀྱི་སྐུའམ་བརྗོད་དུ་མེད་པ་དེ་ཉིད་སྣང་གྲགས་སྣ་ཚོགས་སུ་སྣང་བ་ཡིན། དེ་ལྟར་ངོས་ཟིན་ཅིང་སྒྲོ་འདོགས་ཆོད་ཙ་ན་སྣང་བ་འདི་གསལ་ཞིང་དགག་ཏུ་ཡང་མེད་ལ། ཆོས་སྐུའམ་བརྗོད་དུ་མེད་པའི་དོན་དེ་སྒོམ་པའམ་སྒྲུབ་ཏུ་ཡང་མེད། དོན་ལ་སྤང་བླང་དང་། དགག་སྒྲུབ་དང་། ཡོད་མེད་དང་ཡིན་མིན་ལ་སོགས་པ། གང་དུ་ཡང་བློས་བསམ་དུ་མེད་ཅིང་། ཚིག་གིས་བརྗོད་དུ་མེད་པ་ཅིག་ཡིན་པས་དེ་ལྟར་བསམ་གྱིས་མི་ཁྱབ་ཅིང་བརྗོད་དུ་མེད་པའི་

(༤༡༠)དོན་དང་འབྲལ་བ་མེད་པར་ཉམས་སུ་བླང་ངོ་།། །།ན་མོ་གུ་རུ། བླ་མ་རིན་པོ་ཆེའི་ཞལ་ནས། ད་ལྟ་སྙིགས་མ་ལྔ་ནི་བསྔོ། །ཚེ་ལ་རང་དབང་ནི་མ་ཐོབ། །ནས་སོ་དར་ལ་བབ་པ་རྣམས་ཀྱང་། མར་མེ་རླུང་གིས་བཏབ་པ་བཞིན་དུ་འགྲོ་བ་ལ་ཚེགས་མེད། རྫས་དང་ཡོ་སྤྱད་མང་པོ་བསགས་ཀྱང་རང་ལ་ཕན་པའི་ངེས་པ་མེད། དུས་རྟག་ཏུ་ཉེ་དུ་འབྲེལ་བའི་གཅིས་བྱས་ཀྱང་། དེ་ཐམས་ཅད་ཀྱིས་རང་ལ་མི་སྟོངས། དེ་ལྟར་ཡང་སྤྱོད་འཇུག་ལས། རྙེད་པ་མང་པོ་ཐོབ་གྱུར་ཅིང་། །ཡུན་རིངས་བར་དུ་བདེ་སྤྱད་ཀྱང་། །ཆོམ་པོས་ཕྲོགས་པ་ཇི་བཞིན་དུ། །སྒྲེན་མོ་ལག་པ་སྟོང་པར་འགྲོ། ཅེས་གསུངས་པས་སོ།། །།ཡང་དེ་ཉིད་ལས། གཉེན་བཤེས་ཚོགས་ཀྱིས་མཐའ་སྐོར་ཀྱང་སྲོག་གཅོད་པའི་ཚོར་བ་དག །བདག་ཉིད་ཅིག་པུས་མྱོང་བར་འགྱུར། །ཞེས་གསུངས་སོ། །འཆི་བའི་ནད་ཀྱིས་ནི་ཐེབས། །སྨན་དང་སྔགས་དང་རིག་པ་གང་གིས་ཀྱང་མཐུ་གདུགས་པའི་དུས་སུ་སྐྱབས་ཆེན་དམ་པའི་ཆོས་མེན་པ་གཞན་མེད་པས། འོས་སྐོལ་དལ་འབྱོར་མི་ལུས་ཐོབ་པའི་དུས་འདི་ལ་དམ་པའི་ཆོས་བྱེད་དགོས་གསུང་། འོ་ན་ཆོས་

(༤༡༡)བྱེད་ན་བྱེད་ལུགས་ཇི་ལྟར་བྱ་སྙམ་ན། ཆོས་བྱེད་པའི་དུས་དང་པོ་བླ་མ་དམ་པ་མཚན་ཉིད་དང་ལྡན་པ་ཅིག་ལ་ཐེག་པ་ཆེན་པོའི་མདོ་འམ་རྒྱུད་བསྟན་བཅོས་ལ་ཐོས་པ་བྱ། ཐོས་པ་མ་བྱས་ན་བརྗོད་བྱེད་ཀྱི་ཚིག་བློ་ལ་མི་ཟིན་ཅིང་། བརྗོད་བྱའི་དོན་མི་གོ་བས་དང་པོ་ཐོས་པ་བྱེད་དགོས། འོ་ན་དུས་རྟག་ཏུ་ཐོས་པ་བྱའམ་སྙམ་ན། དུས་རྟག་ཏུ་ཐོས་པར་མི་བྱ་བར། ཚིག་དང་དོན་བསམ་བྱུང་གིས་ཤེས་རབ་ཀྱིས་བསམས། མ་བསམས་ན་རྟོགས་པའི་ཤེས་རབ་རྒྱུད་ལ་མི་སྐྱེ་བར། དེ་རྒྱུད་ལ་སྐྱེ་བ་ལ་བསམ་དགོས། དེ་ཡང་དུས་རྟག་ཏུ་བསམ་པས་ཀྱང་མི་འོང་། །བསམ་པའི་དོན་དེ་ཉིད་བསྒོམ་དགོས། མ་སྒོམས་ན་ཉམས་ཀྱི་དྲོད་རྟགས་འཆར་དུ་མི་བཏུབ། དེ་མ་ཤར་ན་དག་སྦྱོར་རྒྱུད་ལ་མི་སྐྱེ་ལ་སྐྱེས་ཀྱང་། དྲེང་ཚད་ངོས་མི་ཟིན། དེ་མ་ཟིན་ན་གདམ་ངག་གདབ་པའི་དུས་ཚོད་མི་རིག་པས། དྲོད་ཚད་ངོས་འཛིན་པར་སྨན་པ་མཁས་པ་ལྟ་བུའི་གདམ་ངག་འདི་སྟོན། དེ་ཡང་ཉམས་རྟོགས་ཀྱི་སྒོ་ནས་ངག་སྦྱོར་རྒྱུད་ལ་སྐྱེས་མ་སྐྱེས་ཀྱི་དྲོད་ཚད་ངོས་འཛིན་པར་བྱེད་པ་ཏེ་དཔེར་ན། སྨན་པ་མཁས་པ་ཅིག་གིས་ནད་པ་གཅེས་པ་ཅིག་འཆོས་པའི་དུས་སུ་དང་པོ་ནད་པ་དེ་ལ་རླུང་མཁྲིས་བད་ཀན་ལ་སོགས་པའི་ནད་ཀྱིས་ཐེབས་པའི་དས་སུ། ནད་གང་ཡིན་པའི་རྟགས་མི་ཡོང་མི་སྲིད་པས། རྟགས་དེ་ལ་བརྟེན་ནས་ངོས་ཟིན་པ་ཡིན། ནང་ངོས་ཟིན་པ་གང་ཡིན་པའི་བཅོས་

(༤༡༢)བྱས། པས་ནད་སེལ་བ་ལ་ཚེགས་མེད་པ་ཡིན། དེ་བཞིན་དུ་སྨན་པ་མཁས་པ་དང་འདྲ་བའི་བླ་མ་མཚན་ཉིད་དང་ལྡན་པ་གཅིག་གིས། ནད་པ་ཅེས་པ་དང་འདྲ་བའི་སློབ་མ་སྣོད་ལྡན་ཅིག་ལམ་སྣ་ཁྲིད་པའི་དུས་སུ། དང་པོ་འཆི་བ་མི་རྟག་པ་ནས་རིམས་ཀྱིས་ཁྲིད་ནས་བསྒོམ་དུ་འཇུག་པ་ཡིན། དེ་ལྟར་བསྒོམ་དུ་བཅུག་པས་ནད་ཀྱི་རྟགས་དང་འདྲ་བ། ཉམས་མྱོང་ཚེ་འདིའི་ལ་བློ་སྣ་འགྱུར། རྟགས་འཇིག་རྟེན་གྱི་ཆོས་བརྒྱད་མགོ་སྙོམས་པ་ལ་སོགས་པ་འབྱུང་ངེས། དེ་མ་བྱུང་ན་མ་བསྒོམ་པ་ཡིན། ཡང་ན་བསྒོམས་ཀྱང་རྒྱུད་ལ་མ་སྐྱེས་པ་ཡིན་པས། ཡང་དང་ཡང་དུ་བསྡད་ཀྱིན་བསྒོམ། ད་ལྟར་བསྒོམས་པས་དེའི་ཉམས་རྟོགས་མཐར་ཕྱིན་པ་དང་། འཁོར་བའི་ཉེས་དམིགས་བསྒོམས་པའི་གདམས་ངག་བཏབ་ནས། ཉམས་རྟོགས་ཀྱི་དྲོད་ཚད་འཛིན་ཀྱིན་ཁྲིད་བསྐྱངས་ན། འབྲས་བུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པར་བྱེད་པ་ལ་ཚེགས་མེད་པས་སྨན་པ་ལྟ་བུའི་གདམས་ངག་འདི་སྟོན། དྲོད་ཚད་ངོས་འཛིན་པར་བྱེད་པ་ལ་སྨན་པ་མཁས་པ་ལྟ་བུའི་གདམས་ངག་འདི་ལ་དོན་བཞི་སྟེ། ཚེ་འདི་ལ་བློ་སྣ་

(༤༡༣)འགྱུར་ནས་འོང་། ཞེས་པ། འདི་ལ་དོན་གསུམ། བསྒོམ་རྒྱུ་དང་། དགོས་པ་དང་། དྲོད་ཚད་དོ། །དང་པོ་ནི་འཆི་བ་མི་རྟག་པ་ནས་བསྒོམ་པ་ཡིན་ཏེ། དེའང་འཆི་ངེས། ནམ་འཆི་ཆ་མེད། འཆི་བ་ལ་ཅིས་ཀྱང་མི་སྟོངས་སྙམ་དུ་ལུང་དང་རིགས་པས་གཏན་ལ་ཕབ་ལ་བསྒོམས་པས་མི་རྟག་པ་རྒྱུད་ལ་སྐྱེས་ཙ་ན། དགོས་པ་ཚེ་འདིའི་དོན་དུ་མི་གཉེར་ཏེ། འཇིག་རྟེན་གྱི་ཆོས་བརྒྱད་དང་བྲལ་དགོས་པ་ཡིན། དེ་ཡང་དཔེར་ན་གནད་གཅོད་ཀྱིས་ནད་ཀྱིས་ཐེབས་པའི་དུས་སུ། ཚེ་འདི་ལ་རེ་ཐག་ཆད་པ་དང་། འཇིག་རྟེན་ཆོས་བརྒྱད་ཀྱི་བློ་དང་བྲལ་བ་དུས་མཉམ་བཞིན་ནོ། །དེས་ན་ཚེ་འདི་ལས་བློ་སྣ་འགྱུར་ཟེར་ཀྱང་འཇིག་རྟེན་ཆོས་བརྒྱད་དང་མ་བྲལ་བར་འདུག་ན་ཚེ་འདི་ལས་བློ་འགྱུར་ཟེར་ཀྱང་མ་འགྱུར་བས། ཡང་དང་ཡང་དུ་ལུང་དང་རིགས་པའི་སྒོ་ནས་གཏན་ལ་ཕབ་ཀྱིན་མི་རྟག་པ་བསྒོམ་གསུང་ངོ་། །འཁོར་བ་ལས་བློ་སྣ་འགྱུར་ན་འདོད་ཡོན་གྱི་བདེ་བ་ལ་རོ་མི་མྱང་བ་ཅིག་དགོས་པ་ཡིན། ཞེས་པ་ནི། བསྒོམ་རྒྱུ་འཁོར་བའི་ཉེས་དམིགས་བསྒོམས་པ་ལ་བརྟེན་ནས། དགོས་པ་འཁོར་བའི་མཐའ་དག་ལས་བློ་སྣ་འགྱུར་ནས། འཁོར་བ་དོན་དུ་གཉེར་བའི་བསམ་པ་འབྱུང་མི་སྲིད་པའི་དགོས་པ་ཡོད་དེ་དེའི་དྲོད་ཚད་

(༤༡༤)ནི། དཔེར་ན་སྐྱུགས་ནད་ཅན་ཟས་མཐོང་བ་ལྟ་བུའི་ཡིན་ཏེ། དེ་ལྟར་དོ་ཧ་ལས། བརྟུལ་ཤུགས་སྤྱོད་པའི་རྣལ་འབྱོར་པ་ནི་གྲོང་འཁྱེར་སེམས། རྒྱལ་བའི་ཕོ་འབྲང་འཇུག་ཅིང་བུ་མོ་དག་དང་རྩེ་བ་ཡང་སྔར་ཟོས་པའི་སྐྱུར་བ་ཐོང་བ་བཞིན། ཡུལ་རྣམས་ཐམས་ཅད་དེ་བཞིན་ཉིད་དུ་རིག །ཅེས་གསུངས་སོ། །འདོད་ཡོན་གྱི་བདེ་བ་ལ་ཞེན་ཅིང་ཆགས་པ་དང་མ་བྲལ་བར་འདུག་ན་འཁོར་བ་བློ་སྣ་འགྱུར་ཟེར་ཡང་མ་འགྱུར་བ་ཡིན་པས། ད་རུང་དུ་འཁོར་བའི་ཉེས་དམིགས་ཡང་ནས་ཡང་དུ་བསྒོམ་གསུང་ངོ་། །རང་དོན་ལས་བློ་སྣ་འགྱུར་ན། གཞན་དོན་གཙོ་བར་བྱེད་པ་ཅིག་དགོས་པ་ཡིན་ཏེ། བསྒོམ་རྒྱུ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་པས་དེ་ལ་བློ་འབྱོངས་ཙ་ན། དགོས་པ་རང་དོན་བྱ་བར་འདོད་པའི་བློ་འབྱུང་མི་སྲིད་པའི་དགོས་པ་ཡོད་དོ། །དེའི་དྲོད་ཚད་ནི་འདི་ཡིན་ཏེ་དཔེར་ན་བུ་ཅིག་པའི་མ་བཞིན་ནོ། །རང་དོན་ལ་བློ་སྣ་འགྱུར་ཟེར་ཡང་གཞན་དོན་མི་བྱེད་པར་འདུག་ན་བློ་ན་མ་འགྱུར་པ་ཡིན་པས། ཡང་ནས་ཡང་དུ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་གསུང་ངོ་། །འཁྲུལ་པའི་གཞི་རྩ་ཆོད་ན་དངོས་པོ་དང་མཚན་མར་འཛིན་པ་ཐམས་ཅད་

(༤༡༥)ལས་གྲོལ་དགོས་པ་ཡིན། ཞེས་པ་ནི། བསྒོམ་རྒྱུ་ཆོས་ཐམས་ཅད་ཀྱི་ཟབ་མོ་སྟོང་པ་ཉིད་བསྒོམས་པས། དགོས་པ་འཁྲུལ་པའི་གཞི་རྩ་ཆོད་པའི་དགོས་པ་ཡོང་། །དེའི་དྲོད་ཚད་ནི། དེ་ཡང་དཔེར་ན། སྒྱུ་མ་ཡིན་པར་ཤེས་པ་དང་རྟ་གླང་མཚན་ཉིད་པར་འཛིན་པའི་རྟོག་པ་དང་བྲལ་བ་དུས་མཉམ་པ་བཞིན་ནོ། །འཁྲུལ་པའི་རྩ་བ་ཆོད་ཟེར་ཡང་དངོས་པོ་མཚན་མར་འཛིན་པ་དང་མ་བྲལ་བར་འདུག་ན། འཁྲུལ་པའི་རྩ་བ་མ་ཆོད་པ་ཡིན་པས། ཡང་དང་ཡང་དུ་ཆོས་ཐམས་ཅད་ཀྱི་ཟབ་མོ་སྟོང་པ་ཉིད་གཏན་ལ་ཕབ་ཀྱིན་བསྒོམ་གསུང་ངོ་། །ན་མོ་གུ་རུ། བླ་མ་རིན་པོ་ཆེའི་ཞལ་ནས། སྤྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའི་ཆོས་ཐམས་ཅད་ཀྱི་བརྗོད་བྱའི་དོན་བསྡུ་ན་གསུམ། དམིགས་པར་བྱ་བའི་ཡུལ་བུ་ཕུན་གསུམ་ཚོགས་པར་བསྟན་པ་དང་། དེ་སྒྲུབ་པར་བྱེད་པའི་ལམ་ཕུན་གསུམ་ཚོགས་པ་དང་། ལམ་དེ་ཉམས་སུ་བླངས་པས་འབྲས་བུ་དེ་ཉིད་འགྲུབ་པའི་ཚུལ་བསྟན་པའོ། །དེ་ལྟར་གསུམ་དུ་བྱེད་པའི་དགོས་པ་ཡང་། རྟེན་གྱི་གང་ཟག་འཇུག་པ་ལ་བྲོད་པ་སྐྱེད་པ་ལ་འབྲས་བུ་བསྟན། འབྲས་བུ་བཟང་ཡང་སྒྲུབ་པར་མི་ནུས་སམ་སྙམ་པ་ལ་

(༤༡༦)ལམ་བསྟན། སྒྲུབས་ཀྱང་འབྲས་བུ་དམན་ནམ་སྙམ་པ་ལ། ལམ་དེ་ཉིད་ཉམས་སུ་བླངས་པ་ལས་འབྲས་བུ་སྐུ་གསུམ་རོ་མཉམ་པ་བདེ་བ་ཆེན་པོའི་སྐུ་ཐོབ་པའོ། །དེ་ལྟ་བུའི་འབྲས་བུ་དེ་ཡང་བསྡུ་ན་སྐུ་གསུམ་ཡེ་ཤེས་ལྔ་དང་ལྡན་ལ། དེ་བས་རང་དོན་དུ་སྤངས་པ་ཕུན་གསུམ་ཚོགས་པའི་ཆོས་སྐུ་ཐོབ་ལ། གཞན་དོན་དུ་ཐོབ་པ་ཕུན་གསུམ་ཚོགས་པའི་གཟུགས་སྐུ་གཉིས་ཐོབ་པའོ། །དེ་ལ་གཉིས་སུ་འོང་བ་ཡང་ཡེ་ཤེས་ལས་ལོངས་སྐུ་འབྱུང་ལ། ཐུགས་རྗེ་ལས་སྤྲུལ་སྐུ་འཆར་བའོ། །དེ་འབྲས་བུ་སྐུ་གསུམ་སྨིན་པའི་དགོས་པ་གདུལ་བྱའི་སྟོབས་ཀྱིས་ཤར་པ་ཡིན་ཏེ། ཚུལ་ཇི་ལྟར་ཞེས་ན་ཡང་མི་སྣང་བ་ལ་ཞེན་པ་གང་ཡང་མེད་པས་ཡེ་ཤེས་ཀྱི་ཁམས་སྟོན་པ་ཆོས་ཀྱི་སྐུའི་གདུལ་བྱ་ཡིན་ཏེ་དེ་ལྟར་མདོ་ལས། མི་རྟོག་ཡེ་ཤེས་རྒྱུ་བ་ལ། དོན་ཀུན་སྣང་བ་མེད་ཕྱིར་རོ། །དེ་ཉིད་ཁོང་དུ་ཆུད་པར་བྱ། །ཅེས་གསུངས་པས་ན། དབྱིངས་དེ་བཞིན་ཉིད་དེ་རྟོགས་པའི་ཡེ་ཤེས་དང་དབྱར་མི་ཕྱེད་པ་ཙམ་ལ་བྱའོ། །སྣང་ནི་སྣང་ལ་ཞེན་པ་མེད་པ་དག་པ་འཇིག་རྟེན་པའི་ཁམས་དང་པོ་ནས་སོ་བཅུ་གཉིས་བར་དུ་སྟོན་པ་ལོངས་སྤྱོད་རྫོགས་སྐུའི་གདུལ་བྱ། སྣང་

(༤༡༧)ཡང་སྣང་ལ་ཞེན་པ་དང་བཅས་པ་མ་དག་པའི་འཇིག་རྟེན་པའི་ཁམས་དགའ་ལྡན་ནམ། སུམ་བཅུ་རྩ་གསུམ་པའི་དང་། འཛམ་བུ་གླིང་དུ་སྟོན་པ་སྤྲུལ་པ་སྐུའི་སྟོན་པའོ། །ཡེ་ཤེས་ལྔ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་དང་། །མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། །སོ་སོར་རྟོག་པའི་ཡེ་ཤེས་དང་། །བྱ་བ་གྲུབ་པའི་ཡེ་ཤེས་དང་། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི། །ལྔར་གྲུབ་པ་དེ་ཐམས་ཅད་ལྡོག་པ་ཐ་དད་པ་ལས། །དངོས་པོ་ཐ་དད་པ་ནི་མ་ཡིན་ནོ། །དེ་ལྟ་བུའི་འབྲས་བུ་ཕུན་སུམ་ཚོགས་བདེ་ཐོབ་པར་བྱེད་པ་ལ། བླ་མ་དམ་པ་མཚན་ཉིད་དང་ལྡན་པ་ཅིག་ལ་བརྟེན་ནས། ལས་ཕུན་སུམ་ཚོགས་པ་ཐེག་པ་ཆེན་པོའི་ཆོས་ལ་ཐོས་བསམ་བསྒོམ་གསུམ་གྱི་སྒོ་ནས་སྒྲུབ་པ་ཉམས་སུ་ལེན་དགོས། དེ་ལྟར་ཉམས་སུ་བླངས་པས་འབྲས་བུ་སྐུ་གསུམ་རོ་ཉོམས་བདེ་བ་ཆེན་པོའི་སྐུ་ཐོབ་པའོ། །དེ་ལྟར་ཡིན་པའི་གནད་ཀས་དེ་ཡོན་ཏན་གྱི་ཆོས་ཐམས་ཅད་སྐྱེད་པར་བྱེད་པས་གཞི་ལྟ་བུའི་གདམ་ངག་འདི་སྟོན། དེའི་མཚན་ཉིད་ཀྱི་དོན་བཤད་ན། ཡོན་ཏན་ནི་ཆོས་ཀྱི་སྐུའི་ལ་བརྟེན་པའི་ཡོན་རྟེན་བྲལ་བའི་ཡོན་ཏན་སུ་བཅུ་རྩ་གཉིས། གཟུགས་ཀྱི་སྐུ་ལ་བརྟེན་པའི་ཡོན་ཏན་རྣམ་པར་སྨིན་པའི་ཡོན་ཏན་སུམ་བཅུ་རྩ་གཉིས་ལ་སོགས་པའི་ཡོན་ཏན་གྱི་ཆོས་ཐམས་ཅད་ཐོབ་པར་བྱེད་པ་བླ་མ་དམ་པ་ཅིག་ལ་བརྟེན་ནས་ཐེག་པ་ཆེན་པོའི་ཆོས་ལ་ཐོས་བསམ་བསྒོམས་གསུམ་གྱིས་ཉམས་བླངས་པ་ལས་བྱུང་བ་དེ་དཔེར་ན་ས་གཞི་ལྟ་བུ་ཡིན་

(༤༡༨)ཏེ། ས་གཞི་ལ་བརྟེན་ནས་རྩི་ཤིང་དང་ནགས་ཚལ་ལ་སོགས་པའི་ལོ་འབྲས་ཐམས་ཅད་སྐྱེ་བར་བྱེད་པ་ལྟར། བླ་མ་ལ་བརྟེན་ནས་ཐེག་པ་ཆེན་པའི་ཆོས་ལ་ཐོས་བསམ་བསྒོམ་གསུམ་གྱིས་ཉམས་སུ་བླངས་པས། འབྲས་བུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྒྱུད་ལ་ཡོད་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཡོད་པས། ཐམས་ཅད་འབྱུང་བ་ཡིན་ཏེ། ནང་ཡོན་ཏན་གྱི་ཆོས་ཐམས་ཅད་བསྐྱེད་པར་བྱེད་པས་གཞི་ལྟ་བུའི་གདམས་ངག་འདི་ལ་དོན་བཞི། བླ་མ་མཚན་ཉིད་དང་ལྡན་པ་ཅིག་ལ་བརྟེན་དགོས། ཤེས་པ་ནི་བླ་མ་མཚན་ཉིད་དང་ལྡན་པ་ཅིག་ལ་བརྟེན་དགོས་ཏེ། དེ་ཡང་བརྒྱུད་པའི་བཀའ་མ་ཆད་པ་དང་། འདོད་པ་ཆུང་ཞིང་ཆོག་ཤེས་པ་དང་། ཐུགས་རྗེ་ཆེ་བ་དང་། བྱིན་རླབས་དང་ལྡན་པའོ། །དང་པོ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ནས་རྩ་བའི་བླ་མ་ཡན་ཆད་དུ། མཚོན་པའི་ཚིག་ལ་མང་ཉུང་མེད་པ་རྟོགས་པའི་དོན་ལ་མི་འདྲ་བ་མེད་དེ། དཔེར་ན་བུམ་པ་ཅིག་ནས་གཅིག་ཏུ་བྱོ་བ་བཞིན་དུ། བླ་མས་བསྟན་པ་དང་། སློབ་མས་རྟོགས་པ་ལ་ཁྱད་མེད་པའོ། །གཉིས་པ་ནི་སྤྱིར་ཆོས་གང་དང་གང་འཆད་པའི་ཚེ་རྙེད་པ་དང་བཀུར་སྟི་འཁོར་དང་ལོངས་

(༤༡༩)སྤྱོད་ལ་སོགས་པའི་ལོག་པའི་དོན་དུ་མི་འཆད་ལ། བྱེ་བྲག་ཏུ་ཕྱག་རྒྱ་ཆེན་པོ་ནི་དེ་དག་གི་དོན་དུ་མི་འཆད་པའོ། །གསུམ་པ་ནི་གང་ལ་ཡང་མ་བལྟ་བར་འགྲོ་བའི་སྡུག་བསྔལ་མ་བཟོད་པར་དཀའ་བ་ཐམས་ཅད་དང་དུ་བླངས་ནས་གཞན་དོན་བྱེད་པའོ། །བཞི་པ་ནི་ནད་སྤོང་བ་དང་གདོན་ཞི་བ་ལ་སོགས་པ་འབྱུང་སྲིད་ཀྱང་། འདི་རང་ལ་ཡོད་པའི་རྟོགས་པ་དེ་སློབ་མའི་རྒྱུད་ལ་ཇི་བཞིན་བསྐྱེད་ནུས་པའོ། །དེ་ལྟར་མཚན་ཉིད་བཞི་པོ་དེ་མི་ཚང་གིས་ཁ་མེད་དེ། བརྒྱུད་པ་དང་མི་ལྡན་ན་གདམས་ངག་ཁྱད་པར་ཅན་མི་འབྱུང་བའི་སྐྱོན་ཡོད་དོ། །འདོད་པ་ཆེན་གདམ་ངག་ལ་ལྷག་ཆད་དང་བསྲེ་སླད་འོང་བའི་སྐྱོན་ཡོད། ཐུགས་རྗེ་ཆུང་ན་འགྲོ་བའི་དོན་མི་གྲུབ། བྱིན་བརླབས་དང་མི་ལྡན་ན་སློབ་མའི་རྒྱུད་ལ་རྟོགས་པ་སྐྱེད་མི་ནུས་པའི་ཕྱིར་རོ། །འོ་ན་བླ་མ་མཚན་ཉིད་དང་ལྡན་པ་ཅིག་ལ་བརྟེན་པ་ཙམ་གྱིས་ཆོག་གམ་སྙན་ན་མི་ཆོག་སྟེ། བླ་མ་དེ་ལ་ཐོས་པ་མ་བྱས་ན། དེ་ལ་དང་པོར་ཐོས་པ་བྱེད་དགོས། ཤེས་པ་ནི་ཐོས་པ་དེ་མ་བྱས་ན་ཤེས་བྱ་གཏན་ལ་མི་ཕབས་པས་དང་པོར་ཐོས་པ་བྱེད་དགོས། དེ་ཡང་

(༤༢༠)བླ་མ་རྟོགས་པ་དང་ལྡན་པ་ཅིག་གིས་སློབ་མགུས་པ་དང་ལྡན་པ་ཅིག་ལ། ངེས་དོན་གྱི་གདམས་ངག་བསྟན་པའི་དུས་སུ། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱང་ཡེ་ནས་སྐྱེ་བ་མེད་པ་ཆོས་ཀྱི་སྐུའི་རང་བཞིན་ཡིན་བྱས་ནས་གདམས་ངག་བསྟན་པས། སློབ་མས་ཀྱང་དེ་ལྟར་ཐོས་ཏེ་རྟོགས་ཏེ་འོང་ངོ། །དེ་ལྟར་ཡང་དོ་ཧ་ལས་ཀྱང་། གདོད་ནས་སྐྱེ་མེད་རང་བཞིན་ཡིན་པ་ལ། དི་རིང་དཔལ་ལྡན་བླ་མ་མགོན་པོས་བསྟན་པས་རྟོགས། ཤེས་པའི་ཕྱིར་རོ། །དེ་ལྟར་མ་གོ་མ་ཤེས་ཀྱིས་བར་དུ་ཐོས་པ་བྱེད་དགོས་སོ། །དེ་ལྟར་ཡང་གཙང་བུ་བསྒོམ་ཆུང་གི་འཕྲིན་ཡིག་ལས་ཀྱང་། །གནས་ལུགས་མ་རྟོགས་པར་དུ་ཐོབས་དགོས་པས་དམ་པའི་གདམ་ངག་ཉོན། །ཞེས་གསུངས་སོ། །བར་དུ་སེམས་དགོས་ཞེས་པའི་དོན་ནི། དེ་ལྟར་ཐོས་པས་བྱས་པས་དོན་གོ་ན་དེས་ཆོག་གམ་སྙམ་ན་མི་ཆོག་སྟེ། གོ་བའི་དོན་བསམས་པའི་སྒོ་ནས་སྒྲོ་འདོགས་ཆོད་དགོས་པས་ན་རང་གིས་སེམས་ཀྱིས་རྟགས་དཔྱད་སྟོང་དགོས་བསམས་ཤིང་རྟགས་དཔྱད་བཏང་བས་སྒྲོ་འདོགས་ཆོད་དགོས་པས་ན་རང་གིས་སེམས་ཀྱིས་རྟགས་དཔྱད་སྟོང་དགོས་བསམས་ཤིང་རྟགས་དཔྱད་བཏང་བས་སྒྲོ་འདོགས་ནང་ནས་ཆོད་པ་ཅིག་འོང་བ་ཡིན། རྟགས་དཔྱད་འདི་ལྟར་སྟོང་ན་དང་པོ་དཔེ་ལ་སྟོང་པ་ཡིན་པས། དཔེར་

(༤༢༡)ན་རྨི་ལམ་གྱི་སྣང་བ་འདི་ཐམས་ཅད་དང་པོ་གང་ནས་འོངས་ཐ་མ་གང་དུ་སོང་ན། གང་ནས་ཀྱང་མ་འོངས་ཤིང་། གང་དུ་ཡང་མ་སོང་སྟེ། སྣང་བའི་དུས་ཉིད་ནས་ན་རང་བཞིན། མེད་དེ་བཟུང་དང་བྲལ་ལོ། །དེ་བཞིན་དུ་ད་ལྟའི་སྣང་བ་ཕྱི་རོལ་གྱི་སྣང་བ་དཀར་མར་གྱིས་སྣང་བའི་དུས་ཉིད། སྣང་བ་འདི་ཐམས་ཅད་ཀྱང་གང་ནས་མ་འོངས་ཤིང་། གང་དུ་ཡང་མི་འགྲོ་ལ། སྣང་བའི་དུས་ཉིད་ན་ཁོ་ན་གྲུབ་པ་མེད་དེ་ངོས་བཟུང་ཐམས་ཅད་དང་འབྲལ་ལོ། །དེ་ལྟར་ངོས་བཟུང་ཐམས་ཅད་དང་བྲལ་བར་ངོས་ཟིན་པ་དེ་ཀ་སྣང་བ་ཆོས་ཉིད་སྐྱེ་བ་མེད་པར་ངོས་ཟིན་ཅིང་སྒྲོ་འདོགས་ཆོད་པ་ཡིན་ནོ། །དེ་ལྟར་སྤྲུལ་འཁོར་ལས། དཔེ་དོན་བསྲེས་ཀྱིས་དཔེ་ལ་སྤྱོད། །དཔྱད་པ་ཉིད་ན་ངོས་བཟུངས་བྲལ། །བྲལ་བ་དེ་ཙམ་ཆོས་ཉིད་དོ། །ཅེས་པ་དང་། དོ་ཧ་ལས་ཀྱང་། བླུན་པོ་རྣམས་ཀྱི་བློ་ལ་རང་གིས་དཔྱད་བྱས་ན། སྐད་ཅིག་གྲོལ་བ་དེ་ལ་ཆོས་ཀྱི་སྐུ་ཞེས་བྱ། གྲོལ་བ་དེ་ལས་གཞན་པའི་བདེ་བ་ཆེན་པོ་ཡོད། །ཅེས་གསུངས་སོ། །འོ་ན་དེ་ལྟར་རང་བཞིན་མེད་པ་ཅིག་ཡིན་ན། །སྣང་བ་སྣ་ཚོགས་སུ་སྣང་ཡང་མི་ཐད་ཅེས་ན། །མི་ཐད་པ་མེད་དེ། དེ་ཐམས་ཅད་ཀྱང་སེམས་འཁྲུལ་པའི་སྣང་བ་ཡིན་

(༤༢༢)ཏེ། དཔེར་ན་རབ་རིབ་ཅན་ལ་སྐྲ་ཤང་སྣང་བ་བཞིན་ནོ། །དེ་ལྟར་ཡང་སྒྲོན་མ་ལས། ཆོས་རྣམས་སེམས་ཀྱིས་འཁྲུལ་པ་ཡིན། །སེམས་ལས་མ་རྟོགས་ཆོས་རྣམས་མེད། །ཅེས་པ་དང་དོ་ཧ་ལས། སྣང་བ་འདི་དག་སེམས་ཀྱིས་འཁྲུལ་པ་སྟེ། །འོ་ན་སྣང་བ་འདི་སེམས་ཀྱིས་འཁྲུལ་པར་འདུག །མེད་སྣང་དུ་འདུག་ན། སེམས་རང་ཇི་ལྟ་བུ་ཡིན་སྙམ་ན། རང་གིས་སེམས་ལ་བལྟོས་དང་། བལྟས་ན་སེམས་ལ་དངོས་པོ་དང་མཚན་མ་གང་དུ་ཡང་གྲུབ་པ་མེད་དེ། ནམ་མཁའ་ལྟ་བུ་ཡིན་ནོ། །དེ་ལྟར་དོ་ཧ་ལས་ཀྱང་། སེམས་ནི་ནམ་མཁའ་ལྟ་བུར་བཟུང་བྱ་སྟེ་གདོད་ནས་དག་པ་ནམ་མཁའི་རང་བཞིན་ལ། བལྟས་ཤིང་བལྟས་ཤིང་མཐོང་བ་འགག་པར་འགྱུར། །ཞེས་གསུངས་སོ། །དེ་ལྟར་ངོས་བཟུང་ཐམས་ཅད་དང་བྲལ་ཏེ། སྐྱེ་བ་མེད་པར་སྒྲོ་འདོགས་ཆོད་པ་དེ་ཀ་རང་སེམས་གཏན་ལ་ཕེབས་པ་ཡིན་ནོ། །དེ་བསམས་ནས་སྒྲོ་འདོགས་ཆོད་ན་ངེས་ཆོག་གམ་སྙམ་ན་མི་ཆོག་སྟེ། ཐ་མར་བསྒོམ་དགོས། ཞེས་པའི་དོན་ནི། མ་བསྒོམས་ན་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བཞིན་མེད་པར་སྒྲོ་འདོགས་ཆོད་ཀྱང་། སྒྲོ་འདོགས་ཆོད་བྱེད་ཀྱི་ཤེས་པའི་བློ་དང་མི་འབྲལ་ཏེ། དེ་དང་མ་བྲལ་ན་སྤྲིན་ནག་པོ་བསལ་ཡང་དཀར་པོས་

(༤༢༣)བསྒྲིབས་པ་དང་འདྲའོ། །སྒྲོ་འདོགས་ཆོད་པའི་བློ་དང་བྲལ་བར་བྱེད་པ་ལ། བློ་བྲལ་གྱི་དོན་བསྒོམ་དགོས་ཏེ། དེ་ལྟར་ཡང་སྤྱོད་འཇུག་ལས། སྟོང་ཉིད་བག་ཆགས་གོམས་པ་ཡིས། །དངོས་པོའི་བག་ཆགས་སྤོང་བར་བྱེད། །ཅི་ཡང་མེད་ཅེས་གོམས་པས་ནི། །དེ་ཡང་ཕྱིས་ནས་སྤོང་བར་བྱེད། །ཅེས་གསུངས་སོ། །དེ་ལྟར་བསམ་བྱུང་གི་ཤེས་རབ་ཀྱིས་སྒྲོ་འདོགས་ཆོད་པ་དང་། དེ་ཀའི་ངང་ལ་ཡོད་པ་དང་། མེད་པ་དང་། བསྒོམ་པ་དང་མི་བསྒོམས་པ་ལ་སོགས་པའི་བློ་ཐམས་ཅད་དང་བྲལ། གནས་ལུགས་ཀྱི་ངང་ལ་རང་སར་བཞག་གོ། དེ་ལྟར་ཡང་སྣང་བ་དང་སྟོང་པར་དབྱེར་མེད་དུ་ཤེས་པར་བྱས་ནས། སྤང་ལངས་དང་ཡིན་མིན་གྱི་རྩོལ་བ་མེད་པར་གནས་ལུགས་ཀྱི་ངང་ལ་ཤེས་པ་མ་བཅོས་པར་བཞག་ལ། དེ་ཀ་ལ་ཐ་སྙད་ཀྱིས་བསྒོམ་ཞེས་མིང་དུ་བཏགས་པ་ལས། དོན་ལ་བློ་ཡུལ་དུ་བྱས་པའི་དོན་བསྒོམ་དུ་མེད་དོ། །དེ་ལྟར་ཡང་སྒྲོན་མ་ལས། མི་མཐུན་པ་དང་གཉེན་པོ་དབྱེར་མེད་ཕྱིར། །གང་གིས་ཤེས་ནས་བརྩོལ་བ་ཀུན་སྤངས་ཏེ། །བཏང་སྙོམས་རྩམ་དུ་མ་བཅོས་ངང་ལ་བཞག །ཐ་སྙད་རྩམ་དུ་བསྒོམ་ཞེས་དེ་ལ་བརྗོད།། །།ཅེས་གསུངས་སོ། །ན་མོ་གུ་རུ་བླ་མ་རིན་པོ་ཆེ་ཞལ་ནས་

(༤༢༤)བཀའ་སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ་གྱི་ཆོས་སོ་པ་ཏི་རི་རྒྱུད་ཙམ་པ་ཅིག་ཡོད་ཀྱང་། དེ་ཐམས་ཅད་ཀྱི་བརྗོད་བྱའི་དོན་བསྡུ་ན་གཉིས། དྲང་དོན་སྐྱེ་བ་བཟང་བར་བྱེད་པའི་ཆོས་དང་། དེས་དོན་སྐྱེ་བར་འདག་པར་བྱེད་པའི་ཆོས་སོ། །དང་པོ་དེའི་བརྗོད་བྱ་མི་དགེ་བ་བཅུ་རྒྱུ་ཡི་ཉེས་དམིགས་དང་། འབྲས་བུའི་ཉེས་དམིགས་དང་། དགེ་བ་བཅུ་རྒྱུའི་ཕན་ཡོན་དང་། །འབྲས་བུའི་ཕན་ཡོན་བཤད་པས་མངོན་མཐོ་དོན་དུ་གཉེར་བའི་གང་ཟག་གིས་མི་དགེ་བ་བཅུ་སྤངས་དགེ་བ་བཅུ་ཉམས་སུ་བླངས་པས་འབྲས་བུ་མངོན་པར་མཐོ་བ་ལྷ་དང་མིའི་གོ་འཕང་ཐོབ་པའོ། །གཉིས་པ་ནི། རིགས་ཅན་གྱི་གང་ཟག་གསུམ་གྱིས། །ཐེག་པ་གསུམ་གྱིས་སྒོར་ཞུགས་ནས། །སྒྲུབ་པ་ཉམས་སུ་བླངས་པས་ངེས་པར་ལེགས་པའི་བྱང་ཆུབ་རྣམ་པ་གསུམ་ཐོབ་པའོ། །དེ་ལྟར་གཉིས་ཡོད་པ་ལས་ད་རེས་དྲང་དོན་མི་སྟོན། ངེས་དོན་ལ་དབྱེ་ན་གསུམ་ཡོད་པ་ལས། ཉན་རང་གིས་ཐེག་པ་མི་སྟོན། །ཐེག་པ་ཆེན་པོའི་གདམས་ངག་ཅིག་སྟོན། དེ་ལ་གཉིས་ཕ་རོལ་དུ་ཕྱིན་པའི་ཐེག་པ་དང་གསང་སྔགས་འབྲས་བུའི་ཐེག་པའོ། །ད་རེས་དང་པོ་ནི་མི་སྟོན། གཉིས་པ་གསང་སྔགས་འབྲས་བུའི་ཐེག་པ་དེ་སྟོན། དེ་ལ་གཉིས། བསྐྱེད་པའི་རིམ་པའི་གདམ་ངག་དང་རྫོགས་པའི་རིམ་པའི་གདམ་

(༤༢༥)གཉིས་ཡོད་པ་ལས། འདིར་བསྐྱེད་རིམས་མི་སྟོན། རྫོགས་པའི་རིམས་པའི་གདམས་ངག་སྟོན། དེ་ལ་གཉིས། རྫོགས་པ་ཆེན་པོའི་མན་ངག་དང་ཕྱག་རྒྱ་ཆེན་པའི་མན་གཉིས་ཡོད་པ་ལས། འདིར་ཕྱག་རྒྱ་ཆེན་པའི་གདམ་ངག་སྟོན། དེ་ལ་ཡང་དྲི་བཅས་དད་དྲི་མ་མེད་པ་གཉིས་ཡོད་པ་ལས། འདིར་དྲི་མ་མེད་པའི་གདམས་ངག་ཅིག་སྟོན། དེ་ལ་གསུམ་གཞི་དྲི་མ་མེད་པ་དང་། ལམ་༴ འབྲས་བུ༴ དང་པོ་ནི་ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པའོ། །གཉིས་པ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལམ་དུ་འཁྱེར་བའོ། །གསུམ་པ་ནི་དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་དོན་དང་མི་འབྲལ་བའོ། །དེ་ལྟར་དྲི་མེད་ཟང་ཐལ་དུ་འཁྱེར་བར་བྱེད་པ་ལ། པདྨ་ལྟ་བུའི་གདམ་ངག་འདི་སྟོན། དེ་ཡང་དྲི་མ་མེད་ཅེས་སྟོན་པ་ནི་གཟུང་འཛིན་བློའི་དྲི་མ་དང་བྲལ་བའོ། །ཟང་ཐལ་ལམ་དུ་འཁྱེར་བར་བྱེད་པའི་གདམ་ངག་ནི། གཞི་དྲི་མ་མེད་པ་དེ་ཉིད་གཏན་ལ་ཕབ་ནས་ལམ་དུ་འཁྱེར་བ་ལ་བརྟེན་ནས། འབྲས་བུ་དྲི་མ་མེད་པ་དེ་ཉིད་ཐོབ་པ་མེ་རྟོག་པདྨ་ལྟ་བུ་ཡིན་ཏེ། དཔེར་ན་མེ་ཏོག་པདྨ་སྟེ་འདམ་ལས་སྐྱེས་ཀྱང་སྡོང་བུ་དང་ཡལ་ཀ་དང་མེ་ཏོག་གི་དུས་གསུམ་ཀ་རུ། འདམ་གྱིས་མ་གོས་

