Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་དང་པོ།


   
   
   
   
   
   
   
མཁན་སློབ་ཆོས་རྒྱལ་རྗེ་འབངས་རིག་འཛིན་གྲུབ་ཐོབ་རྒྱ་མཚོར་ཕྱག་མཆོད་འབུལ་བའི་ཆོ་ག་བདུད་རྩིའི་སྤྲིན་ཆེན།
   
   
   
   
   
   
   
   
   
   
   
   
  collapse section
   
  collapse section
   
   
   
   
   
   
  collapse section
   
   
   
   
   
   


 
previousམཁན་སློབ་ཆོས་རྒྱལ་རྗེ་འབངས་རིག་འཛིན་གྲུབ་ཐོབ་རྒྱ་མཚོར་ཕྱག་མཆོད་འབུལ་བའི་ཆོ་ག་བདུད་རྩིའི་སྤྲིན་ཆེན། next

མཁན་སློབ་ཆོས་རྒྱལ་རྗེ་འབངས་རིག་འཛིན་གྲུབ་ཐོབ་རྒྱ་མཚོར་ཕྱག་མཆོད་འབུལ་བའི་ཆོ་ག་བདུད་རྩིའི་སྤྲིན་ཆེན།

༄༅། །མཁན་སློབ་ཆོས་རྒྱལ་རྗེ་འབངས་རིག་འཛིན་གྲུབ་ཐོབ་རྒྱ་མཚོར་ཕྱག་མཆོད་འབུལ་བའི་ཆོ་ག་བདུད་རྩིའི་སྤྲིན་ཆེན་བཞུགས། ༀ་ན་མོ་གུ་རུ་ཝེ། འདིར་བསིལ་ལྡན་ལྗོངས་ཀྱི་འགྲོ་བ་རྣམས་ལ་བཀའ་དྲིན་སངས་རྒྱས་ལས་ཀྱང་ལྷག་པའི་མཁན་སློབ་ཆོས་རྒྱལ་སྤྲུལ་པའི་ལོ་པཎ་རིག་འཛིན་གྲུབ་ཐོབ་རྒྱ་མཚོར་ཕྱག་མཆོད་འབུལ་བར་འདོད་པས། དངོས་སུ་འབྱོར་ན་རྟེན་ཁྱད་པར་ཅན་གྱི་སྤྱན་སྔར་མཆོད་པ་བཤམས། མ་འབྱོར་ན་ཡིད་ཀྱིས་དམིགས་ཏེ། ཐོག་མར་སྐྱབས་སེམས་དང་ཚད་མེད་བཞི་བསྒོམ་པ་ནི། སྐྱབས་གནས་ཡོངས་ལ་སྐྱབས་འཆི་ཞིང་། །འགྲོ་སྒྲོལ་སླད་དུ་བྱང་ཆུབ་སྒྲུབ། །སེམས་ཅན་བདེ་ལྡན་སྡུག་བསྔལ་བྲལ། །བདེར་གནས་བཏང་སྙོམས་ངང་གནས་ཤོག །ལན་གསུམ། མཆོད་པ་བྱིན་གྱིས་བརླབ་པ་ནི། དཀོན་མཆོག་གསུམ་གྱི་བདེན་པ་དང་། །ཚོགས་གཉིས་རྣམ་པར་དག་པའི་མཐུས། །དངོས་བཤམས་ཡིད་ལས་བྱུང་བ་ཡི། །མཆོད་སྤྲིན་རྒྱ་མཚོས་གང་གྱུར་ཅིག །ཅེས་དང་། མཆོད་གཟུངས་བཟླ། དེ་ནས་རྟེན་བསྐྱེད་པ་ནི། ཨཿཆོས་རྣམས་འོད་གསལ་སྟོང་པའི་ངང་། །སྣོད་བཅུད་པདྨ་དྲྭ་བའི་ཞིང་། །ཡིད་འཕྲོག་ནོར་བུའི་གཞལ་མེད་དབུས། །སེང་ཁྲི་པདྨ་ཟླ་བའི་སྟེང་། །རྒྱལ་ཀུན་ཡེ་ཤེས་གཅིག་བསྡུས་པ། །བླ་མ་ཨོ་རྒྱན་རྡོ་རྗེ་འཆང་། །དཀར་དམར་མདངས་ལྡན་མཚན་དཔེས་སྤྲས། །རྡོ་རྗེ་ཐོད་པ་ཁ་ཊྭཱྃ་འཛིན། །གང་འདུལ་སྒྱུ་འཕྲུལ་རོལ་རྩེད་སྟོན། །གཡས་སུ་མཁན་ཆེན་ཞི་བ་མཚོ། །རབ་བྱུང་ཆ་ལུགས་པཎ་ཞུ་གསོལ། །ཆོས་འཆད་མཉམ་བཞག་གླེགས་བམ་འཛིན། །གཡོན་དུ་ཆོས་རྒྱལ་ཁྲི་སྲོང་རྗེ། །འཁོར་ལོས་སྒྱུར་བའི་ཆ་ལུགས་ཅན། །ཕྱག་གཉིས་ཆོས་འཆད་གླེགས་རལ་འཛིན། །འཁོར་དུ་པཎ་གྲུབ་རིག་འཛིན་སོགས། །སྐྱབས་གནས་དཀོན་མཆོག་རྩ་བ་གསུམ། །གྲངས་མེད་ཉི་ཟེར་རྡུལ་ལྟར་འཁྲིགས། །གནས་གསུམ་རྡོ་རྗེའི་འབྲུ་གསུམ་ལས། །འོད་འཕྲོས་ཡེ་ཤེས་སྤྱན་དྲངས་གྱུར། །ཞེས་མོས་ལ། ཧཱུྃསྔོན་གྱི་བསྐལ་པའི་དང་པོ་ལ། །ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། །པདྨ་གེ་སར་སྡོང་པོ་ལ། །ཡ་མཚན་མཆོག་གི་དངོས་གྲུབ་བརྙེས། །པདྨ་འབྱུང་གནས་ཞེས་སུ་གྲགས། །འཁོརདུ་དཔའ་བོ་མཁའ་འགྲོ་དང་། །རིག་འཛིན་པཎ་གྲུབ་བྱེ་བས་བསྐོར། །ཁྱེད་ཀྱི་རྗེས་སུ་བདགསྒྲུབ་ཀྱི། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །བཛྲ་ས་མཱ་ཡ་ཛཿཛཿཧཱུྃཿབཾཧོཿཔདྨ་ཀ་ལ་ཡ་སྟཱཾ། ཞེས་བཞུགས་སུ་གསོལ། དེ་ནས་ཕྱག་མཆོད་འབུལ་བ་དངོས་ནི། ཨེ་མ་ཧོཿསྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཆང་། །བདེ་གཤེགས་སྨིན་པ་རྒྱ་མཚོ་དང་། །ཟབ་མོའི་མཛོད་གསུམ་དབང་བསྒྱུར་བའི། །རིག་འཛིན་འདུས་པ་ལ་ཕྱག་འཚལ། །དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །ཁྱབ་བདག་སྒྱུ་འཕྲུལ་དྲྭ་བའི་གར། །པདྨ་འབྱུང་གནས་ལ་ཕྱག་འཚལ། །ཟབ་ཅིང་རྒྱ་ཆེའི་དགོངས་པ་འགྲེལ། །གཞན་ཕན་བསྡུ་བཞིའི་ཕྲིན་ལས་རྒྱས། །ཐུབ་དབང་གཉིས་པའི་རྣམ་ཐར་འཛིན། །བོ་ངྷི་ས་ཏྭ་ལ་ཕྱག་འཚལ། །འཇམ་དབྱངས་རྣམ་འཕྲུལ་ཆོས་རྒྱལ་ཆེ། །རྒྱལ་བས་ལུང་བསྟན་ས་འོད་བཟང་། །གངས་ལྗོངས་གདུལ་བྱ་ཐབས་ཀྱིས་འདུལ། །ཁྲི་སྲོང་ལྡེའུ་བཙན་ལ་ཕྱག་འཚལ། །གཤེད་སྐོར་རྒྱུད་སྡེ་རྒྱ་མཚོའི་བདག །མཐུ་སྟོབས་ནུས་པའི་རྩལ་ཆེན་རྫོགས། །གྲུབ་རྟགས་བྲག་ལ་ཕུར་པ་བཏབ། །སངས་རྒྱས་ཡེ་ཤེས་ལ་ཕྱག་འཚལ། །སྡེ་སྣོད་གསུམ་འཛིན་བཙུན་པའི་རབ། །པདྨ་གསུང་གི་དངོསགྲུབ་བརྙེས། །གྲུབ་རྟགས་རྟ་སྐད་གཙུག་ནས་སྟོན། །རྒྱལ་བ་མཆོག་དབྱངས་ལ་ཕྱག་འཚལ། །ཡང་དག་གྲུབ་པའི་གསེང་ལམ་ནས། །ཕྱག་ཆེན་མཆོག་གི་དངོས་གྲུབ་བརྙེས། །གྲུབ་རྟགས་ཉི་མའི་ཟེར་ལ་ཆིབས། །ནམ་མཁའི་སྙིང་པོ་ལ་ཕྱག་འཚལ། །མདོ་སྒྱུ་སེམས་གསུམ་བསྟན་པའི་བདག །སྣང་སྲིད་བདུད་རྩིའི་དཀྱིལ་འཁོར་རྟོགས། །གྲུབ་རྟགས་བྲག་ལ་སྒྲུབ་ཆུ་བཏོན། །ཡེ་ཤེས་གཞོན་ནུ་ལ་ཕྱག་འཚལ། །ཤེས་རབ་ཕར་ཕྱིན་དབྱངས་ཅན་འཕྲུལ། །ཐལ་འབྱིན་དགོངས་པ་ཚད་དུ་འཁྱོལ། །གྲུབ་རྟགས་བསད་པའི་མི་རོ་སློང་། །ཡེ་ཤེས་མཚོ་རྒྱལ་ལ་ཕྱག་འཚལ། །རྩ་རླུང་བྱང་སེམས་དགོངས་པ་རྟོགས། །སྲིད་པ་བདེ་འགྲོའི་དལ་ཞལ་གཟིགས། །གྲུབ་རྟགས་མ་མོ་བྲན་དུ་ཁོལ། །འབྲོག་མི་དཔལ་ཡེ་ལ་ཕྱག་འཚལ། །འཇིག་རྟེན་མཆོད་བསྟོད་དངོས་གྲུབ་བརྙེས། །རྫོང་འཕྲང་སྲོག་གི་གནས་ལ་མཁས། །གྲུབ་རྟགས་དྲེགས་ཚོགས་ལས་ལ་འགྱེད། །རླངས་ཆེན་དཔལ་སེང་ལ་ཕྱག་འཚལ། །དྲག་སྔགས་མཐུ་ཡི་བཀའ་བབ་བརྙེས། །སྡེ་གསུམ་ཨ་ཏིའི་གསང་མཛོད་འཛིན། །གྲུབ་རྟགས་ཡེ་ཤེས་སྤྱན་དང་ལྡན། །བཻ་རོ་ཙ་ན་ལ་ཕྱག་འཚལ། །མཁས་དང་གྲུབ་པ་ཕུལ་དུ་ཕྱིན། །རྩོལ་མེད་ཐེག་རྩེའི་དགོངས་དོན་རྟོགས། །གྲུབ་རྟགས་རྫུ་འཕྲུལ་སྣ་ཚོགས་སྟོན། །གཡུ་སྒྲ་སྙིང་པོ་ལ་ཕྱག་འཚལ། །རྡོ་རྗེ་ཕུར་པའི་དངོས་གྲུབ་བརྙེས། །རླུངས་སེམས་གཉིས་ལ་རང་དབང་ཐོབ། །གྲུབ་རྟགས་གླིང་བཞི་ཡུད་ཀྱིས་བསྐོར། །རྡོ་རྗེ་བདུད་འཇོམས་ལ་ཕྱག་འཚལ། །མ་ཧཱ་གུ་རུས་རྗེས་སུ་བཟུང་། །རིམ་གཉིས་རྣལ་འབྱོར་མཐའ་རུ་ཕྱིན། །གྲུབ་རྟགས་མཁའ་སྤྱོད་གནས་སུ་གཤེགས། །ཨ་ཙར་ཡེ་ཤེས་ལ་ཕྱག་འཚལ། །བླ་མའི་སྐུ་དགྲ་ལན་གསུམ་བརྟུལ། །བརྟུལ་ཞུགས་སྤྱོད་པ་མཐར་ཕྱིན་མཛད། །གྲུབ་རྟགས་གཅན་གཟན་གཉའ་ནས་འཛིན། །སོག་པོ་ལྷ་དཔལ་ལ་ཕྱག་འཚལ། །སྐད་གཉིས་སྨྲ་བའི་ཕུལ་དུ་ཕྱིན། །བསླབ་གསུམ་བསྟན་པའི་རྒྱལ་མཚན་འཛིན། །གྲུབ་རྟགས་མཁའ་ལ་བྱ་ལྟར་ལྡིང་། །སྣ་ནམ་ཡེ་ཤེས་ལ་ཕྱག་འཚལ། །བསྙེན་སྒྲུབ་རྣམ་བཞི་མཐའ་རུ་ཕྱིན། །རྫོང་འཕྲང་སྲོག་ལ་རང་བྱན་ཆུབ། །གྲུབ་རྟགས་ཕུར་པ་གདེངས་ཚད་གུམ། །དཔལ་གྱི་དབང་ཕྱུག་ལ་ཕྱག་འཚལ། །གསང་སྔགས་ཟབ་མོའི་ཚུལ་ལ་མཁས། །ཟབ་གསལ་གཉིས་མེད་ཡེ་ཤེས་རྟོགས། །གྲུབ་རྟགས་མི་བརྗེད་གཟུངས་དང་ལྡན། །ལྡན་མ་རྩེ་མང་ལ་ཕྱག་འཚལ། །སྒྲ་བསྒྱུར་མཁས་པའི་རྩེ་མོར་སོན། །ཏིང་འཛིན་གཟུངས་སྤྲིན་མངའ་དབང་འབྱོར། །གྲུབ་རྟགས་གཞན་སེམས་ཐོགས་མེད་མཁྱེན། །སྐལ་བ་དཔལ་བརྩེགས་ལ་ཕྱག་འཚལ། །མ་གཤིན་ཕུར་པའི་དཀྱིལ་འཁོར་དུ། །དངོས་གྲུབ་ཡིད་བཞིན་སྤྲིན་ཚོགས་བརྙེས། །གྲུབ་རྟགས་ཆུ་བོ་གྱེན་དུ་བཟློག །ཤུད་བུ་དཔལ་སེང་ལ་ཕྱག་འཚལ། །རྫུ་འཕྲུལ་སྤྲུལ་པའི་དམག་ཚོགས་ཀྱིས། །གཤིན་རྗེའི་གྲོང་བཅོམ་བསྐྱེད་ཡུམ་དྲོང་། །གྲུབ་རྟགས་མི་རོ་གསེར་དུ་བསྒྱུར། །རྒྱལ་བའི་བློ་གྲོས་ལ་ཕྱག་འཚལ། །མཁྱེན་པ་མཆོག་ལ་མངའ་བརྙེས་ཤིང་། །དམིགས་མེད་བརྩེ་བས་གཞན་དོན་མཛད། །གྲུབ་རྟགས་ནམ་མཁའི་བྱ་ཚོགས་འཛིན། །ཁྱེའུ་ཆུང་ལོ་ཙཱ་ལ་ཕྱག་འཚལ། །གྱེར་གཤེན་ཆེན་པོའི་རིགས་སུ་འཁྲུངས། །མཁྱེན་རྟོགས་དགོངས་པའི་རྩལ་ཆེན་རྫོགས། །གྲུབ་རྟགས་བྱང་གི་གཡག་རྒོད་འགུགས། །དྲན་པ་ནམ་མཁའ་ལ་ཕྱག་འཚལ། །རླུང་སེམས་ལྷ་ཡི་སྐུ་རུ་སྨིན། །ཟད་པར་ཟིལ་གནོན་དངོས་གྲུབ་བརྙེས། །གྲུབ་རྟགས་ཆུ་ལ་ཉ་ལྟར་འཛུལ། །འོ་བྲན་དབང་ཕྱུག་ལ་ཕྱག་འཚལ། །མདོ་སྔགས་ཆོས་ཚུལ་རྒྱ་མཚོ་བསྒྱུར། །ཀླུ་སྒྲུབ་དགོངས་པའི་ཟབ་གནད་རྟོགས། །གྲུབ་རྟགས་ཕ་ཝཾ་ཟན་ལྟར་གསོལ། །རྨ་བན་རིན་ཆེན་ལ་ཕྱག་འཚལ། །སྔོན་སྨོན་དུས་སུ་སྨིན་པའི་འབྲས། །ཐབས་ལ་མཁས་པས་སྡིག་ཅན་བསྒྲལ། །གྲུབ་རྟགས་རི་བྲག་ཟང་ཐལ་གཤེགས། །དཔལ་གྱི་རྡོ་རྗེ་ལ་ཕྱག་འཚལ། །གསང་ཆེན་རྒྱུད་སྡེའི་དེ་ཉིད་གཟིགས། །སྒྲོལ་བ་གཉིས་ལ་རང་བྱན་ཚུད། །གྲུབ་རྟགས་ཐོག་ཆེན་མདའ་ལྟར་འཕེན། །དཀོན་མཆོག་འབྱུང་གནས་ལ་ཕྱག་འཚལ། །ཐོས་པ་རྒྱ་མཚོའི་ཕ་རོལ་ཕྱིན། །གྲུབ་གཉིས་ནོར་བུའི་གཏེར་ལ་སྤྱོད། །གྲུབ་རྟགས་མཁའ་ལ་སྐྱིལ་ཀྲུང་བཞུགས། །རྒྱལ་བ་བྱང་ཆུབ་ལ་ཕྱག་འཚལ། །གཞན་ཡངཐུབ་བསྟན་པདྨའི་གཉེན། །འགྲོ་བསོད་མཁའ་ལ་འདྲེན་མཛད་པའི། །སར་གནས་འཕགས་པའི་རྣམ་འཕྲུལ་མཆོག །གྲུབ་རིགས་ལོ་པཎ་ལ་ཕྱག་འཚལ། །ལས་འཕྲོ་ཟབ་མོའི་གཏེར་ཞལ་འབྱེད། །བརྟུལ་ཞུགས་སྤྱོད་པས་སྒྲོ་སྐུར་སེལ། །གུ་རུའི་ཞལ་ཚབ་འགྲོ་བ་འདུལ། །གཏེར་ཆེན་བརྒྱ་རྩ་ལ་ཕྱག་འཚལ། །ཐེག་ཆེན་སྦྱོར་ལམ་མཐའ་རུ་ཕྱིན། །རྒྱལ་ཆེན་བཞི་ཡིས་ཞབས་ལ་གཏུགས། །འདུལ་བ་བདུད་རྩིའི་དགའ་སྟོན་འགྱེད། །དགོངས་པ་རབ་གསལ་ལ་ཕྱག་འཚལ། །མཁྱེན་པས་ཤེས་བྱའི་ཆོས་ཀུན་གཟིགས། །བརྩེ་བས་འགྲོ་ལ་བུ་བཞིན་དགོངས། །ནུས་པས་བསྟན་འགྲོའི་ཕན་བདེ་སྤེལ། །ངྷརྨ་