Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་དང་པོ།


   
   
   
   
   
   
   
   
   
   
ཐུབ་དབང་ཉེ་སྲས་བརྒྱད་ལ་ཕྱག་མཆོད་བསགས་སྦྱང་བྱ་བའི་ཆོ་ག་སྙིང་པོ་བསྡུས་པ་ཀུན་ཕན་བདུད་རྩིའི་སྙིང་པོ།
   
   
   
   
   
   
   
   
   
  expand section
  expand section
   


 
previousཐུབ་དབང་ཉེ་སྲས་བརྒྱད་ལ་ཕྱག་མཆོད་བསགས་སྦྱང་བྱ་བའི་ཆོ་ག་སྙིང་པོ་བསྡུས་པ་ཀུན་ཕན་བདུད་རྩིའི་སྙིང་པོ། next

ཐུབ་དབང་ཉེ་སྲས་བརྒྱད་ལ་ཕྱག་མཆོད་བསགས་སྦྱང་བྱ་བའི་ཆོ་ག་སྙིང་པོ་བསྡུས་པ་ཀུན་ཕན་བདུད་རྩིའི་སྙིང་པོ།

༄༅། །ཐུབ་དབང་ཉེ་སྲས་བརྒྱད་ལ་ཕྱག་མཆོད་བསགས་སྦྱང་བྱ་བའི་ཆོ་ག་སྙིང་པོ་བསྡུས་པ་ཀུན་ཕན་བདུད་རྩིའི་སྙིང་པོ་ཞེས་བྱ་བ་བཞུགས། ན་མོ་གུ་རུ་བུདྡྷ་བོ་དྷཱི་ས་ཏྭ་བྷྱཿགཟོད་ནས་རྣམ་གྲོལ་མཆོག་བརྙེས་ཀྱང་། །གདུལ་དཀའ་འདུལ་ཕྱིར་སྟོན་འཁོར་ཚུལ། །ཐུབ་དབང་ཉེ་སྲས་བརྒྱད་བཅས་ལ། །བསྟོད་ནས་མཆོད་ཆོག་སྙིང་པོ་བྲི། །འདིར་སྟོན་པ་ཐུབ་པའི་དབང་པོ་འཁོར་བྱང་ཆུབ་སེམས་དཔའ་ཉེ་བའི་སྲས་བརྒྱད་དང་བཅས་པ་ལ་ཕྱག་མཆོད་གསོལ་བ་འདེབས་པར་འདོད་པས། རྒྱས་པར་འཛམ་གླིང་ཤིང་རྟ་ཆེན་པོ་ཀུན་མཁྱེན་བླ་མའི་རྡོ་རྗེའི་གསུངདུས་གསུམ་དུ་འབྱོན་པར་དཀའ་བ་རྒྱལ་སྲས་དགྱེས་པའི་ལམ་འཇུག་ལྟར་བྱ་བ་ཡིན་ཀྱང་། འདིར་རྒྱུན་གྱི་ཉམས་ལེན་ལྟ་བུར་དེ་ཙམ་མི་ནུས་པའི་དབང་དུ་བྱས་ཏེ་ཤིན་ཏུ་མདོར་བསྡུས་སུ་བྱ་བ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལ་ཡོ་བྱད་ཀྱི་ཤོམ་ནི། གནས་གཙང་མར་སྤྱི་དང་ཁྱད་པར་གྱི་སྐུ་གསུངཐུགས་རྟེན་བཞུགས་སུ་གསོལ་བའི་སྤྱན་སྔར། གཙང་མའི་སྟེགས་དབུས་རིན་པོ་ཆེའི་མཎྜལ་དྲིའི་ཐིག་ལེ་དང་ཚོམ་བུ་དགུ་བཀོད་པའི་དབུས་སུ་སྟོན་པའི་སྣང་བརྙན་ཙམ་བཀོད་ལ་མ་འབྱོར་ནའང་འགལ་བ་མེད། མཐའ་བསྐོར་མེ་ཏོག་ལ་སོགས་པའི་ཅི་འབྱོར་པའི་མཆོད་པ་བཤམས། རང་ཉིད་སྟན་བདེ་བར་འཁོད་ནས་བསམསྦྱོར་རྣམ་པར་དག་པའི་ཕྱིར་སྐྱབས་སེམས་བྱ་བ་ནི། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ་དང་། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ་རྗེས། སྣོད་བཅུད་རྣམ་པར་དག་པར་བྱ་བ་བྱིན་རླབས་བཞི་སྐོར་ནི། སྐྱབས་གནས་དཀོན་མཆོག་གསུམ་གྱི་བདེན་པ་དང་། །རྒྱལ་བ་སྲས་བཅས་རྣམས་ཀྱི་བྱིན་རླབས་དང་། །ཚོགས་གཉིས་མངའ་ཐང་ཆོས་དབྱིངས་དག་སྟོབས་ཀྱིས། །སྣོད་བཅུད་བདེ་ཅན་ཞིང་གི་བཀོད་པའི་དབུས། །ཡིད་འཕྲོག་ནོར་བུའི་གཞལ་མེད་ཁང་ཆེན་པོར། །རིན་ཆེན་སེང་ཁྲི་པད་ཟླའི་གདན་མཆོག་དང་། །དངོས་བཤམས་གཟུངས་རིག་མོས་སྟོབས་ཀྱིས་སྤྲུལ་པའི། །མཆོད་སྤྲིན་རྒྱ་མཚོས་གང་ཞིང་སྤྱོད་གྱུར་ཅིག །ཅེས་དང་། མཆོད་པའི་སྤྲིན་གཟུངས་ལན་གསུམ་བྱའོ། །གཉིས་པ་དངོས་གཞི་ལས། ཚོགས་ཞིང་སྤྱན་འདྲེན་པ་ནི། འདུན་པ་རྩེ་གཅིག་པས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །ཐུབ་དབང་སྲས་བཅས་གནས་འདིར་གཤེགས་སུ་གསོལ། །ནོར་བུའི་ཕོ་བྲང་དཔག་ཡས་མཆོད་སྤྲིན་དབུས། །རིན་ཆེན་སེང་ཁྲི་པད་ཟླའི་གདན་སྟེང་དུ། །བདག་ཅག་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཕྱིར། །དམིགས་མེད་ཐུགས་རྗེས་དགོངས་ཏེ་དགྱེས་པར་བཞུགས། །ཞེསསྤྱན་དྲངས་པ་ཉིད་གདན་ལ་བཞུགས་སུ་གསོལ་ནས་གསལ་གདབ་པ་ནི། མདུན་མཁར་ཡིད་འཕྲོག་ནོར་བུའི་གཞལ་མེད་དབུས། །རིན་ཆེན་སེང་ཁྲི་པད་ཟླའི་གདན་གྱི་སྟེང་། །རྩ་བའི་བླ་མ་བཅོམ་ལྡན་ཤཱཀྱའི་རྒྱལ། །གསེར་གྱི་མདོག་ཅན་ས་གནོན་མཉམ་བཞག་མཛད། །མཚན་དཔེའི་གཟི་འབར་ཚངས་པར་སྤྱོད་པའི་ཆས། །རྡོ་རྗེའི་སྐྱིལ་ཀྲུང་འོད་ཟེར་མུ་མེད་འཕྲོ། །མཐའ་བསྐོར་ཕྱོགས་མཚམས་པད་ཟླར་ཤར་ནས་བརྩམས། །གཡས་བསྐོར་རིམ་བཞིན་རྗེ་བཙུན་འཇམ་དཔལ་དབྱངས། །དམར་སེར་ཆོས་འཆད་ཨུཏྤལ་པོ་ཏི་འཛིན། །ཟུར་ཕུད་ལྔ་པ་གཞོན་ནུའི་ཆ་ལུགས་མཛེས། །སྤྱན་གཟིགས་དཀར་པོ་རི་དྭགས་པགས་པ་གཡོན། །ཕྱག་གཉིས་མཆོགསྦྱིན་གདན་གནོན་པད་དཀར་འཛིན། །ཕྱག་རྡོར་སྔོན་པོ་རིན་ཆེན་སྲོག་ཞུ་གསོལ། །ཟླ་བར་རྒྱབ་བརྟེན་རྡོར་གསོར་གདན་གནོན་མཛད། །བྱམས་མགོན་དམར་སེར་བྱང་ཆེན་མཆོད་རྟེན་མཛེས། །ཚངས་སྤྱོད་ཆ་ལུགས་ཆོས་འཆད་ཀླུ་ཤིང་འཛིན། །ས་སྙིང་སེར་པོ་མེ་ཏོག་ཐོད་རྒྱན་སྔོ། །ཕྱག་གཉིས་ཤིང་ཏོག་པད་སྟེང་ནོར་བུས་མཚན། །སྒྲིབ་སེལ་དཀར་པོ་ཕྱག་གཡས་བདུད་རྩིའི་བུམ། །གཡོན་པས་པད་དཀར་ཉ་རྒྱས་ཟླ་བས་མཚན། །ནམ་སྙིང་སྔོ་སངས་ཆོས་འཆད་ཕྱག་རྒྱ་ཅན། །རལ་གྲིས་མཚན་པའི་པདྨ་གཡོན་ན་འཛིན། །ཀུན་བཟང་དམར་པོ་བདུད་རྩིའི་བུམ་པ་གཡས། །ཉི་མས་ལེགས་མཚན་པད་དཀར་གཡོན་ན