(༤༢༦)པ་བཞིན་དུ། གཞི་དྲི་མ་མེད་པ་ལྷན་ཅིག་སྐྱེས་པའི་དོན་ལྟ་བས་གཏན་ལ་ཕབ་པས་དོན་དེ་ཉིད་བསྒོམ་པས་ཉམས་སུ་ལེན་པའི་དུས་སུ། ལམ་དྲི་མེད་འོད་གསལ་ལམ་དུ་ཁྱེར་བས། འབྲས་བུ་མངོན་དུ་གྱུར་པའི་དུས་སུ་འབྲས་བུ་མངོན་དུ་གྱུར་པའི་དུས་སུ་འབྲས་བུ་དྲི་མ་མེད་པ་ཆོས་ཀྱི་སྐུ་ཐོབ་པར་བྱེད་པའི་ཐབས། པདྨ་ལྟ་བུའི་གདམས་ངག་འདི་ལ་དོན་བཞི། ཕྱག་རྒྱ་ཆེན་པོ་དྲི་མེད་ཟང་ཐལ་ལྟ་བ་ཕྱག་རྒྱ་ཆེན་པོ་གཏན་ལ་འབེབས་པ་དང་ཅིག་བཅེས་པ་ནི། སྣང་གྲགས་ཀྱི་ཆོས་ཐམས་ཅད་ལྷན་སྐྱེས་པའི་ཡེ་ཤེས་ཀྱིས་སྣང་བ་ཤར་ཏེ། དེ་ལ་དབྱེ་ན་གསུམ་ཕྱི་ལྷན་ཅིག་སྐྱེས་པ་དང་། །ནང་ལྷན་ཅིག་སྐྱེས་པ་དང་། གསང་བ་ལྷན་ཅིག་སྐྱེས་པའོ། །དང་པོ་ནི། ཕྱི་རོལ་ཚོགས་དྲུག་ཡུལ་གྱི་སྣང་བ་ཐམས་ཅད་ཀྱང་ཆོས་ཉིད་སྟོང་པ་དང་། ལྷན་ཅིག་སྐྱེས་པ་ལ་ཆོས་ཉིད་སྟོང་པ་ཡང་སྣང་བ་དང་ལྷན་ཅིག་སྐྱེས་པ་སྟེ། ནང་ལྷན་ཅིག་སྐྱེས་པ་དང་། གསང་བ་ལྷན་ཅིག་སྐྱེས་པའོ། །དེ་གཉིས་ཀྱང་དུས་ལ་སྔ་ཕྱི་མེད་ཅིང་དངོས་པོ་ལ་བཟང་ངན་མེད་པས་ན་ལྷན་ཅིག་སྐྱེས་པའོ། །དེ་ལྟར་ཡང་ས་ར་ཧའི་ཞལ་ནས་ཀྱང་། སྣང་བ་སློབ་དཔོན་དུ་རྟོགས་པར་བྱ། དུ་མ་རོ་ཅིག་ཏུ་རྟོགས་པར་བྱ། དངོས་པོ་རྣམས་ལྷན་ཅིག་སྐྱེས་པར་བྱ། ཅེས་གསུངས་སོ། །དེ་ལྟར་ལྷན་ཅིག་སྐྱེས་པར་ངོ་མ་ཤེས་པ་ཇི་སྲིད་དུ། ཕྱི་བཟུང་བའི་ཡུལ་རྟོགས་པ་ཡིན་ལ། ལྷན་ཅིག་སྐྱེས་

(༤༢༧)པ་ངོས་ཟིན་པ་ལ་རང་གི་ངོ་བོའི་སྒོ་ནས་མིང་བཏགས་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བྱ་ལ། ཡུལ་དང་ཡུལ་ཅན་ཤེས་པའི་སྒོ་ནས་མིང་བརྟགས་པ་ཇི་སྙེད་མཁྱེན་པའི་ཡེ་ཤེས། གཉིས་པ་ནི། ནང་འཛིན་བྱེད་ཀྱི་ཤེས་པ་ཡང་འོད་གསལ་སྟོང་པར་ལྷན་ཅིག་སྐྱེས་ལ། སེམས་ཉིད་འོད་གསལ་སྟོང་པ་ཡང་འཛིན་བྱེད་ཀྱི་ཤེས་པ་དང་ལྷན་ཅིག་སྐྱེས་ཏེ། དེ་གཉིས་ཀྱང་དུས་ལ་སྔ་ཕྱི་མེད་ཅིང་དངོས་ལ་བཟང་ངན་མེད་དེ་ལྷན་ཅིག་སྐྱེས་པ། དེ་ལྟར་ངོས་མ་ཟིན་པ་ཇི་སྲིད་དུ་འཛིན་པའི་རྟོག་པ་ཡིན་ལ་ངོས་ན་ངོ་བོའི་སྒོ་ནས་མིང་བཏགས་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཤེས་བྱ་ལ། ཡུལ་དང་ཡུལ་ཅན་གྱི་སྒོ་ནས་མིང་བཏགས་པས་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཤེས་ཀྱང་བྱའོ། །དེ་ལྟར་ཡང་ས་ར་ཧའི་ཞལ་ནས་ཀྱང་། །རྣམ་རྟོག་ཡེ་ཤེས་ཆེན་པོ་ཡིན། །དུག་ལྔ་སྨན་གྱི་རང་བཞིན་ཡིན། །བཟུང་རྟོག་འཛིན་རྟོག་རྡོ་རྗེ་འཆང་། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་ནི། སྒྲོ་འདོགས་གཅོད་བྱེད་ཀྱི་ཤེས་པ་དང་། ཆོས་ཀྱི་དབྱིངས་ཀྱང་ལྷན་ཅིག་སྐྱེས་པ་ཡིན། དེ་ངོས་མ་ཟིན་པ་ཇི་སྲིད་དུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་ལ་དེ་ངོས་ཟིན་པས་དབྱིངས་ཀྱི་ཡེ་ཤེས་བྱིན་

(༤༢༨)གྱིས་རླབས་ཀྱིས་རིག་པའི་རྟོག་པ་དག་སྟེ། དབྱིངས་དང་ཡེ་ཤེས་དབྱེར་མེད་པ་དེ་ལ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཤེས་ཀྱང་བྱ་ལ་རྣམ་པར་མི་རྟོགས་པའི་ཡེ་ཤེས་ཤེས་ཀྱང་ཐ་སྙད་བཏགས་པ་ལས། དོན་ལ་ཡེ་ཤེས་མེད། དེ་ཡང་ས་ར་ཧ་པས། ལམ་མེད་ཡེ་ཤེས་མེད་དོ། །ཅེས་གསུངས་པའོ། །དེ་ལྟར་ལྟ་བ་ལྷན་ཅིག་སྐྱེས་པར་གཏན་ལ་ཕབ་པ་ཙམ་གྱིས་མི་ཆོག་སྟེ། བསྒོམ་པ་ཉམས་སུ་ལེན་དགོས་ཞེས་སྟོན་པ་ནི། བསྒོམ་པ་འོད་གསལ་དྲི་མེད་ལམ་དུ་ཁྱེར་ཤེས་པ་དང་གཉིས། །ཞེས་པ་ནི། སྣང་གྲགས་ཀྱི་ཆོས་ཐམས་ཅད་ཡེ་ནས་འོད་གསལ་སྟོང་པ་སྐྱེ་བ་མེད་པ་ཆོས་སྐུའི་རང་བཞིན་ཡིན་ལ། གདོད་མ་ནས་རྣམ་པར་དག་པ་སྤྲོས་པའི་མཐའ་ཐམས་ཅད་དང་འབྲལ་བར་དེས་ཟིན་པའོ། །དེ་ལྟར་མདོ་ལས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །ཤེས་གསུངས་པའི་ཕྱིར་རོ། །ཞེས་པ་ནི། དེ་ལྟར་ཆོས་ཐམས་ཅད་སྐྱེ་མེད་དུ་ངོས་ཟིན་པ་དང་། དེ་ཀའི་ངང་ལ་བསྒོམ་པ་དང་ཡོད་པ་དང་མེད་པ་དང་ལ་སོགས་པ་བཟུང་འཛིན་བློའི་དྲི་མ་དང་བྲལ་བར་བྱས་ལ་བློ་བྲལ་གྱི་ངང་དུ་འཛིན་མེད་དུ་བཞག་གོ། །བྲམ་ཟེ་ཆེན་པོའི་ཞལ་ནས་ཀྱང་། ཆོས་ཉིད་མི་བསྒོམ་པ་དང་

(༤༢༩)སྤྲོས་དང་བྲལ་བ་ལ། ཤེས་པ་སྤྲོས་དང་བྲལ་བར་གཞག་ཅེས་པ་དང་མ་བཅོས་ཤེས་པ་བུ་ཆུང་ལྟ་བུར་གཞག ཅེས་གསུངས་པས་སོ། །སྤྱོད་པ། ཅིར་སྣང་ཐུག་ཕྲད་རང་གྲོལ་ལམ་དུ་འཁྱེར་ཤེས་པ་དང་གསུམ། ཞེས་པ་ནི་མིག་གི་ཡུལ་དུ་གཟུགས་ཆེ་བ་དང་ཆུང་བ་དང་། ལེགས་པ་དང་མི་ལེགས་ལམ་རྣམ་པ་བཟིའི་སྐབས་སུ། ལེགས་དེ་ལྟར་མཉམ་བཞགས་གི་དུས་སུ་འོད་གསལ་ཆོས་ཀྱི་སྐུའི་ཉམས་སྡང་མ་བྲལ་བར་བསྒོམ། རྗེས་ཀྱི་དུས་སུ་ཇི་ལྟར་བྱ་ན་རྗེས་ཐོབ། ཞེས་པ་ནི་མིག་གི་ཡུལ་དུ་ཅེར་གྱིས་མཐོང་བའི། རྣ་བས་སྒྲ་ལྷང་གིས་ཐོས་པ་འགྲོ་བའོ། པ་ལ་སོགས་པ་སྣ་ཚོགས་སུ་སྣང་བ་དང་དེ་བཞིན་དུ་རྣ་བའི་ཡུལ་དུ་སྒྲ་སྣ་ཚོགས་པ་ལ་སོགས་པའི་ཚོགས་དྲུག་གིས་ཡུལ་དུ་སྣང་བའི་དངོས་པོ་ཐམས་ཅད་ལ། །སྔར་ལྟར་ལྟ་བསྒོམ་གྱི་དུས་སུ། སྣང་གྲགས་ཀྱིས་ཆོས་ཐམས་ཅད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས་གཏན་ལ་ཕབ་ཅིང་བསྒོམས་པའི་སྟོབས་ཀྱིས། རྗེས་ཀྱི་གནས་སྐབས་སུ་སྣང་བ་གང་དང་ཕྲད་པ་ཐམས་ཅད་ཀྱང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་ངོས་ཟིན་པས་ཚོགས་དྲུག་ཡུལ་གྱི་སྣང་བ་ཐམས་ཅད་རང་གྲོལ་དུ་འགྲོ་སྟེ། དཔེར་ན་སྔར་འདྲིས་ཀྱི་མི་ངོ་ཤེས་པ་ལྟ་བུ་འབྱུང་ངོ་། །

(༤༣༠)དེ་ལྟར་བྲམ་ཟེ་ཆེན་པོའི་ཞལ་ནས་ཀྱང་། །ཅེར་གྱིས་སྣང་བའི་དུས་ཉིད་དུ། །ཕྱག་རྒྱ་ཆེན་པོར་རྟོགས་པ་ནི། །དུས་མཉམ་དག་ཏུ་འདོད་པ་ཡིན། །ཞེས་པས་སོ། །འབྲས་བུ་ལྷུན་གྲུབ་རེ་དོགས་མེད་པའི་གདེང་ཚུད་པ་དང་བཞིའོ། །ཅེས་པ་ནི། འོད་སྟེ་དེ་ཡང་འབྲས་བུ་ནི་ཆོས་ཀྱི་སྐུ་ཡིན་ལ། ལྷུན་གྲུབ་ནི་སྣང་གྲགས་ཀྱི་ཆོས་ཐམས་ཅད་ཡེ་ནས་སྐྱེ་བ་མེད་པ་ཆོས་ཀྱི་སྐུའི་རང་བཞིན་དུ་གོ་སྟེ། འཁོར་འདས་གཉིས་མེད་དུ་རྟོགས་པའོ། །མཆན་བུ། དེ་ལྟར་ལྟ་བསྒོམ་སྤྱོད་པ་གསུམ་གྱིས་སྒོ་ནས་ཉམས་སུ་བླངས་པས་འབྲས་བུ་གང་ཐོབ་པ་ཡིན་སྙམ་ན། རྩ་བ། རེ་དོགས་མེད་པ་ནི། དེ་ལྟར་འཁོར་བ་ཉིད་མྱ་ངན་ལས་འདས་པ་རྟོགས་པས། མྱ་ངན་ལས་འདས་པ་ལོགས་ནས་ཐོབ་ཏུ་རེ་བ་མེད་ལ། མྱ་ངན་ལས་འདས་པ་ཉིད་འཁོར་བར་རྟོགས་པ་དང་། འཁོར་བ་ངན་པ་ཅིག་ཏུ་ལྷུང་གིས་དོགས་པ་ཡང་མེད་དེ། དེ་ལྟར་ཡང་བྲམ་ཟེ་ཆེན་པོའི་ཞལ་ནས་ཀྱང་། ཁམས་གསུམ་

(༤༣༡)ནས་སངས་རྒྱས་ཡིན། འཁོར་བ་ཡེ་ནས་མྱ་ངན་འདས། །ཤེས་གསུངས་སོ། །གདེང་དུ་ཚུད་པ་ནི། སྒྲོ་འདོགས་ནང་དུ་ཆོད་དེ་ངེས་པའི་དོན་ལ་ཤེས་པ་གཏིང་ནས་སྐྱེས་པས། འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་རེ་དོགས་ཏིལ་འབྲུ་ཙམ་ཡང་མེད་པའོ།། །།ན་མོ་གུ་རུ། བླ་མ་རིན་པོ་ཆེའི་ཞལ་ནས། སྐལ་ལྡན་ཀུན་འཁོར་བ་འདི་མེ་དོང་དང་འདྲ་རྩོན་ར་དང་འདྲ། གཤེད་མའི་རལ་གྲི་དང་འདྲ། སྡུག་བསྔལ་འབའ་ཞིག་ལས་བདེ་བའི་གནས་སྐབས་སྐད་ཅིག་ཀྱང་མེད་པས་ད་འཁོར་བའི་སྡུག་བསྔལ་འདི་ལས་ཐར་བར་བྱེད་པའི་ཐབས་ཅིག་ཚོལ་དགོས། མྱ་ངན་ལས་འདས་པའི་བདེ་བ་ཐོབ་པར་བྱེད་པའི་ཐབས་ཅིག་ཚོལ་དགོས། འོ་ན་འཁོར་བའི་སྡུག་བསྔལ་དང་བྲལ་ནས་མྱ་ངན་ལས་འདས་པའི་བདེ་བ་ཐོབ་པར་བྱེད་པ་ལ་ཅི་དགོས་ན། དེ་ལ་འཁྲུལ་པ་དག་དགོས། །འཁྲུལ་པ་འཇིག་དགོས། འཁྲུལ་པ་དག་པའམ་ཞིག་པ་དེ་ཀ་ལ་མྱ་ངན་ལས་འདས་པའི་བདེ་བ་ཐོབ་ཅེས་ཐ་སྙད་དུ་བཏགས་པ་ལས་མྱ་ངན་ལས་འདས་པའི་བདེ་བ་ལོགས་སུ་ནས་སྒྲུབ་ཏུ་མེད། དེ་ལྟར་རྒྱན་ལས། དེ་ཕྱིར་ཐར་པ་ནོར་ཙམ་ཟད་པ་

(༤༣༢)ཡིན། །ཞེས་པ་དང་། འཁྲུལ་པ་དག་པའི་བྱེད་པ་ལ་ཅི་དགོས་ན། ད་ལ་འཁྲུལ་པའི་ཡིན་ལུགས་ཤས་དགོས། གནས་ལུགས་གོ་དགོས། འོ་ན་ཀུན་རྫོབ་འཁྲུལ་པའི་སྣང་བ་འདིའི་ཡིན་ལུགས་ཅི་ཡིན་ན། ཡིན་ལུགས་མེད་པ་ལ་སྣང་བ་སྨིག་རྒྱུ་ལྟ་བུ་ཡིན། སྣང་བའི་དུས་ཉིད་ན་སྟོང་པ་ཆུ་ཟླ་ལྟ་བུ་ཡིན། གནས་ལུགས་ཇི་ལྟར་གནས་ན་སྣང་བ་དང་སྟོང་པ་ཉིད་གཉིས་མེད་སུ་བར་གནས་སོ། །དེ་ལྟར་གཉིས་མེད་ཀྱི་དོན་རྟོགས་ན་གཉིས་འཛིན་དང་གཉིས་སྣང་གི་རྟོགས་པ་ཐམས་ཅད་རང་སར་གྲོལ་ཏེ། འཁྲུལ་པ་དག་པ་ཡིན་པས་གནད་ཀྱི་ཚིག་བཞི་ལ་བརྟེན་ནས་འཁྲུལ་པའི་གཞི་རྩ་གཅོད་པར་བྱེད་པ་སྤུ་གྲི་ལྟ་བུའི་གདམས་ངག་འདི་སྟན། མཚན་གྱི་དོན་བཤད་ན། གནད་ཅེས་པ་ནི་འཁྲུལ་པའི་ཡིན་ལུགས་ཤེས་ཤིང་། གནས་ལུགས་གོ་ན་འཁྲུལ་པ་འཇིག་པ་ལ་ཚེགས་མེད་དེ། འཁྲུལ་པར་དག་ངེས་སོ། །ཚིག་བཞི་པ་ཅེས་པ་ནི། སྣང་བའི་ཡིན་ལུགས་གཏན་ལ་འབེབས་པར་བྱེད་པའི་ཚིག་གཉིས་གནས་ལུགས་གོ་བར་བྱེད་པའི་ཚིག་གཉིས་ཏེ་བཞིའོ། །ད་ལྟར་མན་ངག་གིས་ཚིག་བཞི་པོ་ལ་བརྟེན་ནས། འཁྲུལ་

(༤༣༣)པའི་གཞི་རྩ་གཅོད་པར་བྱེད་པ་སྟེ། དཔེར་ན་སྤུ་གྲི་ལྟ་བུ་ཡིན་ཏེ། སྤུ་གྲི་དེས་ཀྱང་སྤྲུ་ཕྲ་རགས་མེད་པར་ཐམས་ཅད་ཉལ་གྱིས་གཅོད་པར་བྱེད་པ་བཞིན་དུ། མན་ངག་གི་ཚིག་བཞི་པོ་འདིས་ཀྱང་འཁྲུལ་པའི་རྟོག་པ་ཕྲ་རགས་མེད་པར་ཐམས་ཅད་རྩ་བ་ནས་བཅད་ནས་འདག་པར་བྱེད་པས་ན། སྤུ་གྲི་ལྟ་བུའི་གདམ་འདི་སྟོན། །གནད་ཀྱི་ཚིག་གཞི་ལ་བརྟན་ནས་ནས་འཁྲུལ་པའི་གཞི་རྩ་གཅོད་པར་བྱེད་པ། སྤུ་གྲི་ལྟ་བུའི་གདམ་ངག་འདི་ལ་དོན་བཞི། ཞེས་པ་ནི། གཞི་དངོས་པོ་གཤིས་ཀྱིས་གནས་ལུགས་ཆོས་ཉིད་དེ་བཞིན་ཉིད་ཀྱིས་རྣམ་པར་དག་པ། ནམ་མཁའི་དཀྱིལ་ལྟ་བུ་དངོས་དང་མཚན་མ་གང་དུ་ཡང་གྲུབ་མ་མེད་པའོ། །མེད་པར་སྣང་བ་དང་ཅིག །ཅེས་པ་ནི། དེ་ལྟར་ཆོས་ཀྱི་དབྱིངས་ནམ་མཁའི་དཀྱིལ་ལྟ་བུ་དེའི་ངང་ལས། རྒྱུ་མ་རིག་པས་བྱས་རྐྱེན་རླུང་ལྔས་བྱས་ནས་ངོ་བོ་རིག་པ་འཁྲུལ་པས་བཟུང་འཛིན་འཁྲུལ་པའི་སྣང་བ་སྣ་ཚོགས་སུ་ཤར་ཏེ་འཁོར་བ་དང་མྱ་ངན་ལས་འདས་པའི་བདེ་བ་དང་སྡུག་བསྔལ་ལ་སོགས་པ་སྣ་ཚོགས་པ་ཉམས་སུ་མྱོང་བ་ཡིན་ནོ། །དེ་ཡང་དཔེར་ན་ནམ་མཁའ་དངས་པ་ལ་སྤྲིན་བློ་བུར་དུ་བྱུང་བའམ་

(༤༣༤)ཆུ་དངས་པ་ལ་རྙོག་མ་བློ་བུར་དུ་འབྱུང་བ་ལྟ་བུ་ཡིན་ཏེ། དེ་ལྟར་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལས་ཀྱང་། སྟོང་པ་ཉིད་པ་ཉིད་གཟུགས་སོ་ཤེས་པ་དང་། གཞན་ཡང་རྣམ་འགྲེལ་ལས་སེམས་ཀྱི་རང་བཞིན་འོད་གསལ་བ། དྲི་མ་རྣམས་ནི་བློ་བུར་བ་ཅེས་གསུངས་པའོ། །དེ་ལྟར་བཟུང་བ་དང་འཛིན་པ་འཁོར་བ་དང་མྱ་ངན་ལས་འདས་པ། བདེ་བ་དང་སྡུག་བསྔལ་སྐྱོན་དང་ཡོན་ཏན་ལ་སོགས་པའི་སྣང་བ་སྣ་ཚོགས་སུ་སྣང་བ་ཐམས་ཅད་ཀྱང་། སྣང་བ་དང་སྟོང་པ་གཉིས། ཞེས་པ་ནི། དཔེར་ན་འཁྱག་པ་ཉིད་ཆུ་ཡིན་པ་བཞིན་ནམ། སྨིག་རྒྱུ་ལ་ཆུར་སྣང་བའི་དུས་ཉིད་ན་ཆུ་ཐིག་པ་ཅིག་ཀྱང་ཡོད་མ་མྱོང་བ་བཞིན་ནོ། །དེ་ལྟར་ས་ར་ཧ་པས་ཀྱང་། གཟུགས་སྟོང་པའོ། །ཅེས་གསུངས་པ་དང་། མདོ་ལས་ཅི་ཏེ་ངོ་བོ་ཉིད་དུ་ན། སྣང་བ་འདི་དག་མེད་པ་སྟེ། ཡང་དག་ཏུ་ན་སྣང་མེད་པའི་རྣམ་པར་ཤེས་པའི་འཁྲུལ་བར་སྣང་ཞེས་གསུངས་སོ། །གཉིས་སུ་མེད་པ་དང་གསུམ་ཞེས་པ་ནི། དེ་ལྟར་སྣང་བ་ཉིད་སྟོང་པ་ཡིན་ལ། སྟོང་པ་ཉིད་ཀྱི་རྩལ་སྣང་བར་ཤར་བ་ཡིན་པས་ན་སྣང་བ་དང་སྟོང་པ་གཉིས་སུ་མེད་པའོ། །འཁོར་བ་ཉིད་མྱ་ངན་ལས་འདས་པ། མྱ་ངན་ལས་འདས་པ་ཉིད་

(༤༣༥)ཉིད་འཁོར་བར་སྣང་བས་ན་འཁོར་འདས་གཉིས་སུ་མེད་པའོ། །བདེ་བའི་ངོ་བོ་ཡང་སྟོང་པ། སྡུག་བསྔལ་གྱི་ངོ་བོ་ཡང་སྟོང་པར་འདུག་པས་ན་བདེ་སྡུག་གཉིས་སུ་མེད། སྐྱོན་དང་ཡོན་ཏན་གཉིས་སུ་མེད་དེ་རོ་གཅིག །སྤང་བྱ་དང་གཉེན་པོ་གཉིས་སུ་མེད་དེ་རོ་གཅིག་པའོ། །དེ་ཡང་། དཔེར་ན་དུང་དང་དུང་གིས་དཀར་པོ་ལྟ་བུའོ། །དེ་ལྟར་ཡང་གཉིས་མེད་གཉིས་སུ་མེད་པར་སྟོན་ཞེས་པ་དང་། ས་ར་ཧའི་ཞལ་ནས་ཀྱང་། འཁོར་བ་ཡེ་ནས་མྱ་ངན་འདས། །སེམས་ཅན་ཡེ་ནས་གྲོལ་བ་ཡིན། །ཉོན་མོངས་ཡེ་ནས་བྱང་ཆུབ་ཡིན། །ཞེས་གསུངས་སོ། བློ་དང་བྲལ་བའོ། །ཅེས་པ་ནི། དེ་ལྟར་སྣང་བ་འདི་སྟོང་པར་གོ་བས་སྣང་བ་དགག་པའི་བློ་དང་ཡང་བྲལ། སྟོང་པ་ཉིད་སྣང་བར་གོ་བས་སྟོང་པ་བསྒོམ་པས་བློ་དང་བྲལ་ལོ། །ལར་ཧྲིལ་གྱིས་དྲིལ་བས་འཁོར་འདས་གཉིས་སུ་མེད་པར་གོ་བས། རེ་དོགས་ཀྱི་བློ་དང་ཡང་བྲལ་བ་ལ་སྐྱོན་མེད་དུ་གོ་བས་བླང་དོར་གྱི་བློ་དང་བྲལ། དེ་ལྟར་གཉིས་མེད་ཀྱིས་དོན་རྟོགས་ན་གཉིས་འཛིན་གྱི་བློ་ཐམས་ཅད་དང་བྲལ་ཏེ། བློ་བྲལ་གྱི་དོན་ལ་མ་ཡེངས་པར་གཞག་གོ། །ཅེས་གསུངས་སོ། །དེ་ལྟར་ཡང་

(༤༣༦)སྒྲོན་མ་ལས་ཀྱང་། བཏང་སྙོམས་ཙམ་དུ་མ་བཅོས་དང་གཞག་ན། ཐ་སྙད་ཙམ་དུ་བསྒོམ་ཞེས་དེ་ལ་བརྗོད། །ཅེས་གསུངས་པའི་ཕྱིར། བྲམ་ཟེ་ཆེན་པོའི་ཞལ་ནས་ཀྱང་། །ཆོས་ཉིད་སྤྲོས་དང་བྲལ་བ་ལ། །ཤེས་པ་སྤྲོས་དང་བྲལ་བར་གཞག །ཅེས་གསུངས་པས་སོ། །།ན་མོ་གུ་རུ་བླ་མ་རིན་པོ་ཆེའི་ཞལ་ནས། སྤྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཐེག་པ་ཆེན་པོའི་ཆོས་དཔག་ཏུ་མེད་པ་ཅིག་གསུངས་ཀྱང་། དེ་ཐམས་ཅད་ཀྱིས་བརྗོད་བྱའི་དོན་ཧྲིལ་གྱིས་དྲིལ་བས། ཐེག་པ་ཆེན་པོའི་རིགས་དང་ལྡན་པའི་གང་ཟག་ཅིག་ལ་ལམ་འབྲས་བུ་དང་བཅས་པའི་གནས་ལུགས་ཅིག་བསྟན་པ་ཡིན། དེ་ལ་གཉིས་ལམ་དང་འབྲས་བུའོ། །དེ་གཉིས་ཀྱི་གོ་བ་ཡང་། ལམ་ནི་སྤང་བྱ་སྤོང་ཞིང་གཉེན་པོ་རྒྱུད་ལ་བསྐྱེད་པར་བྱེད་པའོ། །འབྲས་བུ་ནི་སྤངས་པ་དང་ཡེ་ཤེས་མཐར་ཕྱིན་པའོ། །འོ་ན་ལམ་ཉམ་སུ་ལེན་པའི་དུས་སུ་སྤང་བྱ་སྤོང་བ་ཡིན་ན། སྤང་བྱ་གང་སྤོང་བ་ཡིན་སྙམ་ན། སྤྱིར་སྤང་བྱ་ལ་མང་ཡང་། བསྡུ་ན་མཐོངས་སྤངས་དང་བསྒོམས་སྤངས་གཉིས་སུ་མ་འདུས་པ་མེད། དེ་བས་ཀྱང་བསྡུ་ན་ཉོན་མོངས་

(༤༣༧)པ་དང་རྣམ་པར་རྟོགས་པའོ། །དེ་སྤངས་ཤིང་ལམ་དུ་འཁྱེར་བར་བྱེད་པ་ལ་གསུམ། སྤོང་བའི་ལམ་དང་། བསྒྱུར་བའི་ལམ་དང་། གནས་ལུགས་གཏན་ལ་ཕབ་ནས་གཉུག་མ་ལམ་དུ་འཁྱེར་བའོ། །དང་པོ་ནི་སྤོང་བའི་ལམ་ནི་ཕ་རོལ་དུ་ཕྱིན་པའི་ལུགས་ཀྱིས་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དུག་ལྔ་པོ་ནི། མི་སྡུག་པ་ལ་སོགས་པ་གཉེན་པོ་ལྔ། བསྒོམས་པས་སྤོང་བར་འདོད། གཉིས་པོ་ནི་གྱུར་བའི་ལམ་གསང་སྔགས་པ་ནི་ཕྱི་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དུ་བསྒོམ། ནང་བཅུད་ཀྱིས་སེམས་ཅན་ཐམས་ཅད་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་སྒྱུར་ནས་བསྒོམ་པའོ། །ལམ་གཉིས་ཀྱི་དང་པོ་སྤོང་བའི་ལམ་གྱི་གཉེན་པོའི་ངོས་སྐལ་ཅིག་ཏུ་བསྒོམས་པ་དེས་ཀྱང་ཉོན་མོངས་པ་མགོ་ནོན་གྱི་ཚུལ་དུ་སྤོང་བ་ཡིན་གྱིས་ས་བོན་རྩ་བ་ནས་སྤོང་བར་མི་ནུས་སོ། །གཉིས་པ་སྒྱུར་བའི་ལམ་གཉེན་པོའི་སྒོམས་ལུགས་དེས་ཀྱང་ཐ་མལ་གྱི་ངན་རྟོགས་སྤང་བར་མི་ནུས་ཀྱང་། བཟང་རྟོག་ལྷར་འཛིན་གྱི་རྟོག་པ་མི་འགག་པས་ན་སྐྱོན་དང་བཅས་སོ། །གསུམ་པ་གནས་ལུགས་གཏན་ལ་ཕབ་ནས་གཉུག་མ་ལམ་དུ་བྱེད་པ་ལ། རྣམ་རྟོག་ཐམས་ཅད་གཅོད་པར་བྱེད་པ་འཁོར་

(༤༣༨)ལོ་ལྟ་བུའི་གདམ་ངག་འདི་སྟོན། དེའི་དོན་བཤད་ན་རྣམ་པར་རྟོག་པ་ཐམས་ཅད་ཅེས་པ་ནི། སྤྱིར་རྣམ་པར་རྟོག་པ་མང་ཡང་བསྡུ་ན་བཟུང་རྟོག་དང་འཛིན་རྟོག་གཉིས་གཅོད་པར་བྱེད་པའི་ཚུལ་གནས་ལུགས་གཏན་ལ་ཕབ་པའི་སྒོ་ནས་སྤང་བ་ཡིན་ཏེ། དེ་ཡང་ཕྱི་སྣང་བའི་གནས་ལུགས་གཏན་ལ་འཕེབས་ན་བཟུང་བའི་རྟོག་པ་འགགས་ལ། ནང་རིག་པའི་གནས་ལུགས་གཏན་ལ་ཕེབས་ན་འཛིན་པའི་རྟོག་པ་འགགས་ཏེ། གཉིས་མེད་ཀྱི་དོན་གཏན་ལ་ཕེབས་ན། གཉིས་ཆོས་ཐམས་ཅད་དང་བྲལ་ལོ། །དེ་བྲལ་ཙ་ན་གཉིས་མེད་ཙམ་དུ་འཛིན་པའི་བློ་དང་བྲལ་ནས། བློ་བྲལ་དུ་ཁྲེས་ཁྲེས་འགྲོ་བ་ཡིན། དཔེར་ན་མཚོན་ཆའི་འཁོར་ལོ་དེས་དངོས་པོ་གང་དང་ཕྲད་པ་ཐམས་ཅད་གཅོད་པར་བྱེད་པ་བཞིན་དུ། སྒྲོ་འདོགས་གཅོད་བྱེད་ཀྱི་ཤེས་རབ་ཀྱིས་སྒྲོ་འདོགས་ཆོད་དེ། གནས་ལུགས་གཏན་ལ་ཕེབས་ན། རྣམ་པར་རྟོག་པ་ཐམས་ཅད་རང་སར་གྲོལ་ཏེ་དབྱིངས་དང་ཡེ་ཤེས་གཉིས་མེད་དུ་གནས་སོ། །དེས་ན་འཁོར་ལོ་ལྟ་བུའི་གདམས་ངག་འདི་སྟོན། རྣམ་པར་རྟོག་པ་ཐམས་ཅད་གཅོད་པར་བྱེད་པ་འཁོར་ལོ་ལྟ་བུའི་གདམ་ངག་འདི་ལ་དོན་བཞི། སྣ་བ་སེམས་སུ་མི་ཤེས་པའི་ཁ་མེད། དེ་ངོ་མ་ཤེས་ན་སྣང་བ་ལ་བདེན་པར་ཞེན་པ་འགག་ཏུ་མི་བཏུབ། དེ་

(༤༣༩)མ་འགགས་ན་ཉོན་མོངས་པ་བག་ཆགས་པ་སྐྱེས་པ་ལ་སོགས་པའི་ལས་བསགས་པས་འཁོར་བར་ཁྱམས་ནས་འཁོར་བའི་བདེ་སྡུག་སྣ་ཚོགས་ཉམས་སུ་མྱོང་བ་ཡིན་ནོ། །དེ་ལྟར་ཡང་ཀླུ་གྲུབ་ཀྱི་ཞལ་ནས་ཀྱང་། ཇི་སྲིད་ཕུང་པོ་འཛིན་ཡོད་ན། དེ་སྲིད་ངར་འཛིན་ཡོད་པར་འགྱུར། །ངར་འཛིན་ཡོད་ལ་ལས་ཡོད་དེ། ལས་ལས་ཡང་ནི་སྐྱེ་བ་ཡིན། །ཞེས་གསུངས་སོ། །དེ་བས་ན་སྐྱེ་བ་འདག་པར་བྱེད་པ་ལ་འདག་དགོས། ལས་འདག་པ་ལ་ཉོན་མོངས་འདག་དགོས། དེ་འདག་པར་བྱེད་པ་ལ་སྣང་བ་ལ་བདེན་ཞེན་འདག་དགོས། བདེན་ཞེན་འདག་པ་ལ་སྣང་བ་འདིའི་ཡིན་ལུགས་ཤེས་དགོས། གནས་ལུགས་གོ་དགོས། འོ་ན་སྣང་བའི་ཡིན་ལུགས་ཅི་ཡིན་ན། སྣང་བ་འདི་སེམས་ཀྱི་འཁྲུལ་པའི་སྣང་བ་ཡིན་ཏེ། དཔེར་ན་མདང་གསུམ་གཉིད་ལོག་པའི་རྨི་ལམ་དང་ཁྱད་པར་མེད་དེ། །དེ་ལྟར་ཡང་ས་ར་ཧ་པས། སྣང་བ་འདི་དག་སེམས་ཀྱི་འཁྲུལ་པ་སྟེ། །ཞེས་གསུངས་པས་སོ། ཕལ་པོ་ཆེ་ལས་ཀྱང་། རྐྱེ་རྒྱལ་བའི་སྲས་དག་ཁམས་སུམ་པོ་འདི་ནི་སེམས་ཙམ་མོ། །ཞེས་པས་སོ། །གནས་ལུགས་ནི་སྣང་བ་དང་སྟོང་པ་གཉིས་སུ་མེད་པར་གནས་པས་སོ། །དེ་ལྟར་ཤེས་ཤིང་གོ་ན་སྣང་བ་ལ་བདེན་ཞེན་མེད་དེ། དེ་མེད་ན་ཉོན་མོངས་པ་མེད། དེ་མེད་ན་ལས་མེད་དེ་མེད་ན་སྐྱེ་བ་ལན་མི་སྲིད་དོ། །དེ་ལྟར་དོ་ཧ་ལས། འགྲོ་རྣམས་ལས་ཀྱིས་ཕོ་མོར་རྩིར་གྱུར་ཏེ། ལས་ལ་གྲོལ་ན་ཡིད་ནི་ཐར་པ་ཡིན། །ཞེས་གསུངས་པས་སོ། །སེམས་

(༤༤༠)ཆོས་ཉིད་དུ་མི་ཤེས་པའི་ཁ་མེད། དེ་ངོ་མ་ཤེས་ན་ཉོན་མོངས་པ་རང་འགར་འཆོར་ཏེ། ལས་བསགས་པས་འཁོར་བར་འཁྱམས་པ་ཡིན་ནོ། །དེ་ལྟར་ཡང་རིན་ཆེན་ཕྲེང་བ་ལས་ཆོས་འདི་ཡོངས་སུ་མ་ཤེས་ན། ངར་འཛིན་ལས་ནི་རྗེས་སུ་འཇུག །དེ་ལས་དགེ་དང་མི་དགེའི་ལས། །དེ་ལས་སྐྱེ་བ་ཟང་དང་ངན། །ཞེས་པས་སོ། །དེ་བས་ན་སེམས་ཆོས་ཉིད་དུ་ཤེས་དགོས། །དེ་ཤེས་པ་ལ་སེམས་ཀྱི་ཡིན་ལུགས་ཤེས་དགོས། གནས་ལུགས་གོ་དགོས། འོ་ན་སེམས་ཀྱི་ཡིན་ལུགས་ཅི་ཡིན། སེམས་དངོས་པོ་དང་མཚན་མ་གང་དུ་ཡང་གྲུབ་པ་མེད་དེ། དེ་འོད་གསལ་ཆོས་ཀྱི་སྐུའི་རང་བཞིན་ཏེ། དཔེར་ན་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུ་ཡིན་ནོ། །དེ་ཡང་ས་ར་ཧ་པས་ཀྱང་། སེམས་ཀྱི་དཀྱིལ་འཁོར་འོད་བསལ་བའི་འོད་གསལ་བ་གང་ཞེ་ན་སྟོང་པ་ཉིད་ཀྱི་ཚིག་བླ་དགས་སོ། །ཞེས་གསུངས་སོ། །གནས་ལུགས་ནི་གསལ་སྟོང་གཉིས་སུ་མེད་པར་གནས་སོ། །དེ་ལྟར་ཤེས་ཤིང་གོ་ན་ཉོན་མོངས་པ་སྤངས་གནས་སུ་དག །དེ་ལྟར་དག་ན་སྐྱེ་བ་མི་ལེན་པས་སྐྱེ་བ་དག་པའོ། །ཆོས་ཉིད་བརྗོད་དུ་མེད་པར་ངོ་མི་ཤེས་པའི་ཁ་མེད། དེ་ངོས་མ་ཤེས་ན་བཟུང་འཛིན་བློའི་

(༤༤༡)དྲི་མ་བག་ལ་ཉལ་མི་འདག །དེ་མ་དག་ན་གོལ་སྒྲིབ་ཀྱི་གཡང་ལ་ལྷུང་བའི་ཉེན་ཡོང་། དེས་ན་བློའི་དྲི་མ་འདག་པར་བྱེད་པ་ལ། ཆོས་ཉིད་དེའི་ཡིན་ལུགས་ཤེས་དགོས། གནས་ལུགས་གོ་དགོས། འོ་ན་ཡིན་ལུགས་ཅི་ཡིན་ན། ཆོས་ཉིད་ལ་ཡོད་པ་དང་མེད་པ་ལ་སོགས་པའི་མུ་བཞིའི་སྒོ་ནས་བསམས་ལ་སེམས་ཀྱིས་བསམ་དུ་ཡང་མེད་ལ། བརྗོད་པ་སྒྲའི་སྒོ་ནས་བརྗོད་དུ་མེད་དེ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་ལོ། །དེ་ལྟར་ཡང་མདོ་ལས་ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། ཞེས་གསུངས་པ་དང་། གཞན་ཡང་སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །ཞེས་གསུངས་སོ། །དེ་ལྟར་ཕྱག་རྒྱ་ཆེན་པོ་བསམ་གྱིས་མི་ཁྱབ་པ་བརྗོད་དུ་མེད་པ་བློས་ལས་འདས་པའི་དོན་རྟོགས་ན། བཟུང་འཛིན་བློའི་དྲི་མ་བག་ལ་ཉལ་བ་ཐམས་ཅད་རང་དག་ནས། གོལ་སྒྲིབ་ཀྱི་གཡང་ལ་ལྷུང་མི་སྲིད་པ་ཡིན་གསུང་ངོ་། །བརྗོད་དུ་མེད་པ་དེ་ཉིད་ཆོས་ཀྱི་སྐུ་ཡིན་པར་ངོ་མ་ཤེས་པའི་ཁ་མེད། དེ་མ་ཤེས་ན་ཞེ་འདོད་ཀྱིས་བདུད་འཇུག་པས་བརྗོད་དུ་མེད་པའི་དོན་དེ་ཉིད་ཆོས་ཀྱི་སྐུ་