བྷ་དྲ་ལ་ཕྱག་འཚལ། །འོད་གསལ་སྣང་བཞི་མཐའ་རུ་ཕྱིན། །ཡེ་ཤེས་གཟུངས་སྤྲིན་བསམ་མི་ཁྱབ། །ཐེག་མཆོག་སེང་གེའི་སྒྲ་ཆེན་བསྒྲགས། །དྲི་མེད་འོད་ཟེར་ལ་ཕྱག་འཚལ། །རྣམ་བཞིའི་རིག་འཛིན་ས་མཆོག་བརྙེས། །གང་འདུལ་སྤྲུལ་པའི་རོལ་རྩེད་ངོམ། །ངེས་གསང་བསྟན་པའི་རྒྱལ་མཚན་བསྒྲེངས། །ཟུར་རིགས་བརྒྱུད་པ་ལ་ཕྱག་འཚལ། །མཁས་དང་གྲུབ་པའི་འཁོར་ལོས་སྒྱུར། །བཀའ་གཏེར་བསྟན་པའི་མེ་རོ་སློང་། །ངོ་མཚར་བཀའ་དྲིན་བསམ་མི་ཁྱབ། །འགྱུར་མེད་རྡོ་རྗེ་ལ་ཕྱག་འཚལ། །སྒྲ་ཚད་རྒྱུད་སྡེའི་ཕ་མཐར་སོན། །བསླབ་གསུམ་སྦྱངས་ཡོན་ཕུལ་དུ་ཕྱིན། །འཆད་རྩོམ་བསྟན་པའི་སྒྲོན་མེ་སྦར། །ལོ་ཆེན་ཆོས་དཔལ་ལ་ཕྱག་འཚལ། །པད་འབྱུང་དྲི་མེད་འོད་ཟེར་གྱིས། །རྗེས་བཟུང་ཨ་ཏིའི་རྩལ་ཆེན་རྫོགས། །དགོངས་གཏེར་བསྟན་པས་ཕྱོགས་མཐར་ཁྱབ། །མཁྱེན་བརྩེའི་འོད་ཟེར་ལ་ཕྱག་འཚལ། །གཞན་ཡང་མདོ་སྒྱུ་སྒྲུབ་སྡེ་བརྒྱད། །སྡེ་གསུམ་སྙིང་པོའི་མཛོད་འཆང་ཞིང་། །མཐའ་ཀླས་གདུལ་བྱ་འདུས་མཛད་པའི། །སྐྱེས་མཆོག་ཡོངས་ལ་ཕྱག་འཚལ་ལོ། །ཁྱད་པར་ལྔ་བདོའི་ཐ་མ་འདིར། །རིས་མེད་བསྟན་པའི་སྲོག་མཐུད་ཅིང་། །བཀའ་བབས་བདུན་གྱི་གསང་མཛོད་དབྱེ། །མཁྱེན་བརྩེའི་དབང་པོོ་ལ་ཕྱག་འཚལ། །སྔོན་མེད་མཛོད་ལྔའི་བདག་པོ་རུ། །ཐུབ་པ་མཆོག་གིས་ལུང་བསྟན་པའི། །བདེན་དོན་མངོན་གྱུར་ས་བཅུའི་དབང་། །བློ་གྲོས་མཐའ་ཡས་ལ་ཕྱག་འཚལ། །སོ་སོ་ཡང་དག་རིག་པ་བཞིའི། །གཏེར་གྱུར་ཆོས་ཀྱི་རྒྱལ་སྲིད་འཛིན། །ཕྱོགས་ལས་རྣམ་རྒྱལ་པཎྜི་ཏ། །བློ་གྲོས་དྲི་མེད་ལ་ཕྱག་འཚལ། །དཀྱིལ་འཁོར་ཀུན་གྱི་དབང་ཕྱུག་མཆོག །དྲན་པས་སྲིད་ཞིའི་འཇིགས་འཕྲོག་ཅིང་། །བདེ་ཆེན་ཡེ་ཤེས་སྩོལ་མཛད་པའི། །འཁོར་ལོའི་མགོན་པོ་ལ་ཕྱག་འཚལ། །ཁྱོད་ཀྱི་ཕུང་ཁམས་སྐྱེ་མཆེད་ནི། །གདོད་ནས་གདན་གསུམ་ཡོངས་རྫོགས་ལྷ། །དག་པ་རབ་འབྱམས་འཁོར་ལོ་ཆེ། །སྒྱུ་འཕྲུལ་དྲྭ་བ་ལ་ཕྱག་འཚལ། །གཞན་ཡང་ཕྱོགས་བཅུ་དུས་གསུམ་གྱི། །སྐྱབས་གནས་དཀོན་མཆོག་མ་ལུས་ལ། །ཞིང་རྡུལ་མཉམ་པའི་ལུས་སྤྲུལ་ཏེ། །བདག་ནི་གུས་པས་ཕྱག་འཚལ་ལོ། །དངོས་བཤམས་ཡིད་ལས་བྱུང་བ་ཡི། །མཆོད་པའི་སྤྲིན་ཚོགས་རྒྱ་ཆེན་པོ། །ཀུན་བཟང་རྣམ་འཕྲུལ་ལས་བྱུང་བཞིན། །ཆོས་དབྱིངས་དང་མཉམ་རྒྱས་པར་འབུལ། །འཁོར་ཚེ་ཐོག་མ་མེད་པ་ནས། །མི་ཤེས་ཉོན་མོངས་བག་མེད་པས། །བཅས་དང་རང་བཞིན་ཉམས་པ་ཡིས། །སྡིག་ཀུན་འགྱོད་པས་བཤགས་ཤིང་སྡོམ། །འཕགས་དང་སོ་སོ་སྐྱེ་བོ་ཡི། །ལེགས་བྱས་དགེ་བ་ཅི་མཆིས་པ། །ཀུན་ལ་དགའ་ཞིང་དང་བའི་བློས། །བདག་ནི་རྗེས་སུ་ཡི་རང་ངོ་། །འགྲོ་ཀུན་བདེ་གཤེགས་སྙིང་པོ་ཅན། །འདི་ན་སྣོད་མིན་སེམས་ཅན་མེད། །དེ་སླད་ཟབ་དང་རྒྱ་ཆེ་བའི། །ཆོས་འཁོར་རྟག་པར་བསྐོར་མཛད་གསོལ། །འཕགས་པས་ལས་ཉོན་རྩད་ནས་སྤངས། །དེ་སླད་སྐྱེ་དང་འཇིག་མི་མངའ། །ཇི་སྲིད་འཁོར་མཐས་གཏུགས་བར་དུ། །དེ་སྲིད་གཟུགས་སྐུ་གཡོ་མེད་མཛོད། །དེ་ལས་བྱུང་བའི་དགེ་ཚོགས་རྒྱུན། །འཁོར་གསུམ་སྤྲོས་པས་བསླད་མིན་པར། །སྲས་བཅས་རྒྱལ་བའི་རྗེས་སློབ་སྟེ། །འོད་གསལ་ཆོས་དབྱིངས་ཆེན་པོར་བསྔོ། །མགོན་པོ་སྲས་དང་བཅས་རྣམས་ལ། །བདག་ནི་ཡོངས་སུ་དབུལ་བར་བགྱི། །རྒྱལ་བ་དགྱེས་བའི་བརྟུལ་ཞུགས་མཆོག །ནམ་ཡང་བདག་གིས་མི་འདོར་རོ། །འདིས་མཐུས་སྐྱེ་དང་ཚེརབས་སུ། །སྡིག་སེམས་ཡིད་ལ་མི་འགྱུ་ཞིང་། །ཉིན་མཚན་བརྩོན་པ་ཆོས་ཀྱིས་འདའ། །ཕ་རོལ་ཕྱིན་བཅུ་མངོན་རྫོགས་ཤོག །ཚེ་འདིར་ལེགས་པ་ཀུན་འགྲུབ་ཅིང་། །འཆི་ཁར་གནད་གཅོད་སྡུག་བསྔལ་བྲལ། །འཁྲུལ་སྣང་བར་དོ་མི་འབྱུང་ཞིང་། །དག་པའི་སྣང་བས་མདུན་བསུས་ཤོག །རང་སྣང་རྣམ་དག་པདྨ་འོད། །རྩ་གསུམ་རྒྱ་མཚོའི་སྤྲིན་ཆེན་པོ། །མངོན་སྣངསྒྲིབ་གསུམ་འཆིང་རྒྱ་བྲལ། །བྱང་ཆུབ་ལུང་བསྟན་མཆོག་ཐོབ་ཤོག །ཞིང་སྔགས་ལྷན་ཅིགསྐྱེས་པ་ཡི། །ཌཱ་ཀི་དཔའ་བོ་རྣལ་འབྱོར་དང་། །ཚོགས་སྤྱོད་སྒྲུབ་པའི་རྣལ་འབྱོར་གྱིས། །ས་ལམ་མིག་འཕྲུལ་བཞིན་བགྲོད་ཤོག །ཁྱད་པར་འོད་གསལ་ཐེག་པའི་རྩེ། །གྲོལ་བ་དྲུག་ལྡན་གསེང་ལམ་ནས། །འཕོ་ཆེན་རྡོ་རྗེའི་སྐུ་འགྲུབ་ནས། །སྤྲུལ་པས་འགྲོ་བ་འདྲེན་པར་ཤོག །གཞན་ཡང་ཕྱོགས་ཀྱི་དུས་གསུམ་གྱི། །བླ་མའི་ཐུགས་དགོངས་རབ་རྫོགས་ཤིང་། །འབྲེལ་བཅས་མཁའ་ཁྱབ་འགྲོ་བ་རྣམས། །ཚེ་དེས་སྲིད་པ་ཕྱིར་བསྙིལ་ཤོག །བདག་གི་ལུས་དང་ལོངས་སྤྱོད་དང་། །དུས་གསུམ་དགེ་བའི་དངོས་པོ་རྣམས། །སེམས་ཅན་ཀུན་ལ་སྨན་པ་དང་། །རྟག་ཏུ་བླ་མ་མཉེས་བྱེད་ཤོག །གང་དག་བདག་ལ་དད་པའམ། །ཁྲོའམ་སྡང་བའི་སེམས་སྐྱེས་ཀྱང་། །བདག་གི་སེམས་བསྐྱེད་སྨོན་པའི་གྲུས། །དེ་དག་སྲིད་མཚོ་ལས་བརྒལ་ཤོག །གང་དུ་དམ་ཆོས་ནུབ་པ་དང་། །བསྟན་པའི་སྣང་བས་མ་ཁྱབ་པ། །དེར་ནི་བདག་གི་སྙིང་སྟོབས་ཀྱིས། །དམ་ཆོས་བཟུང་དང་སྤེལ་བར་ཤོག །གང་དག་ཉོན་མོངས་དབང་གྱུར་ཏེ། །ཆོས་སྤོང་མཚམས་མེད་བྱེད་འདོད་པ། །དེ་དག་ཐབས་ཚུལ་དཔག་མེད་ཀྱིས། །བདག་གིས་སྲུང་ཞིང་ཟློག་པར་ཤོག །འགྲོ་བ་སྡུག་བསྔལ་གྱིས་གཟིར་བ། །ཀུན་གྱིས་བདག་ཉིད་རྗེས་དྲན་ཞིང་། །དེ་ཡིས་སྡུག་བསྔལ་རྒྱུ་རྐྱེན་འབྲས། །རྒྱུན་ཆད་རྣམ་གྲོལ་དབུགས་དབྱུང་ཤོག །བདག་ནི་མགོན་མེད་རྣམས་ཀྱི་མགོན། །ལམ་ཞུགས་རྣམས་ཀྱི་དེད་དཔོན་ཏེ། །ཉམ་ཐག་རྣམས་ཀྱི་བཤེས་གྱུར་ནས། །རྟག་པར་ཕན་བདེ་ཀུན་སྦྱིན་ཤོག །ཞི་རྒྱས་དབང་དང་མངོན་སྤྱོད་སོགས། །འགྲོ་བ་གང་གིས་འདུལ་གྱུར་པ། །དེ་དང་འཚམས་པའི་ཕྲིན་ལས་ཀྱིས། །ལུས་ཅན་དཔག་མེད་འདུལ་བར་ཤོག །བདག་ལ་བརྟེན་ནས་འགའ་ཡང་ནི། །སྡིག་པར་མ་གྱུར་སྡུག་མ་གྱུར། །བྱང་ཆུབ་སྤྱོད་པའི་གྲོགས་གྱུར་ནས། །དེ་དག་ཕྱིན་དྲུག་རྫོགས་བྱེད་ཤོག །སེམས་ཅན་རྒྱ་མཚོ་ཡོངས་སྨིན་ཞིང་། །སངས་རྒྱས་རྒྱ་མཚོ་རབ་མཉེས་བྱས། །སྨོན་ལམ་རྒྱ་མཚོ་རྗེས་སྒྲུབ་མཐུས། །ཡེ་ཤེས་རྒྱ་མཚོ་མངོན་བྱེད་ཤོག །མགོན་པོ་ཁྱེད་དང་ཁྱེད་ཀྱི་སྲས། །གང་དག་ཇི་སྙེད་སུ་བཞུགས་པ། །དེ་དག་ཀུན་དང་བདག་ཕྲད་ནས། །ཐུགས་ཀྱི་བཞེད་ཀུན་སྒྲུབ་གྱུར་ཅིག །མི་བརྗེད་གཟུངས་ཀྱིས་ཆོས་ཀུན་འཛིན། །ཤེས་རབ་ཟབ་མོས་དེ་ཉིད་རྟོགས། །སྤོབས་པས་གཞན་དྲིང་མི་འཇོག་པའི། །སྨྲ་བའི་སེང་གེར་བདག་གྱུར་ཅིག །རྒྱལ་བསྟན་ཡུན་གནས་བཤད་སྒྲུབ་དར། །དེར་འཛིན་ཞབས་བརྟན་ཕྲིན་ལས་རྒྱས། །གངས་ལྗོངས་མཐའ་དབུས་བདེ་ཞིང་སྐྱིད། །རྫོགས་ལྡན་གསར་དུ་ངོམས་གྱུར་ཅིག །རབ་བྱུང་རྙེད་ལྡན་བསླབ་པས་གྲོལ། །སྔགས་སྤྱོད་དམ་གཙང་དྲོད་ཚད་རྙེད། །ཀུན་ཀྱང་ལྟ་སྤྱོད་དོན་མཐུན་པས། །ནག་ཕྱོགས་ཕྲུ་མ་གཞོམ་གྱུར་ཅིག །སེམས་གཙང་དགེ་བའི་སྤྲིན་ཆེན་ལས། །བྱུང་བའི་བདེན་སྨོན་གྲུ་ཆར་གྱིས། །ཕན་བདེའི་ཆུ་གཏེར་ཆེར་འཕེལ་ཞིང་། །ཐར་གྲོལ་འདབ་སྟོང་བཞད་གྱུར་ཅིག །འགྲོ་སེམས་དག་པའི་ཆུ་སྣོད་དུ། །མཆོག་གསུམ་ཐུགས་རྗེའི་ཟླ་ཤར་བས། །དོན་གཉིས་ཀུ་མུཏ་ཆེར་བཞད་པའི། །བཀྲ་ཤིས་ཕྱོགས་དུས་ཀུན་ཁྱབ་ཤོག །ཅེས་ལན་གསུམ་བདུན་སོགས་ཅི་རིགས་དང་། སྤྲོ་ན། གོང་གི་མཆོད་པའི་སྐབས་སུ་དངོས་སུ་བཤམས་པའི་ཉེར་སྤྱོད་སོགས་ཡོད་ན་འབུལ་ཚིག་སྤྱི་ལྟར་གྱིས་འབུལ་ཞིང་། སྐབས་འདིར་ཡང་སྐྱབས་གསོལ་སྔོན་དུ་འགྲོ་བ་ཅན་གྱི་སྨོན་འཇུག་གི་སེམས་བསྐྱེད་སྤྱི་ལྟར་ལེན། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་ཡང་གདབ། གང་ལྟར་ཡང་ཐལ་མོ་སྦྱར་བས་བཏུད་དེ། ཀྱེ་ཀྱེ་བླ་མ་རིན་པོ་ཆེ། །བདག་ལ་རེ་ས་གཞན་ན་མེད། །སྐྱིད་སྡུག་རེ་ལྟོས་ཁྱེད་ཤེས་པས། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །གནས་མཆོག་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར། །བགེགས་དང་ལོག་འདྲེན་བར་ཆད་སོལ། །མཆོག་དང་ཐུན་མོངས་དངོས་གྲུབ་སྩོལ། །ཅེས་དང་། མོས་གུས་རྩེ་གཅིག་པས། བཛྲ་གུ་རུ་ཉིད་གསོལ་འདེབས་ཀྱི་ཚུལ་དུ་ཅི་ནུས་བཟླ། མཐར། ཚོགས་ཞིང་སྐུ་ཡི་གནས་བཞི་ནས། །འོད་འཕྲོས་རང་གི་གནས་བཞིར་ཐིམ། །རྡོ་རྗེ་བཞི་ཡི་བྱིན་གྱིས་བརླབས། །རྒྱུད་དག་དབང་བཞི་ཐོབ་པར་གྱུར། །དེ་མཐར་འཁོར་རྣམས་འོད་ཞུ་ནས། །གཙོ་བོ་ལ་ཐིམ་གུ་རུ་ཉིད། །སྤྱིི་བོར་བྱོན་ནས་རང་ལ་ཐིམ། །མ་བཅོས་གཉུག་མའི་ཀློང་དུ་ཨཱཿ། །ཞེས་མོས་ལ་བློ་བྲལ་འཛིན་མེད་ཀྱི་ངང་དུ་ཅི་གནས་སུ་མཉམ་པར་བཞགསླར་ཡང་སྣང་གྲགས་རིག་གསུམ་བླ་མའི་སྐུ་གསུང་ཐུགས་ཀྱི་རོལ་པར་བལྟས་ལ། དགེ་བ་འདི་ཡིས་མྱུར་དུ་བདག །དཔལ་མགོན་བླ་མ་འགྲུབ་གྱུར་ནས། །སོགས་དང་། ན་མོ་མ་ཧཱ་གུ་རུའི་བྱིན་རླབས་ཀྱིས། །སོགས་ཇི་ལྟར་རིགས་པའི་བསྔོ་སྨོན་དང་ཤིས་བརྗོད་ཀྱིས་མཐའ་བརྒྱན་པར་བྱའོ། །ཅེས་པའང་རང་གཞན་ལ་སྨན་པའི་བསམ་པས་སྐྱེ་ཀུན་གུ་རུའི་བྲན་དུ་སྨོན་པའི་ཀུ་སཱ་ལི་འགྱུར་མེད་པདྨ་བསྟན་འཛིན་གྱིས་བཀའ་བརྒྱད་བདེ་གཤེགས་འདུས་པའི་སྒྲུབ་ཕུག་ཏུ་བྲིས་པ་འགྲོ་ཀུན་མ་ཧཱ་གུ་རུས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག། །།


previousམཁན་སློབ་ཆོས་རྒྱལ་རྗེ་འབངས་རིག་འཛིན་གྲུབ་ཐོབ་རྒྱ་མཚོར་ཕྱག་མཆོད་འབུལ་བའི་ཆོ་ག་བདུད་རྩིའི་སྤྲིན་ཆེན། next