(༤༤༢)ཡིན་པས། བརྗོད་དུ་མེད་པའི་དོན་དང་དུས་ཐམས་ཅད་དུ་འབྲལ་བ་མེད་པར་ཉམས་སུ་བླང་ངོ་། །དེ་ལྟར་ཉམས་སུ་བླངས་པས་དུས་ཐམས་ཅད་དུ་བརྗོད་དུ་མེད་པའི་དོན་དེ་མི་འབྲལ་ཞིང་། དེའི་ངང་ལས་མ་གཡོས་པར་འདུག་ན་འབྲས་བུ་ཆོས་ཀྱི་སྐུ་ཐོབ་པ་ཡིན་ནོ། །དེ་ལྟར་གོ་ན་ཞེ་འདོད་ཀྱི་བདུད་འཇུག་མི་སྲིད་ཅིང་། རེ་དགོས་ཀྱི་བློ་འབྱུང་མི་སྲིད་པ་ཡིན་གསུང་ངོ་། །ན་མོ་གུ་རུ་བླ་མ་རིན་པོ་ཆེ་ཞལ་ནས་འོ་སྐོལ་ད་རེས་ངེས་པ་དོན་གྱི་གདམ་ངག་གི་གནད་ལ་བརྟེན་ནས་འབྲས་བུ་ཡང་དག་པར་རྫོགས་པའི་སངས་རྒྱས་སྒྲུབ་པར་བྱེད་པའི་ཐབས་ཅིག་སྟོན། འོ་སྐོལ་སེམས་ཅན་གྱི་རྒྱུད་ལ་འབྲས་བུ་ཡང་དག་པར་རྫོགས་སངས་རྒྱས་སྒྲུབ་པ་ལ། སེམས་ཅན་དང་སངས་རྒྱས་གཉིས་ལ་འབྲེལ་བ་ཡོད་དམ་མེད་སྙམ་ན། འབྲེལ་བ་མེད་པ་མ་ཡིན་ཏེ་འབྲེལ་པ་ཡོད། འབྲེལ་པ་ཡོད་ན། རྒྱུ་འབྲས་ཀྱི་འབྲེལ་པ་ཡོད་དམ། ཕན་ཚུན་སྟོས་ཆོས་ཀྱི་འབྲེལ་བ་ཡོད་དམ། བདག་ཉིད་ཅིག་པའི་འབྲེལ་བ་ཡོད་དམ་སྙམ་ན། རྒྱུ་ས་བོན་དྲུང་པོ་ལ་བརྟེན་ནས་འབྲས་བུ་མྱུ་གུ་སྔོན་པོ་སྐྱེད་པ་ལྟ་བུ། བསྐྱེད་བྱེད་རྒྱུ་འབྲས་ལྟ་བུ་ནི་མེད། ཡོད་ན་སེམས་ཅན་རྒྱུ་འཁྲུལ་པའི་རང་བཞིན་ཡིན་པ་བཞིན་དུ། སངས་རྒྱས་ཀྱང་འཁྲུ་

(༤༤༣)པ་དང་བཅས་པར་ཐལ་བའི་སྐྱོན་ཡོད། ཕན་ཚུན་ལྟོས་ཆོས་ཀྱི་འབྲེལ་བ་ཚ་འོ་དང་ཞང་པོ་འམ། ཕོ་བོ་དང་ནུའོ་ལྟ་བུ་ཡང་མེད། ཡོད་ན་ཆོས་སྐུ་བློ་ཡུལ་དུ་ཐལ་བའི་སྐྱོན་ཡོད། འོ་ན་འབྲེལ་བ་གང་ཡོད་ན། བདག་ཉིད་ཅིག་པའི་འབྲེལ་པ་ཡོད་བདག་ཉིད་གར་ཅིག་ན་སེམས་སུ་ཅིག །སངས་རྒྱས་ཀྱི་བདག་ཉིད་ཀྱང་བསམ་གྱིས་མི་ཁྱབ་ཅིང་། བརྗོད་དུ་མེད་པ་ཅིག་ཡིན་ལ། སེམས་ཅན་གྱི་སེམས་ཀྱི་བདག་ཉིད་ཀྱང་བསམ་གྱིས་མི་ཁྱབ་ཅིང་བརྗོད་དུ་མེད་པ། བློ་ལས་འདས་པ་ཅིག་ཡིན་པས་ན་བདག་ཉིད་སེམས་སུ་ཅིག་པའོ་དེ་ལྟར་བདག་ཉིད་ཅིག་པ་གཅིག་ཡིན་ན་སངས་རྒྱས་རང་མི་དགོས་སམ་སྙམ་ན། དེ་ལྟར་ཡིན་པ་ལ་ཡིན་པར་མ་ཤེས་མ་མགོ་མ་རྟོགས་པས་འཁྲུལ་ཏེ་འཁོར་བར་འཁྱམས་ནས། གཉིས་སྣང་དང་གཉིས་འཛིན་གྱིས་རྟོག་པ་སྣ་ཚོགས་སུ་ཤར་བ་ཡིན་ཏེ། འཁྲུལ་པའི་རྟོག་པ་འདག་པར་འདོད་པས་གཉིས་སུ་མེད་ཅིང་བདག་ཉིད་ཅིག་པ་སྟེ་རྟོགས་དགོས། དེ་རྟོགས་པར་བྱེད་པ་ལ་གནས་ལུགས་ཀྱི་དོན་གཏན་ལ་ཕབ་ནས་བསྒོམ་དགོས། བསྒོམ་པ་ལ་ཡང་མཚན་བཅས་དང་མཚན་མ་མེད་པའི་བསྒོམ་པ་

(༤༤༤)དང་། དེ་ལ་ཉམས་དང་རྟོགས་པ་ལ་སོགས་པའི་ཡིན་ལུགས་གཏན་ལ་ཕེབས་དགོས་པས། ཡིན་ལུགས་གསལ་བར་སྟོན་པར་བྱེད་པ་མེ་ལོང་ལྟ་བུའི་གདམས་ངག་འདི་སྟོན། དེ་ཡང་ཡིན་ལུགས་ཤེས་པ་ནི་མཚན་བཅས་ཀྱི་བསྒོམ་ལ་སོགས་པ་བསྒོམ་ཐམས་ཅད་ཀྱི་ཡིན་ལུགས་སམ་གནས་ལུགས་གསལ་བར་སྟོན་པར་བྱེད་པ་མེ་ལོང་ལྟ་བུ་ཡིན་ཏེ། དཔེར་ན་མེ་ལོང་ལྟ་བུ་ཡིན་ཏེ། དཔེར་ན་མེ་ལོང་ལ་བརྟེན་ནས་རང་གི་བྱད་བཞིན་གྱི་དཀྱིལ་འཁོར་འདི་མཛེས་པ་དང་མི་མཛེས་པ་ལ་སོགས་པ་ཐམས་ཅད་གཏན་ལ་ཕེབས་ལ་མེ་ལོང་མེད་ན་རང་གིས་བྱད་བཞིན་མི་མཐོང་ཞིང་མི་རྟོགས། དེ་བཞིན་དུ་གདམས་པ་འདི་ཐོས་པ་ལ་བརྟེན་ནས་བསྒོམ་ཐམས་ཅད་ཀྱི་ཡིན་ལུགས་སམ་གནས་ལུགས་གཏན་ལ་འཕེབས་ལ། མ་ཐོས་ན་མི་ཕེབས་པར་འདུག་པས། དེ་གཏན་ལ་འབེབས་པར་བྱེད་པ་མེ་ལོང་ལྟ་བུའི་གདམས་ངག་འདི་སྟོན་ཡིན་ལུགས་གསལ་བར་སྟོན་པར་བྱེད་པ་མེ་ལོང་ལྟ་བུའི་གདམ་ངག་འདི་ལ་དོན་བཞི། མཚན་མ་དང་བཅས་པ་བྱས་པའི་སྒོ་ཐམས་ཅད་འཇིག་པ་ཡིན། ཞེས་པ་ནི་སྤྱིར་བསྒོམ་པ་ལ་གཉིས་མཚན་མ་དང་

(༤༤༥)དང་བཅས་པའི་དོན་བསྒོམ་པ་དང་། མཚན་མ་མེད་པའི་དོན་བསྒོམ་པའོ། །དང་པོ་ནི། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ། འཁོར་གསུམ་མི་དམིགས་པས་རྒྱས་མི་ཐེབས་པའམ། བསྐྱེད་རིམས་ལྟ་བུ་བསྒོམ་པ་དང་། རྩ་དང་རླུང་བསྒོམ་པ་ལ་སོགས་ཐམས་ཅད་ལ་སྐྱེ་མེད་ཀྱི་རྒྱས་མ་ཐེབས་པ་མཚན་མ་དང་བཅས་པ་བློ་ཡུལ་དུ་བྱས་པའི་བསྒོམ་ཡིན་པས་འཇིག་པ་ཡིན་ཏེ། རྒྱུ་འདུས་བྱས་ཡིན་པས་འབྲས་བུ་འདུས་བྱས་འཁོར་བ་གྲུབ་པའི་རྒྱུ་ཡིན་པའོ། །གཉིས་པ་ནི། མཚན་མ་མེད་པ་ཆོས་ཀྱི་ཟབ་མོ་སྟོང་པ་ཉིད་ཀྱིས་དོན་བསྒོམ་པ་སྟེ། འབྲས་བུ་འདུས་མ་བྱས་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའི་རྒྱུ་ཡིན་ནོ། །དེས་ན་མཚན་བཅས་ནི། སྤང་བར་བྱ། མཚན་མ་མེད་པ་ནི་སྒྲུབ་བྱ་ཡིན་ནོ། །བླ་མའི་བྱིན་བརླབས་དང་ཉམས་མྱོང་ལས་བྱུང་བའི་ཆོས་ཐམས་ཅད་ཡལ་ནས་འགྲོ་བ་ཡིན། ཐབས་ཟབ་མོའི་གནད་ལ་བརྟེན་ནས་བདེ་གསལ་མི་རྟོག་གསུམ་གྱི་ཉམས་མྱོང་། ས་མ་ཏི་བཟང་པོ་བྱུང་ཡང་སྒྲོ་འདོགས་མཆོད་ཅིང་ཆོས་ཉིད་ཀྱི་དོན་ངོས་མ་ཟིན་མ་ལྟ་བུའོ། །བྱ་བས་གཡེང་པའམ་བླ་མ་དང་བྲལ་ཏེ་མོས་གུས་ལ་འཕེལ་འགྲིབ་

(༤༤༦)བྱུང་བའི་དུས་སུ་ཉམས་མྱོང་ངམ་མ་ཏིའོ། །དེ་ལྟར་སྤྱོད་འཇུག་ལས། སྟོང་ཉིད་དང་ནི་བྲལ་བའི་སེམས། །འགགས་པ་སླར་ཡང་སྐྱེ་འགྱུར་ཏེ། འདུ་ཤེས་མེད་པའི་སྙོམ་བཞིན་ཞེས་སོ། །གནས་ལུགས་ཀྱི་དོན་ལ་གཉིས་དྲན་སྣང་གི་གནས་ལུགས་དང་། ཆོས་ཀྱི་དབྱིངས་ཀྱི་གནས་ལུགས་སོ། །དང་པོ་ལ་གཉིས། ནང་དྲན་པའི་གནས་ལུགས་དང་། ཕྱི་སྣང་བའི་གནས་ལུགས་སོ། །དང་པོ་ནི་དྲན་པ་དང་སྟོང་པ་གཉིས་སུ་མེད་པའོ། །གཉིས་པ་ནི། སྣང་བ་དང་སྟོང་པ་གཉིས་སུ་མེད་པའོ། །སྤྱི་དོན་གཉིས་པ་ནི། ཆོས་ཀྱི་དབྱིངས་སྤྲོས་པའི་མཐའ་ཐམས་ཅད་བྲལ་བ་ཅིག་ཏུ་སྒྲོ་འདོགས་ཅོད་ཅིང་གཏན་ལ་ཕེབས་པའི་གནས་ལུགས་ཀྱི་དོན་དེ་ལ་བློས་བཅོས་སུ་མེད་པ་ཡིན། དེ་ཡང་དྲན་པ་གཉིས་མེད་དུ་གཏན་ལ་ཕེབས་པས། ད་དྲན་རིག་གི་རྟོག་པ་འགགས་པ་དང་མི་རྟོག་པ་བསྒོམ་པ་ལ་སོགས་པའི་བློས་བཅས་བཅོས་བྱར་མེད་དོ། །ཕྱི་སྣང་སྟོང་གཉིས་མེད་དུ་གཏན་ལ་ཕེབས་པ་དང་། སྣང་བ་འགགས་པ་དང་སྟོང་པ་བསྒོམ་པ་ལ་སོགས་པའི་གཉེན་

(༤༤༧)པོའི་བློས་བཅོས་སུ་མེད་དོ། །དེ་ལྟར་ཡང་སྒྲོན་མ་ལས། སྨིག་རྒྱུ་ལྟ་བུའི་སེམས་སྣང་བ། །རང་བཞིན་ཤེས་པ་བཅོས་སུ་མེད། །མི་ཤེས་སྨིག་རྒྱུ་འཆོས་པ་བཞིན། །ཞེས་སོ། །བཅས་བཅོས་བྱེད་ན་དྲན་སྣང་གིས་གནས་ལུགས་མ་རྟོགས་པ་ཡིན་ནོ། །ཆོས་ཀྱི་དབྱིངས་ཀྱི་གནས་ལུགས་བསམ་གྱིས་མི་ཁྱབ་པ། བརྗོད་དུ་མེད་པའི་དོན་བློ་ལས་འདས་པ་ཅིག་ཏུ་གཏན་ལ་ཕེབས་ན། བློ་འདས་ཀྱི་དོན་དེ་ལ་ཡོད་མེད་དང་ཡིན་མིན་ལ་སོགས་པའི་བློས་བཅོས་སུ་མེད་དོ། །དེ་ལྟར་སྒྲོན་མ་ལས། རང་བཞིན་ཉིད་ལས་མ་འདས་ཤེས་ནས་ནི། །སྒྲོ་འདོགས་བྱིས་པའི་རྗེས་སུ་མ་འབྲངས་ན། །རང་བཞིན་ཉིད་ལས་ཡོངས་ཀྱིས་བཅོས་མི་དགོས། །ཤེས་གསུངས་སོ། །དེ་བས་ན་བཅས་བཅོས་བྱས་ན་དབྱིངས་ཀྱི་གནས་ལུགས་མ་རྟོགས་པ་ཡིན་གསུང་ངོ་། །དེ་ལྟར་ཡང་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ངང་དེ་ཉིད་ལ་ཤེས་པ་མ་བཅོས་པ་དེ་ཉིད་ཆོས་ཀྱི་སྐུ་ཡིན་ནོ། །དེ་ཉིད་ཀྱི་ངང་ལས་མ་གཡོས་ཤིང་། །དེའི་རང་བཞིན་དང་མི་འབྲལ་བ་དེ་ཀ་ལ། མ་རིག་པའི་གཉིད་སད་པ་ཅེས་བྱ་སྟེ། དེ་ན་སྣང་བ་སེམས་སུ་ཤེས་པས་སེམས་

(༤༤༨)མིན་གྱི་དངོས་པོ་ཡོད་མ་མྱོང་བར་གོ། །སེམས་ཆོས་ཉིད་དུ་གོ་བས་དུག་ལྔ་མ་སྤངས་གནས་སུ་དག་པ་དེ་ཀ་ལ་སྒྲིབ་པ་སྤངས་ཤེས་ཀྱང་བྱ། བྱང་ཆུབ་ཐོབ་ཅེས་ཀྱང་བྱའོ། །དེ་ལྟར་སྒྲོན་མ་ལས། རྨི་ལམ་སད་ནས་གཟུགས་དང་བྲལ་བ་བཞིན། །སྒྲིབ་སྤངས་བྱང་ཆུབ་ཐོང་བཅེས་རྒྱལ་བས་གསུངས། །ཤེས་པས་སོ། །མི་ལའི་ཞལ་ནས་ཀྱང་། སེམས་མ་བཅོས་པ་དེ་ཉིད་ཆོས་སྐུའོ།། །།ཅེས་སོ། །ན་མོ་གུ་རུ། བླ་མ་རིན་པོ་ཆེའི་ཞལ་ནས། སྤྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའི་ཆོས་ཐམས་ཅད་ཀྱང་བསྡུ་ན་རྣམ་པ་གཉིས། ཤེས་བྱ་ལ་སྒྲོ་འདོགས་གཅོད་པར་བྱ་བའི་ཕྱིར་མདོ་རྒྱུད་ཀྱི་བཤད་པ་དང་། དེའང་དོན་རྒྱུད་ལ་བཀལ་བའི་ཕྱིར། སྙན་རྒྱུད་གདམས་ངག་གི་དོན་བཤད་པའོ། །དེ་ལྟར་ཡང་གཉིས་ཡོད་པ་ལས་དང་པོ་ནི། དེ་ཤེས་བྱ་ལ་དོན་སྤྱིའི་རྣམ་པ་ལ་ཤོར། དེ་ལ་འགྱངས་པས་རྒྱུད་ཐོག་ཏུ་བཀལ་ནས་ཉམས་སུ་ལེན་མ་ཤེས་དེ་མ་ཤེས་པས་ཉོན་མོངས་པ་དང་རྣམ་པར་རྟོག་པའི་གཉེན་པོར་མི་འགྲོ་བར་འདུག་པས་དང་པོ་མི་སྟོན། གཉིས་པ་རྒྱུད་ལ་བཀལ་བའི་ཕྱིར་སྙན་རྒྱུད་ཀྱི་གདམ་ངག་གི་

(༤༤༩)དོན་བསྟན་པ། དེ་ལ་གཉིས། དྲང་དོན་གྱི་གདམ་ངག་ལམ་རིམ་གྱིས་པ་དང་། ངེས་པ་དོན་གྱི་གདམ་ངག་ལམ་ཅིག་ཅར་བ་གཉིས་ལས། དང་པོ་དེ་མི་སྟོན། གཉིས་པ་ཆད་པས། དེ་ལ་བཞི། ཤེས་བྱ་གཏན་ལ་འབེབས་པ་ལྟ་བའི་གདམ་ངག་དེ་ཉིད་ཉམས་སུ་ལེན་པ་ལ་བསྒོམ་པའི་གདམ་ངག་དེ་ཉིད་ཡུལ་དང་བསྲེ་བ་ལ་སྤྱོད་པའི་གདམ་ངག །དེ་ལ་དོན་ཅིག་ཏུ་གྱུར་པ་ལ་འབྲས་བུའི་གདམ་ངག་གོ། །དེ་ལྟར་ལྟ་བ་བསྒོམ་པ། སྤྱོད་པའི་འབྲས་བུ་བཤད་ཀྱང་། དོན་ཅིག་ལས་མི་གདའ་སྟེ། དཔེར་ན་གང་ཀྱི་ཐིག་པ་ལྟ་བུ་ཡིན་ཏེ། གངས་ཀྱི་ཐིག་པ་དེ་དང་པོ་གར་བྱུང་བ་དེའི་ཤུལ་དུ་ཕྱི་མ་རྣམས་ཀྱང་འདབ་བ་ལྟར། ངེས་པ་དོན་གྱི་གདམ་ངག་གོ། །ཉམས་སུ་ལེན་པའི་རྟེན་གྱི་གང་ཟག་བསྒོམ་ཆེན་པ་རྣམས་ཀྱིས་ཀྱང་། དང་པོ་ལྟ་བས་གཏན་ལ་འབེབས་པའི་དུས་སུ། ཆོས་ཐམས་ཅད་ཀྱི་ཟབ་མོ་སྟོང་པ་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་བཅིག་ཏུ་གཏན་ལ་ཕེབས་ཙ་ན། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱང་། དེ་ཉིད་ངང་དུ་རང་གྲོལ་ཞིང་རང་དག་པས། བསྒོམ་མེད་ཀྱི་དངོས་པོ་ལོགས་ནས་མ་

(༤༥༠)རྙེད་པས། དེ་ཙ་ན་མ་བསྒོམ་པ་ཆེན་པོ་རང་འབྱུང་། དེ་ལྟ་བུའི་ལྟ་བསྒོམ་མཐར་ཕྱིན་ཙ་ན། ལུས་ངག་གི་སྤྱོད་པ་ཅི་བྱེད་ཐམས་ཅད་ཀྱང་དེའི་ངང་དུ་སྤྱོད་ཅིང་སྤོང་ལེན་མེད་པ་ཅིག་འབྱུང་། དེ་ལྟར་དུས་དང་གནས་སྐབས་ཐམས་ཅད་དུ་དེའི་ངང་ལས་མ་གཡོས་ན་འབྲས་བུ་མངོན་དུ་གྱུར་པའོ། །དེས་ན་གངས་ཀྱི་ཐིགས་པ་ལྟ་བུའི་གདམས་ངག་འདི་སྟོན་དོན་ཅིག་ལས་མི་འདའ་བ་གངས་ཀྱི་ཐིག་པ་ལྟ་བུའི་གདམ་ངག་འདི་ལ་དོན་བཞི། ལྟ་བ་ལ་ཡིན་པ་མེད་དེ། །ཅེས་པ་ནི། དཀར་དམར་གྱི་སྣང་བ་སྣ་ཚོགས་སུ་སྣང་བ་འདི་ཐམས་ཅད་ཀྱང་། ཕྱི་རོལ་ན་ཡོད་མ་མྱོང་སྟེ་རང་སེམས་འཁྲུལ་པའི་སྣང་བ་ཡིན། འོ་ན་སེམས་རང་བདེན་པའི་ཆོས་སུ་གྲུབ་བམ་སྙམ་ན། སེམས་ཀྱང་བདེན་པར་མ་གྲུབ་སྟེ་ཡོད་མ་མྱོང་། འོ་ན་མེད་པར་སོང་ངམ་སྙམ་ན། ཡོད་མ་མྱོང་བ་ལ་མེད་པར་འགྲོ་རྒྱུ་མེད་དེ། དཔེར་ན་མོ་ཤམ་ལ་བུ་སྐྱེ་མ་མྱོང་བས་ཐ་མ་འཆི་རྒྱུ་མེད་པ་བཞིན་ནོ། །དེ་ཡང་མདོ་ལས། དངོས་པོ་རབ་ཏུ་མ་གྲུབ་ན། དངོས་མེད་གང་ལ་ཡིན་པར་འགྱུར། །ཞེས་གསུངས་སོ། །སྒྲོན་མ་ལས་ཀྱང་། དངོས་པོ་མེད་ཕྱིར་དངོས་པོ་སྟོང་པ་

(༤༥༡)འང་མེད། །ཆོས་ཅན་མེད་ཕྱིར་ཆོས་ཉིད་ཡོད་མ་ཡིན། །ཞེས་དང་དོ་ཧ་ལས། དངོས་པོར་སྐྱེ་བ་མཁའ་ལྟར་རབ་ཞི་བ། །དངོས་རྣམས་སྤངས་པའི་ཕྱིར་ན་ཅི་ཞིག་སྐྱེ། །ཞེས་པའོ། །མཐའ་དང་བྲལ་བ། ཅེས་པ་ནི། ཡོད་པ་མ་གྲུབ་པས་རྟག་པའི་མཐའ་དང་འབྲལ། དེ་མ་གྲུབ་ཙ་ན་དེ་ལ་ལྟོས་པའི་མེད་པ་ཡང་མ་གྲུབ། དེ་མ་གྲུབ་ཙ་ན་ཆད་པའི་མཐའ་དང་བྲལ་ལོ། །དེ་ལྟར་ཡང་མདོ་ལས། ཡོད་ཅེས་བྱ་བ་རྟག་པར་ལྟ། །མེད་ཅེས་བྱ་བ་ཆད་པར་ལྟ། །དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མི་བྱའོ། །ཅེས་གསུངས་པའི་ཕྱིར་རོ། །དེ་ལྟར་གོ་ཙ་ན། འདིས་ལྟར་དུ་བསྒོམ་བྱ་ཡིས། དམིགས་གཏད་དང་ཅས་པའི་བསྒོམ་པས་ཐར་པ་ལ་བསྒྲིབས་པ་ཡིན་ཏེ། དེ་ལྟར་ཡང་མདོ་ལས། གང་ལ་དམིགས་ཀྱང་དམིགས་པ་དེ་ཡིས་ཐར་པ་སྒྲིབ་ཅེས་གསུངས་སོ། །བསྒོམ་པ་ལ་མེན་པ་མེད་དེ་དམིགས་གཏད་མེད་པ། །ཅེས་པ་ནི་ཆོས་ཕུང་པོ་དང་ཁམས་སྐྱེ་མཆེད་དང་། འཁོར་འདས་ལ་སོགས་པའི་སྣང་བ་སྣ་ཚོགས་སུ་སྣང་བའི་དུས་ཉིད་ན་ཕྱི་རོལ་ན་བདེན་པའི་ཆོས་སུ་གྲུབ་པ་མེད། རང་གི་སེམས་

(༤༥༢)ཤེས་ལ་སེམས་ལ་བལྟས་པས་ཀྱང་དངོས་པོ་དང་མཚན་མར་གྲུབ་མ་མྱོང་སྟེ། ཆོས་ཉིད་དུ་ངོས་ཟིན་པའོ། །དེ་ཡང་སྨིག་རྒྱུ་ལ་ཆུར་སྣང་བའི་དུས་ཉིད་ན། ཆུ་ཐིག་པ་ཅིག་ཀྱང་ཡོད་མ་མྱོང་སྟེ། ནམ་མཁའི་རང་བཞིན་ཡིན་པ་བཞིན་ཡིན་ནོ། །དེ་ལྟར་སྒྲོན་མ་ལས། དེ་བཞིན་ཆོས་རྣམས་སྣ་ཚོགས་སྣང་ཡང་། སྣང་བ་ཉིད་ན་མཚན་མེད་ནམ་མཁའ་བཞིན། །ཞེས་པས་སོ། །དེ་ལྟར་གོ་ཙ་ན་ཇི་ལྟར་བྱས་ཀྱང་ཆོས་ཉིད་ཀྱི་ངང་དང་འབྲལ་མ་མྱོང་སྟེ། བསྒོམ་དང་མ་སྒོམ་པ་གཉིས་མེད་དོ། །དེ་ལྟར་ཡང་སྒྲོན་མ་ལས། ཆོས་རྣམས་ཐམས་ཅད་ཡེ་ནས་རོ་གཅིག་ཕྱིར། །བསྒོམ་པར་བྱ་དང་བསྒོམ་པ་གཉིས་སུ་མེད། སེམས་ནི་ཆོས་ཉིད་ཡེ་ནས་ཡིན་ཞེས་ན། །ཆོས་ཀྱི་དབྱིངས་ཉིད་གཞན་དུ་བསྒོམ་མི་དགོས། །ཤེས་དང་། དོ་ཧ་ལས་ཀྱང་། ཀྱེ་མ་རང་བཞིན་བྲལ་བ་དེ་ཉིད་བསྒོམ་དུ་ཡོད་དམ་ཟེར། །གལ་ཏེ་བསྒོམ་པར་བྱ་དང་བསྒོམ་བྱེད་གཉིས་རྟོགས་ན། །གཉིས་སུ་འཛིན་པའི་ཡིད་ཀྱིས་བྱང་ཆུབ་སེམས་སྤངས་ཏེ། །སྐྱེས་བུ་དེ་ཡིས་རང་གིས་རང་ལ་སྡིག་པ་བྱས། །ཤེས་གསུངས་སོ་

(༤༥༣)སྤྱོད་པ་ལ་གཉིས་སུ་མེད་པ་བླང་དོར་མེད་པ་སྟེ། དེ་ལྟར་སྤྲུལ་འཁོར་ལས། ནམ་ཡང་སྤོང་ལེན་བྱ་མི་རིགས་ཤེས་གསུངས་པ་དང་། གཞན་མི་ལེན་མི་སྤོང་སྙམ་པ་རྒྱལ་པོའི་ངང་། ཞེས་པ་ནི། བདེ་བའི་ངོ་བོ་ཡང་སྟོང་པ། །སྡུག་བསྔལ་གྱི་ངོ་བོ་སྟོང་པར་འདུག་པས་ན། བདེ་སྡུག་གཉིས་མེད་སྐྱོན་ཡོན་གཉིས་མེད། རྟོག་པ་དང་མི་རྟོག་པ་གཉིས་སུ་མེད་དེ། དེ་ལྟར་ཡང་སྒྲོན་མ་ལས། རྨི་ལམ་དག་གི་བདེ་བ་དང་སྡུག་བསྔལ་ཡང་། ཞེས་པས་རིག་ན་རང་བཞིན་ཡོངས་ཀྱིས་མཉམ་ཞེས་གསུངས་པ་དང་། དོ་ཧ་ལས་ཀྱང་། ཐ་མི་དད་པའི་ཡེ་ཤེས་ཁོ་ན་ཕྱོགས་ཅིག་པུ། རང་བཞིན་བཞག་པའི་སེམས་ཀྱིས་རང་ལ་ཁྱབ་པར་འགྱུར། །ཞེས་གསུངས་སོ། །དེ་ལྟར་གཉིས་མེད་དུ་གོ་ཞིང་གཉིས་མེད་དུ་རྟོགས་ཙ་ན། །སྤྱོད་པ་ལ་འབྲས་བུ་རོ་གཅིག་དུ་གོ་བས། རེ་དོགས་མེད་པའོ་ཞེས་པས་འཁོར་བ་ཉིད་མྱ་ངན་ལས་འདས་པ་མྱ་ངན་ལས་འདས་པ་ཉིད་འཁོར་བ་སྣང་སྟེ། དོན་ལ་འཁོར་འདས་གཉིས་སུ་མེད་དེ་རོ་གཅིག་པས། ད་འཁོར་བ་ལྷུང་གིས་དོགས་པ་དང་། མྱ་ངན་ལས་འདས་པ་

(༤༥༤)ཐོབ་ཏུ་རེ་བའི་རེ་དོགས་ཐམས་ཅད་དང་བྲལ་ལོ། །དེ་ལྟར་ཡང་འཁོར་བ་དང་ནི་མྱ་ངན་འདས། གཉིས་འདི་ཐ་དད་ཡོད་མ་ཡིན། །འཁོར་བ་ཆོས་ཉིད་རྟོགས་པ་ལ། །མྱ་ངན་འདས་ཤེས་རབ་ཏུ་བརྗོད། །ཅེས་གསུངས་པ་དང་། བྱམས་པ་རྒྱན་ལས་ཀྱང་། གང་ཟག་མྱ་ངན་འདས་དང་འཁོར་བ་རོ་གཅིག་པས། དེ་འདྲའི་བློ་ལྡན་དུ་འདིར་ཀུན་འགྲོར་ཤེས་པར་བྱ། །ཅེས་པ་དང་། དོ་ཧ་ལས་ཀྱང་། འཁོར་བ་གང་ཡིན་མྱ་ངན་འདས་པ་གང་། །ཡིད་ཀྱི་དྲི་མ་དག་ནས་ལྷན་ཅིག་སྐྱེས་པ་སྟེ། །ཞེས་གསུངས་སོ། །ན་མོ་གུ་རུ། དགེ་བའི་བཤེས་གཉེན་པའི་ཞལ་ནས། འོ་སྐོལ་ཐོབ་པར་དཀའ་བའི་དལ་འབྱོར་མི་ལུས་རིན་པོ་ཆེ་ཐོབ། ཕྲད་པར་དཀའ་བའི་སངས་རྒྱས་ཀྱི་བསྟན་རིན་པོ་ཆེ་དང་ཕྲད་པའི་དུས་འདི་ལ་ཐར་པ་དང་ཐམས་ཅད་མཁྱེན་པར་བྱེད་པའི་ལམ་བཙལ་བའི་དུས་ལ་བབ་པ་ལགས། དེས་སྔ་ཕན་ཆད་ལམ་དང་མ་ཕྲད་ཅིང་། རྒྱུ་ཀུན་འབྱུང་གི་བདེན་པ་ལས་དང་ཉོན་མོངས་པ་མ་སྤངས་ཤིང་བདེན་པ་བཞིའི་དོན་མ་ཤེས་ཤིང་། ལེགས་པར་གོ་བས་རྒྱུ་ལ་རྐྱེན། སྲེད་པ་དང་། ལན་པ་བཞི། མ་རིག་པ་

(༤༥༥)ལས་ལས་གསུམ་བསགས་ཏེ། བསོད་ནམས་མ་ཡིན་པའི་ལས་ཀྱིས་ངན་སོང་གསུམ་དུ་སྐྱེ། བསོད་ནམས་ཀྱིས་ལས་ཀྱིས་འདོད་པ་ཁམས་ཀྱི་ལྷ་དང་མིར་སྐྱེ། མི་གཡོ་བའི་ལས་ཀྱིས་གཟུགས་དང་གཟུགས་མེད་ཁམས་སུ་སྐྱེ་བ་བླངས་ཏེ། མཐའ་མི་མངོན་ཅིང་འཁོར་བར་འཁོར་ཞིང་། ད་དང་དུ་ཡང་འཁོར་དགོས་པར་འདུག་པས། ད་འཁོར་བ་དེ་སྤོང་བར་བྱེད་པའི་གཉེན་པོ་ལམ་ཉམས་སུ་ལེན་དགོས།། །།ལམ་ཉམས་སུ་ལེན་པ་ལ་གཉིས། དྲང་དོན་ཐབས་ལ་དམིགས་པའི་གདམས་ངག་དང་། ངེས་དོན་ཤེས་རབ་ལ་དམིགས་པའི་གདམས་ངག་གོ། །དང་པོ་དེས་ཉོན་མོངས་པ་རྩ་བ་ནས་སྤོང་བར་མི་ནུས་པས་དེ་མི་སྟོན་ཐ་མ་དེ་འཆད། དེ་ལ་ཡང་གདམས་པ་གནད་དུ་ཐེབས་པ་ཅིག་དགོས་པ་ཡིན། གནད་དུ་མ་ཐེབས་ན་འཁྲུལ་པ་འཇིག་ཏུ་མི་བཏུབ་པ་དཔེར་ན། རྭ་ལས་ཞོ་འཇོ་བ་ལྟ་བུ་ཡིན་ནོ། །གནད་དུ་ཐེབས་ན་གྲོལ་བ་ལ་ཚེགས་སྡེ་པ་དཔེར་ན་ལོང་བའི་མིག་འབྱེད་པ་ལྟ་བུ་ཡིན། འོ་ན་གནད་གང་ཡིན་ན་གཉིས་སུ་མེད་པར་གཏན་ལ་ཕེབས་ནས་ཉམས་སུ་པ་ལེན་པ་དེ་ཡིན་པས། སྣང་བ་གཟུགས་ལ་དམིགས་པའི་

(༤༥༦)དུས་སུ་སྣང་སྟོང་གཉིས་མེད་དུ་གཏན་ལ་ཕབ། བརྗོད་པ་སྒྲ་དང་ཕྲད་པའི་དུས་སུ་གྲགས་སྟོང་གཉིས་མེད་དུ་གཏན་ལ་ཕབ། མྱོང་བ་རོལ་དམིགས་པའི་དུས་སུ་མྱོང་སྟོང་གཉིས་མེད་དུ་གཏན་ལ་འཕབ། ཚོར་བ་རེག་བྱ་ལ་དམིགས་པའི་དུས་སུ་བདེ་སྡུག་གཉིས་མེད་དུ་གཏན་ལ་ཕབ་ནས་ཉམས་སུ་བླངས་ནས་གྲོལ་བ་ལ་ཚེགས་མེད་དེ། དཔེར་ན་ལོང་བ་མིག་དབྱེད་པ་ལྟ་བུ་ཡིན་ཏེ། དཔེར་ན་མི་མིག་ལོང་བ་ཅིག་ལ། སྨན་པ་མཁས་པ་ཅིག་གིས་ཐུར་མ་ལེགས་པ་ཅིག་གིས་མིག་གི་བསྒྲིབས་གཡོགས་དེ་གསལ་བ་ཙམ་གྱིས་སྣང་བ་འདི་བཀྲ་ཙམ་གྱིས་འབྱུང་བ་བཞིན་དུ། སྨན་པ་མཁས་པ་དང་འདྲ་བའི་བླ་མ་དམ་པ་ཅིག་གིས། ཐུར་མ་ལེགས་པོ་དང་འདྲ་བའི་གདམས་པ་ཟབ་མོ་ཅིག་གདག་སྟེ། །ཕྱི་རོལ་གྱིས་ཡུལ་ཐམས་ཅད་གཉིས་མེད་དུ་ངོ་སྤྲད་པས་འཁྲུལ་པ་འཇིག་པ་ལ། ཚེགས་མེད་པས་ན། ལོང་བ་མིག་འབྱེད་པ་ལྟ་བུའི་གདམས་ངག་འདི་སྟོན། གདམས་པ་གནད་དུ་ཐེབས་པ་ལོང་བ་མིག་འབྱེད་པ་ལྟ་བུའི་གདམས་ངག་འདི་ལ་དོན་བཞི་སྟེ། སྣང་བའི་གཟུགས་ལ་དམིགས་པའི་བསམ་གཏན་སྣང་སྟོང་གཉིས་མེད་དུ་གཏན་ལ་ཕབ་ནས་སྨིག་རྒྱུ་ལྟ་བུར་ཉམས་སུ་བླངས་པའི་གདམ་

(༤༥༧)ངག་དང་། ཞེས་པ་ནི། ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་སྐྱེས་པའི་དང་བུད་མེད་ལ་སོགས་པའི་སྣང་བ་སྣ་ཚོགས་སུ་སྣང་བ་འདི་ཐམས་ཅད་ཀྱང་སྣང་བའི་དུས་ཉིད་ནས་སྣང་ལ་རང་བཞིན་མེད་དེ། ངོ་བོ་སྟོང་པ་ཡིན་ངོ་བོ་སྟོང་པ་དེ་རང་སྣང་སྣ་ཚོགས་སུ་ཤར་བ་ཡིན་ནོ། །མདོར་ན་སྣང་བ་དང་སྟོང་པ་གཉིས་སུ་མེད་དོ། །དེ་ལྟར་ཡང་ཤེས་རབ་སྙིང་པོ་ལས་ཀྱང་གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ནོ། །སྟོང་པ་ཉིད་ཀྱང་གཟུགས་གཞན་མ་ཡིན་ནོ། །ཞེས་གསུངས་སོ །དེ་ཡང་དཔེར་ན་སྨིག་རྒྱུ་ལ་ཆུར་སྣང་བའི་དུས་ཉིད་ན་ཆུ་ཐིག་པ་གཅིག་ཀྱང་ཡོད་མ་མྱོང་སྟེ། ངོ་བོས་སྟོང་པ་བཞིན་ནོ། །དེ་ལྟར་སྣང་སྟོང་གཉིས་སུ་མེད་པར་བྱས་ལ། དེ་ཀའི་ངང་ལ་བཞག་ཀྱིན་བསྒོམ། དེ་ལྟར་བསྒོམས་པས་རྗེས་ལ་ཉམས་སུ་མྱོང་སྣང་བ་ལ་ཞེན་པ་མེད་པའི་ཉམས་མྱོང་སྣང་། ཞེན་པ་མེད་པའི་ཉམས་ཤར་བས། འཇིག་རྟེན་ཆོས་བརྒྱད་ཀྱི་ནང་ནས་རྙེད་ན་དགའ། མ་རྙེད་ན་མི་དགའ་བ་གཉིས་པོ་དེ་ལས་གྲོལ་ནས་འགྲོ་བ་ཡིན་གསུང་གདའ་འོ། །བརྗོད་པ་སྒྲ་ལ་དམིགས་པའི་བསམ་གཏན་

(༤༥༨)གྲགས་སྟོང་གཉིས་མེད་དུ་གཏལ་ལ་ཕབ་ནས་བྲག་ཆ་ལྟ་བུར་ཉམས་སུ་ལེན་པའི་གདམ་ངག་དང་ཞེས་པ་ནི། ངག་ཏུ་བརྗོད་པའི་སྒྲ་འདི་ཐམས་ཅད་ཀྱང་། གྲགས་སྡོ་རྩ་ན་ངོ་བོ་སྟོང་སྟེ། གྲགས་སྟོང་དབྱེར་མེད་ཡིན་ཏེ་དཔེར་ན་བྲག་ཆ་བཞིན་ནོ། །དེ་ལྟར་སྒྲ་གྲགས་སྟོང་གཉིས་མེད་དུ་ཤེས་པར་བྱས་ལ། གཏམ་སྙན་པ་དང་མི་སྙན་པ་ཐམས་ཅད་ལ་ཆགས་སྡང་མེད་པར་ཉམས་སུ་བླངས་སྟེ། དེ་ལྟར་ཡང་མདོ་ལས། གཅིག་པུར་འདུག་ན་སེམས་ལ་ལྟོས། །མང་པོར་འདུག་ན་སྒྲ་ལ་ཏོགས། ཞེས་གསུངས་སོ། །དེ་ལྟར་ཉམས་སུ་བླངས་པས་སྒྲ་གྲགས་སྟོང་གཉིས་མེད་དུ་གཏན་ལ་ཕེབས་པས། ཆགས་སྡང་མེད་པར་ཉམས་ཤར་ཙ་ན། །འཇིག་རྟེན་གྱི་ཆོས་བརྒྱད་ཀྱི་ནང་ནས། གྲགས་ན་དགའ་མ་གྲགས་ན་མི་དགའ་བསྟོད་ན་དགའ། མ་བསྟོང་ན་མི་དགའ་བའི་ཆོས་བཞི་པོ་དེ་ལས་གྲོལ་ནས་འགྲོ་བ་ཡིན། གསུང་ངོ་། །མྱོང་བ་རོ་ལ་དམིགས་པའི་བསམ་གཏན་མྱོང་སྟོང་གཉིས་མེད་དུ་གཏན་ལ་ཕབ་ནས་སྨྱོན་པའི་ཁ་ཟས་ལྟར་ཉམས་སུ་བླང་བའི་གདམ་ངག་དང་། །ཞེས་པ་ནི། ལྕེ་ཐོག་ཏུ་རོ་ཉམས་སུ་མྱོང་བའི་དུས་སུ་རོ་ཞིམ་པ་དང་། མི་ཞིམ་པ་ལ་སོགས་པའི་རོ་སྣ་ཚོགས་ཉམས་སུ་མྱོང་

(༤༥༩)བའི་དུས་སུ། དེ་ལ་རང་བཞིན་མེད་པར་ཤེས་པར་བྱས་ཏེ། དེ་ལ་ཡང་དུས་གསུམ་དུ་བརྟག་གོ། འོ་ན་རོལ་ཁ་བ་དང་། མངར་བ་དང་། སྐྱུར་བ་དང་། ཞིམ་པ་དང་མི་ཞིམ་པ་ལ་སོགས་པ་ནི་ཚོགས་སུ་འདུག་པ་སྙམ་ན་དེ་ཐམས་ཅད་ཀྱང་རང་གིས་རྣམ་པར་རྟོག་པས་དེ་ལྟར་དུ་བཟུང་ཞིང་། ཐ་སྙད་དེ་ལྟར་བཏགས་པ་ལས་དེ་ལྟར་སྣང་བ་ཡིན་ནོ། །དོན་ལ་བརྟགས་ཤིང་དཔྱད་ན་རང་བཞིན་གྲུབ་པ་མེད་དོ། །དེ་ལྟར་ཡང་ཤེས་རབ་སྙིང་པོ་ལས། སྒྲ་མེད་དྲི་མེད་རོ་མེད་ཅེས་གསུངས་སོ། །དེ་ལྟར་འཁྲུལ་པའི་རྟོག་པ་ཡིན་པས། དཔེར་ན་སྨྱོན་པའི་ཁ་ཟས་ལྟ་བུ་ཡིན་ནོ། །ཚོར་བ་རེག་བྱ་ལ་དམིགས་པའི་བསམ་གཏན་བདེ་སྡུག་གཉིས་མེད་དུ་གཏན་ལ་ཕབ་ནས། རྨི་ལམ་ལྟར་ཉམས་སུ་བླང་བའི་གདམ་ངག་དང་ཞེས་པ་ནི། ཚོར་བ་བདེ་སྡུག་སྣ་ཚོགས་ཉམས་སུ་མྱོང་བའི་དུས་སུ། དེ་ལ་རང་བཞིན་མེད་པར་ཤེས་པར་བྱ་སྟེ། དཔེར་ན་རྨི་ལམ་གྱི་བདེ་སྡུག་ཉམས་སུ་མྱོང་བ་ལ་རང་བཞིན་མེད་པ་བཞིན་ནོ། །དེ་ལྟར་ཡང་སྒྲོན་མ་ལས། རྨི་ལམ་དག་གི་བདེ་དང་སྡུག་བསྔལ་དག །སད་པར་འགྱུར་ན་རང་བཞིན་མཉམ་པ་ལྟར། རྣམ་པར་རྟོག་དང་མི་རྟོག་གཉིས་ཀ་ཡང་། །ཤེས་པས་རིག་ནི་རང་བཞིན་ཡོངས་ཀྱིས་མཉམ། །ཞེས་གསུངས་པའི་

(༤༦༠)ཕྱིར་རོ། །བླ་མ་རིན་པོ་ཆེ་ཞལ་ནས། སྤྱིར་ཐེག་པ་ཆེན་པོའི་རིགས་དང་ལྡན་པའི་གང་ཟག་ཅིག་གིས། འཁོར་བའི་ཉེས་སྐྱོན་ཤེས་པའི་སྒོ་ནས་སྤོང་བར་འདོད་ཅིང་། མྱ་ངན་ལས་འདས་པའི་ཡོན་ཏན་ཤེས་པའི་སྒོ་ནས་ཐོབ་པར་འདོད་པས། ལམ་ཉམས་སུ་ལེན་དགོས་དེ་ལ་གཉིས། དྲང་དོན་ཐབས་ཀྱི་ལམ་ཉམས་སུ་ལེན་པ་དང་། ངེས་དོན་གནས་ལུགས་རྟོགས་པར་བྱེད་པ་ཤེས་རབ་ཀྱིས་ལམ་ཉམས་སུ་ལེན་པའོ། །དེ་ལྟར་ཡང་དྲང་དོན་དང་ངེས་དོན་གང་ཉམས་སུ་ལེན་ཀྱང་། ཉམས་སུ་བླང་པའི་དུས་སུ་ཉམས་མྱོང་ངམ་རྟོག་པའི་དྲོད་རྟགས་མའི་འཆར་མི་སྲིད་པ་ཡིན། དེ་མ་ཤར་ན་ཉམས་སུ་མ་བླངས་པ་ཡིན། ཡང་ན་ཉམས་སུ་བླངས་ཀྱང་རྒྱུད་ལ་མ་སྐྱེས་པ་ཡིན། ཡང་ན་སྐྱེས་ཀྱང་བསྟན་པ་མ་ཐོབ་པ་ཡིན། དེ་ཡང་སྤྱིར་དྲོད་རྟགས་ལ་གཉིས། །དྲང་དོན་ཐབས་ཀྱི་ལམ་ཉམས་སུ་བླངས་པའི་དྲོད་ཚད་ངོས་བཟུང་བ་དང་། ངེས་དོན་གནས་ལུགས་རྟོགས་པར་བྱེད་པའི་ཤེས་རབ་ཀྱི་ལམ་ཉམས་སུ་བླངས་པའི་དྲོད་ཚད་ངོས་བཟུང་བའོ། །དེ་ལྟར་གཉིས་ཡོད་པ་ལས་དང་པོ་དེ་མི་སྟོན། གཉིས་པ་ངེས་དོན་གནས་ལུགས་རྟོགས་པར་བྱེད་པ་ཤེས་རབ་ཀྱི་ལམ་ཉམས་སུ་བླངས་པའི་

(༤༦༡)ཉམས་མྱོང་ངམ། དྲོད་རྟགས་ཀྱི་སྒོ་ནས་དྲོད་ཚོད་ངོས་འཛིན་པར་བྱེད་པ་དཔེར་ན་ཞིང་པ་སོ་ནམས་མཁན་ལྟ་བུའི་གདམ་ངག་འདི་སྟོན། དེ་ཡང་དཔེར་ན་ཞིང་པ་སོ་ནམས་བྱེད་པ་རྣམས་ཀྱིས། དང་པོ་རྨོས་བྱེད་པའི་དུས་ཚོད་དང་། དེ་ནས་འདེབས་པའི་དུས་ཚོད་དང་། །ཐ་མ་རྩ་བའི་དུས་ཚོད་རིག་དགོས། དེ་མ་ཤེས་ན་ལོ་ཐོག་ཕུན་གསུམ་ཚོགས་པ་མི་འབྱུང་བ་བཞིན་དུ། །བྲས་བུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པར་བྱེད་པ་ལ། ངེས་པ་དོན་གྱི་གདམ་ངག་ཉམས་སུ་ལེན་པ་རྣམས་ཀྱིས། དང་པོ་སྣང་བ་སེམས་སུ་གཏན་ལ་ཕབ་ནས་ཉམས་སུ་ལེན་དགོས། དེ་ནས་སེམས་ཉིད་སྟོང་པར་གཏན་ལ་ཕབ་ནས་ཉམས་སུ་ལེན་དགོས། སྤྱིར་ཤེས་བྱ་ལ་སྒྲོ་འདོགས་ཆོད་དགོས། གཉིས་མེད་ཀྱི་དོན་གཏན་ལ་ཕབ་ནས་ཉམས་སུ་ལེན་དགོས། །དེ་ལྟར་ཉམས་སུ་བླངས་པའི་དུས་སུ་སྣང་བ་སེམས་སུ་གཏན་ལ་ཕེབས་ན། དྲོད་རྟགས་འདི་འཆར་དགོས་པ་ཡིན། རྟགས་འདི་མ་འབྱུང་ན་གཏན་ལ་ཕེབས་ཟེར་ཀྱང་མ་ཕེབས་པ་ཡིན། གཉིས་པ་སེམས་ཉིད་སྟོང་པར་གཏན་ལ་ཕེབས་ནས་རྟགས་འདི་ལྟ་བུ་འཆར་

(༤༦༢)དགོས་པ་ཡིན། རྟགས་དེ་མ་བྱུང་ན་སྒྲོ་འདོགས་ཆོད་ཟེར་ཀྱང་མ་ཆོད་པ་ཡིན་ནོ། །གཉིས་མེད་ཀྱི་དོན་གཏན་ལ་ཕེབ་ནས་ཉམས་སུ་བླངས་པའི་དུས་སུ། དྲོད་རྟགས་འདི་འཆར་དགོས་པ་ཡིན། རྟགས་དེ་མ་བྱུང་ན་གཏན་ལ་ཕེབས་ཟེར་ཀྱང་མ་ཕེབས་པ་ཡིན་སྙམས་དུ་དྲོད་ཚད་ཤེས་པར་བྱས་ནས་ཉམས་སུ་བླང་། འབྲས་བུ་ཡང་དག་པར་རྫོགས་པའི་སངས་ཐོབ་པར་བྱེད་པ་ལ་ཚེགས་མེད་པས་ན། དྲོད་ཚད་ཀྱི་དམ་ངག་འདི་སྟོན། ཉམས་རྟོགས་ཀྱི་དྲོད་ཚད་ཟིན་པ་ལ་ཞིང་པ་ལྟ་བུའི་གདམ་ངག་འདི་བཞི། ཕྱི་རོལ་དཀར་དམར་གྱི་སྣང་བ་སེམས་སུ་ཤེས་པ་དང་སྣང་བ་སྣ་ཚོགས་སུ་སྣང་བ་འདི་ཐམས་ཅད་ཀྱང་བདེན་པའི་ཆོས་སུ་ཕྱི་རོལ་ན་གྲུབ་པ་མེད་དོ། །འཁྲུལ་པར་སྣང་བ་ཡིན་ནོ། །དེ་ལྟར་ཡང་བརྒྱད་སྟོང་པ་པ་ལས་ཀྱང་ནང་བའང་སེམས་ཀྱིས་འཁྲུལ་པ་སྟེ། ཞེས་པ་དང་། ཕལ་པོ་ཆེ་ལས་ཀྱང་། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ་ཞེས་པ་དང་དོ་ཧ་ལས་ཀྱང་། འཁོར་བའི་རང་བཞིན་སེམས་ཀྱི་ངོ་བོ་ཉིད་ཡིན་ཞེས། རྨོངས་པ་མདའ་བསྣུན་གྱིས་སྨྲས་ཙ་ན། ཞེས་པར་བྱོས། ཤེས་པ་དང་། སྒྲོན་མ་ལས་ཀྱང་

(༤༦༣)ཆོས་རྣམས་སེམས་ཀྱི་འཁྲུལ་པ་སྟེ། སེམས་ལས་མ་རྟོགས་རྣམ་རྟོག་མེད། །ཅེས་གསུངས་པའི་ཕྱིར་རོ། །དེ་ལྟར་ལུང་དང་རིགས་པའི་སྒོ་ནས་གཏན་ལ་ཕབ་ཀྱིན་བསྒོམས་པས་སྣང་འདི་སེམས་ཀྱིས་འཁྲུལ་རང་རུང་། སྣང་བ་སྒྱུ་མ་ལྟ་བུར་ཤར་བ་སྣང་བ་ལ་ཞེན་པ་རང་གྲོལ་དུ་སོང་བ་གཉིས་དུས་གཅིག་འབྱུང་བ་ཡིན་ཏེ་དཔེར་ན་སྨིག་རྒྱུ་ལ་ཆུར་སྣང་བའི་དུས་སུ། སྨིག་རྒྱུ་ཡིན་པར་ངོ་ཤེས་པས་ཆུ་ཐིགས་པ་ཅིག་ཀྱང་ཡོད་མ་མྱོང་བར་ཤེས་པ་དང་། ཆུར་འཛིན་གྱི་རྟོག་པའི་ཞེན་པ་མེད་པར་དུས་གཅིག་ཏུ་འབྱུང་བ་ཡིན་ནོ། །སྣང་བ་ལ་ཞེན་པ་མ་འགགས་ཤིང་སྒྱུ་མ་མ་ཤེས་ན། སྣང་བ་སེམས་སུ་གཏན་ལ་ཕེབས་ཟེར་ཀྱང་གཏན་ལ་མ་བབས་པ་ཡིན། ཡང་ན་གཏན་ལ་ཕེབས་ཀྱང་བསྟན་པ་མ་ཐོབ་པ་ཡིན་པས། སྔ་མ་བཞིན་དུ་ལུང་རིགས་གི་སྒོ་ནས་ཡང་དང་ཡང་དུ་གཏན་ལ་ཕབ་ཀྱིན་བསྒོམས་གསུང་ངོ་། །དེ་ལྟར་སྣང་དུ་འདི་ཐམས་ཅད་ཀྱང་ཕྱི་རོལ་ན་བདེན་པའི་ཆོས་སུ་གྲུབ་པ་མེད་དེ། རང་གི་སེམས་ཀྱིས་འཁྲུལ་པར་ཤེས་པ་དང་། ཤེས་པ་ཁ་ནང་དུ་ལོག་ལ་སེམས་ལ་ལྟོས་དང་། བལྟས་པས་སེམས་ལ་དངོས་

(༤༦༤)དང་མཚན་མ་གང་དུ་ཡང་གྲུབ་པ་མེད་དེ། ནམ་མཁའི་དཀྱིལ་ལྟ་བུ་ཅིག་ཡིན་ནོ། །དེ་ལྟར་ཡང་རྒྱུད་ལས། སེམས་ཀྱི་རང་བཞིན་འོད་གསལ་བ། ཉོན་མོངས་པ་རྣམས་བློ་བུར་བ་ཞེས་པ་དང་། དོ་ཧ་ལས་ཀྱང་། སེམས་ནི་ནམ་མཁའ་ལྟ་བུར་བཟུང་བྱ་སྟེ། །ཞེས་པ་དང་། གདོད་ནས་དག་པ་ནམ་མཁའི་རང་བཞིན་ཉིད། །བལྟས་ཤིང་བལྟས་ཤིང་མཐོང་བ་འགགས་པར་འགྱུར། །ཞེས་པ་དང་། དོད་ཆགས་མི་དམིགས་དེ་བཞིན་ཞེ་སྡང་དང་། གཏི་མུག་འདི་ལ་ནམ་ཡང་མི་དམིགས་ཏེ། །ཆོས་རྣམ་ཐམས་ཅད་ནམ་མཁའ་འདྲའོ་ཞེས། །དེ་ལྟར་གང་ཤེས་དི་ནི་རྒྱལ་བར་འགྱུར། །ཞེས་པ་དང་། སྒྲོན་མ་ལས་ཀྱང་། སེམས་ཀྱང་ཡེ་ནས་སྐྱེ་མེད་ལ། བསྒོམ་པ་པོ་དག་གང་ལ་ཡོད། །ཅེས་གསུངས་པས་སོ། །དེ་ལྟར་ལུང་དང་རིགས་པས་གཏན་ལ་ཕབ་ཀྱིས་ཉམས་སུ་བླངས་པས། སེམས་ཉིད་སྟོང་པར་གཏན་ལ་འཕེབས་ཤིང་སྒྲོ་འདོགས་ཆོད་པ་ཅིག་འོང་སྟེ། དེ་ལྟར་སེམས་ཀྱི་ཆོས་ཉིད་སྟོང་པར་གཏན་ལ་འཕེབས་ཤིང་སྒོ་འདོགས་ཆོད་པ་དང་། ཆགས་སྡང་གི་གནོད་པ་ཞི་བ་ངས་ཅིག་དུ་འབྱུང་བ་ཡིན་ཏེ། དཔེར་ན་ཐག་

(༤༦༥)པ་ལ་སྤྲུལ་དུ་འཁྲུལ་པ་ལ་ཐག་པ་ཡིན་པར་ངོ་ཤེས་ཤིང་ཐག་པར་མཐོང་བ་དང་། སྦྲུལ་དུ་སྣང་བ་ཡང་མེད་ལ། སྦྲུལ་དུ་འཛིན་པ་ཡང་མེད་པ་དུས་མཉམ་པ་བཞིན་ནོ། །དེ་ལྟར་ཉོན་མོངས་པ་རང་གྲོལ་དུ་མ་སོང་ན། སེམས་ཉིད་འོད་གསལ་ཆོས་སྐུར་གཏན་ལ་ཕེབས་ཟེར་ཡང་མ་ཕེབས་པ་ཡིན། ཡང་ན་ཕེབས་ཀྱང་བརྟན་པ་མ་ཐོབ་པ་ཡིན་པས། སྔ་མ་བཞིན་དུ་ལུང་དང་རིགས་པའི་སྒོ་ནས་ཡང་དང་ཡང་དུ་གཏན་ལ་ཕབ་ཀྱིན་བསྒོམ་གསུང་ངོ་། །ཤེས་བྱའི་ཆོས་ཐམས་ཅད་ཀྱང་བསྡུ་ན་འཁོར་འདས་གཉིས་སུ་མ་འདུས་པ་མེད་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་རིགས་པས་རྟགས་ཤིང་དཔྱད་ལ་སྒྲོ་འདོགས་ཆོད་པ་དང་། འཁོར་འདས་དང་བདེ་སྡུག་ལ་སོགས་པ་སྣང་གྲགས་ཀྱི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་སྐྱེ་མེད་དུ་ངོས་ཟིན་ནས། གནས་ལུགས་ཀྱི་མ་བཅོས་པའི་ངང་ལ་ལྷུན་གྱི་རང་སར་གནས་པ་གཉིས་དུས་གཅིག་ཏུ་འབྱུང་བ་ཡིན་ཏེ། དཔེར་ན་བྱ་རོག་གཟིངས་ལ་ཆགས་པ་ལྟ་བུ་ཅིག་འབྱུང་བ་ཡིན། དེ་ལྟར་ཡང་བརྒྱན་ལས་ཀྱང་བློ་དང་ལྡན་པས་

(༤༦༦)གཉིས་པོ་མེད་རིག་ནས། དེ་མི་ལྡན་པ་ཆོས་ཀྱི་དབྱིངས་ལ་གནས། །ཞེས་པ་དང་། སྒྲོན་མ་ལས་ཀྱང་། བརྗོད་པའི་གཙོ་བོ་སེམས་དེ་ཉིད། །མ་སྐྱེས་དངོས་གཞི་ཡོད་མིན་ན། །བསྒོམ་དང་བསྒོམ་དུ་མེད་པ་ཡིན། །ཐ་སྙད་གང་དང་གང་གིས་འཇུག །ཅེས་པ་དང་། ས་ར་ཧས་ཀྱང་། ཐ་མི་དད་པའི་ཡེ་ཤེས་ཁོ་ན་ཕྱོགས་ཅིག་པུ། རང་བཞིན་ཁྱབ་པའི་སེམས་ཀྱིས་རང་ལ་ཁྱབ་པར་འགྱུར །ཞེས་གསུངས་པས་སོ། །དེ་ལྟར་བསྒོམས་ཀྱང་གནས་ལུགས་ཀྱི་ངང་ལ་གནས་སུ་མི་བཏུབ་པར་བྱིང་རྒོད་ཀྱི་སྐྱོན་གྱིས་གོས་ན་ཤེས་བྱ་ལ་སྒྲོ་འདོགས་ཆོད་ཟེར་ཡང་མ་ཆོད་པ་ཡིན། ཡང་ན་ཆོད་ཀྱང་བསྟན་པ་མ་ཐོབ་པ་ཡིན། ལུང་དང་རིགས་པའི་སྒོ་ནས་ཡང་དང་ཡང་དུ་སྒྲོ་འདོགས་བཅད་ཅིང་བསྒོམས་གསུང་། གཉིས་མེད་ཀྱི་དོན་རྟོགས་པ་དང་། སྤྱིར་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་མེད། སྐྱོན་དང་ཡོན་ཏན་གཉིས་སུ་མེད། །སྣང་བ་དང་སྟོང་པ་གཉིས་སུ་མེད། །སྤང་བྱ་དང་གཉེན་པོ། བསྒོམ་པ་དང་མི་བསྒོམ་པ་ལ་སོགས་པ་ཐམས་ཅད་ཀྱང་ཆོས་ཉིད་སྐྱེ་བ་མེད་པའི་ངང་དུ་རོ་གཅིག་ཅིང་དབྱེར་མེད་དོ། །དེ་

(༤༦༧)ལྟར་ཡང་ཀླུ་གྲུབ་ཀྱི་ཞལ་ནས་ཀྱང་། །འཁོར་བ་དང་ནི་མྱ་ངན་འདས། འདི་གཉིས་ཐ་དད་ཡོད་མ་ཡིན། །འཁོར་བའི་ཆོས་ཉིད་རྟོགས་པ་ལ། མྱ་ངན་འདེས་ཤེས་རབ་ཏུ་བརྗོད། །ཅེས་གསུངས་པ་དང་། དོ་ཧ་ལས་ཀྱང་། ལས་རྣམས་གང་ལ་དགེ་དང་སྡིག་པ་གཉིས་རྟོག་པ། གང་ཞིག་རྩོལ་བ་དེ་ནི་དགེ་དང་སྡིག་པའི་སྦྱོར་བར་བཤད། གང་གིས་སྤྱད་པ་དེ་ནི་རང་གིས་རང་ལ་བཅིངས་པའོ། །ཅེས་གསུངས་པའོ། །དེ་ལྟར་ལུང་དང་རིག་པའི་སྒོ་ནས་ཡང་ཡང་དུ་གཏན་ལ་ཕབ་ནས་བསྒོམ་དགོས་པ་ཡིན་གསུང་། གཉིས་སྣང་གི་རྟོག་པ་གཉིས་དུས་གཅིག་ཏུ་འབྱུང་བ་ཡིན་ཏེ། དཔེར་ན་སྒྱུ་མའི་རྟ་གླང་ལ་སྒྱུ་མ་ཡིན་པར་ཤེས་པ་དང་། རྟ་གླང་གི་འཛིན་པ་དང་བྲལ་བ་གཉིས་དུས་གཅིག་ཏུ་འབྱུང་བ་བཞིན་ནོ། །དེ་ཡང་ཕྱི་རོལ་གྱིས་གཉིས་སྣང་གི་རྟོག་པ་མ་དག་པར་འདུག་ན། ནང་དུ་གཉིས་མེད་ཀྱི་དོན་རྟོགས་ཟེར་ཀྱང་མ་རྟོགས་པ་ཡིན་ནོ། །ཡང་ན་རྟོགས་ཀྱང་བརྟན་པ་མ་ཐོབ་པ་ཡིན་པས། ལུང་དང་རིག་པའི་སྒོ་ནས་ཡང་དང་ཡང་དུ་གཏན་ལ་ཕབ་ཀྱིན་བསྒོམ་དགོས་

(༤༦༨)པ་ཡིན་གསུང་ངོ་།། །།བླ་མ་རིན་པོ་ཆེའི་ཞལ་ནས། འོ་སྐོལ་ད་ལྟ་མངོན་པར་མཐོ་བ་ལྷ་དང་མིའི་སྟེགས་ལ་འཛེགས་ནས་ངེས་པར་ལེགས་པ་བྱང་ཆུབ་རྣམ་པ་གསུམ་ཐོབ་པར་འདོད་པས། ཐེག་པ་གསུམ་གྱི་སྒོར་ཞུགས་ནས་སྒྲུབ་པ་ཉམས་སུ་ལེན་དགོས་པ་ལ། ད་རེས་ཉན་རང་གི་ཐེག་པའི་སྒོར་ཞུགས་ནས། ཉན་རང་གི་བློ་དེ་སྒྲུབ་པར་བྱེད་པ་ལ་ད་ལྟ་བསྒོམ་བློའི་རྟེན་དང་མ་བྲལ་ཞིང་། སྤྱོད་པས་གཞན་དོན་གྱི་འཕྲིན་ལས་མི་འགྲུབ་པར་འདུག་པས་ད་རེས་དེ་མི་སྟོན་ཐེག་པ་ཆེན་པོའི་སྒོར་ཞུགས་ནས་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱེད་པའི་ཐབས་ཅིག་སྟོན། དེ་ལ་དོན་བཞི་ལྟ་བ་རྣམ་པར་དག་པ་དང་། བསྒོམ་པ་རྣམ་པར་དག་པ་དང་། །སྤྱོད་པ་རྣམ་པར་དག་པ་དང་། འབྲས་བུ་རྣམ་པར་དག་པའོ་དེ་ནས་ཡང་བསྡུ་ན་ལམ་དང་འབྲས་བུ་གཉིས་སུ་འདུས། དེ་ཡང་དང་པོ་གསུམ་གྱིས་ལམ་བསྟན་ལ། ཐབས་ནི་འབྲས་བུ་བསྟན་པའོ། །ལམ་ལ་གསུམ་དུ་འོང་བ་ཡང་། །སྤྱིར་ལམ་ལ་མཉམ་བཞག་དང་རྗེས་ཐོབ་གཉིས་ཡོད་པ་ལས། དང་པོ་གཉིས་ཀྱིས་ནི་མཉམ་གཞག་བསྟན་ལ། སྤྱོད་པ་རྗེས་ཐོབ་བསྟན་པའོ། །མཉམ་གཞག་ལ་ལྟ་བསྒོམ་གཉིས་བསྟན་པས། ལྟ་

(༤༦༩)བ་གནས་ལུགས་དོན་གྱི་ཕུ་ཐག་ལྷུན་གྱིས་གྲུབ་པའི་ལྟ་བ་རྣམ་པར་དག་པ་ཅིག་ཡོད་ཙ་ན། བསྒོམ་པ་གོལ་སྒྲིབ་ཀྱི་མཐར་ལྷུང་མི་སྲིད། བསྒོམ་པ་རྣམ་པར་དག་པ་ཅིག་འབྱུང་ངེས་ཤིང་། རྗེས་སུ་འགྲོ་ངེས་སོ། །དང་པོ་ལྟ་བས་ཐག་མ་ཆོད་དེ། ལྟ་བ་མ་དག་ཙ་ན་བསྒོམ་རྣམ་པར་དག་པ་འབྱུང་མི་སྲིད་དེ། གོལ་སྒྲིབ་ཀྱིས་མཐར་ལྷུང་ངེས་སོ། བཟློག་ངེས་སོ། །དེས་ན་དང་པོ་གཏན་ལ་འབེབས་པའི་དུས་སུ། ཤེས་བྱའི་ཆོས་ཐམས་ཅད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་ཅིང་བརྗོད་མེད་པར་གཏན་ལ་ཕབ་ནས། གཏན་ལ་ཕབ་པའི་དོན་དེ་ཉིད་རང་གིས་རྒྱུད་ལ་བཀལ་ནས་བསྒོམས་པས་ཉམས་སུ་ལེན་དགོས་དེ་ལྟར་ཉམས་སུ་བླངས་པས་རྗེས་ཐོབ་ཀྱི་དུས་སུ་སྣང་འདི་ཐམས་ཅད་ཀྱང་རྨི་ལམ་སྒྱུ་མ་ཙམ་དུ་ཆར་རོ། །དེ་ལྟར་ཤར་ཙ་ན་རྨི་ལམ་སྒྱུ་མ་ཙམ་དུ་སྡིག་པ་མི་དགེ་བ་སྤོང་ཞིང་། དགེ་བ་ཡང་རྨི་ལམ་སྒྱུ་མ་ཙམ་དུ་ཉམས་སུ་ལེན་ནོ། །དེ་ལྟར་ལྟ་བ་བསྒོམ་པ་སྤྱོད་པ་གསུམ་རྣམ་པར་དག་པ་ཅིག་ཡོད་ཙ་ན། འབྲས་བུ་རྣམ་པར་དག་པ་ཅིག་མི་འཆར་མི་སྲིད་དོ། །དེས་ན་ཆོས་བཞི་པོ་དེ་མི་ཚང་ཁ་མེད་དུ་འདུག་པས་ན། མན་ངག་བཞི་སྒྲོམ་དུ་བཅུག་ནས་ལམ་གྱིས་སྲོལ་བ་བྱེད་པ་ཤིང་

(༤༧༠)རྟ་འཁོར་ལོ་ལྟ་བུའི་གདམ་ངག་འདི་སྟོན། ད་ཡང་མན་ངག་བཞི་བསྒོམས་སུ་བཅུག་ནས། །ཞེས་པ་ནི། ལྟ་བ་བསྒོམ་པ། སྤྱོད་པ། འབྲས་བུ་དང་བཞི། ལམ་འབྲས་བུ་བཞི་ཏེ། ལམ་འབྲས་ཚར་ཅིག་ཏུ་ཁྱེར་ནས་ལམ་གྱི་སྲོལ་འབྱེད་པ་དེ་ཤིང་རྟའི་འཁོར་ལོ་ལྟ་བུ་ཡིན་ཏེ་དཔེར་ན་ཤིང་རྟ་དེ་ལ་འཁོར་ལོ་བཞི་ཀ་ཚང་དགོས་གང་རུང་ཅིག་མ་ཚང་ན་ཡང་ཤིང་རྟ་དེ་དྲང་དུ་མི་བཏུབ། དེ་བཞིན་དུ་གང་ཟག་ཅིག་སངས་རྒྱས་ཐོབ་པར་བྱེད་པ་ལ། ཆོས་བཞི་པོ་མི་ཚང་ཁ་མེད་དུ་དགོས་པ་ཡིན་ཏེ། ཤིང་རྟ་འཁོར་ལོ་ལྟ་བུའི་གདམ་ངག་འདི་ལ་དོན་བཞི། དང་པོ་ལྟ་བས་ཆོས་ཉིད་གྱི་དོན་ལ་ཕུ་ཐག་སྲིད་པ་དང་། ཞེས་པ་ནི། ཕྱི་རོལ་དཀར་དམར་གྱི་སྣང་བ་སྣ་ཚོགས་སུ་སྣང་བ་དང་། ནང་དྲན་རིག་གིས་རྟོགས་པ་སྣ་ཚོགས་སུ་འཆར་བ་འདི་ཐམས་ཅད་ཀྱང་། འོད་གསལ་ཆོས་སྐུ་ཡིན། འོ་ན་དྲན་སྣང་གི་ཆོས་ལ་འཕེལ་འགྲིབ་དང་འགྱུར་བ་བཞིན་དུ། འོད་གསལ་ཆོས་སྐུ་ལ་ཡང་འགྱུར་བ་འོང་ཞེས་ན། སྐྱོན་མེད་དེ་དྲན་སྣང་ལ་འཕེལ་འགྲིབ་དུ་སྣང་བའི་དུས་ཉིད་ན། དྲན་སྣང་ལ་འཕེལ་འགྲིབ་ཡོད་མ་མྱོང་སྟེ། དྲན་སྣང་རང་འོད་གསལ་ཆོས་ཀྱི་སྐུ་ཡིན་པར་ཕྱིར་ཏེ། དཔེར་

(༤༧༡)ན་རབ་རིབ་ཅན་ལ་སྐྲ་ཤང་སྣང་བའི་དུས་སུ་སྣང་བའི་དུས་ཉིད་ན་ནམ་མཁའི་རང་བཞིན་ཏེ། དོན་ལ་ནམ་མཁའ་དང་སྐྲ་ཤང་ཡོད་མ་མྱོང་ངོ་དེ་ནས་ནམ་མཁའ་དང་སྐྲ་ཤད་ལ་འཕེལ་འགྲིབ་ཏུ་སྣང་ཡང་རང་གྱིས་མིག་འཁྲུལ་ནས་སྣང་བ་ལས་དོན་ལ་འཕེལ་འགྲིབ་ཡོད་མ་མྱོང་སྟེ། ནམ་མཁའ་རང་ཡིན་པའི་ཕྱིར་རོ། །དེས་ན་ནམ་མཁའ་དང་སྐྲ་ཤད་ཇི་ལྟར་སྣང་བ་ནམ་མཁའི་རང་ཡིན་པས། དོན་ལ་སྐྲ་ཤང་སྣང་བས་ནམ་མཁའ་ལ་འགྲིབ་པའམ། མི་སྣང་བས་འཕེལ་བ་མེད་འགྱུར་བ་མེད་པས། བླང་དོར་རམ་བཅས་བཅོས་བྱར་མེད་དོ། །དཔེར་ན་དེ་བཞིན་དུ་དྲན་སྣང་གི་ཆོས་ཐམས་ཅད་ལ་ཡང་བདེ་བ་དང་སྡུག་པ། སྤང་བྱ་དང་གཉེན་པོ་སྐྱོན་དང་ཡོན་ཏན་ལ་སོགས་པ་སྣ་ཚོགས་སུ་སྣང་ཡང་ཐམས་ཅད་ཀྱང་འོད་གསལ་ཆོས་ཀྱི་སྐུའི་རང་བཞིན་ཡིན་པས། བཅས་བཅོས་དང་། འཕེལ་འགྲིབ་དང་། དགག་སྒྲུབ་དང་སྤང་བླང་བྱར་མེད་དེ། རྒྱུད་བླ་མ་ལས་ཀྱང་། འདི་ལ་གསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། ཅེས་གསུངས་པས་སོ། །འོ་ན་སྣང་བ་ཇི་ལྟར་ཡིན་ན། སྣང་བ་འདི་འཁྲུལ་པའི་སྣང་བ་ཡིན་ཏེ། དོན་ལ་སྤྱོད་མ་མྱོང་ངོ་། །དེ་ལྟར་

(༤༧༢)ཡང་མདོ་ལས། ཅི་ཏེ་ངོ་བོ་ཉིད་དུ་ན། སྣང་བ་འདི་དག་མེད་པ་སྟེ། ཡང་དག་ཏུ་ན་སྣང་མེད་པའི། རྣམ་པར་ཤེས་པ་འཁྲུལ་པ་སྣང་། །ཞེས་གསུངས་སོ། །འོ་ན་འཁྲུལ་པའི་སྣང་བ་དེ་རང་སྤང་དགོས་པ་མེན་ནམ་ཞེ་ན། སྤང་མི་དགོས་ཏེ་འཁྲུལ་པ་ལ་འཁྲུལ་པར་ཤེས་པ་དང་། འཁྲུལ་པའི་སྣང་བ་རང་སར་དག་པ་གཉིས་དུས་མཉམ་སྟེ། དཔེར་ན་འཁྲུལ་པ་ལ་ཐག་པ་སྤྲུལ་དུ་སྣང་བའི་དུས་སུ་འཁྲུལ་པར་ཤེས་པ་དང་། འཁྲུལ་སྣང་དག་པ་གཉིས་དུས་མཉམ་སྟེ། དེ་ལྟར་ཆོས་ཐམས་ཅད་སྐྱེ་བ་མེད་པ་འོད་གསལ་ཆོས་ཀྱི་སྐུའི་རང་བཞིན་ཡིན་ཞིང་། སྤང་བླང་དང་ཡིན་མིན་ལ་སོགས་པ། བློ་ཡུལ་དུ་བྱར་མེད་པ་གཅིག་ཡིན་ན། བསྒོམ་པ་བསྒོམ་དུ་ཡང་མེད་པ་ཅིག་ཡིན་སྙམ་ན། གནས་ལུགས་ཀྱིས་དོན་ལ་བློས་བྱར་མེད་ཅིང་བསྒོམ་པ་བསྒོམ་དུ་མེད་པ་ཡིན་ཀྱང་། རྟེན་གིས་གང་ཟག་གིས་གནས་ལུགས་ཀྱི་དོན་དེ་ཉིད་རྒྱུད་ལ་བཀལ་ནས་ཉམས་སུ་ལེན་དགོས་པ་ཡིན། །ཞེས་སྟོན་པ་ནི། གཉིས་པ་འོད་གསལ་གྱི་དོན་ལ་གོལ་སྒྲིབ་གྱི་འཁྱོག་བསྲང་པ་དང་། །ཞེས་པ་ནི། ལྟ་བ་ཕྱག་རྒྱ་ཆེན་པོ་བསམ་གྱིས་མི་ཁྱབ་པ་བརྗོད་དུ་མེད་པ་བློ་ལས་འདས་

(༤༧༣)པའི་དོན་དེ་ཉིད། གཏན་ལ་ཕབ་ནས། བསྒོམ་པ་ཉམས་སུ་ལེན་པའི་དུས་སུ་ཞེས་པ་ནི། སྤྱིར་གོལ་བ་ཐམས་ཅད་ནི་ཞེན་པའི་འཛིན་པས་གོལ་བ་ཡིན་པས། ཞེན་པའམ་འཛིན་པའི་ཆ་ཐམས་ཅད་དང་བྲལ་བར་བྱས་ལ། ཞེན་མེད་འཛིན་མེད་ཁྲེས་སེ་གཞག་གོ། །བླང་དོར་བྱར་མེད་དུ་ཁྲེས་སེ་གཞག་གོ། །དེ་ལྟར་མ་བཅོས་པར་བཞག་པ་དེ་ཀ་ལ་བསྒོམ་ཞེས་ཐ་སྙད་བཏགས་པ་ཡིན་ནོ། །སྒྲོན་མ་ལས། བཏང་སྙོམས་ཙམ་དུ་མ་བཅོས་ངང་གཞག་ན། ཐ་སྙད་ཙམ་དུ་བསྒོམ་ཞེས་དེ་ལ་བརྗོད། །ཅེས་གསུངས་པའི་ཕྱིར་རོ། །གསུམ་པ་རྒྱུ་འབྲས་ཀྱི་དོན་ལ་ལུས་ངག་གིས་ཚད་སྡམ་པ་དང་། ཞེས་པ་ནི། དེ་ལྟར་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ནས་སྐྱེ་བ་མེད་པ་ཆོས་ཀྱི་སྐུའི་རང་བཞིན་ཡིན་ཞིང་། བླང་དོར་བྱར་མེད་པ་ཅིག་ཡིན་ན། ད་དགེ་བ་དང་དུ་མི་ལེན་ཞིང་སྡིག་པ་སྤང་མི་དགོས་སྙམ་ན། མཉམ་བཞག་གི་དུས་ན་ཆོས་ཐམས་ཅད་ཀྱི་ཟབ་མོ་སྟོང་པ་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་བྱར་མེད་ཅིག་རྟོགས་ཀྱང་། རྗེས་ཐོབ་ཀྱི་དུས་སུ་སྣང་བ་རྨི་ལམ་སྒྱུ་མ་ཙམ་དུ་ཡང་སྡིག་པའི་མི་དགེ་བ་སྤང་ཞིང་། དགེ་བ་ཉམས་སུ་ལེན་དགོས་ཏེ། །སྤྱིར་རྒྱུ་འབྲས་ལ་གཉིས། ཞེན་པའི་རྒྱུ་འབྲས་དང་། སྣང་བ་ཙམ་

(༤༧༤)གྱིས་རྒྱུ་འབྲས་སོ། །དང་པོ་ནི། འོ་སྐོལ་སོ་སོ་སྐྱེ་བོ་དངོས་པོ་ལ་མངོན་པར་ཞེན་པ་རྣམས་ཀྱིས་འཁྲུལ་པའི་སྒོ་ནས་ལས་དགེ་མི་དགེ་སྤྱད་པས། དེའི་འབྲས་བུ་ཡང་འཁོར་བའི་བདེ་སྡུག་སྣ་ཚོགས་ཉམས་སུ་མྱོང་བ་ཡིན་ནོ། །གཉིས་པ་ནི། རྣལ་འབྱོར་པ་རྟོགས་པ་དང་ལྡན་པ་རྣམས་ཀྱིས་སྣང་བ་འདི་རྨི་ལམ་སྒྱུ་མ་ལྟ་བུར་རྟོགས་ནས། །ལས་དགེ་མི་དགེ་ཐམས་ཅད་ཀྱང་རྨི་ལམ་སྒྱུ་མ་ལྟ་བུར་སྤྱད་པས། འབྲས་བུ་ཡང་རྨི་ལམ་སྒྱུ་མ་ལྟ་བུར་ཉམས་སུ་མྱོང་བའོ། །སྣང་བ་སྒྱུ་མ་ལྟ་བུར་རྟོགས་ནས་རྒྱུ་ལས་དང་ཉོན་མོངས་པ་འབྱུང་བར་མི་འཐད་ཅེས་ན། མི་འཐད་པ་མེད་དེ་སྟོང་པ་ཉིད་ཀྱི་དོན་རྟོགས་པ་དེ་ཡང་། སྣང་བ་སྒྱུ་མ་ལྟ་བུར་རྟོགས་ཀྱང་སྟོང་པ་ཉིད་ཀྱིས་དོན་གོཾས་པ་མཐར་མ་ཕྱིན་ཏེ་བག་ཆགས་སྲབ་པས། ལས་དང་ཉོན་མོངས་པ་མེད་ན་འགྱུར་པར་རགས་པོ་མེད་ཀྱང་། ཕྲ་བ་བག་ལ་ཉལ་མེ་སྤངས་པས་འབྱུང་བ་ཡིན་ནོ། །དེ་ལྟར་ཡང་སྤྱོད་འཇུག་ལས། གང་ཚེ་སྒྱུ་མའི་བུད་མེད་ལས། །དེ་བྱེད་ཉིད་ཀྱང་ཆགས་སྐྱེ་ན། །དེ་བྱེད་པ་ནི་ཤེས་བྱ་ལ། །ཉོན་མོངས་བག་ཆགས་མ་སྤངས་པ། །དེས་ན་དེ་མཐོང་བ་ན་དེ། །སྟོང་ཉིད་བག་ཆགས་ཉམས་

(༤༧༥)ཆུང་ཉིད། ཅེས་གསུངས་པས་སོ། །དེ་ལྟར་ལས་དགེ་མི་དགེ་སྤྱད་ཀྱང་། །བདེན་ཞེན་མེད་པས་འབྲས་བུ། སྦྱིན་པར་མི་ཐད་དོ་ཞེ་ན། དེ་ཡང་མི་ཐད་བའི་རྒྱུ་མེད་དེ། རྒྱུ་ལ་ཞེན་པ་མེད་དེ་སྒྱུ་མ་ལྟ་བུར་སྤྱད་པས། འབྲས་བུ་ཡང་ཞེན་པ་མེད་པ་སྒྱུ་མ་ལྟ་བུ་ཉམས་སུ་མྱོང་བ་ཡིན་ནོ། །རྒྱུད་བླ་མའི་འགྲེལ་པ་ལས། སོ་སོ་སྐྱེ་བོ་དང་ཉན་རང་དང་ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང་བཞི་ལས། ཆོས་སྐུ་མངོན་དུ་འགྱུར་དུ་མི་སྟེར་བའི་སྒྲིབ་པ་བཞི་ཡོད་དོ། །མ་རིག་བག་ཆགས་དང་། ཟག་པ་མེད་པའི་ལས་བརྒྱད་དང་། བསམ་གྱིས་མི་ཁྱབ་པར་བསྒྱུར་པའི་འཆི་འཕོ་དང་། ཡིད་ཀྱིས་སྤྲུལ་པའི་ལུས་ལེན་པ་དང་བཞི་ཡོད་པར་བཤད་དོ། །རྒྱུ་འབྲས་ཡོད་མེད་ཀྱིས་མཚམས་ནི། ཆོས་ཉིད་ཀྱི་དོན་མ་རྟོགས་ཤིང་། སྣང་བ་སྒྱུ་མ་ལྟ་བུར་མ་རྟོགས་ཀྱི་བར་དུ་ཞེན་པའི་རྒྱུ་འབྲས་ཡོད་ལ། ཆོས་ཉིད་བདེན་པའི་དོན་རྟོགས། །སྣང་བ་སྒྱུ་མ་ལྟ་བུར་རྟོགས་ཀྱང་། གོམས་པ་མཐར་མ་ཕྱིན་གྱི་བར་དུ་སྣང་བ་ཙམ་གྱི་རྒྱུ་འབྲས་ཡོད། ཧྲིལ་གྱིས་དྲིལ་ལེ་བས་ཆོས་སྐུ་མ་རྟོགས་ཀྱི་བར་དུ་རྒྱུ་འབྲས་ཡོད་ལ། ཆོས་སྐུ་རྟོགས་ནས་རྒྱུ་འབྲས་བྱ་བའི་མིང་མདོ། །བཞི་པ་

(༤༧༦)འབྲས་བུ་ལྷུན་གྲུབ་ཀྱིས་དོན་ལ་རེ་དོགས་ཀྱི་བློ་དང་བྲལ་བའོ། །ཞེས་པ་ནི། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ནས་སྐྱེ་མེད་པ་ཆོས་ཀྱི་སྐུའི་རང་བཞིན་དུ་གཏན་ལ་ཕེབས་ན། ཆོས་སྐུ་ལོགས་ནས་ཐོབ་ཏུ་རེ་བ་ཡང་མེད་ལ་འཁོར་བར་ལྷུང་གིས་དོགས་པ་ཡང་མེད་དོ། །རེ་དོགས་ཀྱི་བློ་ཡོང་བ་ཇི་སྲིད་འབྲས་བུ་ལྷུན་གྲུབ་ཀྱི་དོན་མི་རྟོགས་པ་ཡིན་ནོ།། །།བླ་མ་རིན་པོ་ཆེའི་ཞལ་ནས། སྤྱིར་ཐེག་པ་ཆེན་པོའི་རིགས་དང་ལྡན་པའི་རྟེན་གྱི་གང་ཟག་གིས་འབྲས་བུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པར་བྱེད་པ་ལ། ལམ་ཀྱི་གནས་སྐབས་སུ་ལྟ་བ་བསྒོམ་པ་སྤྱོད་པ་གསུམ་གྱིས་ལམ་སྲུང་དུ་ཧྲིལ་གྱིས་བཅུག་ནས། ཉམས་སུ་ལེན་དགོས་པ་ཡིན། དེ་ལྟར་དགོས་པའི་རྒྱུ་མཚན་ཡང་། །དཔེར་ན་ལྟ་བའི་མིག་རྒྱངས་དང་འདྲ་བ་ཡིན། བསྒོམ་པ་གོམས་པ་དང་འདྲ་བ་ཡིན། སྤྱོད་པ་སྐྱེལ་མ་དང་འདྲ་བ་ཡིན། འབྲས་བུ་ཡི་བཞིན་ནོར་བུ་རིན་པོ་ཆེ་དང་འདྲ་བ་ཡིན་ནོ། །དེས་ན་དང་པོ་ལྟ་བ་གནས་ལུགས་ཕྱིན་ཅི་མ་ལོགས་པ་གཅིག་གལ་ཆེ། དེ་མ་རྟོགས་ཤིང་གཏན་ལ་མ་ཕེབས་ན་བསྒོམ་པ་ཡིད་སྨོན་དུ་འཆར་རོ། །དེ་ཤོར་བས་སྤྱོད་པ་ཚུལ་ཆོས་སུ་འགྲོ་དེ་ལྟར་སོང་བས་འབྲས་བུ་སྐུ་གསུམ་མི་ཐོབ། དེས་

(༤༧༧)ན་འབྲས་བུ་སྐུ་གསུམ་ཐོབ་པ་ལ། དང་པོ་ལྟ་བའི་ཡིན་ལུགས་ཤེས་ཤིང་། གནས་ལུགས་གོ་དགོས། དེ་ལྟར་ལྟ་བའི་གནས་ལུགས་ཤེས་ཤིང་གོ་བའི་དུས་སུ། བདེ་སྡུག་འཁོར་བའི་ཆོས་ཐམས་ཅད་ལ་ཉམས་ང་བ་དང་། བག་ཚ་བ་མེད་པ་ལྟ་བའི་གདེང་དང་ལྡན་པ་སེང་གེ་ལྟ་བུ་ཡིན་ཏེ། དཔེར་ན་སེང་གེ་ལ་ཆོས་རྣམ་པ་བཞི་ཡོད་དེ། ཁོ་སྟོབས་དང་ལྡན་པ་ཡིན་པ་དང་། ཁོ་ལས་སྟོབས་ཆེ་བ་གཞན་མེད་པ་དང་། ཁོའི་སྟོབས་ལ་འཕེལ་འགྲིབ་མེད་པ་དང་། ཡེ་ནས་སྟོབས་དང་ལྡན་པ་ཡིན་པས་ན། སྟགས་དང་དོམ་དང་དྲེད་ལ་སོགས་པ་ཐམས་ཅད་ཀྱིས་ཁོ་མཐོང་བའི་དུས་སུ་འཇིགས་ཤིང་སྐྲག་ལ། ཁོ་གང་ལ་ཡང་འཇིགས་པ་དང་མཉམ་ང་བ་མེད་པར་རྒྱུ་བ་བཞིན་དུ། རྟོགས་པ་དང་ལྡན་པའི་རྟེན་གྱི་གང་ཟག་ཅིག་གིས་དང་པོ་ལྟ་བའི་ཡིན་ལུགས་ཤེས་ཤིང་། གནས་ལུགས་གོ་བའི་དུས་སུ་ཆོས་བཞི་ཡིན་ཏེ། སྣང་གྲགས་ཀྱི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་སྐྱེ་བ་མེད་པ་ཡིན་པ་དང་། དེ་ཡང་མཐའ་དབུས་མེད་ཅིང་སྤྲོས་པ་དང་བྲལ་བ་ཅིག་ཡིན་པ་དང་། དུས་ཐམས་ཅད་དུ་འཕེལ་འགྲིབ་བམ་འགྱུར་བ་མེད་པ་དང་། གདོད་མ་ནས་རྣམ་པར་དག་ཅིང་ལྷུན་གྱིས་གྲུབ་

(༤༧༨)པ་ཅིག་ཏུ་རྟོགས་པས། འཁྲུལ་སྣང་བག་ཆགས་དང་བཅས་པ་ཐམས་ཅད་སྤངས་ཤིང་། འཁོར་བའི་སྡུག་བསྔལ་ལ་ཉམ་མི་ང་ཞིང་། མྱ་ངན་ལས་འདས་པའི་བདེ་བ་ལ་རེ་དོགས་མེད་པ། སེང་གེ་ལྟ་བུའི་གདམ་ངག་འདི་ལ་དོན་བཞི། ཉམ་ང་བ་མེད་པ་ལྟ་བའི་གདེང་དང་ལྡན་པ་སེང་གེ་ལྟ་བུའི་གདམ་ངག་འདི་ལ་དོན་བཞི་སྟེ། ཐམས་ཅད་ཆོས་ཉིད་དུ་ཤེས་པ་ཞེས་པ་ནི། སྣང་གྲགས་ཀྱི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་སྐྱེ་མེད་དུ་རྟོགས་པས་མཚོན་བྱའི་མིང་མེད་དེ། རང་དག་པའོ། །འདི་ལྟར་སྣང་བ་འདི་ཐམས་ཅད་ཀྱང་དག་པ་ཡེ་ཤེས་ཀྱི་རྣམ་པར་འཕྲུལ་པའམ། ཆོས་ཉིད་ཀྱི་རང་བརྡར་གོ་བ་འོ། །རིན་པོ་ཆེ་གསེར་གླིང་དུ་ཕྱིན་པ་ལྟ་བུ་ཡིན་ཏེ། ཞེས་པ་ནི། རིན་པོ་ཆེ་གསེར་གླིང་དུ་ཕྱིན་ན། ཅིར་སྣང་ཐམས་ཅད་གསེར་གྱི་རང་བཞིན་དུ་སྣང་བ་ལས། ས་དང་རྡོ་བྱ་བའི་མིང་ཡང་མེད་དོ། །དཔེ་བདེ་བཞིན་དུ་སྣང་བ་ཆོས་ཉིད་དུ་རྟོགས་པའི་གང་ཟག་ལ། ཆོས་ཉིད་ཀྱིས་དོན་འབའ་ཞིག་ལས་ཆོས་ཅན་བྱ་བའི་མིང་ཡང་མེད་དོ། །མཐའ་དབུས་མེད་ཅིང་སྤྲོས་པ་ཐམས་ཅད་དང་བྲལ་བ་ཅིག་ཡིན། དཔེར་ན་ནམ་མཁའ་ལྟ་བུ་ཡིན་ཏེ། ནམ་མཁའ་ལ་མཐའ་བཙལ་བས་མཐའ་མ་རྙེད། དེ་ལ་ལྟོས་པའི་དབུས་ཀྱང་རྙེད་མི་སྲིད་དེ་མཐའ་དབུས་

(༤༧༩)ཐམས་ཅད་དང་བྲལ་ལོ། །དེ་བཞིན་དུ་ཆོས་ཉིད་ཀྱི་དོན་ལ་མཐའ་དབུས་བཙལ་བས་མཐའ་དབུས་མ་རྙེད། དེ་མ་རྙེད་ན་དེ་ལ་ལྟོས་པའི་མཐའ་དབུས་ཀྱང་རྙེད་སྲིད་དེ། མཐའ་དབུས་དང་བྲལ་ལོ། །ཡང་ནམ་མཁའ་དེ་ལ་ཡོད་མེད་ལ་སོགས་པའི་སྤྲོས་པ་ཐམས་ཅད་དང་བྲལ་བ་བཞིན་དུ། ཆོས་ཉིད་ཀྱི་དོན་དེ་ལ་ཡང་ཡོད་པ་དང་མེད་པ་ལ་སོགས་པའི་སྤྲོས་པ་ཐམས་ཅད་དང་བྲལ་ཏེ། བློས་བསམ་གྱིས་མི་ཁྱབ་ཅིང་བརྗོད་དུ་མེད་པ་ཡིན་ནོ། །འཕེལ་འགྲིབ་དམ་འགྱུར་བ་མེད་པ་ཞེས་པ་ནི། ཆོས་ཉིད་ཀྱི་དོན་དེ་ཡང་རྟོགས་པ་དང་ལྡན་པའི་རྣལ་འབྱོར་པའི་རྒྱུད་ལ་ཡོད་པས་བཟང་དུ་མ་སོང་སྟེ་མ་འཕེལ་ལ། མ་རྟོགས་པ་སེམས་ཅན་གྱི་རྒྱུད་ལ་ཡོད་པས་ངན་དུ་མ་སོང་སྟེ་མ་འགྲིབས་སོ། །དོན་ལ་འགྱུར་བ་མེད་པ་སའི་སྙིང་པོ་གསེར་ལྟ་བུ། ཞེས་པ་ནི། དཔེར་ན་གསེར་དེ་འཇིམ་འབག་ཀྱི་བསེབ་ཏུ་བཅུག་ཀྱང་ངན་དུ་མ་སོང་ལ། འདམ་ནས་གཏོན་པ་སྤྱངས་ཤིང་བྱི་དོར་བྱས་ཀྱང་གསེར་གྱི་ངོ་བོ་བཟང་དུ་མ་སོང་བ་བཞིན་དུ། ཆོས་ཉིད་ཀྱང་སེམས་ཅན་གྱི་རྒྱུད་ལ་ཡོད་པས་ངན་དུ་མ་སོང་ལ་སངས་རྒྱས་ཀྱི་རྒྱུད་ལ་ཡོད་པས་བཟང་དུ་མ་སོང་སྟེ་འགྱུར་བ་མེད་པ་ཡིན་ནོ། །གདོད་མ་ནས་གནས་ཅིང་སྤྲོས་པ་དང་བྲལ་བ།

(༤༨༠)སྤངས་བྱའི་མིང་མེད་པ་ཉི་མ་ལྟ་བུའོ། །ཡེ་ནས་དག་པས་གདོད་མ་ནས་དག་པའོ། །དེ་ལྟར་ཡང་དོ་ཧ་ལས་ཀྱང་། སེམས་ནི་ནམ་མཁའ་འདྲ་བར་བཟུང་བྱས་ཏེ། །ཞེས་པ་དང་། གདོད་ནས་དག་པ་ནམ་མཁའི་རང་བཞིན་ལ། བལྟས་ཤིང་བལྟས་ཤིང་མཐོང་བ་འགག་པར་འགྱུར། །ཞེས་གསུངས་པས་སོ། །དཔེར་ན་ཉི་མ་དེ་རང་བཞིན་གྱིས་གསལ་ཞིང་མུན་པ་བྱ་བའི་མིང་མེད་བཞིན་དུ། ཆོས་ཉིད་ཡང་རང་བཞིན་གྱིས་རྣམ་པར་དག་པས་ན་སྤང་བྱ་མི་དགེ་བའི་དོན་ལ་སྤང་བྱ་སྤང་དུ་ཡང་མེད་ལ། ཐོབ་བྱའི་ཡོན་ཏན་སྔར་མ་ཐོབ་པ་ཅིག་ཐོབ་པར་བྱ་བ་ཡང་མེད་དོ། །དེ་ལྟར་ཡང་རྒྱུད་བླ་མ་ལས། འདི་ལ་གསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལས་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་པས་སོ།། །།བླ་མ་རིན་པོ་ཆེའི་ཞལ་ནས། མདོ་ལས། གྲོགས་དག་ཚེ་འདི་མི་རྟག་ཏེ། །རི་གཟར་ཆུ་དྲུག་འགྱོགས་འདྲ་བར། །བྱིས་པའི་སྐྱེ་བོས་མ་རྟོགས་པས། །མི་མཁས་འདོད་པས་དྲེགས་པས་མྱོས། །ཅེས་གསུངས་པས། རང་གི་ཚེ་འདི་སྐད་ཅིག་ཀྱང་མི་རྟག་སྟེ། འཆི་བའི་ཕྱིར་ནི་འགྲོ་ངེས། འཆི་བའི་འཇིགས་པ་འབྱུང་ངེས་

(༤༨༡)དེ་བྱུང་བའི་དུས་སུ་སྐྱབས་དགོན་ཆོས་མིན་པ་གང་གིས་ཀྱང་མི་གཏོང་གསུང་། དེའི་དུས་སུ་ཆོས་མིན་པ་གང་གིས་ཀྱང་མི་གཏོང་། །དེའི་དུས་སུ་ཆོས་མིན་པ་གང་གིས་ཀྱང་མི་གཏོང་ན། ཆོས་ལ་ཐོས་པ་བྱས་པའི་གཏོད་དམ། བསམ་པས་གཏོད་དམ་བསྒོམས་པས་གཏོད་སྙམ་ན། ཐོས་པས་ཀྱང་མི་འདི་གཏོང་། བསམ་པས་ཀྱང་མི་གཏོང་། བསྒོམ་པ་ཁོ་ནས་གཏང་བ་ལས་གང་གིས་ཀྱང་མི་གཏོད། དེ་ཅི་ཏེ་སྙམ་ན་འཆི་བའི་དུས་སུ་ལུས་འདོར་བ་ཡིན། ངག་འགག་པ་ཡིན། བག་ཆགས་ཐམས་ཅད་སེམས་ལ་བཞག་ནས་འགྲོ་དགོས་པ་ཡིན་པས་བསྒོམ་པ་ཁོ་ན་གལ་ཆེ་བ་ཡིན་གསུང་། བསྒོམ་པ་ལ་བསྒོམ་ལུགས་གསུམ་ཡིན། ཐབས་དང་ཤེས་རབ་ཟུང་འབྲེལ་དུ་བསྒོམ་པ་དང་། སྔོན་དུ་ཤེས་རབ་བསྒོམས་ནས་ཐབས་ཕྱི་ལ་བསྒོམ་པ་དང་། ཐབས་སྔོན་དུ་བསྒོམས་ནས་ཤེས་རབ་ཕྱི་ལ་བསྒོམ་པའོ། །དེ་ལྟར་བསྒོམ་ལུགས་གསུམ་ཡོད་པ་ལས། དང་པོ་མི་སྟོན་ཐ་མ་དེ་འཆད། དང་པོ་གཉིས་མི་སྟོན་པའི་རྒྱུ་མཚན་ཡང་དབང་པོ་ཡ་རབ་ལས་ཀུན་གྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །ཐ་མ་ཐབས་བསྒོམ་པ་ལ་གོམས་པ་མཐར་ཕྱིན་པ་དང་། ཤེས་རབ་བསྒོམས་པ་ལ་ཉམ་མྱོང་དམ། རྟོགས་པ་ཕྱིན་ཅི་མ་ལོག་

(༤༨༢)པ་ཅིག་རྒྱུད་ལ་སྐྱེ་ངེས་ཏེ། དཔེར་ན་གསེར་འགའ་བ་མཁས་པས་རྒྱན་བསྡུངས་པས། རྒྱན་གྲུབ་པའི་དུས་སུ་རྒྱན་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་བཞིན་དུ། བསྒོམ་པ་ཐབས་ཀྱིས་ཟིན་པས་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་ཏིང་ངེ་འཛིན་མཆོག་ཏུ་གྱུར་པ་རྒྱུད་ལ་སྐྱེ་ངེས་པས། དཔེར་ན་གསེར་ལས་རྒྱན་བསྡུངས་པ་ལྟ་བུའི་གདམ་ངག་འདི་སྟོན། བསྒོམ་པ་ཐབས་ཀྱིས་ཟིན་པས་གསེར་ལ་རྒྱན་བསྡུངས་པ་ལྟ་བུའི་གདམ་ངག་འདི་ལ་དོན་བཞི། བྱམ་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ནི་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱིས་བདག་གི་ཕ་མ་མ་བྱས་པ་མེད་པ་ཡིན། དེ་བས་ན་སེམས་ཅན་ཅིག་གིས་ཕ་མ་བྱས་པའི་གྲངས་ཀྱང་བགྲང་གིས་མི་ལང་བ་ཡིན་སྙམ་དུ་བསམ་དེ་ལྟར་ཡིན་ན། ཕ་མ་ཐམས་ཅད་ནི་དྲིན་ཅན་ཡིན་ཏེ། འཇིག་རྟེན་ན་ཕ་མ་བས་དྲིན་ཆེ་བ་མེད་པ་ཡིན་སྙམ་དུ་བསམ། ཕ་མ་དྲིན་ཅན་འདི་རྣམས་འཁོར་བ་ན་སྡུག་བསྔལ་བ་འདི་སྙིང་རྗེ་སྙམ་དུ་བསམ། འདི་རྣམས་འཁོར་བའི་སྡུག་བསྔལ་འདི་དང་བྲལ་ན་ཅི་མ་རུང་སྙམ་པའི་སྙིང་རྗེ་རྒྱུད་ལ་སྐྱེས་ཚད་ཅིག་བསྒོམ་

(༤༨༣)བདེ་བ་དང་ཕྲད་ན་ཅི་མ་རུང་སྙམ་པའི་བྱམས་པ་བསྒོམ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ་བའི་ཆེད་དུ་བྱང་ཆུབ་ཀྱི་སེམས་ཅུང་ཞིག་སྒོམ། སེམས་ཅན་གྱི་སྡུག་བསྔལ་བསལ་ལ་བདེ་བ་སྒྲུབ་པར་བྱ་བའི་ཆེད་དུ་བདག་གི་ལུས་ཀྱང་སེམས་ཅན་ལ་སྦྱིན་པར་གཏང་སྙམ་དུ་བསམ་མོ། །རང་ལུས་སྦྱིན་པར་གཏང་ནས་སེམས་ཀྱི་དེ་ཉིད་བསྒོམ་པ་དང་། རང་གི་ལུས་ནི་སེམས་ཅན་ལ་སྦྱིན་པར་གཏང་བས་མེད་ན། ད་སེམས་དེ་གང་ན་འདུག་ཇི་འདྲ་འདུག་ལྟོས་དང་། བལྟས་པས་སེམས་ལ་ངོས་བཟུང་མེད་དེ་ནམ་མཁའ་ལྟ་བུར་རྟོགས་པ་དེ་ཀའི་ངང་ལ་རང་གི་ལུས་འདི་འདོད་ཡོན་ལོངས་སྤྱོད་ཀྱི་ཕུང་པོ་ཆེན་པོ་ཅིག་ཏུ་བསམ་ལ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་སྦྱིན་པས། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་དང་བྲལ་ནས་བདེ་བ་དང་ལྡན་པར་བསམ་མོ། དེ་ལྟར་རང་གི་ལུས་སྦྱིན་པར་གཏོང་བ་ཡང་བྱམས་པས་བྱང་ཆུབ་སེམས་དཔའི་ལུས་དང་ལོངས་སྤྱོད་གཞན་ལ་མི་སྦྱིན་པ་ནི་ཡོངས་མེད་དེ་ཅེས་པའོ། །བླ་མའི་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་རང་ལུས་མཆོད་པར་འབུལ་ཞིང་སེམས་ཀྱིས་དེ་སྙིད་བསྒོམ་པ་དང་། ཞེས་པ་ནི་

(༤༨༤)སྤྱིར་འཁོར་བའི་སྡུག་བསྔལ་ཐམས་ཅད་ནི་སྡིག་པ་མི་དགེ་བ་སྤྱད་པ་ལས་བྱུང་བ་ཡིན། བདེ་བ་ཐམས་ཅད་ནི་དགེ་བའི་ལས་སྤྱད་པ་ལས་བྱུང་བ་ཡིན། ད་ལྟ་དལ་འབྱོར་མི་ལུས་ཐོབ་པའི་དུས་འདི་ལ་སྡིག་པ་མི་དགེ་བ་སྤང་དུ་ཡོད། དགེ་བ་ཉམས་སུ་བླང་དུ་ཡོད་པ་འདི་བླ་མའི་བྱིན་རླབས་ཞུགས་པ་ཡིན། ཡི་དམ་ལྷའི་དངོས་གྲུབ་བྱུང་བ་ཡིན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེའི་ལྕགས་ཀྱུས་བཟུང་བ་ཡིན་སྙམ་དུ་བསམ། དེ་ནས་བླ་མ་དང་ཡི་དམ་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མདུན་གྱི་ནམ་མཁའ་ལ་བཞུགས་པར་བསམས་ལ་དེ་ནས་རང་གི་ལུས་འདི་མཆོད་པའི་རྫས་དཔག་ཏུ་མེད་པར་བསམས་ལ་བླ་མ་དཀོན་མཆོག་ལ་འབུལ་ལོ། །དེ་ལྟར་སྤྱོད་འཇུག་ལས། བདག་གི་ལུས་ཀུན་གཏན་དུ་འབུལ་བར་གྱི། །སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་བཞེས་ཅིག །ཅེས་པས་སོ། །ཕུལ་བས་བླ་མ་དཀོན་མཆོག་མཉེས་པར་བསམ། །དེ་ནས་རང་གི་ལུས་ཕུལ་ནས་མེད་ན། །ད་རང་གི་སེམས་ག་ན་འདུག །ཅི་འདྲ་བ་ཅིག་འདུག་བལྟའོ། །དེ་

(༤༨༥)ལྟར་ཡང་མཁས་པས་རྣམ་པར་སེམས་ཀྱིས་སེམས་ཉིད་འཚོལ། ཞེས། བལྟས་པས་སེམས་ལ་དངོས་པོ་དང་མཚན་མ་གང་དུ་ཡང་གྲུབ་པ་མེད་པ། དེ་ཀ་སེམས་ཀྱི་ཆོས་ཉིད་རྟོགས་པ་ཡིན་ནོ། །དེ་ལྟར་ཡང་སེམས་ཀྱི་སེམས་ཉིད་ནམ་ཡང་འགྱུར་བ་མེད། ཅེས་པས་སོ། །དེ་ལྟར་ངོས་ཟིན་པ་དང་། དེ་ཀའི་ངང་ལ་ཤེས་པ་མ་བཅོས་པར་བཞག་གོ། །གསོལ་བ་བཏབ་སྟེ་བླ་མའི་བྱིན་རླབས་ཞུགས་པས་རང་ལུས་སྦྱིན་སྲེག་ཏུ་བཏང་ནས་སེམས་ཀྱི་དེ་ཉིད་བསྒོམ་པའོ། །ཞེས་པ་ནི། རང་གིས་མདུན་གྱི་ནམ་མཁར་འདི་ལ་པདྨའི་སྡོང་པོ་ཆེན་པོ་གཅིག་བསམ་དེའི་སྟེང་དུ་ཉི་མ་དང་ཟླ་བའི་གདན་གཅིག་བསམ། དེའི་སྟེང་དུ་རང་གི་རྩ་བའི་བླ་མ་བཞུགས་པར་བསམ་ལ། བླ་མ་འདི་སངས་རྒྱས་དངོས་ཡིན་སྙམ་དུ་མོས་གུས་སིང་བ་ཅིག་བསྒོམ། དེ་ནས་བླ་མ་ལ་ཡིད་ཀྱིས་ཕྱག་འཚལ་ཞིང་ཏིང་ངེ་འཛིན་གྱི་མཆོད་པ་དབུལ། དེ་ནས་ངག་ཏུ་གསོལ་བ་བཏབ་པ་ནི། བླ་མ་དམ་པ་རིན་པོ་ཆེའི་སྐུ་གསུང་ཐུགས་ཀྱིས་བྱིན་རླབས་ཀྱིས། བདག་གི་ལུས་ངག་ཡིད་གསུམ་གྱི་སྡིག་པ་དང་

(༤༨༦)སྒྲིབ་པ་བྱང་ཞིང་དག་པར་མཛད་དུ་གསོལ། སྡིག་པ་དང་སྒྲིབ་པ་ཐམས་ཅད་མ་ལུས་པར་བྱང་ཞིང་དག་ནས་ཀྱང་རང་སེམས་སྐྱེ་བ་མེད་པའི་དོན་རྟོགས་ཏེ། བཟུང་འཛིན་བློའི་དྲི་མ་ཐམས་ཅད་དང་བྲལ་བའི་དོན་རྟོགས་པར་བྱིན་གྱིས་རླབས་ཏུ་གསོལ། རྟོགས་པའི་དོན་དེ་དང་མི་འབྲལ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་ལན་གསུམ་གདབ། དེ་ལྟར་གསོལ་བ་བཏབ་པའི་བླ་མའི་ཐུགས་ཁ་ནས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བྱིན་གྱིས་རླབས་ཀྱིས་འོད་ཟེར་མེའི་རང་བཞིན་དུ་བྱུང་བས། རང་གིས་ལུས་ངག་ཡིད་གསུམ་གྱི་སྡིག་པ་དང་སྒྲིབ་པ་བག་ཆགས་དང་བཅས་པ་ཐམས་ཅད་བསྲེགས་ནས། མེ་དང་ལུས་གཉིས་ཀ་ནམ་མཁའ་ལྷར་དག་པར་བསམ། དེ་ནས་སེམས་ལ་བལྟས་པས་སེམས་ཀྱང་ནམ་མཁའ་ལྟར་རྟོགས་པ་དང་ལུས་སྟོང་པ་དེ་དང་ཅིག །སེམས་ཉིད་སྟོང་པ་དེ་དང་གཉིས། འདུས་མ་བྱས་པའི་ནམ་མཁའ་སྟོང་པ་དེ་དང་གསུམ་པོ་དེ་དབྱེར་མེད་དུ་སོང་བ་དང་། གཉིས་མེད་ཙམ་དུ་འཛིན་པའི་བློ་དེ་ཡང་བྲལ་ལ། བློ་བྲལ་གྱི་ངང་ལ་རང་སར་ཁྲེས་ཀྱིས་བཞག་ལ་བསྒོམ། སེམས་ཉིད་སྐྱེ་བ་མེད་པའི་དོན་བསྒོམ་པ་དེ་ཡང་

(༤༨༧)དབྱིངས་དང་ཡེ་ཤེས་དབྱེར་མེད་དུ་ཉམས་སུ་བླང་ངོ་། །ཞེས་པ་ནི། ཕྱི་རོལ་ཚོགས་དྲུག་ཡུལ་གྱི་སྣང་བ་འདི་ཐམས་ཅད་ཀྱང་། ཕྱི་རོལ་ན་བདེན་པའི་ཆོས་སུ་གྲུབ་པ་མེད། རང་གི་སེམས་ཀྱིས་འཁྲུལ་པའི་སྣང་བ་ཡིན་སྙམ་དུ་བསམ། སེམས་ཀྱང་དངོས་པོ་དང་མཚན་མ་གང་དུ་ཡང་གྲུབ་པ་མེད་དེ། འོད་གསལ་ཆོས་ཀྱི་སྐུའི་རང་བཞིན་ཡིན་སྙམ་དུ་བསམ་དེ་ལྟར་བསམ་པས་སྣང་བ་སེམས་སུ་སྒྲོ་འདོགས་ཆོད་པ་དང་། དེ་ཀའི་ངང་ལ་སྒྲོ་འདོགས་གཅོད་བྱེད་ཀྱི་ཤེས་པ་དེ་ཀ་ཡང་དབྱིངས་ཀྱི་ངང་དུ་སྐྱུར་ལ། དབྱིངས་དང་ཡེ་ཤེས་དབྱེར་མེད་ཉམས་སུ་བླང་ངོ་། །རྗེ་རིན་པོ་དག་པོ་ལྷ་རྗེའི་ཇི་ལྟར་གསུངས་པ་བཞིན་ཞལ་ལྟ་ཞུས་ཏེ་འཕྲི་སྣན་དང་ལྷག་ཆད་མེད་པར་ཉེ་གནས་བསྒོམ་པ་ལེགས་མཛེས་ཀྱིས་ཕྱོགས་ཅིག་ཏུ་སྡེབས་པའོ། །དགས་ལྷ་དཔལ་གྱི་སྒམ་པོར་བྲིས་པ་དགེའོ།། །།བཀྲ་ཤིས་དཔལ་འབར་འཛམ་རྒྱན་དུ་ཤོག། །།

(༤༨༨)

(༤༨༩)ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་། ཚོགས་ཆོས་ཡོན་ཏན་ཕུན་ཚོགས་བཞུགས་སོ།། །།

(༤༩༠)ཨོཾ་སྭ་སྟི། ཡོན་ཏན་ཕུན་ཚོགས་ལྷུན་གྱིས་གྲུབ། །རྣམ་དག་འགྱུར་མེད་འདུས་མ་བྱས། །ཆོས་ཉིད་མངོན་དུ་སྟོན་མཛད་པའི། །བླ་མ་རིན་པོ་ཆེ་ལ་འདུད། །རྗེ་དྭགས་པོ་རིན་པོ་ཆེའི་ཞལ་ནས། བསོད་ནམས་བསགས་པ་ལ་བོགས་གང་ཆེ། བླ་མ་ལ་བསྙེན་བསྐུར་བྱས་པ་བོགས་ཆེ་གསུང་། དགེ་ཤེས་ཡོན་བདག་གིས། དགེ་བཤེས་བོ་ཏོབ་ལ། བསོད་ནམས་བསགས་པ་ལ་བོགས་

(༤༩༡)གང་ཆེ་ཞུས་པས། མདུན་གྱི་ནམ་མཁའ་ལས་སངས་རྒྱས་དང་བྱང་ཆུབ་སེམས་དཔག་ཏུ་མེད་པར་རང་གི་མཐོང་པར་མངོན་སུམ་དུ་སྤྱན་དྲངས་ནས། དེ་དག་ལ་ལྷའི་ལོངས་སྤྱོད་དཔག་ཏུ་མེད་པའམ། ལྷ་ཡིན་རིན་པོ་ཆེའི་ཕུང་པོ་དཔག་མེད་གྱིས་མཆོད་པ་བས། རང་གི་བླ་མའི་བ་སྤུའི་བུག་པ་གཅིག་ལ་མཆོད་པ་ཕུལ་བ་བསོད་ནམས་ཆེ་གསུང་སྐད། དེས་ན་ཁོ་བོས་བླ་མ་མི་ལ་ལ་ཞུས་པས། འདི་སྐད་གསུང་། གདན་གཞི་ལས། དུས་གསུམ་

(༤༩༢)སངས་རྒྱས་མཆོད་པ་བས། བླ་མའི་བ་སྤུ་ཁུང་ཅིག་མཆོག །དེ་ནི་བསོད་ནམས་ཁྱད་པར་འཕགས་གསུང་། དེ་བས་ཆེ་བ་བདོག་གམ་ཞུས་པས། ཡོད་དེ་བླ་མས་བྱིན་གྱིས་རླབས་པའི་གདམས་པ་བཀའ་བཞིན་སྒྲུབ་པ་བསོད་ནམས་ཆེ་གསུང་། བླ་མ་མི་ལའི་ཞལ་ནས། ལྟ་བའི་ཕྱིར་མ་འབྲང་ཉམས་སུ་ལེན་ཕྱིར་འབྲོངས། སྟོང་པ་ལ་ནོར་ས་ཡོད་གསུང་། །དེ་ཡང་བཞི་སྟེ། སྟོང་ཉིད་རྒྱས་འདེབས་སུ་ཤོར་བ་དང་། གཉེན་པོར་ཤོར་བ་དང་། ལམ་དུ་ཤོར་བ་དང་། ཤེས་བྱའི་བཤིས་ལ་ཤོར་བའོ། །དེ་ལ་བཟུང་བ་དང་འཛིན་པ་ལ་སོགས་པ་བློའི་ཡུལ་དུ་གྱུར་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བྱས་ནས། འཇོག་པ་ནི་རྒྱས་འདེབས་སུ་ཤོར་བའོ། །འདོད་ཆགས་ལ་སོགས་པ་ཉོན་མོངས་པ་སྐྱེས་པའི་དུས་སུ། དེ་ཉིད་སྟོང་པར་བྱས་ནས་འཇོག་པ་ནི་གཉེན་པོར་ཤོར་བའོ། །ཆོས་ཐམས་ཅད་ཡང་མ་ཡིན་པ་གཞི་རྩ་མ་གྲུབ་པར་བྱས་ནས་དེ་ལ་བློ་འཇོག་པ་ནི་ལམ་དུ་ཤོར་བའོ། །ཡེ་དག་ཡེ་བྱང་ཡེ་སངས་ཡེ་གྲོལ་བཞི་ལས་བསྒོམ་རྒྱུ་ཡང་མེད་ཅིང་བསྒོམ་པ་ཡང་མེད་ཟེར་ནས་སྟོང་པ་ཉིད་ལ་ཕྱལ་གྱིས་སོང་བ་དེ་ནི། ཤེས་བྱའི་བཤིས་ལ་ཤོར་བའོ། །

(༤༩༣)དེ་རྣམ་ལམ་རྣལ་མ་མ་ཡིན། འོན་ཀྱང་ཞེན་པ་འབྲེལ་བ་ལ་ཕན་པས་རུང་གསུང་། འོ་ན་སྟོང་པ་ཉིད་རྣལ་མ་གང་ཡིན་ཟེར་ན། བླ་མ་དམ་པ་ཆོས་ཀྱི་སྤྱན་ཅན་གཅིག་གིས་ལམ་སྣང་ཁྲིད་ཅིང་། གཉུག་མའི་ཤེས་པ་ཐམས་ཅད་ལ་ཁྱབ་པས་དེ་སངས་རྒྱས་ལ་གསལ་བར་སྣང་། རྣལ་འབྱོར་པ་ལ་ཐབས་དཔག་ཏུ་མེད་པ་ལས་རང་བཞིན་གྱིས་སེམས་ཉིད་ཀྱི་ཉམ་འབྱུང་སྟེ། དེའི་དུས་ན་རྟོགས་པར་ངང་ཤུགས་ཀྱིས་མཆོད། །ཉོན་མོངས་པ་ཡང་ངང་གིས་འགགས། །ཡེ་ཤེས་རང་ཤུགས་ཀྱིས་འཆར། ལྟ་བ་རང་ཤུགས་ཀྱིས་རྟོགས། ཐ་སྙད་གང་དུ་ཡང་མི་འདོགས། སེམས་ལ་ཉམས་སུ་མྱོང་བ་ཡང་དག་བརྗོད་དུ་མི་བཏུབ། དཔེར་ན་གཞོན་ནུ་མ་ཡིས་བདེ་བ་མྱོང་བའམ། ལྐུག་པའི་རྨི་ལམ་ལྟ་བུའོ། །སེམས་ཅན་ཀུན་ལ་ཡོད་ཀྱང་ངོ་མ་ཤེས་པས་ན། དེས་ན་བླ་མ་དམ་པ་ལ་བརྟེན་པ་གཅེས། དེ་ནི་དཔེའི་སྒོ་ནས་མཚོན་པ་ཙམ་ཡིན། དོན་ལ་དཔེས་ཀྱང་ཐོག་ཏུ་མི་ཕེབས། དེ་ཅིའི་ཕྱིར་ཞེ་ན། གཉུག་མའི་ཤེས་པ་དེ་རྟེན་གང་ལ་ཡང་མ་བཅས། གོ་གར་ཡང་མ་གགས། ཕྱོགས་གར་ཡང་མ་ལྷུང་། ཕུགས་གར་ཡང་མ་གཏད། དཔེ་གང་གིས་ཀྱང་མཚོན་དུ་མེད། བརྗོད་པ་གང་གིས་ཀྱང་ཐོག་ཏུ་མི་ཕེབས། བཅས་

(༤༩༤)བཅོས་མི་བྱ་བར་རང་གར་ཞོག་གསུང་། ཡང་རྗེ་དགས་རིན་པོ་ཆེའི་ཞལ་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཉོན་མོངས་པ་བརྒྱ་ཁྲི་བཞི་སྟོང་གི་གཉེན་པོར། ཆོས་ཀྱི་སྒོ་མོ་བརྒྱ་ཁྲི་བཞི་སྟོང་བྱ་བ་ཇི་སྐད་ཡིན། སེམས་ཅན་ཀྱི་ཉོན་མོངས་པ་ཡང་བསམ་གྱིས་མི་ཁྱབ་ལ། སངས་རྒྱས་ཀྱི་ཆོས་སྒོ་ཡང་བསམ་གྱིས་མི་ཁྱབ་པ་ཡིན། འོ་ན་དེ་བཤེད་པ་ལ་དགོས་པ་ཅི་ཡོད་ན། སེམས་ཅན་གྱིས་གོ་བར་བྱ་བའི་ཕྱིར་བཤད། གང་བཤད་ན་སེམས་ཅན་གྱི་ཕུང་པོ་རྣམས་རྟོག་བཤད། རྣམ་རྟོག་མ་རྟོགས་སངས་རྒྱས་ཀྱིས་ཆོས་ལོགས་ན་བཤད་པ་མེད། རྣམ་རྟོག་ཅི་ལྟར་བཤད་ན། འདུས་པ་ལས་ཕུང་པོར་བཏགས། རང་བཞིན་ལ་ཁམས་སུ་བཏགས། ནུས་པ་ལ་སྐྱེ་མཆེད་དུ་བཏགས། དེ་ལྟར་ཁམས་དང་སྐྱེ་མཆེད། དབང་པོ་དྲུག །རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས། འདུས་བྱས་དང་། འདུས་མ་བྱས་དང་། དེ་ལ་སོགས་པ་བསམ་གྱིས་མི་ཁྱབས་པ་གསུངས། གསུངས་པ་དེ་རྣམས་ཐམས་ཅད་བདེན་ནམ་ཞེས་ན་མི་བདེན། རྨི་ལམ་ལྟ་བུ། སྒྱུ་མ་ལྟ་བུ། སྤྲུལ་པ་ལྟ་བུ། གཟུགས་རྙན་ལྟ་བུ་ཡིན། བདེན་པ་ནི་སེམས་ཀྱི་ངོ་བོ་མེད་པ་མ་ཡིན་པའི་དོན། ལྷན་གཅིག་སྐྱེས་པའི་ཡེ་ཤེས་བདེན་

(༤༩༥)པ་ཡིན། སེམས་རྟོགས་པའི་དུས་སུ་ཆོས་ཉིད་མངོན་དུ་གྲུབ། དེ་ལས་གཟུགས་སྐུ་གཉིས་འབྱུང་བ་སྟེ་རྒྱུ་ཅི་ལས་བྱུང་བ་ཡིན་ན། རྒྱུ་ཚོགས་དཔག་ཏུ་མེད་པ་བསགས་ནས། སྲིད་པ་ཐ་མའི་བྱང་ཆུབ་སེམས་དཔའི་དུས་སུ། སེམས་ཅན་གྱི་དོན་དུ་སྨོན་ལམ་བཏབ་པས་འབྲས་བུ་གཟུགས་སྐུ་གཉིས་འབྱུང་། དེ་གང་ཡིན་སེམས་ཅན་གྱི་སྣང་བ་ཡིན། གཟུགས་སྐུ་ལོགས་ནས་མ་བྱུང་སྟེ། སེམས་ཅན་བསོད་ནམས་བསགས་པས་སྣང་བ་དག །སྣང་བ་དག་པས་གཟུགས་སྐུ་མཐོང་གིས་བསོད་ནམས་མ་བསགས་པས་མི་མཐོང་འོ་ན་གཟུགས་སྐུ་ལོགས་ནས་མ་བྱུང་བ་སེམས་ཅན་གྱི་སྣང་བ་ཡིན་ན། ཡོན་ཏན་བྱིན་བརླབས་མི་དགོས་པར་ཐལ་ཟེར་ན་འདོད་ཐོགས། སངས་རྒྱས་ཀྱི་བྱིན་བརླབས་ཀྱང་མི་འདོད་དེ། སངས་རྒྱས་རང་ཡིན་པའི་ཕྱིར། འོ་ན་གཟུགས་སྐུ་གཉིས་པོ་དེ་སངས་རྒྱས་ཀྱི་བྱིན་བརླབས་ཡིན་ན། སེམས་ཅན་སྣང་བ་མ་དག་པས་མཐོང་དགོས་ཏེ། ཅིའི་ཕྱིར་ཞེས་ན་སངས་རྒྱས་ཀྱིས་ཡོན་ཏན་ཡིན། ཇི་ལྟར་ཡིན་རང་གིས་བསོད་ནམས་བསགས་པ་ལས། སྲིད་པ་ཐ་མའི་བྱང་ཆུབ་སེམས་དཔའི་ས་སྨོན་ལམ་བཏབ་པས་མཐོང་བ་ཡིན། མ་བཏབ་པས་མི་མཐོང་

(༤༩༦)འོ་ན་གཟུགས་སྐུ་གཉིས་པོ་དེ་མྱ་ངན་ལས་འདས་པ་ཡིན་ནམ་འཁོར་བ་ཡིན་ཞེས་ན། བདེན་པ་མཐོང་བའི་བྱང་ཆུབ་སེམས་དཔའ་རྣམས་དང་། སེམས་ཅན་སྣང་བ་དག་པ་ལས་མྱ་ངན་ལས་འདས་པར་མཐོང་། སྣང་བ་མ་དག་པ་ལ་འཁོར་བར་མཐོང་། འོ་ན་གཟུགས་སྐུ་གཉིས་པོ་དེ་དོན་དམ་ཡིན་ནམ་ཀུན་རྫོབ་ཡིན་ཞེས་ན། ཀུན་རྫོབ་ཡིན་ཏེ་ཅིའི་ཕྱིར་ཞེས་ན། དོན་དམ་པ་ནི་འགྱུར་པ་མེད་པ་ཡིན། གཟུགས་སྐུ་གཉིས་འགྱུར་པས་ཀུན་རྫོབ་ཡིན། ཆོས་སྐུ་སྟོང་པ་ལ་སྐུར་འབོད་པ་ཅི་སྟེ་ཞེས་ན་སྤྱིར་མཚན་མར་གྱུར་པ་ཐམས་ཅད་གཟུགས་སྐུ་ཡིན་ལ། གཟུགས་སྐུ་གཉིས་ནི་ཁྱད་པར་ཅན་གྱི་སྐུར་གྱུར་པས་ན་སྐུ་ཞེས་བྱའོ། །ས་དང་པོའི་བྱང་ཆུབ་སེམས་དཔའི་ཐམས་ཅད་ཀྱིས་བཟུང་འཛིན་གཉིས་མེད་དུ་རྟོགས་ཏེ། སྐད་གཅིག་མ་གཅིག་ལ་སེམས་ཅན་རྒྱའི་དོན་བྱེད་ནུས་སངས་རྒྱས་བརྒྱལ་ཆོས་ཉན། སྤྲུལ་པ་བརྒྱ་འགྱེད་ནུས། ཞིང་ཁམས་བརྒྱ་གཡོ་ནུས། ས་གཉིས་པ་ཡན་ཆོས་ལོག་པོ་བས་ཆེ། སྔོན་གྱི་སྨོན་ལམ་གྱིས་སྟོབས་ཀྱིས་སེམས་ཅན་ཐམས་ཅད་རྒྱུ་དག་པ། སེམས་ཅན་གཅིག་གིས་ཚེ་ཐོག་མ་མེད་པ་ནས་ཐ་མ་ད་ལྟ་ཡན་ཆད་ཀྱི་ལུས་ཅི་ཙམ་བླངས་པའམ། ལས་དགེ་སྡིག་ཅི་གསགས་པ་མཁྱེན་ལ་དེ་ལྟར་སྣང་ཞིང་བྱང་ཆུབ་སེམས་དཔའ་ས་བྱས་པ་མེད། ས་བཅུ་མན་ཆོད་ཀྱི་བྱང་ཆུབ་སེམས་དཔའ་ཀུན་ལོག་པའི་ནུས་པ་ལ། སངས་རྒྱས་ཀྱི་བ་སྤུའི་བུ་ག་གཅིག་གི་ནུས་པ་འང་མེད། འོ་ན་སངས་རྒྱས་ལ་ཅི་ཙམ་ཡོད་ཅེས་ན་བསམ་གྱིས་མི་ཁྱབ་སྟེ།

(༤༩༧)པ་བཞིན། སེམས་ཅན་ཐམས་ཅད་ཀྱིས་ལས་ཅི་བསགས་པ་སྐད་གཅིག་མ་གཅིག་ལ་མཁྱེན། སེམས་ཅན་རྒྱུད་དག་པ་རེ་རེའི་མདུན་དུ་སྤྲུལ་པ་རེ་རེ་སྤྲུལ་ནུས། སྟོང་གསུམ་ཉུང་འབྲུ་གཅིག་ཏུ་བཅུག་པས་སྟོང་གསུམ་ཆུང་དུ་མ་སོང་། ཉུང་འབྲུ་ཆེར་མ་སོང་པར་མཁྱེན། དེ་ལ་སོགས་པ་བསམ་གྱིས་མི་ཁྱབ་པོ་སངས་རྒྱས་རྣམས་ལ་རྟོགས་པ་མི་མངའ་བ་དེ་ལྟར་འབྱུང་བཅས་ཏེ་ཞེས་ན། སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་སེམས་ཅན་གྱི་རྒྱུད་དག་པ་ལ་དེ་ལྟར་སྣང་གིས་སངས་རྒྱས་ཀྱིས་བྱས་པ་མེད་དོ། །སྣང་བ་ལ་ངེས་པ་དང་མ་ངེས་པས་སྣང་བ་ནི། བདེ་བ་དང་གསལ་བ་དང་མི་རྟོགས་པ་ནི་སེམས་ཀྱི་ངོ་བོ་ཡིན་ཏེ། སྣང་བ་ཅེས་བྱ་སེམས་ཉིད་ཀྱི་ངོ་བོ་རྒྱུན་ཆད་མེད་པར་ཤེས་པ་ནི་ངེས་པའོ། །བདེ་བ་དང་གསལ་བ་དང་མི་རྟོག་པར་སྣང་ཡང་། དེ་ཉིད་སེམས་སུ་མ་ཤེས་ན་མ་ངེས་པའོ། །དེ་ཉིད་འཇིག་རྟེན་པའི་མཐར་མཐུག་པའི་ལྟ་བ་ཡིན་ཏེ། གསལ་བ་ལ་མཆོག་འཛིན་བྱས་པས་གཟུགས་ཁམས་སུ་སྐྱེ། བདེ་བ་ལ་མཆོག་འཛིན་བྱས་པས་འདོད་ཁམས་སུ་སྐྱེ། མི་རྟོག་པ་ལ་མཆོག་འཛིན་བྱས་པས་གཟུགས་མེད་དུ་སྐྱེ། ཉན་ཐོས་ཀྱིས་གཞི་དེ་ལ་བྱས་ན་མཚན་མ་ཡིན་པས་ཉམས་མྱོང་ཡིན་ཡང་མཆོག་

(༤༩༨)འཛིན་དུ་མི་བལྟ་བར་སྟོང་པ་ཉིད་དུ་འདོད། བྱང་ཆུབ་སེམས་དཔའ་གཞི་དེ་ལ་བྱས་ནས་ཏིང་ངེ་འཛིན་གྱི་རྩལ་སྦྱོང་བ་ནི། དེ་ལ་མ་ཞེན་པར་འདོད་ཁམས་ཀྱིས་རྣམ་པར་རྟོག་པ་ཡར་བླངས་ནས། རྣམ་རྟོག་དེ་ཉིད་རིག་པར་འཁྱེར། རིག་པ་སེམས་སུ་འཁྱེར་བ་ནི་ཏིང་ངེ་འཛིན་གྱི་རྩལ་སྦྱང་པའོ། །རྗེ་དགས་པོ་རིན་པོ་ཆེའི་ཞལ་ནས། ཐེག་པ་ཆེན་པོ་གསང་སྔགས་ཀྱི་རྒྱུད་ནས། ཚེ་གཅིག་ལུས་གཅིག་གིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་བཤད་པ་དེ་ཐམས་ཅད་རྗེ་སྒམ་པོ་པས་རྗེའི་མཁན་པོ་མར་ཡུལ་བློ་ལྡན་ལ་ཞུས་པས། དེ་ནི་དགོངས་པ་ཅན་གཅིག་ཡིན་གསུང་། གང་ལ་དགོངས་ན། ཆོས་གསུམ་དང་ལྡན་པ་གཅིག་ལ་དགོངས་པ་ཡིན་ཏེ། སྐྱེ་བ་བདུན་པ་ཡིན་པ། ལྷའི་ཞལ་མཐོང་བ། སྨན་བཅུད་ལེན་གྲུབ་པ་གཅིག་ཡིན་གསུང་སྟེ། དེ་ཡང་སྐྱེ་བ་བདུན་པས་མཁའ་སྤྱོད་དུ་འགྲོ་ནུས། ལྷའི་ཞལ་མཐོང་བས་ཚེ་འདི་ཉིད་ལ་འབྲས་བུ་ཐོབ་པར་བྱེད། བཅུད་ལེན་གྲུབ་པས་ཚེ་ཉི་ཟླ་དང་མཉམ་པ་གཅིག་ཡིན་གསུང་། གཉུག་རུམ་པ་ལ་ཞུས་པས། ཁོང་གི་ཞལ་ནས་འཇིག་རྟེན་མཐའ་དག་གིས་མ་གོས་པ་དང་། ཚེ་འདི་ལ་བློ་ལོག་པ་གཅིག་དགོས་གསུང་། བླ་མ་མི་ལ་ལ་

(༤༩༩)ཞུས་པས་བླ་མ་མཚན་ཉིད་དང་ལྡན་པ་གཅིག་དང་། སློབ་མ་སྣོད་དང་ལྡན་པ་གཅིག་ཕྲད་ནས། རྩོལ་སྒྲུབ་འབད་པའི་སྟོབས་ཀྱིས་སྒྲུབ་ནས། རབ་ཚེ་འདི་སངས་རྒྱས་འབྲིང་བར་དོར་སངས་རྒྱ། ཐ་མ་སྐྱེ་བ་ཕྱི་མ་ལ་སངས་རྒྱ། དེ་ལ་སངས་མ་རྒྱས་ན་ཅི་ཀྱང་དམྱལ་བར་སྐོར་གཅིག་འགྲོ་དགོས་གསུང་། བླ་མ་ལྕགས་རི་བ་ལ་ཇོ་བོ་ཇི་ལྟར་བཞེད་ཞུས་པས་ཇོ་བོ་ཡང་ཐོབ་པར་བཞེད་པ་ཡིན་གསུང་། གསང་སྔགས་པ་ནི་གྲོད་པ་ཁ་བསྡུས་པ་དང་འདྲ་བ་ཡིན། ཚོགས་ལམ་ནས་ས་དང་པོར་བསྡུས་པ་ཡིན་སྐད། དེ་ཉིད་བཀྲོལ་ན་དངོས་གྲུབ་གནས་པའི་དོན། ནམ་མཁའ་ལྟ་བུ་ངེས་པར་གྲུབ་པའི་ཐབས། ཡིད་བཞིན་གྱི་ནོར་བུ་ལྟ་བུ། གྲུབ་པའི་ཡན་ལག་དང་ལྡན་པ་རྒྱལ་པོ་ལྟ་བུ། གྲུབ་པའི་འབྲས་བུ་ལྡན་པས་མཁའ་འགྲོ་མའི་དམོད་སྔགས་ལྟ་བུ། ལྟ་བའི་དཔེ་ནམ་མཁའ་ཕྱོགས་གཅིག་ཡིན། དོན་སྔགས་ཀྱི་ལྟ་བ་སེམས་ཡིན། བསྒོམ་པའི་དཔེ་ནོར་བུ་རིན་པོ་ཆེ་ལ་དགོས་འདོད་ཐམས་ཅད་འབྱུང་བ་བཞིན་དུ། བསྒོམ་པའི་ཡོན་ཏན་ཡང་དེ་བཞིན་ནོ། །ནམ་མཁའ་ཅིར་ཡང་མ་གྲུབ་པ་བཞིན་དུ། སེམས་ཀྱང་མ་གྲུབ་པར་སྒོམས་པས་ཐམས་ཅད་འབྱུང་། དེ་བཞིན་དུ་སྐྱེད་

(༥༠༠)རྫོགས་གཉིས་བསྒོམས་པས། འཇིག་རྟེན་ལས་འདས་པའི་བདེ་བ་ཐམས་ཅད་འབྱུང་། སྤྱོད་པའི་དཔེ་རྒྱལ་པོ་ཡིན་ཏེ་དེ་ལ་དཀའ་རྟགས་གྲུབ་ཀྱི་ཕྱག་རྒྱ་ཡོད་པས་དེ་སྐུར་ན་ཇག་པ་ལ་སོགས་པས་མི་འཇིགས་པའི་སྟེང་དུ་གཞན་གྱིས་གྲོག་བྱེད་པའོ། །དེ་བཞིན་དུ་གསང་སྔགས་ཀྱིས་ཐབས་ཀྱིས་ཉོན་མོངས་པས་མི་གནོད་ཀྱི་སྟེང་དུ་ལམ་དུ་ཁྱེར་བས་ཤེས་རབ་འཆར། འབྲས་བུའི་དཔེ་དམོད་སྔགས་ལ་གཉེན་པོ་མི་དགོས་པར་འགྲུབ་པ་ལྟར། འབྲས་བུ་ཚེ་གཅིག་ལུས་གཅིག་གིས་འགྲུབ། བསྐལ་པ་གྲངས་མེད་པར་བརྒྱུད་མི་དགོས་དེ་རྟོགས་པའི་རྣལ་འབྱོར་པ་ཆོས་གསུམ་དང་ལྡན་པ་དགོས་ཏེ། ཉམ་ང་མེད་པའི་རྟོགས་པ། བློ་དང་བྲལ་བའི་བསྒོམ་པ། ཕྱོགས་རིས་མེད་པའི་སྤྱོད་པ་དང་ལྡན་པ་གཅིག་དགོས་གསུང་ཡང་རྗེ་དགས་པོ་རིན་པོ་ཆེའི་ཞལ་ནས། སངས་རྒྱས་ཀྱི་བསྟན་པ་ལ་རིམ་པ་མཐའ་དག་ལ་བློ་ངེས་སུ་འདོད་ན། ཆོས་གང་བཤད་ཀྱང་ཟབ། བློ་ངེས་སུ་མ་འདོད་ན་ཆོས་གང་བཤད་ཀྱང་མི་ཟབ་གསུང་། དགེ་ཤེས་སྟོན་པས་གསང་སྔགས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་གཅིག་མཁྱེན་ཏེ། ཇོ་བོ་དང་འཇལ་ནས་སྐྱེས་བུ་གསུམ་ལ་བློ་ངེས། དུས་རྟག་ཏུ་བྱམས་པ་དང་སྙིང་རྗེ་

(༥༠༡)ལ་བློ་ངེས་པས། འགྲོ་བ་ཐམས་ཅད་ཁོང་ལ་དད་པར་གྱུར་བ་ཡིན། ད་ལྟ་བཀའ་གདམ་ཀྱི་བསྟན་པ་དར་བར་བྱེད་པ་ཁོང་གི་སྐྱེས་བུ་གསུམ་ལ་བྱེད་པ་ཡིན། དེ་བཞིན་དུ་ལོཙྪ་བ་རིན་ཆེན་བཟང་པོས་དེའི་གོང་དུ་པཎྜི་ཏ་བཅུ་དྲུག་དང་འཇལ་ཏེ། ཉམས་ལེན་ལ་ཆོས་ཐམས་ཅད་མི་རྟག་པར་གོ་བ་དེ་ཡིན། སྐྱེས་བུ་ཆུང་ངུ་ནི་གཞི་སྐྱེས་བུ་ཆུང་ངུའི་ཆོས་ལ་བྱས་ནས། ཉམས་སུ་ཅི་ལེན་ན་ངན་སོང་གི་སྡུག་བསྔལ་ལ་འཇིགས་ནས། ལས་འབྲེས་ལ་ཡིད་ཆེས་པས་མི་དགེ་བ་ལ་རྣམ་པར་འཛེམ་པ་དེ་ཡིན། དེ་ལ་མིང་སྐྱེས་བུ་ཆུང་ངུ་རུ་བཏགས་ཀྱང་། འཇིག་རྟེན་པ་ཡེ་ཤེས་ཡང་དག་ལྟ། །ཆེན་པོ་སུ་ལ་ཡོད་གྱུར་པ། །མི་དེ་ཚེ་རབས་སྟོང་དུ་ཡང་། །ངན་འགྲོ་དག་ཏུ་ལྟུང་མི་འགྱུར། །ཞེས་གསུང་པའོ། །འོ་ན་སྐྱེས་བུ་ཆུང་ངུ་དེ་ཡང་ངན་སོང་གསུམ་གྱི་སྡུག་བསྔལ་ལས་འདས་ན། མཐོའི་རིས་ལྷ་མི་སངས་རྒྱས་ཀྱི་ཚོད་ཙམ་ཡིན་ཏེ། མིག་མར་ལ་བསྟས་པའི་དུས་སུ་འཁོར་བ་ལ་ཡང་སྐྱིད་མེད། འཁོར་བའི་མཚན་ཉིད་རིན་ཆེན་པོ་མེས་ཚིག་པའི་དབུས་ན་རང་འདུག་པའམ། རྒྱ་མཚོའི་དཀྱིལ་དུ་གཟིངས་འབྱམས་པའམ། ཙང་པོའི་དཀྱིལ་དུ་གྲུ་

(༥༠༢)འབྱམས་པའམ། མདོར་ན་མེ་རའམ། མེའི་དོང་ལྟ་བུ་ཡིན་པས། གང་ལ་ཡང་སྐྱེད་མེད་པས། དེས་ན་མྱ་ངན་ལས་འདས་པ་ཅི་ཐོབ་བྱེད་དགོས། སྐྱེས་བུ་འབྲིང་སྟེ་ཉན་ཐོས་ཀྱི་ལམ་ཡིན། དགྲ་བཅོམ་པའི་འབྲས་བུ་ཐོབ་སྟེ་དེས་ཀྱང་མི་ཡོང་པས། བླ་ན་མེད་པའི་བྱང་ཆུབ་ཅིས་ཐོབ་བྱེད་དགོས་པ་ཡིན་ཏེ། དེས་ན་ཕ་རོལ་དུ་ཕྱིན་པའི་ལམ་ཡིན་ནོ། །གཉིས་པ་གསང་སྔགས་ཀྱི་ལམ་ནི་ཐབས་སྐྱེད་རྫོགས་གཉིས་ཡིན་ཏེ། དེ་ཡང་སྐྱེད་རིམས་ཀྱིས་ཟུང་འཇུག་གི་རྟོགས་པ་འགྲུབ། འབྲིང་དང་ཐ་མ་གཉིས་ཀྱིས་ཐ་མལ་གྱི་ཞེན་པ་བཟློག །རབ་ཀྱིས་རང་ལྷར་མཐོང་། ཇི་ལྟར་མཐོང་ན་རིགས་ལྔར་མཐོང་། ལྷ་མོ་བཞིར་མཐོང་། བྱང་ཆུབ་སེམས་དཔའ་བཅུ་དྲུག་ཏུ་མཐོང་། དེ་ལ་སོགས་པ་དུ་བྱེད་གང་བྱེད་ཀྱི་ལྷར་མཐོང་། འབྲིང་གིས་སྒྱུ་མར་ངེས། ཐ་མས་མོས་པ་བྱེད་པའོ། །རྫོགས་རིམས་རབ་ཀྱིས་རང་སེམས་སངས་རྒྱས་སུ་མཐོང་། འབྲིང་གིས་ངོ་བོ་སྐྱེ་མེད་དུ་མཐོང་། ཐ་མས་སྤྲོས་བཅས་ལ་གནས་ནས་རྩེ་གཅིག་སྦྱོང་པའོ། །འོ་ན་ཕ་རོལ་དུ་ཕྱིན་པ་དང་གསང་སྔགས་གཉིས་ཀྱི་ཁྱད་པར་གང་ཞེས་ན། ཕ་རོལ་དུ་ཕྱིན་པ་ནི་དོན་ཕྱིའི་རྣམ་པ་ཡུལ་དུ་བྱེད་

(༥༠༣)པ་ཞེས་བྱ་སྟེ། ཕྱི་བཟུང་བའི་ཡུལ་འདི་གཅིག་དང་དུ་བྲལ་གྱིས་གཏན་ཚིགས་ཀྱིས་གཤིག་ནས་སྟོང་པར་བྱེད། བཟུང་བ་མེད་ཅིང་དེར་འཛིན་མེད། །བཟུང་བའི་ཡུལ་རྩང་ན་འཛིན་པའི་སེམས་སྒྲོག་རང་བརྡལ་ཟེར་ནས་ནང་འཛིན་པའི་སེམས་ལ་རྟོགས་སྤྱོད་མི་གཏོང་། གསང་སྔགས་ནི་ཕྱི་བཟུང་བའི་ཡུལ་ལ་རྟོགས་སྤྱོད་མི་གཏོང་། རྒྱས་འདེབས་བྱེད། སེམས་དང་པོ་གང་ནས་སྐྱེས་བལྟས་པས་གང་ནས་ཀྱང་མ་སྐྱེས། བར་དུ་གང་ན་གནས་བལྟས་པས་གང་དུ་ཡང་མི་གནས། ཐ་མ་གར་འགག་བལྟས་པས་གང་དུ་ཡང་མི་འགག །རང་བཞིན་ཅི་ལྟ་བུར་འདུག་བལྟས་པས་ཅིའི་ངོ་བོར་ཡང་མ་གྲུབ་སྟེ། དེ་ལྟ་བུ་ཅི་ཡང་མ་ཡིན་པའི་དོན་དེ་ལ་རིག་པ་ཞེས་བྱ་སྟེ། ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པ་ལ། རྣམ་རྟོག་གི་བློས་མཐོང་བ་མ་ཡིན་ཏེ། དེས་ན་རྗེ་ཀླུ་གྲུ་གྲུ་ཀྱིས། སྨྲས་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་སུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །གསང་སྔགས་ཀྱི་རྒྱུད་འཆི་བ་མི་རྟག་པས་ཀུན་ནས་བསླངས། ཚེ་འདི་ལ་

(༥༠༤)བློ་ལྡོག་དགོས་ཏེ། སྡིག་པ་འཕྲ་ཞིང་འཕྲ་བ་ལ་འཛེམ་ཞིང་། ཆོས་སྤྱོད་དགེ་བཅུ་ཉམས་སུ་ལན་པ་གཅིག་བྱུང་ན། འོ་སྐོལ་གྱི་ཆོས་དེ་ཆོས་སུ་སོང་བ་ཡིན་ནོ། །དེ་ལྟར་མ་ཡིན་པར་ཚེ་འདིས་ཀུན་ནས་བསླངས་པའི། མཁས་པ་དང་བཙུན་པ་དང་བཟང་བ་ཡང་། ཆོས་བརྒྱད་བྱ་བ་ཡིན་ཏེ། དེས་ཆོས་མ་ཡིན་པ་ལ་ཆོས་ལྟར་བཅོས་པས། ནག་པོའི་བསྟན་པ་ཀུན་འབྱུང་གིས་འཁོར་ཏེ། འཁོར་བའི་རྒྱུ་འབྲས་བྱ་བ་ཡིན། ཆོས་ལམ་དུ་འགྲོ་བ་བྱ་བ་མེད་དོ། །བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ནས་བསླངས་ཏེ། ཅི་བྱེད་སེམས་ཅན་གྱི་དོན་དུ་འགྲོ་བ་གཅིག་བྱུང་ན་ཆོས་དེ་ལམ་དུ་འགྲོ་བ་ཡིན་ནོ། །དེ་ལྟར་མ་ཡིན་པར་རང་དོན་དུ་བྱེད་ན། ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་སྦྱོང་བར་འགྲོ་བ་ཡིན། །ལམ་གྱིས་འཁྲུལ་པ་སེལ་བ་ནི་བསྟན་པའི་རིམ་པ་ཡིན་ཏེ། ཇི་ལྟར་སེལ་ན་འཁྲུལ་པ་ཐམས་ཅད་ཐད་ཀ་ཐད་དཀར་སེལ་ཏེ། ཚེ་འདི་ལ་རྟག་པར་འཛིན་པའི་བློ་སྟེ་འཁྲུལ་པ་ཡིན། །དེའི་གཉེན་པོར་འཆི་བ་མི་རྟག་པ་བསྒོམ་པས། །ཅིས་ཀྱང་བྱེར་མེད་ཀྱི་བློ་གཅིག་སྐྱེས་ན་ལམ་དེས་འཁྲུལ་པ་སེལ། འཁོར་བ་འདི་ལ་བདེ་ཞིང་སྐྱིད་

(༥༠༥)པར་མཐོང་བའི་བློ་དེ་འཁྲུལ་པ་ཡིན། དེའི་གཉེན་པོར་འཁོར་བའི་ཉེས་དམིགས་བསྒོམས་པས། གང་ལ་ཡང་མ་ཞེན་ཅིང་མ་ཆགས་པའི་བློ་གཅིག་སྐྱེས་པས་ལམ་དེས་འཁྲུལ་པ་སེལ། རང་གཅིག་པུ་ཞི་བདེ་ཐར་པ་འདོད་པའི་བློ་དེ་འཁྲུལ་པ་ཡིན། དེའི་གཉེན་པོར་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་པས། རང་ལས་གཞན་གཅེས་པར་འདོད་པའི་བློ་འང་འབྱུང་པས། ལམ་དེས་འཁྲུལ་པ་སེལ། དངོས་པོ་དང་མཚན་མར་འཛིན་པའི་བློ་དེ་འཁྲུལ་པ་ཡིན། དེའི་གཉེན་པོར་ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོང་པ་ཉིད་བསྒོམས་པས། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ནམ་མཁའི་དཀྱིལ་ལྟ་བུར་རྟོགས་པས། ལམ་དེས་འཁྲུལ་པ་སེལ་བ་ཡིན་ནོ། །འཁྲུལ་པ་ཡེ་ཤེས་སུ་འཆར་བ་ནི། རང་གི་སེམས་ཀྱི་གནས་ལུགས་ཅི་ཡང་མ་ཡིན་པ་ལས་སྣ་ཚོགས་སུ་ཤར། སྣ་ཚོགས་སུ་ཤར་བའི་དུས་ཉིད་ན། དོན་ཅི་ཡང་མ་ཡིན་པ་ལས་མ་འདས་ཏེ། དེ་ཉིད་ཉམས་སུ་མྱོང་པའི་དུས་སུ་གཉིས་མེད་ཀྱི་དོན་ལ་སྨྲར་མེད། དེ་རྟོགས་པའི་དུས་སུ་འཁྲུལ་པ་ལོགས་སུ་འཁྲུག་གསལ་རྒྱུ་མེད་དེ། སེལ་མཁན་མ་གྲུབ་

(༥༠༦)པས་འཁྲུལ་པ་དེ་ཉིད་ཡེ་ཤེས་སུ་འཆར་བ་ཡིན་གསུང་། ཡང་རྗེ་དགས་པོ་རིན་པོ་ཆེའི་ཞལ་ནས། ཆོས་ཐམས་ཅད་ཀྱི་གཞི་འམ་རྩ་བ་འམ། རྨང་རྡོ་ལྟ་བུ་ཡིན་པས། འཆི་བ་མི་རྟག་པ་སེམས་པ་གལ་ཆེ་གསུང་། དེ་ལྟར་མ་ཡིན་ན་ཆོས་བྱེད་པ་ལྟར་འདུག་ཀྱང་། ཚེ་འདིས་ཀུན་ནས་བསླངས་པའི་ཆོས་བརྒྱད་ཡིན་པས་འཁོར་བ་ལས་མི་འདའ་འོ། །དེས་ན་ལས་རྒྱུ་འབྲས་དང་འཁོར་བའི་ཉེས་དམིགས་སེམས་པ་གལ་ཆེ། དེ་རྣམས་བློ་ལམ་ངེས་ན། ཉན་ཐོས་ལ་སོགས་པའི་ཐེག་པ་དམན་བར་ལྟུང་བས། ཆོས་བྱེད་པ་བཞིན་འདུག་ཀྱང་མི་འོང་། ཀྱཻའི་རྡོ་རྗེ་ལས་ཀྱང་། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མི་འདུས་ཐབས་རྟན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཅེས་གསུངས་སོ། །དེ་ལྟ་བུའི་དོན་དེ་ལ་བརྩོལ་བས་མི་སྒྲུབ། བར་དུ་མི་གནས། ཐ་མ་རིམ་འཇིག་པའོ། །ཕ་རོལ་དུ་ཕྱིན་པ་དང་གསང་སྔགས་ཀྱི་ཁྱད་པར་གང་ཡིན་ན། ཕ་རོལ་དུ་ཕྱིན་པ་ནི་དོན་སྤྱིའི་རྣམ་པ་ཡུལ་དུ་བྱེད་པ་བྱེ་ཡིན། གསང་སྔགས་ནི་དོན་ལམ་དུ་བྱེད་པ་ཡིན། དོན་སྤྱིའི་རྣམ་པ་ལམ་དུ་བྱེད་པ་ནི། ཆོས་ཐམས་ཅད་

(༥༠༧)ཀྱི་མཚན་ཉིད་ཅིག་དང་དུ་བྲལ་གྱིས་གཤིག་པས་མ་གྲུབ། གཅིག་མ་གྲུབ་པ་སྟེ་བསགས་པ་མ་གྲུབ། དེ་ལ་བརྟེན་ནས་ཆོས་ཐམས་ཅད་ཅིག་དང་དུ་མ་གང་ཡང་མ་གྲུབ་པར་བྱས་ནས། ནམ་མཁའ་རྣམ་པར་དག་པ་ལྟ་བུ་བློས་བྱས་ནས་འཇོག་པ་ནི། དོན་སྤྱིའི་རྣམ་པ་ཡུལ་དུ་བྱེད་པ་ཡིན་ནོ། །དོན་དངོས་ལམ་དུ་བྱེད་པ་ནི་ཐབས་ལམ་དྲག་ཏུ་བཅུན་པས། རླུང་དྷུ་ཏིར་ཚུད་དེའི་དུས་སུ་རླུང་སེམས་གཉིས་སུ་མེད་པའི་གནང་ཀས་ཤེས་པ་བདེ་གསལ་མི་རྟོག་པ་འབྱུང་སྟེ། དེ་དུས་སུ་བླ་མ་ཅིག་གིས་ཁྲིད་ནས་ཁྱོད་ཀྱི་ཤེས་པ་བདེ་གསལ་མི་རྟོག་པ་དེ་ནི་རང་གི་སེམས་ཉིད་རིག་པ་འདི་ཡིན་ཞེས་ངོ་སྤྲད་པས་དེ་ཁོ་ན་ལྟར་བསྒོམས་པས་བདེ་བ་དང་གསལ་བ་དང་། མི་རྟོག་པ་དེ་ཁོ་ན་ལ་མཆོག་འཛིན་བཏང་སྟེ། རིག་པ་དེ་ཁོ་ན་ལ་རིག་ཅིང་ངེས་པའོ། །རིག་པ་གསལ་བ་དེ་ཉིད་ལ་མ་ཡེང་པ་དེ་ནི་ཏིང་ངེ་འཛིན་ནོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནི་མཐར་ཕྱིན་པ་ནི་ཆོས་ཀྱི་སྐུ་ཡིན་གསུང་། དགས་པོ་རིན་པོ་ཆེའི་ཞལ་ནས། ལས་རྣམ་པ་གསུམ་ཡིན་གསུང་། དེ་ལ་རྣམ་པ་གསུམ་ནི། གཞི་སྤོང་བའི་ལམ་ནི་ཉོན་མོངས་པ་སྤོང་བར་འདོད། གཉེན་པོ་

(༥༠༨)ཡེ་ཤེས་རྒྱུད་ལ་སྐྱེ་བར་འདོད་པ་ནི། ཕ་རོལ་དུ་ཕྱིན་པའི་གདམས་པའོ། །གཞི་བསྒྱུར་བ་ནི་གསང་སྔགས་ཏེ། ཇི་ལྟར་བསྒྱུར་ན། ཕྱི་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དུ་བལྟ་ནང་བཅུད་ཀྱི་སེམས་ཅན་ལྷ་དང་ལྷ་མོར་བལྟ། བཟའ་བཏུང་ཐམས་ཅད་བདུད་རྩིར་བལྟ། ཉོན་མོངས་པ་ཡེ་ཤེས་ཆེན་པོའི་གཞིར་ཤེས་པ་ནི་གསང་སྔགས་བླ་ན་མེད་པ། ཕྱག་རྒྱ་ཆེན་པོའི་དོན་ནམ། རྫོགས་པ་ཆེན་པོའི་དོན་ཏེ། དེ་ཡང་ངོ་སྤྲང་ནས་ཆོས་ཐམས་ཅད་ལ་སྤང་རྒྱུ་ཡང་མེད། ཐམས་ཅད་སེམས་ཀྱི་རྣམས་འཕྲུལ་ཡིན། འོད་གསལ་བར་ཤེས་པ་ནི། གཞི་ཤེས་པ་ཡིན་གསུང་ངོ། །རྗེ་དགས་པོས་རིན་པོ་ཆེའི་ཞལ་ནས། །སྤྱིར་ཆོས་རྣལ་མར་བྱེད་པ་ལ། ཆོས་ཆོས་སུ་འགྲོ་བ། ཆོས་ལམ་དུ་འགྲོ་བ། ལམ་འཁྲུལ་པ་སེལ་བ་འཁྲུལ་པ་ཡེ་ཤེས་སུ་འཆར་བ་ཅིག་ཡིན་འཚལ་གསུང་། དེ་ལ་ཆོས་ཆོས་སུ་འགྲོ་བ་བྱ་བ། བྱམས་པ་དང་སྙིང་རྗེའི་གདམས་ངག་ཇོ་བོ་དང་འཇལ་ནས་བྱམས་སྙིང་རྗེ་ལ་བློ་ངེས་ནས། ཁོང་གྲུབ་པ་ཐོབ་པར་གྱུར། དེ་བཞིན་དུ་རྣལ་འབྱོར་པ་གསུམ་མན་ཆད་ལ་གསུངས་སྒམ་པོ་པའི་བླ་མ་ཡིན་གསུང་། ཡན་ཆད་པའི་བཀའ་གདམས་ཐམས་ཅད་

(༥༠༩)སྐྱེས་བུ་གསུམ་ལ་བློ་ངེས་པ། བྱམས་པ་དང་སྙིང་རྗེ་བསྒོམས་པ་ལས་བྱུང་བ་ཡིན་ནོ། །དེས་ན་ཀུན་རྫོབ་བྱང་ཆུབ་སེམས་འདི་ལག་ཆེ། འདི་འཁོར་བ་ལ་མཁོ་སྟེ་འདི་མེད་ན་ཐེག་པ་ཆེན་པོའི་ལམ་དུ་མི་འགྲོ། །བཅུ་པོ་འདི་མེད་ན་འཁོར་བར་ལྟུང་། མ་ཡར་མཁོ་སྟེ་འདི་མེད་ན་གཟུགས་སྐུ་གཉིས་མི་འབྱུང་། མི་རྟག་པ་ནི་དང་པོར་མཁོ་སྟེ་འདི་མེད་ན་ཆོས་ལ་བློ་མི་ལྡོག །བར་དུ་མཁོ་སྟེ་འདི་མེད་ན་རྟག་པར་བཟུང་ནས་ཉན་ཐོས་ལ་སོགས་པར་གོལ། ཐ་མར་མཁོ་སྟེ་འདི་མེད་ན་ཚེ་འདི་ལ་བློ་མི་ལྡོག །ལས་རྒྱུ་འབྲས་འདི་དང་པོར་མཁོ་སྟེ། ལས་འབྲས་རྣམ་པར་དག་ན་ངན་འགྲོའི་གེགས་ཡིན། བར་དུ་མཁོ་སྟེ་སྒྱུ་མ་རྨི་ལམ་རྩམ་དུ་ཚོགས་ཉིས་རྫོགས་པར་བྱེད་པ་ཡིན། ཐ་མར་མཁོ་སྟེ་དེ་ལྟ་བུ་ལ་སོགས་པ་བྱང་ཆུབ་ཀྱི་སེམས་མཐར་ཕྱིན་པས་གཟུགས་སྐུ་རྣམ་ཉིས་འབྱུང་། དེས་ན་ལམ་རིམ་རྩིས་སུ་ཆེ། དེ་རྣམས་རྒྱུད་ལ་མ་ལྡན་ན། གཉུག་མར་རབ་རིབ་ཅིག་རྒྱུད་ལ་སྐྱེས་ཀྱང་། ཡུལ་དང་ཉེ་དུ་དང་། རྫས་དང་། ཡོ་བྱད་ལ་ཆགས་ན་གཉུག་མ་དེས་མི་ཕན། མར་འགྲོ་བ་ལས་ཡར་མི་འགྲོ། །དེ་བས་ན་ཚེ་འདི་ལ་ཆགས་པར་མ་བྱེད།

(༥༡༠)སྣང་གྲགས་ཀྱི་ཆོས་ཐམས་ཅད་སྒྱུ་མ་རྨི་ལམ་ལྟ་བུ་ཡིན་པས། བློ་ངེས་སུ་ཆུག །བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྦྱོང་། དེ་ལྟར་ངེས་ན་ཁོ་ཡར་ལ་འགྲོ་བ་ལས་མར་ལ་མི་འགྲོ། འོ་ན་གཉུག་མ་རྣལ་མ་ཅིག་རྒྱུད་ལ་སྐྱེས་ན། གཉུག་མའི་ངོ་བོ། །གཉུག་མའི་འབྲས་བུ་གཉུག་མའི་རྒྱུ་དང་། གསུམ་ཡིན། དེ་ལ་ངོ་བོ་ནི་མེད་པ་མ་ཡིན་དོན་སྐྱེ་འགག་ཐམས་ཅད་དང་བྲལ་བ་དེ་ཡིན། འབྲས་བུ་ནི་སྐྱེ་འགག་མེད་དེ། དེ་ཉིད་ཆོས་སྐུ་ཡིན། དེ་ལས་གཟུགས་སྐུ་གཉིས་འབྱུང་། གཟུགས་སྐུ་ཡང་གཉུག་མའི་ཉམས་མྱོང་བདེ་གསལ་མི་རྟོག་པ་ལས་འབྱུང་བས། སྐུ་གསུམ་གཉུག་མའི་འབྲས་བུ་ཡིན་བདེ་གསལ་མི་རྟོག་པ་དེ་གཏུམ་མོ་ལས་འབྱུང་པས་ན། གཉུག་མ་སྐྱེས་ཀྱང་། གཏུམ་མོ་མེད་ན་ཤེས་རབ་རྐྱང་པ་ཡིན། གཏུམ་མོ་ཡོད་ན་ཐབས་དང་ཤེས་རབ་ཡ་མ་བྲལ་བ་ཡིན། བླ་མ་མི་ལའི་ཞལ་ནས། བསྒོམ་ལས་མ་བྱུང་ལྟ་བ་བཀའ་གསུང་བས། གཏུམ་མོ་ལ་འབད་པ་གལ་ཆེ་གསུང་། ཡང་རྗེ་དགས་པོ་རིན་པོ་ཆེའི་ཞལ་ནས། གང་ཟག་དབང་པོ་རབ་འབྲིང་གསུམ་ལ་ཆོས་ཅི་ལྟ་བུ་ཅིག་དགོས་ན། འདིར་མཚན་ཉིད་པ་

(༥༡༡)ཕ་རོལ་དུ་ཕྱིན་པའི་བཞེད་པ་དང་། ཐེག་པ་ཆེན་པོ་གསང་སྔགས་ཀྱི་བཞེད་པ་གཉིས་ཡིན་གསུང་། དེ་ལ་ཕ་རོལ་དུ་ཕྱིན་པའི་བཞེད་པ་ནི། སྐྱེས་བུ་གསུམ་གྱི་ལམ་རིམ་ཡིན་ལ། སྐྱེས་བུ་མཆོག་གིས་བྱམས་པ་དང་སྙིང་རྗེ་ལ་བློ་སྦྱངས། ལྟ་བ་དབུ་མ་མཐར་ཐུག་རྟོགས་པ་ཡིན། སྐྱེས་བུ་འབྲིང་ནི་གཞི་སྐྱེས་བུ་འབྲིང་གིས་ཆོས་འཁོར་བའི་ཉེས་དམིགས་གསལ་བྱས་ནས། དེ་རྣམས་བློ་ལ་སྐྱེས་ན་ཚེ་འདིའི་བྱ་བ་རྣམས་བློས་ལིངས་ཀྱིས་བོར་ནས། ཆོས་རྣལ་མར་བྱེད་པ་ཅིག་འོང་བ་ཡིན། དུས་དེ་རྩ་ན་བླ་མ་རྣལ་མ་ཅིག་གིས་འཁྲིད་པ་གལ་ཆེ། དེ་ཡང་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོང་པ་ཡིན། དེ་བློ་ལ་སྐྱེས་རྩ་ན་ཅི་བྱེད་ཐམས་ཅད་སེམས་ཅན་གྱི་དོན་བྱེད་པ་བཅིག་འོང་བ་ཡིན། དེ་མེད་ན་གཟུགས་སྐུ་གཉིས་མི་འབྱུང་། དེ་མེད་ན་ཆོས་སྐུ་མི་འབྱུང་། དེ་གཉིས་ཕན་ཚུན་ལྟོས་པའི་ཆོས་ཡིན། ཆོས་སྐུ་སྐྱེ་བ་མེད་པའི་དོན་མ་རྟོགས་ན་འཁོར་བའི་ལས་མི་ཐར། དཔེར་ན་ནམ་མཁའི་ལ་འཇིགས་པ་དང་འདྲ། ཕྱོགས་གར་ཕྱིན་ཡང་ནམ་མཁའ་ལས་མ་འདས་པ་དང་འདྲ་བར། གར་སྐྱེས་ཀྱང་འཁོར་བ་ལས་འགྲོས་

(༥༡༢)ས་མེད། ཆོས་སྐུ་སྐྱེ་བ་མེད་པའི་དོན་རྟོགས་ན་འཁོར་བ་ལས་ཐར་པ་ཡིན་ཏེ། དེ་ཡང་ཆོས་ནས་རང་གིས་དད་པ་ཉིད་ཀྱིས་རྟོགས་པ་ཡིན་ཏེ། གཞན་གྱིས་མིན་བྱ་བ་གསུངས། རྗེ་བཙུན་བྱམས་པས་ཀྱང་། རང་འབྱུང་རྣམས་ཀྱི་དོན་དམ་ནི། །དད་པ་ཉིད་ཀྱིས་རྟོགས་བྱ་ཡིན། །ཅེས་གསུང་། དེ་བས་ན་བླ་མ་ཆོས་ཀྱི་སྤྱན་ཅན། རྟོགས་པ་དང་ལྡན་པ་ཆོས་རྒྱུད་ལ་སྐྱེས་པ་ཅིག་ལ། སློབ་མས་དད་གུས་ཚུལ་བཞིན་དུ་བྱས་ན་རྟོགས་ནས་འོང་བ་ཡིན། བླ་མ་ལ་རྟོགས་པ་མེད་ན་སློབ་མ་དང་གུས་བྱས་ཀྱང་མི་ཕན། དཔེར་ན་བསྐོས་ཕ་རོལ་ལ་རི་མོ་མེད་ན་འབི་འབི་ལེགས་ཀྱང་། ཚ་ཚ་མི་འབྱུང་བ་དང་འདྲ་གསུང་། སློབ་མ་ལ་དད་གུས་མེད་ན། བླ་མ་ལ་གདམས་ངག་ཡོད་ཀྱང་མི་ཕན་ཏེ། དཔེར་ན་བ་ལ་ཞོ་ཡོད་ཀྱང་བེའུ་ལ་ཀན་མེད་པ་དང་འདྲ། བླ་མ་རང་གི་རྒྱུད་ལ་ཆོས་སྐྱེས་པ་ཅིག་གིས་སློབ་མ་དད་གུས་ཅན་འདྲེན་ནུས་པ་ཡིན་པས། དང་པོ་བླ་མའི་གདམས་ངག་དགོས། དེ་བས་ན་ཇོ་བོ་ཀུན་བླ་མ་མཚན་ཉིད་དང་ལྡན་པ་ལ་ཡིད་ཆེས་པ་གལ་ཆེ། ཡིད་མ་ཆེས་ན་བྱིན་རླབས་མི་འབྱུང་། ཡིད་ཆེས་པ་ཅིག་ལ་ཆོས་མང་པོ་མི་དགོས། ཆོས་རེ་རེ་ཁ་ཡར་ལ་བརྟེན་ནས་

(༥༡༣)བསྒོམ་པ་ཡིན་གསུང་། ཡང་རྗེ་དགས་པོ་རིན་པོ་ཆེའི་ཞལ་ནས། འཁོར་བར་འཁྱམས་པ་ཅིས་ལོན་མ་རིག་པས་པས་ལན། མ་རིག་པ་ཇི་ལྟར་འདུག །མ་རིག་པ་སྟོང་པར་འདུག །མ་རིག་པ་ལུང་མ་བསྟན་དུ་འདུག་པ་ལ། ལུང་མ་བསྟན་དེ་རྐྱེན་དགེ་བ་དང་ཕྲད་ན་དགེ་བའི་གྲོགས་བྱེད་མི་དགེ་བ་དང་ཕྲད་ན་མི་དགེ་བར་འགྱུར་པ་ལ། རྐྱེན་མིང་གེ་བ་དང་ཕྲད་ན་ལས་འདུ་བྱེད་འབྱུང་བས། དེ་དགེ་མི་དགེ་གཉིས་སུ་བཟུང་བས་ཉོན་མོངས་པ་ཆགས་སྡང་གཉིས་ལ་འཇུག །དེ་ལས་ཤེས་པ་བྱུང་བས་རྣམ་པར་ཤེས་པ་ལ་བག་ཆག་ཀྱི་ས་བོན་བཏབ་པས་འཁོར་བར་འཁོར། འོ་ན་འཁོར་བ་ལས་ཐར་པའི་ཐབས་གང་ཡིན་ན། བླ་མ་དམ་པའི་གདམས་ངག་ལ་བརྟེན་མ་རིག་པ་རིག་པར་ངོ་ཕྲོད་པས་རྣམ་པར་ཤེས་པ་འོང་གསལ་དུ་ཤར་ནས། བག་ཆགས་ཀྱི་ས་བོན་བཏབ་པའི་ས་མེད། འདུ་བྱེད་ཀྱང་འོད་གསལ་དུ་ཤར་བས་རྒྱུ་འབྲས་ལས་གྲོལ། རྒྱུའི་དུས་ན་འབྲས་བུ་རྟོགས་རྒྱུ་དང་འབྲས་བུ་དུས་མཚུངས་པ་བྱ་བ་ཡིན་གསུང་། ཡང་རྗེ་དགས་པོ་རིན་པོ་ཆེའི་ཞལ་ནས། སྤྱིར་ཡང་ཀུན་ལ་ཟས་ཀྱི་རྣལ་འབྱོར་མེད་ཐབས་མེད་དེ། དེ་ཡང་ཁྱད་པར་དུ་གསང་སྔགས་ཀྱི་

(༥༡༤)རྣལ་འབྱོར་པ་ལ་ཁ་ཟས་ཀྱི་རྣལ་འབྱོར་དང་སྤྱོད་ལམ་གྱི་རྣལ་འབྱོར་ལ་སོགས་པ་གལ་ཆེ་བར་གསུང་པས་ཤེས་པར་བྱ་གསུང་། དེ་ལ་བཟའ་བ་དང་བཏུང་བ་ཐམས་ཅད་ཨོཾ་ཨཱ་ཧཱུཾ་གསུམ་གྱིས་བདུད་རྩིའ་བྱིན་གྱིས་བརླབས་ནས། རང་ཡི་དམ་གྱི་ལྷར་བསམས་ནས་མཆོད་པ་བྱེད་པ་ནི་ཟས་ཀྱི་རྣལ་འབྱོར་ཡིན་ཏེ། ལྷ་དང་བླ་མ་མཆོད་པས་བསོད་ནམས་ཤིན་དུ་ཆེ། སྤྱོད་ལམ་ཆོས་ཉིད་ཀྱི་ངང་དུ་བྱེད་པ་ནི་སྤྱོད་ལམ་གྱི་རྣལ་འབྱོར་རོ། །གསང་སྔགས་ཀྱིས་རྣལ་འབྱོར་པ་དེས་ནི་ཟས་འདི་ཟ་འདི་མི་ཟ་བྱ་བ་མེད། སྤྱོད་ལམ་འདི་བྱ་འདི་མི་བྱ་བ་མི་དགོས། གོས་འདི་གོན་འདི་མི་གོན་བྱ་བ་མེད། ཀུན་ལ་ཉམ་ང་མེད་པས་དཔའ་འོ་སེང་གེ་ལྟ་བུར་སྤྱད། གསང་སྔགས་ཀྱི་ལམ་དུ་ཞུགས་ནས་དམ་ཚིག་ལ་གནས་དགོས་ཏེ། སྤྱད་པའི་དམ་ཚིག་དང་། བསྲུང་བའི་དམ་ཚིག་གཉིས་ལས། སྤྱད་པའི་དམ་ཚིག་ནི། ལུས་ལྷའི་རྣལ་འབྱོར་དང་མི་འབྲལ་བ་ནི་སྐུའི་དམ་ཚིག་ངག་བཟླས་པ་དང་མི་འབྲལ་བ་ནི་གསུང་གི་དམ་ཚིག །ཡིད་སྐྱེ་མེད་དང་མི་འབྲལ་བ་ནི་ཐུགས་ཀྱི་དམ་ཚིག་སྟེ། དེ་ནི་སྤྱད་པའི་དམ་ཚིག་ཡིན་ནོ། །བསྲུང་བའི་དམ་ཚིག་ནི་

(༥༡༥)རྩ་བའི་ལྟུང་བ་བཅུ་བཞི་དང་། ཡན་ལག་གི་ལྟུང་བ་བརྒྱད་དང་། བཅོྭ་ལྔ་པོ་ཡན་ལག་དང་བཅས་པའམ། མི་དགེ་བ་བཅུ་སྤོང་བ་ཡིན་ཏེ། ལུས་ཀྱི་སྒོ་ནས་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་གསུམ་སྤོང་བ་ནི། སྐུའི་དམ་ཚིག་གོ། ངག་གི་སྒོ་ནས་བརྫུན་སྨྲ་བ་ཕྲ་མ་ངག་འཁྱལ་བ། ཚིག་ཙུབ་སྤོང་བ་བཞི་ནི་གསུང་གི་དམ་ཚིག་ཡིན། ཡིད་ཀྱི་སྒོ་ནས་བ་རྣམས་སེམས། གནོད་སེམས། ལོག་པར་ལྟ་བ་གསུམ་སྤོང་བ་ནི་ཐུགས་ཀྱི་དམ་ཚིག་སྟེ། དེ་ནི་བསྲུང་བའི་དམ་ཚིག་གོ། །རིག་པ་འཛིན་པའི་རྒྱུད་ནས་འདི་སྐད་ཀྱང་གསུང་། རང་ལྷ་ཡིན་གཞན་ཡང་ལྷ་ཡིན་པས་ལྷས་ལྷ་གསོད་པའམ། རྡེག་པའམ། ཁྲོ་བའམ། རྫུན་ཟེར་བ་ག་ན་མཆིས། དེ་ལྟར་བསམ་འཚལ། སྤྱིར་གསང་སྔགས་ནི་གསང་པར་བཤད་པ་ཡིན་པ་ལ། མ་གསངས་ན་དངོས་གྲུབ་ཀྱི་སྒོ་ཤོར་བ་ཡིན་གསུང་། ཡང་རྗེ་དགས་པོ་རིན་པོ་ཆེའི་ཞལ་ནས། །ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་གིས། །བསྒོམ་པ་པོ་མེད་པ་སྒོམ་བྱ་མེད། །ཅེས་པའམ། བསྒོམ་པར་བྱ་བ་ཅུང་ཟད་མེད་ཅེས་གསུངས་ཏེ། རྣལ་འབྱོར་པ་ན་རེ་སངས་རྒྱས་མི་བདེན་ཆད་པ་པོང་། རང་

(༥༡༦)རིག་ཚོགས་ལྡན་ཉན་པ་ང་། ཅེས་གསུངས། རིག་པ་ང་རང་ཡིན་པའི་རིག་པ་གསལ་ལ་གོ་མ་འགགས་པ་རྒྱུན་ཆད་མེད་པ། །དུས་ཐམས་ཅད་དུ་བསྒོམ་པ་ཡིན། ངའི་ངོ་བོ་དེ་སངས་རྒྱས་ཀྱིས་སྤྱད་པར་མི་ནུས། སྒོམ་པ་ཡང་ང་རང་ཡིན། སྒོམ་པར་བྱ་བ་ཡང་ཡོད། ང་ལ་ཉམས་སུ་མྱོང་བ་ཨེན་ཙམ་ཅིག་ཡོད། འོ་ན་སངས་རྒྱས་བདེན། ང་ཡང་སངས་རྒྱས་ཀྱིས་རྗེས་སུ་འབྲང་། སྒོམ་པ་པོ་མེད་དོ། །རང་གི་རིག་པ་ངོས་བཟུང་མཐའ་དག་དང་བྲལ་བས། དཔེ་དང་ཚིག་གིས་ཀྱང་མཚོན་དུ་མེད་དོ། །མཚན་མའི་ངོས་ནས་དུས་སུམ་གྱིས་སངས་རྒྱས་ཀྱིས་ཀྱང་གཟིགས་པར་མི་འགྱུར། དེའི་ངོ་བོ་ལ་སྒོམ་པར་བྱ་བའི་ཡུལ་མེད། འདི་ལྟར་ཉམས་སུ་མྱོང་བས་སྒོམ་པར་བྱ་བ་བཅུང་ཟད་མེད། ཡང་བདེ་གསལ་མི་རྟོག་པ་གསུམ་མི་འདོད། ང་བདེ་བར་མི་འདོད་བདེ་བར་འདོད་པ་དེ་ངོས་བཟུང་ཡིན། ང་གསལ་བར་མི་འདོད་གསལ་བར་འདོད་པ་དེ་ངོས་བཟུང་ཡིན། ང་མི་རྟོག་པར་མི་འདོད་མི་རྟོག་པར་འདོད་པ་དེ་ངོས་བཟུང་ཡིན། ང་ལ་དཔེ་དང་ཚིག་དུ་མཚོན་པ་མེད། བརྗོད་པ་གང་གིས་ཀྱང་ཐོབ་ཏུ་མི་ཕེབས་པས། ང་ལ་བཅས་བཅོས་མ་བྱེད་པར་རང་གར་

(༥༡༧)ཞོག་ཅིག །ཅེས་གསུངས་སོ། །ཡང་རྗེ་དགས་པོ་རིན་པོ་ཆེའི་ཞལ་ནས། སྐྱེ་བ་མེད་པའི་རིག་པ་འགག་པ་མེད་པའི་ལམ། གནས་པ་མེད་པའི་ཤེས་རབ། ཐོབ་པ་མེད་པའི་འབྲས་བུ་དང་གཞི་ཡིན་གསུང་། དེ་ལ་སྐྱེ་བ་མེད་པའི་རིག་པ་ནི། ཆོས་ཐམས་ཅད་གདོད་མ་ནས་སྐྱེ་མ་མྱོང་ཞིང་སྐྱེ་བ་མེད་པར་ཐེག་ཆོད། སྐྱེ་མེད་ཅིག་པུར་ལྟ་ན་ཆད་ལྟར་འགྲོ་སྟ། སྐྱེ་མེད་ལ་རིག་པ་ཁོང་སྐྱལ་ཡོད་པ་ནི་འོ་མ་ལ་མར་ཡོད་པ་དང་འདྲའོ། །འགག་པ་མེད་པའི་ལམ་ནི། བསལ་བའམ་ཉམས་སུ་མྱོང་རྒྱུ་མེད་ན་ལམ་དུ་མི་འགྲོ་སྟེ། རིག་པའི་ངོ་བོ་གསལ་ལ་གོ་མ་འགགས་པར་བྱས་པས་ལམ་མོ། །གནས་པ་མེད་པའི་ཤེས་རབ་ནི། མི་མཐུན་པའི་ཕྱོགས་ཐམས་ཅད་ཆད་པས་ན་ཤེས་རབ་སྟེ། མི་མཐུན་པའི་ཕྱོགས་ནི་དངོས་པོ་དང་མཚན་མ་ལ་སོགས་པ་སྟེ། རིག་པའི་ངོ་བོ་དེ་དངོས་པོ་དང་མཚན་མ་དང་བྲལ་བར་རྟོགས་ན། མར་མེ་བྱུང་ན་མུན་པ་མི་གནས་པ་བཞིན་དུ། མི་མཐུན་པ་ཤུགས་ཀྱིས་ཆད་པས་ན་ཤེས་རབ་བོ། །ཐོབ་པ་མེད་པའི་འབྲས་བུ་ནི། །མི་མཐུན་པའི་ཕྱོགས་ཆད་པར་གྱུར་པའི་ངོ་བོ་དེ་ལ། ཆོས་སྐུ་འབྱུང་དེ་ལས་གཟུགས་སྐུ་གཉིས་འབྱུང་བ་ནི། ཐོབ་པ་མེད་པའི་འབྲས་བུ་

(༥༡༨)ཡིན་ནོ་གསུངས་སོ། །ཡང་རྗེ་དགས་པོ་རིན་པོ་ཆེའི་ཞལ་ནས། གཉུག་མ་ཞེས་བྱ་བའི་དོན་ཅི་ལ་ཟེར་ན། རྟེན་གང་ལ་ཡང་མ་བཅས་པ། གོ་གར་ཡང་མ་འགགས་པ། ཕྱོགས་གར་ཡང་མ་ལྷུང་བ། ཕུགས་གར་ཡང་མ་བཏང་བ། དཔེ་གང་གིས་ཀྱང་མཚོན་དུ་མེད་པ། བརྗོད་པ་གང་གིས་ཀྱང་ཐོག་ཏུ་མི་ཕེབས་པ་ཅིག་ལ་ཟེར་བ་ཡིན་གསུང་། དེ་ལ་དང་པོ་རྟེན་གང་ལ་ཡང་མི་བཅའ་བ་ནི། ཤེས་པ་ཅི་ལ་ཡང་མི་རྟེན་པ་སྟེ། དཔེར་ན་བྱ་ཐི་ཀོ་ནི་བཞིན་ཡིན། གོ་གར་ཡང་མ་འགགས་པ་ནི། རེ་དོགས་དགག་སྒྲུབ་གང་ཡང་མེད་པ་ཡིན། ཕྱོགས་གར་ཡང་མ་ལྷུང་བ་ནི། རྟག་ཆད་ཀྱི་མཐར་མ་ལྷུང་པའོ། །ཕུགས་གར་ཡང་མ་གཏང་པ་ནི་འདོད་པ་མེད་པའོ། །དཔེ་གང་གིས་ཀྱང་མཚོན་དུ་མེད་པ་ནི། ངོས་བཟུངས་ཐམས་ཅད་དང་བྲལ་བའོ། །བརྗོད་པ་གང་གིས་ཀྱང་ཐོག་དུ་མི་ཕེབས་པ་ནི། བརྗོད་པ་ཐམས་ཅད་ལས་འདས་པ་ཡིན་གསུངས་སོ། །ཡང་རྗེ་རིན་པོ་ཆེའི་ཞལ་ནས། སེམས་ཀྱི་དོན་ཇི་ལྟར་འཚོལ་ཞེས་ན། དེ་དབྱིབས་དང་ཁ་དོག་ལ་སོགས་པ་གང་ཡང་མ་མཐོང་བ་ཡིན་གསུང་། འོ་ན་ཇི་ལྟར་མཐོང་ཞེས་ན། ཅི་ཡང་མ་མཐོང་བ་དེ་ཉིད་མཐོང་བའི་མཆོག་ཡིན་ཏེ། དེ་ཡང་མ་མཐོང་བའི་དེ་ཉིད་མཐང་བ་ཡིན་པར་

(༥༡༩)ཤིན་དུ་ཟབ་པའི་མདོ་ལས་གསུངས་སོ། །ཤེས་གསུང་། དེ་མཐོང་ནས་ཇི་ལྟར་བཞག་ཅེས་ན། སྤྲིན་མེད་པའི་ནམ་མཁའ་སྒྲིབ་གཡོགས་ཐམས་ཅད་དང་བྲལ་བཞིན་བཞག །གཡོ་འགུལ་ཐམས་ཅད་དང་བྲལ་བ་བརླབས་དང་བྲལ་བའི་རྒྱ་མཚོ་ལྟར་བཞག །གསལ་འགྲིབ་ཐམས་ཅད་དང་བྲལ་བའི་མར་མེ་བཞིན་བཞག །དེ་ལྟར་རྟོགས་ན་འབྲས་བུ་སངས་རྒྱས་ཐོབ་ཏུ་མེད། འཁོར་བར་ལྷུང་གིས་དོགས་པ་མི་སྐྱེ། མཉམ་པ་ཉིད་འདོད་པའི་རེ་བ་མེད་པས། ཚོལ་བར་མེ་བྱེད་དོ། །དེ་ཅིའི་ཕྱིར་བྱས་པ་ལ་འབྲས་བུ་ལ་རེ་བ་མེད་པ་ནི། སེམས་ཉིད་དེ་ལྟར་རྟོགས་པ་དེ་ཉིད་ཆོས་སྐུ་ཡིན་པས་དེ་ལས་གཞན། འདོད་རྒྱུ་རེ་རྒྱུ་མེད། འཁོར་བ་ལ་དོགས་པ་མེད་པ་ནི་ཆོས་སྐུ་དང་འཁོར་བ་གཉིས་མེད་དུ་ཤེས་པས་དོགས་པ་མེད་པ་ཡིན། མཉམ་པ་ཉིད་ལ་ཚོལ་བ་མེད་པ་ནི། ཆོས་སྐུ་རྟོགས་ན་གཞན་འདོད་རྒྱུ་མེད་པ་ཡིན། བླ་མ་མི་ལའི་གདམས་ངག་ཡིན། སངས་རྒྱས་བྱོན་ཡང་དེ་ལས་ལྷག་པ་མི་ཡོང་གསུང་ངོ་། །ཡང་རྗེ་དགས་པོ་རིན་པོ་ཆེའི་ཞལ་ནས། སོ་མ་རང་ཐང་ལྷུག་པ་ཡིན་གསུང་། དེ་ཡང་སོ་མ་ལ་གསུམ་དེ། ལུས་སེམས་ཁོང་དུ་གློད་པ་དང་། ངག་རླུང་མི་རྩིར་བར་བཞག་པ་དང་། ཤེས་པ་རྟེན་མི་བཅའ་

(༥༢༠)པའོ། །རང་ཐང་ལ་ཡང་གསུམ་དེ། ཤེས་པ་རང་གར་བཏང་བ་དང་། འཕྲོས་པའི་ཡུལ་མཚན་མར་སྣང་བ་དེ་ཆོས་སྐུར་ཤེས་པར་བྱ་བ་དང་། དེ་ལམ་ཡེངས་པའོ། །ལྷུག་པ་ལ་གསུམ་དེ། སྤྱོད་ལམ་རྣམ་བཞི་ཁྱད་པར་མེད་པར་བྱ་བ་དང་། ཉམས་དང་མི་འབྲལ་བར་བྱ་བ་དང་། ཚོགས་དྲུག་ལྷུག་པར་བཞག་པའོ་གསུང་ངོ་། །ཡང་རྗེ་དགས་པོ་རིན་པོ་ཆེའི་ཞལ་ནས། སེམས་ཉིད་ཅེས་བྱ་བ་བདེ་བར་འགྱུར་བ་མེད་པ། རྒྱུན་ཆད་མེད་པ་དུས་ཐམས་ཅད་པ་བྱ་བ་ཡིན་གསུང་། དེ་ལ་འགྱུར་བ་མེད་པ་ནི། ཁ་དོག་དང་དབྱིབས་སུ་མ་གྲུབ་པས་ན་འགྱུར་བ་མེད་པའོ། །རྒྱུན་ཆད་མེད་པ་ནི་རིག་པ་རྒྱུན་ཆད་མེད་པ་ཡིན། དུས་ཐམས་ཅད་པ་ནི་དུས་འདི་ནས་བཟུང་ནས་ཡོད། འདི་ནས་བཟུང་ནས་མེད་ཅེས་བྱ་བ་མ་ཡིན་ཏེ། མ་སྐྱེས་མི་འགག་པའི་ཕྱིར་ན་དུས་ཐམས་ཅད་པའོ། །གསུངས་སོ། །ཡང་རྗེ་རིན་པོ་ཆེའི་ཞལ་ནས། གང་ཟག་ནམས་ཆོས་རྣལ་མ་ཅིག་བྱེད་ན། ཆོས་ཀྱི་དབང་དུ་བྱས་ན། ལྟ་ཐོག་ནས་བསྒོམ་ཚོལ་བ་དང་། བསྒོམ་ཐོག་ནས་ལྟ་བ་ཚོལ་དགོས་ཏེ། དེ་ཡང་སྔོན་དུ་ཚོགས་གཉིས་ལ་རྟེན་དགོས། དེ་ནས་གསང་སྔགས་ཀྱི་ཐབས་ཀྱིས་སྒོ་ནས་རྩ་དང་རླུང་དང་། ཐིག་ལེ་ལ་

(༥༢༡)སོགས་པ་བསྒོམས་པས། རླུང་སེམས་གཉིས་སུ་མེད་པའི་གནད་ཀས། སྲོག་རྩོལ་དབུ་མར་ཚུད་ཙམ་ན། ཤེས་པ་རང་གིས་ངོ་བོ་དེ་ལ་དང་པོ་བདེ་བ་སལ་བ་མི་རྟོག་པ་རྩམ་འོང་། དེ་ནས་རིག་པ་རང་གིས་ངོ་བོ་དེ། སྐྱོན་ཐམས་ཅད་ཀྱིས་མ་གོས་པ་ཡེར་གྱིས་འོང་སྟེ། དེའི་དུས་སུ་ལྟ་བ་ཡང་སེམས། བསྒོམ་པ་ཡང་སེམས། སྤྱོད་པ་ཡང་སེམས། འབྲས་བུ་ཡང་སེམས་དེ་རང་ཡིན། དེའི་དུས་སུ་སྤྱོད་ལམ་རྣམ་གཞི་ཅི་བྱས་ཀྱང་སེམས་ཉིད་ལས་མ་འདས། འགྱུར་བ་མེད་པ་སྟེ་བསྒོམ་ལ་བརྟེན་པའམ་ལྟ་བ་ཡིན། བསྒོམ་ཐོགས་ནས་ལྟ་བ་རྙེད་པའོ། །དེའི་དུས་སུ་ལྟ་བསྒོམ་སྤྱོད་གསུམ་ཅིག་དུ་ཤེས་པ་ཅིག་དགོས་པ་ཡིན། ལྟ་ཐོགས་ནས་བསྒོམ་ཚོལ་བ་ནི། དབང་པོ་རབ་སྦྱངས་པ་ཅན་གྱིས་སྤྱོད་ཡུལ་ཡིན་ཏེ། འགའ་ཞིག་དུས་ལ་མ་བབ་ཟེར་བ་ཡང་ཡོད་དེ། དུས་ད་རེས་རང་ཡིན་གསུང་བས་ན་མོས་པ་བྱས་འདི་སྐྱེ་བའི་རྒྱུ་ཡང་། བླ་མ་དམ་པ་བྱིན་རླབས་ཅན་ལ་མོས་པ་དང་གུས་པའི་སྒོ་ནས་དུས་རྟག་དུ་གསོལ་བ་བཏབ་པ་ལས་འབྱུང་ཏེ། དེ་ལ་བསྒོམ་པ་དང་གོམ་པར་བྱ་བ་གཉིས་ཡིན། བསྒོམ་པ་ནི་ཕྱག་རྒྱ་ཆེན་པོའི་དོན་

(༥༢༢)ལ་སེམས་མ་ཡེངས་པར་མ་བཅོས་པར་འཇོག་པ་ཡིན་ཏེ། དེ་ཡང་ངོ་སྤྲད་པའི་སྐབས་སུ་སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། སྣང་བ་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུའི་འོད། དེ་ཡང་སེམས་ཉིད་ལྷན་ཅིག་སྐྱེས་པ་ནི་སེམས་ཉིད་ཀྱི་ངོ་བོ་འམ་ཡིན་ཚུལ་དེ་ཡིན། སྣང་བ་ལྷན་ཅིག་སྐྱེས་པ་ནི་དེ་ལ་དྲན་རྟོག་སྣ་ཚོགས་སུ་འཆར་བ་དེ་ཡིན། དེ་ཡང་ཉི་མ་དང་ཉི་མའི་འོད་ཟེར་ལྟ་བུ། བཙན་དན་དང་བཙན་དན་གྱི་དྲི་ལྟ་བུ་ཡིན། དེ་ཡང་སེམས་ཉིད་ཀྱི་ངོ་བོ་ལ་བཅས་བཅོས་མ་སླད་པར་བཞག་པས། དང་པོ་སྐད་ཅིག་ཙམ་རེ་ངོས་ཟིན་པའོ། །དེའི་དུས་སུ་དེ་བྱུང་པ་ལ་དགའ་བར་མི་བྱ་མ་བྱུང་པ་ལ་སྐྱོན་དུ་མི་བལྟ། དེ་ནས་སེམས་ཀྱི་ངོ་བོ་རྟོག་པ་ཐམས་ཅད་ལས་འདས་པ། དེ་ཡུན་ཇི་རིང་ལ་སོང་སྟེ། དེ་ནས་ཇི་ཞིག་ཙམ་ན་ཐམས་ཅད་སེམས་ཉིད་ཆོས་ཀྱི་སྐུ། སྣང་བ་དང་འཛིན་པ་ལས་གྲོལ་བ་དེ་རང་འབའ་ཞིག་དུ་འགྲོ་སྟེ། དེའི་

(༥༢༣)དེའི་དུས་སུ་དེ་བྱུང་བ་ལ་དགའ་བར་མི་བྱ། མ་བྱུང་བ་ལ་སྐྱོན་དུ་མི་བལྟ། དེ་ནས་སེམས་ཀྱི་ངོ་བོ་རྟོག་པ་ཐམས་ཅད་ལས་འདས་པ། དེ་ཡུན་ཇི་རིང་ལ་སོང་སྟེ། དེ་ནས་ཇི་ཞིན་ཙམ་ན་ཐམས་ཅད་སེམས་ཉིད་ཆོས་ཀྱི་སྐུ། སྣང་བ་དང་འཛིན་པ་ལས་གྲོལ་བ་དེ་རང་འབའ་ཞིག་ཏུ་འགྲོ། དེའི་དུས་སུ་གླང་ཆེན་གཞེངས་ཀྱང་མཉམ་པར་བཞག་པ་བྱ་བ་ཡིན་ཏེ། ཀྱཻའི་རྡོ་རྗེ་བརྟག་པ་དང་པོ་ལས། ཆུའི་བོའི་རྒྱུན་ནི་རབ་འབབ་དང་། །མར་མེའི་རྩེ་མོ་རབ་བཅིངས་ལྟར། །རྟག་ཏུ་དེ་ཉིད་རྣལ་འབྱོར་གྱིས། །ཉིན་དང་མཚན་དུ་མཉམ་པར་བཞག །ཅེས་གསུངས་སོ། །དེ་ནི་བསྒོམ་པའོ། །དེའི་དོན་ལ་མ་ཡེངས་པར་དུས་གསུམ། གོམས་པར་བྱའོ། །དེ་ནི་ལྟ་ཐོག་གི་བསྒོམ་པ་ཡིན་ཏེ། དེ་ལྟ་བུའི་དོན་ཅིག་ཉམས་སུ་ལེན་ཙམ་ན། ཡེ་ཤེས་རྒྱུན་ཆད་པ་དང་མ་ཆད་པ་མེད། འོ་སྐོལ་གྱིས་རྒྱུན་བཅད་དང་མ་བཅད་པ་གཉིས་ཀ་མི་ནུས་ཏེ། ཡེ་ཤེས་བཅད་པས་ཆོད་པ་ཡང་མ་ཡིན། མ་བཅད་པས་རྒྱུན་ཡོད་པ་ལྟ་བུ་ཡང་མ་ཡིན། དེ་ལྟར་གྱི་གནས་སྐབས་སུ་ལྟ་སྤྱོད་བསྒོམ་གསུམ་ཡ་མ་བྲལ་བ་ཅིག་ལམ་དུ་འཁྱེར་དགོས་པ་ཡིན། དེ་ཡང་རང་གི་སེམས་ཀྱི་ནང་དུ་བལྟ་ཉུལ་བྱེད་པ་ཡིན་གསུང་། ཡང་རྗེ་སྒམ་པོ་པའི་ཞལ་ནས། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད་ཡིན་གསུང་། དེ་ཡང་སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ་ནི་སེམས་ཀྱི་རང་བཞིན་ནམ་ངོ་བོ་དེ་ཡིན། སྣང་བ་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུའི་འོད་དེ་ནི། དེ་ལས་བྱུང་བས་

(༥༢༤)རྣམ་པར་རྟོག་པ་སྣ་ཚོགས་སུ་ཤར་བ་ཡིན། །དེ་ཡང་ཉི་མ་དང་ཉི་མའི་འོད་ཟེར་ལྟ་བུའམ། བཙན་དན་དང་བཙན་དན་གྱི་དྲི་ལྟ་བུ་ཡིན། དེ་ལ་རྟོགས་པར་བྱ་བའི་ཆོས་གསུམ་ཉམས་སུ་བླང་བའི་ཆོས་གསུམ་ཡིན། དེ་རྟོགས་པར་བྱ་བའི་ཆོས་གསུམ་ནི། ལམ་སྣ་ཚོགས་སུ་ཤར་བར་རྟོགས་པར་བྱ། སྣང་བ་ལྷན་ཅིག་སྐྱེས་པ་ཅི་ཡང་མ་ཡིན་པ། སྣ་ཚོགས་སུ་ཤར་བ་དོན་ཅི་ཡང་མ་ཡིན་པ་ལས་འདས་པར་ཤེས་པར་བྱ། གཉིས་མེད་སྨྲ་བར་མི་ནུས་པར་ཤེས་པར་བྱའོ། །ཉམས་སུ་བླངས་པའི་ཆོས་གསུམ་ནི། སེམས་ཉིད་ལྷན་ཅིག་སྐྱེས་པ་ལ་དང་པོར་རྩོལ་སྒྲུབ་དང་བྲལ་བས་ལུས་སེམས་ཁོང་གློང་པ་དང་། བར་དུ་ཐེ་ཚོམ་མེད་པས་སེམས་མ་བཅོས་པར་སོ་མར་བཞག་པ་དང་། ཐ་མ་བྱུང་ཚོར་ཐམས་ཅད་སྐྱེ་མེད་དུ་ཤེས་པ་བྱའོ་གསུང་། ཡང་རྗེ་དགས་པོ་རིན་པོ་ཆེའི་ཞལ་ནས། འོ་དོད་གསུམ་ཡིན། གསུམ་ན་མི་སྙན་པའི་འོ་དོད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འགྲོ་བའི་རྒྱུད་ཡོད་པའི་གཉུག་མ་རང་ལ་ཡོད་ག་ཡོད་གཞན་ནས་བཙལ་མི་དགོས། བདེ་བའི་འོ་དོད་ནི་སྡུག་བསྔལ་ཐམས་ཅད་སྤངས་པའི་བདེ་ཆེན་ཆོས་ཀྱི་སྐུ་རང་སེམས་དེ་ཁོ་ན་ཡིན་གཞན་ན་མེད་

(༥༢༥)གྲགས་པའི་འོ་དོད་ནི་སྣང་གྲགས་ཀྱིས་ཆོས་ཐམས་ཅད་རང་སེམས་ཡིན་ལོགས་ནས་མ་བྱུང་། ཁྱེད་དེ་ལ་འཇིགས་མི་དགོས་གསུང་། ཡང་རྗེ་དགས་པོ་རིན་པོ་ཆེའི་ཞལ་ནས། དབྱིངས་དང་ཡེ་ཤེས་བྱ་བ་གང་ཞིག་ཡིན་ཞེས་ན། དབྱིངས་དང་ཞེས་བྱ་བ་ནི་སེམས་ཉིད་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དགས་པ་འོད་གསལ་བ་ཡིན། ཡེ་ཤེས་ཞེས་བྱ་བ་ནི་འཁོར་འདས་ཀྱིས་ཆོས་ཐམས་ཅད་ཀྱི་མཚན་ཉིད་དོ། །ཆོས་ཐམས་ཅད་འུབས་ཀྱིས་བསྡུས་ན་རང་གི་སེམས་ལ་བལྟ་དགོས། སེམས་རྟོགས་ན་ཐམས་ཅད་དེར་འདུས། དེ་ཡང་རང་གི་སེམས་དེ་སངས་རྒྱས་སུ་ཤེས་དགོས། ཆོས་ཐམས་ཅད་སེམས་སུ་འདུས་པས་སེམས་རྟོགས་ན་གསང་སྔགས་ཀྱིས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བྱ་བ་དེ་ཡིན། འོད་གསལ་བྱ་བ་རང་གི་སེམས་དེ་ཡིན། ཆོས་བསྒོམ་ན་རང་གི་སེམས་མ་བཅོས་པར་བཞག་ན། དེ་ལ་སྐད་ཅིག་མའམ་སྐད་ཅིག་མ་གཉིས་པ་ལ་སོགས་པའི་རྟོགས་པ་བྱུང་ནས་སངས་རྒྱས་བྱ་བ་དེ་ཡིན། སེམས་བཅོས་ན་བློས་བྱས་ཡིན། བྱིང་རྒོད་ཀྱི་རྣམ་རྟོག་བྱུང་ཡང་གཞི་མེད་ཡིན་པས། དེས་མི་ལྟོ། །བླ་མ་མི་ལའི་ཞལ་ནས།

(༥༢༦)ལྷ་སྐུ་འཇལ་ཚོན་ལྟ་བུ་བསྒོམས་པ་དང་། བྱང་ཆུབ་ཀྱི་སེམས་བསྒོམ་པ་འདི་གཉིས་རང་བཅག་རྒན་པོ་རྣམས་ལ་གལ་ཆེའོ་གསུང་། སྤྱོད་ལམ་ཀྱི་དུས་སུ་ཤེས་པ་ལྷོད་ལ་མ་ཡེངས་བཅིག་དགོས་ཏེ། དཔེར་ན་མཁས་པ་བ་གླང་སྐྱོང་བ་བཞིན་དུ་ཤེས་པ་ལྷོད་ལ་མ་ཡེངས་པར་བྱ། རྣལ་འབྱོར་མ་ག་གདྡྷ་རའི་ཞལ་ནས། བུ་ཡུལ་ལམ་བལྟ་སེམས་ལ་མ་བལྟ་བར། བྱ་བ་མ་བྱེད་ཞེ་འདོད་མ་བསྐྱེད་ཅིག །རེ་བ་མ་བྱེད་དོགས་པ་མ་འཆའ་བར། །སེམས་ནི་གར་དགའ་ཉིད་དུ་ཐོང་ལས་ཐོང་། །ཞེས་གསུང་པ་བཞིན་ནོ། །ངོ་བོ་རང་གི་སེམས་ལ་བལྟ་ན། སེམས་དེ་གློད་ལ་བཞག །སོ་མར་བཞག །རང་གར་བཞག །ལྷུག་པར་བཞག་གོ། །དེ་ལ་རྒྱུན་ཆད་མེད་པ་ཅིག་གལ་ཆེའོ། །འབྲས་བུ་ཡང་རང་གི་སེམས་ལ་ཡོད་དེ། རྗེ་ནཱ་རོ་པའི་ཞལ་ནས་བདག་ཉིད་ཡེ་ནས་སངས་རྒྱས་ཡིན་པ་ལ། རྣམ་རྟོག་དབང་གིས་སངས་རྒྱས་ཉིད་མ་མཐོང་། །ཞེས་གསུངས་སོ། །རྗེ་ཏཻ་ལོ་པའི་ཞལ་ནས། ལྷན་ཅིག་སྐྱེས་པའི་རིག་པ་འདི། །དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཏེ། །ཏཻ་ལོ་ང་ཡིས་ཅི་ཡང་བསྟན་དུ་མེད། །ཅེས་གསུང་སོ། །རྗེ་དགས་པོ་རིན་པོ་ཆེའི་ཞལ་ནས། སྣང་བ་དང་ཆོས་སྐུ་ཐ་

(༥༢༧)དད་མེད་དེ། དཔེར་ན་བླ་ཙི་དང་དྲིའི། བཙན་དན་དང་དྲི་འམ། ཆུ་དང་ཆབ་རོམ་མམ། གསེར་དང་སེར་པོ་འམ། དུད་དང་དཀར་པོ་ཐ་དད་མེད་པ་བཞིན་དུ། སྣང་བ་དང་ཆོས་སྐུ་ཡང་ཐ་དད་མེད་པར་བྱ་གསུང་། དེས་ན་གྱད་གྱི་ནོར་བུ་རང་གིས་ལྟོ་ན་ཡོད། དབུལ་བོའི་གཏེར་ནི་རང་གི་ཁྱིམ་ན་ཡོད་པ་བཞིན་དུ། འབྲས་བུ་ཆོས་སྐུ་རང་གི་སེམས་ལ་ཡོད་པ་ཡིན་ནོ། །རང་གིས་སེམས་ལ་བལྟ་བ་ཡིན། ཆོས་རྣམ་སེམས་སུ་རྟོགས་རྟོག་པ་ཡིན། དེ་ལ་གོམས་པར་བྱེད་པ་བསྒོམ་པ་ཡིན། ངོ་བོ་ཉམས་སུ་མྱོང་ན་ཉམས་མྱོང་ཡིན། དེའི་ངང་ལ་རྒྱུན་ཆད་མེད་པ་སྤྱོད་པ་ཡིན། ངོ་བོ་མངོན་དུ་གྱུར་པ་འབྲས་བུ་ཡིན། དེ་ཉིད་གཞན་ལ་སྟོན་པ་ཕྲིན་ལས་ཡིན། ལྟ་བ་ལ་རྟེན་ནས་རྟོགས་པ་འཆར། བསྒོམས་པས་ཉམས་མྱོང་ཀྱང་འབྲས་བུ་ལས་གཞན་དོན་ཕྲིན་ལས་འབྱུང་ངོ་། །རེས་ངོ་བོ་ལ་ཅིག་ཆར་དུ་བསྒོམ། རེས་དགའ་བློས་བྱས་ཀྱིས་བཅོས་མ་ལ་བརྟེན་ནས་རེས་འཇོག་དུ་བྱའོ། །ཅིག་འཆར་བས་ཆོས་སྐུ་ཐོབ། རེས་འཇོག་པས་ཟུང་འཇུག་གི་སྐུ་ཐོབ། སྙིང་རྗེ་དང་བྲལ་བས་ཉན་ཐོས་སུ་འགྲོ། ལས་འབྲས་སྤངས་ན་ངན་སོང་དུ་འགྲོ་བས། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་

(༥༢༨)ལྡན་པའི། རང་གི་སེམས་ལ་རིམས་གྱིས་པ་དང་། ཅིག་འཆར་དུ་བསྒོམ་པ་གལ་ཆེའོ་གསུང་། ཡང་རྗེ་དགས་པོ་རིན་པོ་ཆེའི་ཞལ་ནས་གསང་སྔགས་དང་ཕ་རོལ་དུ་ཕྱིན་པ་གཉིས་དོན་མཐུན་པ་ཡིན་གསུང་། གསང་སྔགས་ཀྱི་སྐད་དུ་བྱས་ན་སེམས་ཉིད་གཉུག་མ་ཞེས་བྱ་བའམ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་དབང་དུ་བྱས་ན་དབྱིངས་རང་བཞིན་གྱི་རྣམ་པར་དག་པ་ཞེས་བྱའམ། དབུ་མ་ཞེས་བྱ་བའམ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟེར་ཏེ། དེ་ཡང་གསང་སྔགས་ལམ་རྟེན་པར་སངས་རྒྱས་པའི་ཐབས་ཡོད་ཟེར་བ་འདི་ཤེས་དགོས་པ་ཡིན། དེ་ཡང་ཡ་ཀིའི་འོད་གསལ་གྱི་ཏིང་ངེ་འཛིན་མན་ཆོད་ནས། མ་ཀིའི་སྐྱབས་སུ་འགྲོ་བ་མཐུན་མོང་པའི་སྡོམ་པ་ཡན་ཆད་ནས་བཟུང་ནས། ཐམས་ཅད་མ་ལུས་པར་གང་ཟག་ཅིག་གི་རྒྱུད་ལ་བརྟེན་འབྲེལ་སྐོར་ཅིག་བྱེད་མ་ཤེས་ན་ལམ་མ་ཚང་བས་ཆོས་མ་གོ་པ་ཡིན། དེ་ལྟར་མ་ཤེས་ན་རྒྱུད་ཀྱིས་ཕྱུག་པ་ཡོད་ཀྱང་གདམ་ངག་མ་ཚང་བ་ཡིན་པས་ལམ་མ་ཚང་བ་ཡིན་ནོ། །དེས་ན་གསང་སྔགས་ཀྱིས་རྒྱུད་ཀྱིས་ཕྱུག་པ་དང་། གདམས་ངག་མ་ཚང་བ་མེད་པ་གལ་ཆེའོ། །དེ་ཐམས་ཅད་གང་གིས་ཉམས་སུ་ལེན་ན་ལྟ་བ་དང་། བསྒོམ་པ་དང་། སྤྱོད་པ་གསུམ་ཡིན་ནོ། །ལྟ་བ་

(༥༢༩)ནི་བླ་མ་མི་ལའི་ཞལ་ནས། །ལྟ་བ་ཡིན་པར་ངེས་ཀྱིས་རང་གི་སེམས་ལ་ལྟོས། །ལྟ་བ་རང་གི་སེམས་ལས་གཞན་དུ་བཙལ་བ་ན། །གྱད་ཀྱི་ནོར་ཚོལ་འདྲའོ་ཨང་གེ་སྟོན་པ་བ། །བསྒོམ་པ་ཡིན་པར་ངེས་ཀྱིས་བྱིང་རྒོད་སྐྱོན་མ་གསལ། །བསྒོམ་པ་བྱིང་རྒོད་ཐོར་རྨུགས་སྐྱོན་གསལ་ན། །ཉིན་པར་མར་མེ་འདྲའོ་ཨང་གེ་སྟོན་པ་བ། །སྤྱད་པ་ཡིན་པར་ངེས་ཀྱིས་བླང་དོར་རེས་མ་བྱེད། །སྤྱོད་པ་བླང་དོར་རེ་དོགས་རེས་བྱེད་ན། །སྦྲང་མ་རྒྱར་ཆུད་འདྲའོ་ཨང་གེ་སྟོན་པ་བ། །དམ་ཚིག་ཡིན་པར་ངེས་ཀྱིས་ལྟ་བའི་གདེངས་ལ་ཞོག །ལུང་མེད་དམ་ཚིག་ལོགས་ནས་བཙལ་བ་ན། །ཆུ་མགོ་གྱེན་ལ་ལོག་པ་འདྲའོ་ཨང་གེ་སྟོན་པ་བ། །འབྲས་བུ་ཡིན་པར་ངེས་ཀྱིས་རང་གི་སེམས་ལ་སྟོས། །ཐོབ་མེད་འབྲས་བུ་གཞན་ནས་ཐོབ་འདོད་བཙལ་བ་ན། སྦལ་པ་གནམ་ལ་འཆོང་པ་འདྲའོ་ཨང་གེ་སྟོན་པ་བ། །བླ་མ་ཡིན་པར་ངེས་ཀྱི་རང་གི་སེམས་ལ་དྲིས། །སེམས་ལས་གཞན་པའི་བླ་མ་ལོགས་སུ་བཙལ་བ་ན། །དེ་ཡིས་རང་སེམས་སྤངས་པ་འདྲའོ་ཨང་གེ་སྟོན་པ་བ། །དེས་ན་སྣང་སྲིད་འཁོར་འདས་ཐམས་ཅད་ཀུན། །རང་གི་སེམས་སུ་འདུས་ནས་གདའོ་ཨང་གེ་སྟོན་པ་བ། །ཅེས་གསུངས། དེ་ལྟར་ལྟ་བ་དང་

(༥༣༠)བསྒོམ་པ་སྤྱོད་པ་གསུམ་ངེས་པར་བློ་ལ་སྐྱེས་ནས། གཉུག་མའི་ཤེས་པ་བསྒོམ་ན། དང་པོ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་ལ། དེ་ནས་འོད་གསལ་བསྒོམས་ན། དཔེར་ན་མི་ཅིག་གིས་ཁོ་རང་གིས་རང་བཞིན་པོར་ནས། མི་གཞན་གྱིས་མི་མཁས་པ་དང་། མཁས་པ་དང་། མི་ཆེན་པོ་བྱེད་པ་དང་། ཆུང་ངུ་བྱེད་པ་ཅིག་གི་ལད་མོ་བཟློས་ན། ཁོ་རང་གི་རང་བཞིན་ཤོར་བ་དེས་མི་ཕན་ནོ། ཁོའི་གཤིས་དེ་རང་བཞིན་རྣལ་མ་དེ་ཡིན་པ་ལ། ཐེ་ཙོམ་མ་ཡིན་ནོ། །དཔེ་དེ་བཞིན་དུ་འོད་གསལ་བྱ་བ་རང་གིས་སེམས་ཡིན་པས། སེམས་ཀྱི་རང་བཞིན་མ་བཅོས་པ་ཡིན་ཏེ། སེམས་ཀྱི་རང་བཞིན་ནི་གསལ་བར་མི་བྱེད། མི་གསལ་བར་མི་བྱེད། དགེ་བར་མི་བྱེད། མི་དགེ་བར་མི་བྱེད། རྟོགས་པར་མི་བྱེད། མི་རྟོགས་པར་མི་བྱེད། དྲན་རིག་ལ་སོགས་པ་གང་དུ་ཡང་མི་བྱེད་པ་ཡིན་པས། དེ་ལ་གཉུག་མ་ཞེས་བྱའོ། །སེམས་ཀྱི་རང་བཞིན་སྟོང་པ་ཉིད་ཡིན། སེམས་ཀྱི་རང་བཞིན་ནི་འོད་གསལ་བ་ཡིན། སེམས་ཀྱི་རང་བཞིན་རྟོག་མེད་ཡིན། previous hit མལགྱིཤེས next hit་ཞེས་བྱ། འོ་ན་ལུང་མ་བསྟན་དུ་མི་འགྲོ་འམ་ཞེས་ན། སེམས་ཀྱི་རང་བཞིན་དགེ་མི་དགེ་གང་དུ་ཡང་མི་བྱེད་པ་ལུང་མ་བསྟན་རང་

(༥༣༡)ཡིན་གསུང་། དེ་རང་བཞིན་ཡིན་པ་ལ་ཡིན་པར་ཤེས་ན་འོད་གསལ་ཡིན་ནོ། །མ་བཅོས་པ་ནི་previous hit མལགྱིཤེས ་ཞེས་བྱ། དགེ་མི་དགེ་དང་གསལ་མི་གསལ་དུ་བྱེད་ན། བཅོས་མ་ཡིན། ཕ་རོལ་དུ་ཕྱིན་པའི་གཅིག་དང་དུ་བྲལ་ལ་སོགས་པའི་གྲུབ་མཐའི་ཐམས་ཅད་ནི་བློས་བྱས་ཀྱི་སྟོང་པ་བྱ་བ་ཡིན། སེམས་ཉིད་གཉུག་མ་འདི་ཤེས་ན། ཕྱི་བཟུང་བའི་ཡུལ་ཐམས་ཅད་རང་གྲོལ་དུ་འགྲོ་བ་ཡིན། སྣང་བ་སེམས་སུ་ཤེས་ནས་སེམས་མ་བཅོས་པའི་ངང་དུ་གཞག་ནས། དེ་ལ་ཐ་སྙད་བཏགས་ན་གསལ་ལ་མ་ཡེངས་པས་ན་མར་མེ་ལྟ་བུ་ཞེས་བྱ། ངོས་བཟུངས་མེད་པས་ན་ཆོས་ཉིད་ནམ་མཁའ་ལྟ་བུ་དག་ཅིང་དངས་པས་ན་མེ་ལོང་གཡའ་དག་པ་ལྟ་བུ། རྒྱུན་ཆད་མེད་པས་ན་ཆུའོ་ལྟ་བུ། དེ་ལྟར་སྣང་བ་སེམས་སུ་རྟོགས་ནས། སེམས་གཉུག་མ་དེ་རྟོགས་ན་རྨི་ལམ་ལྟ་བུ། སྒྱུ་མ་ལྟ་བུ་ལ་སོགས་པར་འཆར་བ་ཡིན་ཏེ། དེ་རྟོགས་ན་རང་གི་རྒྱུད་ལ་ཟག་པ་མེད་པའི་ས་བོན་ཐེབས་པ་ཡིན། ཟག་མེད་ཀྱི་སྡོམ་པའི་ངོ་བོ་དེ་ལ་འཇོག་པ་ཡིན། ས་དང་པོའི་ཡོན་ཏན་ཡང་དེས་ཐོབ། ས་དང་པོའི་དྲོད་རྟགས་མེད་སྙམ་ན་གསང་སྔགས་ལུགས་ཀྱིས། ཚེ་ཅིག་ལ་ཡོན་ཏན་རྫོགས་

(༥༣༢)པར་འདོད་པ་ཡིན་པས། ཚོགས་ལམ་ནས་དང་པོ་མཐོང་བའི་བར་གྱི་ལམ་ཐམས་ཅད་འུབས་བསྡུས་སུ་བྱེད་པ་ཡིན་ཏེ། དཔེར་ན་གྲོད་པ་ཁ་བསྡུས་པ་དང་འདྲ་བ་ཡིན་གསུང་། རྗེ་དགས་པོ་རིན་པོ་ཆེའི་ཞལ་ནས་ལམ་རྣམ་པ་གསུམ་ཡིན་གསུང་། དེ་ལ་ལམ་རྣམ་པ་གསུམ་ནི། རྗེས་དཔག་ལམ་དུ་བྱེད་པ་དང་། བྱིན་བརླབས་ལམ་དུ་བྱེད་པ་དང་། མངོན་གསུམ་ལམ་དུ་བྱེད་པ་དང་གསུམ་ཡིན་གསུང་། དེ་ལ་རྗེས་དཔག་ལམ་དུ་བྱེད་པ་ནི། ཆོས་ཐམས་ཅད་ཅིག་ངང་དུ་བྲལ་གྱི་གཏན་ཚིགས་ཀྱིས་གཞིགས་ནས། འགྲོས་ས་འདི་ལས་མེད་ཟེར་ནས་ཐམས་ཅད་སྟོང་པར་བྱས་ནས་འཇོག་པ་ནི་རྗེས་དཔག་གོ། །ལྷའི་སྐུ་བསྐྱེད་པའི་རིམ་པ་ལ་བརྟེན་ནས་རྩ་རླུང་དང་ཐིག་ལེ་དང་། སྔགས་ཀྱི་བཟླས་བརྗོད་ལ་སོགས་པ་བྱིན་བརླབས་ཀྱི་ལམ་མོ། །མངོན་གསུམ་ལམ་དུ་བྱེད་པ་ནི་བླ་མ་དམ་པ་ཅིག་གིས་སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ་འོད་གསལ་བྱ་བ་ཡིན་གསུང་བ་དེ་ལྟ་བུ་ངེས་པའི་དོན་གྱི་གདམས་ངག་ཕྱིན་ཅི་མ་ལོག་པ་ཅིག་པ་སྟན་པས། རང་ལ་ངེས་པའི་ཤེས་པ་ལྷན་ཅིག་སྐྱེས་པ་དེ་ལ་ལྟ་སྤྱད་བསྒོམ་གསུམ་ཡ་མ་བྲལ་བར། གཉུག་མའི་ཤེས་པ་ལམ་དུ་ཁྱེར་བ་ནི། །མངོན་གསུམ་ལམ་དུ་བྱེད་པའོ། །ལམ་གསུམ་ལ་འཇུག་པའི་གང་ཟག་ནི་གཉིས་ཏེ་

(༥༣༣)རིམས་ཀྱིས་པ་དང་། ཅིག་ཆར་པའོ། །ཅིག་ཆར་བ་ནི། ཉོན་མོངས་པ་ལ་སོགས་པ་མི་མཐུན་པའི་བག་ཆགས་བསྲབ་པ། ཆོས་ཀྱིས་བག་ཆགས་མཐུག་པ་སྦྱངས་པ་ཅན་གྱིས་གང་ཟག་ལ་ཟེར་བ་ཡིན་ཏེ། དེ་ཤིན་དུ་བཀའ་བ་ཡིན། ང་ནི་རིམས་ཀྱིས་པར་འདོད་པ་ཡིན་གསུང་། ཡང་དགས་པོ་རིན་པོ་ཆེའི་ཞལ་ནས། སྣང་ཞིང་སྲིད་པས་བསྡུས་པའི་ཆོས་ཐམས་ཅད་སེམས་ལས་ཕྱི་རོལ་དུ་གྱུར་པའི་ཆོས་མེད་དེ། སེམས་སྐྱེ་བ་མེད་པར་གོ་ན་ལྟ་བ། དེ་ལྟ་བུའི་དོན་ནང་དུ་སེམས་ལ་ཤར་ན་རྟོགས་པ། རྟོགས་པའི་དོན་དེ་ལ་སེམས་རྩེ་ཅིག་ཏུ་འཇོག་པ་དེ་བསྒོམ་པ། དེ་ལ་ཡེངས་པ་མེད་པ་ནི་སྤྱོད་པ་ཡིན་གསུང་། །དེ་ཉམས་སུ་ལེན་པའི་དུས་སུ་དོན་སྤྱིའི་ཚུལ་དུ་བསྒོམ་པ་དང་། དོན་དངོས་པོ་བསྒོམ་པ་གཉིས་སོ། དང་པོ་ཆོས་ཐམས་ཅད་སྟོང་པ་ཉིད་སྐྱེ་བ་མེད་པས་ཅིར་ཡང་མ་གྲུབ་པ་ལ་བློ་འཇོག་པ་ཡིན་ཏེ། བློས་བྱས་ཡིན། དོན་དང་པོ་ནི་སེམས་ཉིད་ལྷན་ཅིག་སྐྱེས་པ་འོད་གསལ་བ་རིག་པའི་ངོ་བོ་དེ་ཆོས་སྐུ་ཡིན། དེ་ཉིད་མ་བཅོས་གསལ་བའི་ངོ་བོ་དེ་དོན་དམ་པའོ། །དེ་ལྟ་བུའི་ངོ་བོ་དེ་རྟེན་དང་བྲལ་བ་ཕྱོགས་སུམ་མ་ལྷུང་བ། དཔེས་མཚོན་དུ་མེད་པ་བརྗོད་པའི་ཚིག་གིས་ཀྱང་ཐོག་དུ་མི་ཕེབས་པས་རྟོག་གེའི་ལྟ་བའི་སྤྱོད་ཡུལ་མ་ཡིན་པ།

(༥༣༤)གང་གིས་ཀྱང་ནི་མི་ཤེས་ཏེ། །བླ་མའི་བྱིན་བརླབས་བསྒོམ་པ་ཡིས། །ཤེས་རབ་མིག་གིས་དེ་མཐོང་འགྱུར། །ཁྱེད་དང་མཐུན་ན་དེ་ཡང་དག་ངའི་འདོད་པ་དེ་ཡིན་གསུང་། །ཡང་རྗེ་དགས་པོ་རིན་པོ་ཆེའི་ཞལ་ནས། །སྐྱེད་མཆེད་ལ་བཀག་པ་སྐྱེ་མེད་དང་། རང་བཞིན་སྐྱེ་མེད་གཉིས་ཡིན་གསུང་། །དེ་ལ་གང་ཟག་གིས་བདག་དང་། །ཆོས་ཀྱི་བདག་གྲུབ་མཐས་གཏན་ལ་ཕབ་ནས། །འགྲོས་ས་འདི་ལས་མེད་ཟེར་བའི་སྟོང་པ་སྟེ། དེ་བཀག་པ་སྐྱེ་མེད་ཡིན། དེས་རང་བཞིན་སྐྱེ་མེད་ལས་ཁྱབ་གཏུམ་མོ་ལ་སོགས་པའི་ཐབས་ལམ་བསྒོམས་པས། སྟོང་པ་ཉིད་རང་གྲོལ། རང་སངས་རྒྱས་སུ་ཤར་བ། རང་བཞིན་སྐྱེ་མེད་ཡིན་ཏེ། དེ་བཀག་པ་སྐྱེ་མེད་ལ་ཁྱབ། དེ་ལ་ལྷག་མཐང་ཞེས་བྱ། དེ་ལ་རྩེ་ཅིག་པའི་ཞི་གནས་ཞེས་བྱ། དེ་ལ་ཟག་མེད་ཀྱི་བདེ་བས་ཁྱབ་པས། ཉམ་མྱོང་ཞེས་བྱའོ། །དེ་ལ་ཡེངས་པ་མེད་པས་སྤྱོད་པ་ཞེས་བྱའོ། །སྣང་བ་སྒྱུ་མ་མར་མཐོང་བས་སྒྱུ་ལུས། སྒྱུ་མ་སྟོང་པར་ཤེས་པས་ན་འོད་གསལ། དེ་གཉིས་ཐ་མི་དད་པས་ཟུང་འཇུག །བདེན་པ་དང་སྦྱང་བ་ཡིན་གསུང་། ཡང་རྗེ་དགས་པོ་རིན་པོ་ཆེའི་ཞལ་ནས། སེམས་ཙམ་པས་རང་རིག་དོན་དམ་དུ་འདོད་དེ། རང་རིག་ཡེ་ཤེས་རྟོག་གེ་བའི་

(༥༣༥)སྤྱོད་ཡུལ་ལས་འདས་པ་སངས་རྒྱས་ཀྱི་ཐུགས་ལ་གསལ་བའི་རང་རིག་དོན་དམ་ཡོད་པར་འདོད། །དབུ་མ་པ་ན་རེ། ཁྱེད་ཀྱི་ཨ་མ་གང་ཡིན་པ་དེ་ནི་ངའི་ཆུང་མ་ཡིན། ཁྱོད་ཀྱི་དོན་དམ་གང་ཡིན་པ་དེ་ནི་ངའི་ཀུན་རྫོབ་ཡིན། ང་ནི་ཡོད་པའི་མ་དང་ཡང་བྲལ། མེད་པའི་མཐའ་དང་ཡང་བྲལ། གཉིས་ཀའི་མཐའ་དང་ཡང་བྲལ། གཉིས་ཀ་མ་ཡིན་པའི་མཐའ་དང་ཡང་བྲལ། མཐའི་བཞི་དང་བྲལ་བས་གང་ཡང་ཁས་མི་ལེན་ཞེས་འདོད་དོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནར། ཁྱོད་གྲུབ་མཐའ་གང་ཡང་མི་ལེན་ན། སེམས་ཙམ་པ་ལ་སོགས་པའི་གྲུབ་མཐའ་གཞན་ཁེགས་སམ་མི་ཁེགས་ཟེར། དབུ་མ་པ་ན་རེ་ཁེགས་སོ། །ཁྱོད་རང་ཡང་ཁེགས་ཟེར། ཕ་རོལ་དུ་ཕྱིན་པ་ན་རེ། ཁྱོད་གང་ཡང་ཁས་མ་བླངས་ཀྱང་། གྲུབ་མཐའ་གཞན་ཁེགས་པའི་ཕྱིར་ཁས་བླངས་དུ་ཐལ། ང་ནི་གང་ཡང་མི་དམིགས་ཏེ། ཤེས་པ་འདས་པ་ནི་འགགས་པ་སྟེ། དཔེར་ཡང་མི་རུང་། རྒྱུར་ཡང་མི་རུང་། མ་འོངས་པ་ནི་མ་སྐྱེས་པས་དཔེར་ཡང་མི་རུང་། རྒྱུར་ཡང་མི་རུང་ངོ་། །དེ་ལྟ་བའི་ཤེས་པ་སྐད་ཅིག་མ་འདི་བརྟག་དཀའ་སྟེ། མཚན་ཉིད་མེད་པ་མ་སྐྱེས་པ། མ་འགག་པའོ། །དེ་བས་ན་གཟུགས་དང་ཚོར་བ་ལ་སོགས་

(༥༣༦)པ་མི་དམིགས་པས་ན། ང་ནི་གང་དུ་ཡང་མི་དམིགས་པའོ། །གསང་སྔགས་པ་ན་རེ། ཁྱོད་ཐམས་ཅད་དང་ང་མཐུན། སེམས་ཙམ་པ་དང་ང་མཐུན་ཏེ། རང་རིག་པའི་ཡེ་ཤེས་རྟོག་གེའི་སྤྱོད་ཡུལ་ལས་འདས་པ། སངས་རྒྱས་ཀྱི་ཐུགས་ལ་གསལ་བ་དང་མཐུན། ཁྱོད་པས་ང་ལྷགཁྱོད་རང་རིག་པ་དོན་དམ་དུ་འདོད་དེ། ང་རིག་པ་སྐྱེ་བ་མེད་པར་འདོད་པ་ཡིན། དབུ་མ་དང་ང་མཐུན་ཏེ། མཐའ་གཞི་དང་བྲལ་བ་ང་རང་ཡང་འདོད་པས་མཐུན། ཁྱོད་པས་ང་ལྷགཁྱོད་ཉམ་མྱོང་མི་འདོད་དེ། ཉམ་མྱོང་ཡོད་པས་ང་ལྷག །དབུ་མ་པ་ན་རེ་ཁྱོད་ཉམ་མྱོང་ཡོད་པས་མི་རུང་ཉམ་མྱོང་རྟོགས་པ་ཡིན། རྟོག་པ་འཁོར་བ་ཡིན་ཟེར། གསང་སྔགས་པ་ན་རེ་ཁྱོད་རང་བསྒོམས་དང་། །བསྒོམས་ན་ཉམ་མྱོང་མི་འབྱུང་མི་སྲིད། མ་བསྒོམས་ན་ཉམ་མྱོང་མེད། ཉམ་མྱོང་མེད་པས་སངས་མི་རྒྱན། །ངའི་རིག་པ་སྐྱེ་བ་མེད་པ་བློ་ལས་འདས་པའི་ཉམ་དེ་ཁྱོད་ཀྱིས་སྨྲར་མི་ནུས། ཕ་རོལ་དུ་ཕྱིན་པ་དང་ང་འཐུན། ཕྱི་བཟུང་བའི་ཡུལ་དེ་སེམས་ཀྱི་རྣམ་འཕྲུལ་ཡིན་པས་གཞི་རྩ་མ་གྲུབ་ལ། གང་དུ་ཡང་མི་དམིགས་པས་ང་དང་འཐུན། ཁྱོད་པས་ང་ལྷག །ཁྱོད་ཤེས་པ་འདས་པ་ནི་འགགས་ཏེ། དཔེར་ཡང་མི་རུང་། རྒྱུར་ཡང་མི་རུང་། མ་འོངས་པ་ནི་མ་སྐྱེས་པ་

(༥༣༧)སྟེ། དཔེར་ཡང་མི་རུང་། རྒྱུར་ཡང་མི་རུང་། ད་ལྟའི་ཤེས་པ་རྟག་དཀའ་སྟེ། སྐད་ཅིག་མ་དེ་ཀ་ལྟར་ཁྱེར་བས། ཁྱོད་ལ་ཐུག་པ་མེད་པའི་སྐྱོན་ཡོད། ཁྱོད་དོན་སྤྱིའི་རྣམ་པ་ཡུལ་དུ་བྱེད་པ་ཡིན། རྗེས་དཔག་ལ་རྒྱས་འདེབས་མེད། སྒྲོ་འདོགས་རེ་རེ་གཅོད། ཕྱི་རོལ་ངོ་བོ་ལ་རྒྱས་འདེབས་ཡོད། ཕྱི་བཟུང་བའི་ཡུལ་ལ་རྟོགས་དཔྱོད་པར་མི་གཏོང་། ནང་འཛིན་པའི་སེམས་དང་སྐྱེ་མ་མྱོང་། ཐ་མ་འགག་མི་སྲིད། སྐྱེ་འགག་མེད་པའི་ངོ་བོ་ངའི་ཉམ་ཏེ། དུས་གསུམ་གྱི་སངས་རྒྱས་ཀྱིས་ཀྱང་དཔྱད་པར་མི་ནུས། དེ་ལྟ་བུའི་ཉམ་མྱོང་ཡོད་པས་ང་ལྷག །གསང་སྔགས་རང་ལ་གཉིས་ཡོད་དེ། ཐབས་དང་ཤེས་རབ་གཉིས་སོ། །ཐབས་ནི་གཏུམ་མོ་སྟེ་གཏུམ་མོའི་ཡོན་ཏན་ནི་ཐུགས་སུ་ཆུད་ནས། རྟགས་ལྔ་དང་ཕན་ཡོན་བརྒྱད་འབྱུང་སྟེ། །ཉོན་མོངས་པ་ནི་བཟུང་འཛིན་གཉིས་ཀྱི་རླུང་ལས་རྒྱུ་སྟེ་རླུང་དྷུ་ཏིར་ཚུད་ན་ཉོན་མོངས་པ་ངང་གིས་འགག་ཏེ་དེ་བཞིན་དུ་ཡིད་དགས་ཀྱང་རླུང་གཉིས་ལས་འཇུག་སྟེ། རླུང་དྷུ་ཏིར་ཚུད་ན་ཡི་དགས་ཀྱིས་མི་ཚུགས། དེ་བཞིན་དུ་འབྱུང་བའི་ནད་ཀྱིས་མི་ཚུགས་སོ། །དེ་ལ་སོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པོ། །ཤེས་རབ་ནི་སྐྱེ་བ་མེད་པའི་རིག་པ་ལ་འགག་

(༥༣༨)པ་མེད་པའི་ལམ་གནས་པས་ཤེས་རབ། ཐོབ་པ་མེད་པའི་འབྲས་བུ་ཕུལ་ཏེ། སྐྱེ་བ་མེད་པའི་རིག་པ་ནི། ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་ཤིང་། སྐྱེ་བ་མེད་པར་ཐག་ཆོད། སྐྱེ་མེད་ཅིག་པུར་བྱས་ན་ཆད་པར་འགྲོ་སྟེ། རིག་པ་ཁོང་རྒྱལ་དུ་གནས་པ་ནི། འོ་མ་ལ་མར་གྱིས་ཁྱབ་པ་དང་འདྲའོ། །འགག་པ་མེད་པའི་ལམ་ནི་གསལ་བའམ། ཉམས་སུ་མྱོང་རྒྱུ་ཅི་ཡང་མེད་ན། ལམ་དུ་མི་འགྲོ་སྟེ། རིག་པའི་ངོ་བོ་གསལ་ལ་གོམ་འགགས་པ་སྟེ། དེ་ལ་གོམ་པར་བྱས་པས་ན་ལམ་མོ། །གནས་པ་མེད་པའི་ཤེས་རབ་ནི། མི་མཐུན་པའི་ཕྱོགས་ཐམས་ཅད་གསལ་ན་ཤེས་རབ་ཅེས་བྱ་སྟེ། མི་མཐུན་པའི་ཕྱོགས་དངོས་པོ་དང་མཚན་མར་འཛིན་པ་ལ་སོགས་པ་རྣམ་ཡིན་ཏེ། རིག་པའི་ངོ་བོ་རྟོགས་ན་མར་མེ་བྱུང་ན་མུན་པ་འབྲོས་པ་བཞིན་དུ། མི་མཐུན་པའི་ཕྱོགས་རྣམ་ཤུགས་ཀྱིས་ཆད་པས་ན་ཤེས་རབ་པོ། །ཐོགས་པ་མེད་པའི་འབྲས་བུ་ནི། མི་མཐུན་པའི་ཕྱོགས་ཆད་པའི་ངོ་བོ་ཆོས་སྐུ་ཡིན་ཏེ། དེ་ལས་གཟུགས་སྐུ་གཉིས་འབྱུང་བ་ནི་ཐོགས་པ་མེད་པའི་འབྲས་བུ་ཡིན་གསུང་ངོ་། །ཡང་རྗེ་དགས་པོ་རིན་པོ་ཆེའི་ཞལ་ནས། སངས་རྒྱས་ཀྱིས་གསུངས་པའི་ཆོས་སྡེ་སྣོད་གསུམ་གྱི་དོན། སངས་རྒྱས་ཀྱིས་བསྟན་པའི་རིམ་པ་མཐའ་དག་གང་ཟག་གིས་ཉམས་སུ་

(༥༣༩)ལེན་པའི་དུས་སུ་ཚིག་བཞི་པ་ཅིག་གི་ནང་དུ་འདུས་པར་གསུངས་པ་ཡིན་གསུང་། དེ་ཡང་ཚེ་འདི་ལ་ལོང་མེད་མྱུར་དུ་འཆི་བས། འཇིག་རྟེན་མཐའ་དག་ལ་མ་ཆགས་པ་ཅིག་དགོས། ཚེ་འདི་ཆུའི་ཆུ་བུར་རམ་རྩྭའི་ཟིལ་པ་དང་འདྲ་སྟེ། མི་རྟག་པས་ལོང་མེད། འཆི་བའི་རྐྱེན་དུ་མ་གྱུར་པ་གང་ཡང་མེད། ཕྱིའི་འབྱུང་བ་བཞི་འཁྲུགས་པས་ཀྱང་འཆི་བའི་རྐྱེན་བྱེད། ནང་གི་རླུང་མཁྲིས་བད་ཀན་འདུས་པ་བཞི་མ་སྙོམས་པས་ཀྱང་འཆི་བའི་རྐྱེན་བྱེད། དེ་བཞིན་དུ་ལུས་གསོ་བར་བྱེད་པ་ཁ་ཟས་ཡིན་ཏེ། མ་ཞུ་བ་དང་། ཟ་མ་ལེགས་པས་རྣགས་པ་ལ་སོགས་པས་ཀྱང་འཆི། འཆི་རྐྱེན་ཅིག་དང་ཕྲད་པའི་དུས་འགྲོ་དགོས་པ་དེ་ཙ་ན། ཚེ་འདིའི་སྙན་གྲགས་སྟོངས་གསུམ་ལ་སོགས་པ་ཆོས་བརྒྱད་ཀྱིས་གང་ཡང་མི་སྟོངས་པ་དེ་ཐམས་ཅད་བོར་ནས་ཆས་ཙམ་ན། བདག་གི་ཕྱིར་འབྲང་བ་ལས་དགེ་སྡིག་གཉིས་ཡིན་པས། མི་དགེ་བ་ལས་ངན་སོང་གི་སྡུག་བསྔལ་འབྱུང་། དགེ་བ་ལས་ཐར་པ་དང་མཐོང་རིས་བླ་ན་མེད་པའི་བྱང་ཆུབ་འབྱུང་། དེ་བས་ན་ཚེ་འདི་ལ་མ་ཆགས་པར་བྱས་ནས། ལས་རྒྱུ་འབྲས་ལ་མིག་གི་འབྲས་བུ་བཞིན་འཛེམ་དགོས། དེ་སྐྱེས་བུ་ཆུང་ངུའི་བློ་ཡིན། འགྲོ་

(༥༤༠)བ་རིགས་དྲུག་གར་སྐྱེས་ཀྱང་བདེ་སྐྱིད་མེད། སྡུག་བསྔལ་ཕུང་པོ་ཆེན་པོ་འབའ་ཞིག་ཡིན་པས། འཁོར་བ་མཐའ་དག་ལམ་ཆགས་པ་ཅིག་དགོས། འཁོར་བ་འདི་མེར་འམ་མེ་དོང་ངམ། གཙོན་དོང་གི་རྣམ་པ་ལྟ་བུ་སྡུག་བསྔལ་གྱི་རང་བཞིན་དུ་སྐྱིད་མེད་པར་ཤེས་པར་བྱས་ནས། དེ་ལས་ཐར་བར་བྱེད་པའི་ཐབས་དཀོན་མཆོག་གསུམ་ལ་བརྟེན་ནས་གཞི་ཚུལ་ཁྲིམས་ཀྱི་སླབ་པ། ལམ་བདེན་པ་བཞི། འབྲས་བུ་ལྷག་མེད་ཀྱི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་འདི། སྐྱེས་བུ་འབྲིང་གིས་ཆོས་ཡིན་ཏེ་ཤིན་དུ་གལ་ཆེ། ཐེག་པ་ཆེན་པོའི་ཆོས་ཐམས་ཅད་ཀྱི་རྩ་བ་སྙིང་རྗེ་ཡིན་པས། དུས་ཐམས་ཅད་དུ་སེམས་ཅན་བློས་མི་སྤོང་བ་ཅིག་དགོས། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་འདི་རྣམ་བདག་གི་མ་ཡིན་པས། མ་བྱས་པའི་ཚེ་ན་བྱམས་པའི་མིག་གིས་བལྟས། བརྩེ་བའི་སེམས་ཀྱིས་སྐྱངས། ཕན་པ་དང་བདེ་བར་འདོད་པའི་བསམ་པ་རྒྱུན་མ་བཅད་པས། ཤིན་དུ་དྲིན་ཆེ། དྲིན་ལ་ལན་གྱིས་ལྡོན་དགོས་པས། མ་རྣམ་བདེ་བ་ལ་འགོད་པར་བྱ། སྙམ་པའི་བྱམས་པ་དང་། སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་དང་། བླ་ན་མེད་པའི་བྱང་ཆུབ་ལ་འགོད་པར་བྱ་སྙམ་པའི་བྱང་ཆུབ་ཀྱི་སེམས་གྱི། དུས་རྟག་

(༥༤༡)ཏུ་སེམས་ཅན་ལ་བུ་ཅིག་པའི་མ་བཞིན་དུ་བློས་འཛིན་པ་ནི། སྐྱེས་བུ་མཆོག་གི་ལམ་ཡིན་པས་ཤིན་དུ་གལ་ཆེ་གསུང་། ཆོས་ཐམས་ཅད་མ་སྐྱེས་ཤིང་སྐྱེ་བ་མེད་པར་ཤེས་པས། གང་ལའང་དངོས་པོ་དང་མཚན་མར་མི་འཛིན་པ་ཅིག་དགོས་པས། འདིས་ལྟར་སྣང་ཞིང་གྲགས་པའི་ཆོས་ཐམས་ཅད་རང་གི་སེམས་ཡིན་པས། སེམས་འདི་དང་པོ་གང་ནས་ཀྱང་མ་སྐྱེས། བར་དུ་གང་དུ་ཡང་མི་གནས། ཐ་མ་གར་ཡང་མི་འགག །དངོས་པོའམ་ངོས་བཟུང་མཐའ་དག་དང་བྲལ་བ་སྟེ། ནམ་མཁའ་རྣམ་པར་དག་པའི་དཀྱིལ་ལྟ་བུར་ཤེས་དགོས། །ཆོས་དེ་རྣམས་རྒྱུད་ལ་སྐྱེ་བར་བྱེད་པ་ལ་བླ་མ་དང་དཀོན་མཆོག་གསུམ་ལ་དད་པ་དང་གུས་པས་མཆོད་པ་བྱེད་ཅིང་གསོལ་བ་འདེབས་པ་རྒྱུན་མི་གཅོད་པ་ཅིག་དགོས་གསུང་། ཡང་རྗེ་དགས་པོ་རིན་པོ་ཆེའི་ཞལ་ནས། སྙིང་རྗེ་ལ་རྣམ་པ་གསུམ་ཡིན་གསུང་། དེ་ལ་སྙིང་རྗེ་རྣམ་པ་གསུམ་ནི། སེམས་ཅན་ལ་དམིགས་པའི་སྙིང་རྗེ་དང་། ཆོས་ལ་དམིགས་པའི་སྙིང་རྗེ་དང་། དམིགས་པ་མེད་པའི་སྙིང་རྗེའོ་དེ་ལ་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ནི། སེམས་ཅན་སོ་སོ་སྐྱེ་བོ་རྣམ་ཀྱིས་སྡུག་བསྔལ་མ་བཟོད་ནས། དེ་རྣམས་ཀྱི་དོན་དུ་བདག་སངས་རྒྱས་ཐོབ་པར་འདོད་པ་ནི། སེམས་ཅན་ལ་དམིགས་པའོ། །ཆོས་

(༥༤༢)དམིགས་པ་ནི། ས་དང་པོའི་ཡན་ཆད་ཀྱི་བྱང་ཆུབ་སེམས་དཔའ་པས། བཟུང་འཛིན་དབྱེར་མེད་དུ་རྟོགས་པའོ། །དམིགས་པ་མེད་པ་ནི། ཡང་དག་པར་རྫོགས་པར་སངས་རྒྱས་ནས་ཆོས་སྐུར་ཐིམ་པའོ། །ད་ནི་སྤྱིའི་རྣམ་པའོ། །རང་ལ་འཆར་བའི་དུས། ལས་དང་པོའི་དུས་སུ་སེམས་ཅན་གྱི་དོན་དུ་བྱམ་པ་དང་སྙིང་རྗེ་བསྒོམ་པ་ནི་སེམས་ཅན་ལ་དམིགས་པའོ། །དེ་ནས་ཡང་དག་པའི་ཀུན་རྫོབ་སྒྱུ་མ་རྩམ་དུ་ཆོད་ནས། ཆོས་ཐམས་ཅད་འདི་ལྟར་ཡིན་པ་ལ། དེ་ལྟར་མ་རྟོགས་པར་དངོས་པོ་དང་མཚན་མར་འཛིན་པ་སྙིང་རྗེ་སྙམ་པ་ནི་ཆོས་ལ་དམིགས་པའོ། །དེ་ནས་སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་འདོད་པས། མི་གནས་པའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་པའི་དུས་སུ། དམིགས་པ་མེད་པའོ། །སྔོན་ལ་སྙིང་རྗེ་བསྒོམས་ལ། དེའི་འཕྲོད་ལ་སྟོང་པ་ཉིད་བསྒོམས་པས། སྙིང་རྗེ་ཕྱིར་མ་ལུས་སམ་ཞེས་ན་མ་ལུས་ཏེ། སྙིང་རྗེ་བྱང་ཆུབ་སེམས་ཡང་རིག་པ་ཡིན་པ་ལ། སྟོང་མཁན་ཡང་རིག་པ་ཡིན་པས། ཐ་དད་མེད་དོ། །དང་པོ་སྙིང་རྗེ་བསྒོམས་ན་ཕྱི་ནས་སྟོང་པ་བསྒོམས་ན། སྙིང་རྗེ་སྟོང་པའི་སྙིང་པོ་ཅན་ཡིན། དང་པོ་སྟོང་པ་བསྒོམ་ཕྱི་ནས་སྙིང་རྗེ་བསྒོམ་ན་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཡིན་པས། དེ་ལ་ཐ་དད་མེད་པའི་

(༥༤༣)ཡིན་གསུང་། །ཡང་རྗེ་དགས་པོ་རིན་པོ་ཆེའི་ཞལ་ནས། འཇིག་རྟེན་འདིར་ཡུན་རིང་པོ་མི་བསྡོད། རང་གཞན་ཐམས་ཅད་འཆི་བར་ངེས་པ་ཡིན། ཉི་མ་དགོངས་ཁའི་གྲིབ་སོ་བཞིན་དུ་མི་རྟགས་པས་བདས་ནས། འཇིག་རྟེན་ཕ་རོལ་དུ་འགྲོ་དགོས་པས་ཚེ་འདི་ལ་བློ་གཏད་མེད། འཆི་བའི་དུས་ལ་ཡང་ངེས་པ་མེད་དེ། ལ་ལ་རྒས་དང་ལ་ལ་གཞོན། ལ་ལ་དར་ལ་བབ་ནས་འཆི། དེ་ནི་ཁ་ཅི་གོག་ཙམ་ན། ཁ་ཅིག་མངལ་དུ་འཆི་བར་འགྱུར་གསུང་། །ཡང་འཆི་བའི་ཚེ་གནས་ལ་ཡང་ངེས་པ་མེད་དེ། གནས་འདིར་འཆི་འདིར་མི་མཆི་བྱ་བ་མེད། རྐྱེན་ལ་ཡང་ངེས་པ་མེད་དེ། རྐྱེན་འདིས་འཆི་འདི་མི་མཆི་བྱ་བ་མེད། ཤི་ནས་ཀྱང་རང་གིས་ལས་དགེ་སྡིག་གང་བྱས་པའི་འབྲས་བུ་འབྱུང་། དེ་ཡང་དགེ་བ་ལས་མཐོ་རིས་དང་ཐར་པ། སྡིག་པ་ལས་སྡུག་བསྔལ་དང་ངན་སོང་གསུམ་འབྱུང་བར་ངེས་པ་ཡིན་པས། ལས་རྒྱུ་འབྲས་ཁྱད་དུ་མི་བསད། ཉོན་མོངས་པ་གསུམ་གྱིས་རྗེས་སུ་འབྲངས་པའི་ལས། འཁོར་བ་སྡུག་བསྔལ་གྱི་རྒྱུ་ཡིན་པས། དེ་ལས་ཐར་པའི་གཉེན་པོ་དྲག་ཏུ་སྐྱེད་དགོས། དེ་ཡང་རང་ཉིད་ཅིག་པུ་ཞི་བ་དེ་ཐར་པ་འདོད་ན་ཐེག་དམན་ཉན་ཐོས་ཀྱི་ཆོས་སུ་འགྲོ་བས། སེམས་ཅན་ཐམས་ཅད་ཀྱིས་འཁོར་བ་ཐོག་མ་མེད་པ་ནས་མ་མ་བྱས་པ་ཅིག་ཀྱང་མེད་

(༥༤༤)པས། མ་ཡི་དྲིན་དྲན་པར་བྱས་ལ། བྱམས་པ་དང་སྙིང་རྗེ་རྒྱུན་དུ་བསྒོམ། བྱང་ཆུབ་སེམས་ཀྱིས་སེམས་ཅན་ཐམས་ཅད་བསྒྲོལ་བའི་སྨོན་ལམ་རྟག་དུ་བསྒོམ། བྱམས་སྙིང་རྗེ་ལ་བློ་སྦྱོངས། སྟོང་པ་དང་སྙིང་རྗེ་དོན་ཅིག་ཡིན་པས། སྐྱེ་མེད་ཀྱི་དོན་རྟོགས་ནས་འོང་པ་ཡིན། དེ་ལ་གོམས་ནས་བལྟོས་པ་མེད་པར་གཞན་ལ་ཕན་པ་དང་། བརྩེ་བའི་སེམས་ཤུགས་ཀྱིས་འབྱུང་། བྱམས་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་ཏེ། བྱང་ཆུབ་ཀྱི་སེམས་གཉིས་ལས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས། ཐབས་ཤེས་རབ་གཉིས་ལ་ཐབས། བདེན་པ་གཉིས་ལས་ཀུན་རྫོབ་ཀྱི་བདེན་པ། ཞི་གནས་དང་ལྷག་མཐོང་རྣམ་པ་གཉིས་ལས་ཞི་གནས་ཡིན་གསུང་། དེ་ལྟར་ཉམས་སུ་བླངས་པས་རང་རྒྱུད་འབྱོངས་ཤིང་སྒྲིབ་པ་ཤུག་གིས་འདག །ཆོས་ཐམས་ཅད་སྒྱུ་མ་རྨི་ལམ་གཟུགས་རྙན་ལྟ་བུ། ཤུགས་ཀྱིས་གོ་ནས་འོང་། དེ་ལྟར་ཉམས་སུ་བླངས་ནས། ཚེ་འདིའི་བདེ་སྐྱིད་ལ་སོགས་པའི་འདོད་པ་དང་། ནོར་རྫས་དང་ཉེ་དུ་ལ་སོགས་པ་ལ་ཞེན་པ་སྤངས་ནས་འོང་བ་ཡིན། ཚེ་འདི་ལ་མ་ཞེན་ན་འཇིག་རྟེན་བློས་ཐོངས། འཇིག་རྟེན་བློས་ཐོངས་ན་ཆོས་མེན་པ་གཞན་བྱ་རྒྱུ་མེད་པ་ཅིག་འོང་པ་ཡིན་པས། འཇིག་རྟེན་འདི་ལ་བློ་ལྡོག་པར་བྱེད་པ་གལ་ཆེ་གསུང་། ཡང་རྗེ་དགས་པོ་རིན་པོ་ཆེའི་

(༥༤༥)ཞལ་ནས། ཆོས་ཐམས་ཅད་རྒྱུ་རྐྱེན་ཚོགས་པ་ལས་འབྱུང་བ་ཡིན་གསུང་དེ་ཡང་མི་དགེ་བ་མཐའ་དག་ནི་སྤངས། དགེ་བ་མ་ལུས་པ་ཉམས་སུ་ལེན་པ་དེ་རྒྱུ་རྐྱེན་ཕུན་གསུམ་ཚོགས་པ་ཡིན་པས་བླ་ན་མེད་པའི་བྱང་ཆུབ་མ་ཐོབ་ཀྱི་བར་དུ། དེ་དང་མི་འབྲལ་བར་བྱ། དེ་ལྟར་ཉམས་སུ་ལེན་པ་ལ་མཚན་ཉིད་དང་ལྡན་པའི་གསུང་ཐོས་ནས། ཚེ་འདིའི་བྱ་བ་བཏང་། འཇིག་རྟེན་གྱི་ཆོས་བརྒྱད་རྒྱབ་དུ་བོར། ནོར་རྫས་དང་གཉེན་མདུན་ཐམས་ཅད་ལ་ཆག་ཞེན་སྤངས། འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་པར་བྱས། དངོས་པོ་དང་མཚན་མར་འཛིན་པ་བོར་ལ། དེ་ཉིད་སྐྱེ་བ་མེད་པའི་དོན་ལ་མཉམ་པར་གཞག །དེ་ལྟར་ཉམས་སུ་བླངས་པས་སེམས་ཉིད་ལྷན་ཅིག་སྐྱེས་པ་འདི། སྐྱེ་བ་མེད་པ་ཆོས་ཀྱི་སྐུ་གསལ་ལ་མ་འགགས་པ་ཉམས་སུ་མྱོང་། སྣང་བ་སྣ་ཚོགས་སུ་སྣང་བའི་མཚན་ཉིད་བག་ཆགས་གཟུགས་རྙན་ཙམ་དུ་འཆར། །ལྟ་བ་འོད་གསལ་ཟུང་འཇུག་རྟོགས་པས། དྲན་མེད་ཀྱི་ལྟ་བར་མ་སོང་། བསྒོམ་པ་ཞེན་མེད་བདེ་སྟོང་དུ་འཆར་བས། བསྒོམ་པ་རྟོག་མེད་ལྟེངས་པོར་མ་སོང་། སྤྱོད་པ་ཡེངས་མེད་ཕྱོགས་བྲལ་དུ་གྱུར་པས། རྟག་ཆད་ཡུལ་དང་བྲལ། འབྲས་བུ་བློ་ལས་འདས་པའི་ཆོས་ཉིས་རང་ལ་ཤེར་བས་འབྲས་བུ་གཞན་ནས་བཙལ་མི་དགོས་པ་ཡིན་

(༥༤༦)ཕྱོགས་སུ་བྱེད་པའི་ལྟ་བ་དང་། ཞེན་པ་དང་མ་བྲལ་བའི་བསྒོམ་པ་དང་། གཉིས་སུ་འཛིན་པའི་སྤྱོད་པ་ནི། ལྟ་བསྒོམ་སྤྱོད་པ་རྣལ་མ་མ་ཡིན། རང་སེམས་རྟོགས་ན་དེ་ལས་གཞན་མེད། བསྒོམ་རྒྱུ་མེད་པར་གོ་བས་ངེས་ཤེས་སྐྱེས། སྐྱེ་འཇིག་དང་བྲལ་བར་རྟོགས་པས་ལྟ་བ། སྐྱེ་མེད་ཀྱི་དོན་ལ་རྩེ་ཅིག་པ་བསྒོམ་པ། དེ་ལས་ཡེངས་པ་མེད་པ་སྤྱོད་པ་ཡིན། རང་སེམས་རྟོགས་པ་ཅིག་པུས་ཆོག །སེམས་དང་རྟོགས་པ་ཐ་དད་དུ་མེད་དེ། ཆུ་དང་རླབས་ལྟ་བུར་གནས། གཉིས་མེད་ཀྱི་དོན་ངེས་པར་རྟོགས་ན་སེམས་ཅན་གྱི་འདུ་ཤེས་མེད་ཀྱང་། སྡུག་བསྔལ་ཅན་ལ་སྙིང་རྗེ་དང་གིས་སྒྱེ། འགྲོ་བ་རྣམས་སྒྱུ་མ་ལྟ་བུར་མཐོང་ན། ཚོགས་གཉིས་རྫོགས་པ་ལ་ཉེ་བ་ཡིན། སྐྱེ་མེད་རྣལ་མར་རྟོགས་ན། ཚོགས་གཉིས་རྫོགས་པ་ཡིན་གསུང་། འགྲོ་བའི་མགོན་པོ་དཔལ་ལྡན་སྒམ་པོ་པས། དགེ་འདུན་ཚོགས་པ་ལ། གསུངས་པའི་དམ་ཆོས་ལ། ཉེ་གནས་ཤོ་བསྒོམ་བྱང་ཆུབ་ཡེ་ཤེས་ཀྱིས་ཟིན་བྲིས་མཛད་པ། བདག་གིས་ཕྱོགས་ཅིག་དུ་སྒྲིགས་པ་ཡིན། དེ་ལས་བྱུང་བའི་དགེ་བ་གང་ཡིན་དེས། བདག་སོགས་

(༥༤༧)འགྲོ་ལྔའི་སྐྱེའོ་རྣམས། །སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །རང་འབྱུང་ཕྱག་རྒྱ་ཆེན་པོ་རྟོགས་པར་ཤོག །ཆོས་རྗེ་བསྒམ་པོ་པའི་ཚོགས་ཆོས་ཡོན་ཏན་ཕུན་ཚོགས་ཅེས་བྱ་བ་རྫོགས་སོ། །ཆོས་ཐུན་སུམ་བཅུ་པའོ། །ཤུ་བྷམ། །ཆ་པ་དཔོན་ལྷས་བྲིས།། །།


no previousno next