་བསྣམས། །ཀུན་ཀྱང་དར་དང་རིན་ཆེན་རྒྱན་གྱིས་སྤྲས། །སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་འོད་ཟེར་འབར། །མཐའ་བསྐོར་སྐྱབས་གནས་དཀོན་མཆོག་རྒྱ་མཚོའི་སྤྲིན། །དཔག་མེད་ཏིལ་གྱི་གོང་བུ་ཁ་ཕྱེས་བཞིན། །བསོད་ནམས་ཞིང་དུ་མངོན་སུམ་ལྟར་བཞུགས་ནས། །དཔག་མེད་མཁྱེན་བརྩེ་ནུས་པའི་ཡེ་ཤེས་ཆེ། །བདག་དང་འགྲོ་ལ་དགྱེས་བཞིན་དགོངས་པར་གྱུར། །ཞེས་མོས་ནས་ཚོགས་བསགས་དངོས་ལ་རིམ་པ་གསུམ་ལས། དང་པོ་ཡན་ལག་བདུན་པའི་བསོད་ནམས་ཀྱི་ཚོགས་བསགས་པ་ནི། བླ་མ་མཉམ་མེད་སངས་རྒྱས་རིན་པོ་ཆེ། །དུས་གསུམ་བདེ་གཤེགས་སྲས་བཅས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རང་བཞིན་བྱིན་རླབས་པའི། །བཀའ་དྲིན་ཆེན་པོའི་ཞབས་ལ་ཕྱག་འཚལ་ལོ། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པ་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང་། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པའི་འདོད་ཆགས་བྲལ་བའི་རྒྱུ། །དགེ་བའི་ངན་སོང་ལས་གྲོལ་ཞིང་། །གཅིག་ཏུ་དོན་དམ་མཆོག་གྱུར་པའི། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་པའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ཞིང་། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། །འགྲོ་བའི་བླ་མ་སྟོན་པ་པོ། །ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན། །ཤཱཀྱ་སེངྒེ་ལ་ཕྱག་འཚལ། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །ཡེ་ཤེས་སྐུ་སྟེ་རང་བྱུང་བ། །འཇམ་དཔལ་གཞོན་ནུ་ལ་ཕྱག་འཚལ། །བྱམས་དང་སྙིང་རྗེའི་དཀྱིལ་འཁོར་ཅན། །དཔལ་ལྡན་པདྨ་གར་གྱི་བདག །བྱེད་པོ་སེམས་ཅན་ཀུན་དོན་བྱེད། །སྤྱན་རས་གཟིགས་དབང་ལ་ཕྱག་འཚལ། །རྡོ་རྗེ་འཆང་བ་ཀུན་གྱི་རྗེ། །སངས་རྒྱས་ཀུན་གྱི་ཐུགས་ཆེ་བ། །སྟོབས་ཆེན་ཕ་རོལ་གནོན་པ་པོ། །ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ། །ནམ་མཁའི་ལམ་ལ་རབ་གནས་པ། །ཡིད་བཞིན་ནོར་བུ་ཆེན་པོ་འཆང་། །རྡོ་རྗེ་རིན་ཆེན་དབང་བསྐུར་དཔལ། །ནམ་མཁའི་སྙིང་པོ་ལ་ཕྱག་འཚལ། །རིན་ཆེན་ཀུན་བདག་དབང་ཕྱུག་སྟེ། །ཁྱབ་བདག་རིན་ཆེན་ཀུན་གྱི་མཆོག །སེམས་ཅན་ཀུན་ཡིད་ཚིམ་པར་བྱེད། །ས་ཡི་སྙིང་པོ་ལ་ཕྱག་འཚལ། །གསུམ་སེལ་མཐའ་ཡས་གྲོལ་གསུམ་ཐོབ། །སྒྲིབ་པ་ཀུན་ལས་ངེས་པར་གྲོལ། །མཁའ་ལྟར་མཉམ་པ་ཉིད་ལ་གནས། །སྒྲིབ་པ་རྣམས་སེལ་ལ་ཕྱག་འཚལ། །བྱམས་ཆེན་རང་བཞིན་དཔག་ཏུ་མེད། །མགོན་པོ་སེམས་ཅན་ཀུན་གྱི་མཆོག །སེམས་ཅན་ཐམས་ཅད་རབ་གྲོལ་བྱེད། །བྱམས་པ་མགོན་པོ་ལ་ཕྱག་འཚལ། །མཁས་པ་ཆེན་པོ་ཐབས་ཆེ་བ། །སྨོན་ལམ་ཡེ་ཤེས་རྒྱ་མཚོ་སྟེ། །སངས་རྒྱས་སྲས་པོ་དམ་པའི་མཆོག །ཀུན་ཏུ་བཟང་པོ་ལ་ཕྱག་འཚལ། །སངས་རྒྱས་ཀུན་གྱི་རང་བཞིན་འཆང་། །དུས་གསུམ་སངས་རྒྱས་ལས་བྱེད་པ། །བྱང་ཆུབ་སེམས་དཔའི་ཚོགས་རྣམས་ལ། །རྟག་པར་གུས་པས་ཕྱག་འཚལ་ལོ། །མཆོད་འོས་བསྟོད་འོས་ཕྱག་གི་གནས། །རྟག་ཏུ་རི་མོ་བྱ་བའི་འོས། །བཀུར་འོས་རྗེད་པར་བྱ་བའི་མཆོག །ཀུན་ལའང་གུས་པས་ཕྱག་འཚལ་ལོ། །བདག་གི་ལུས་དང་ལོངས་སྤྱོད་དང་། །དུས་གསུམ་དགེ་བའི་དངོས་པོ་རྣམས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གུས་པས་མཆོད་འོས་རྣམས་ལ་འབུལ། །ཇི་ལྟར་འཇམ་དབྱངས་ལ་སོགས་པས། །རྒྱལ་བ་ཀུན་ལ་མཆོད་མཛད་པ། །དེ་བཞིན་བདག་གིས་དེ་བཞིན་གཤེགས། །མགོན་པོ་སྲས་དང་བཅས་རྣམས་མཆོད། །ཡོན་ཏན་རྒྱ་མཚོ་རྣམས་ལ་བདག །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །ངེས་པར་ཀུན་ཏུ་འབྱུངགྱུར་ཅིག །ཁྱབ་བདག་བདག་ལ་སྨན་པ་དང་། །བདག་དོན་བདག་ལ་ཐུགས་བརྩེའི་ཕྱིར། །ཇི་སྙེད་མཆོད་པ་འདི་བཞེས་ལ། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཉོན་མོངས་པས་ནི་སེམས་དཀྲུགས་ཤིང་། །མི་ཤེས་འདམ་དུ་བྱིང་བ་ཡི། །བྱིས་པ་བདག་གིས་ནོངས་པཀུན། །སྙིང་ནས་འགྱོད་པས་བཤགས་ཤིང་སྡོམ། །ཟབ་ཅིང་ཡངས་ལ་རྒྱ་ཆེ་བ། །དོན་ཆེན་འགྲོ་བའི་དོན་བྱེད་པ། །སངས་རྒྱས་རྣམས་ཀྱི་ཡུལ་འདི་ལ། །དགའ་བས་རྗེས་སུ་ཡི་རང་ངོ་། །ཉོན་མོངས་མ་ལུས་བསལ་བ་དང་། །མི་ཤེས་མ་ལུས་སྤང་བའི་ཕྱིར། །བསམ་པའི་ཁྱད་པར་ཇི་བཞིན་དུ། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །སངས་རྒྱས་སྤྲུལ་པའི་རྒྱུད་འཆང་བ། །ཕྱོགས་བཅུའི་སྤྲུལ་པ་སྣ་ཚོགས་འགྱེད། །ཇི་བཞིན་འགྲོ་བའི་དོན་བྱེད་པ། །ཀུན་ལ་རྟག་པར་བཞུགས་གསོལ་འདེབས། །རྣམ་པར་མི་རྟོག་དབྱིངས་མི་ཟད། །ཆོས་དབྱིངས་དམ་པ་ཟད་མི་ཤེས། །བསོད་ནམས་ལྡན་པ་བསོད་ནམས་ཚོགས། །ཀུན་ཀྱང་ཡེ་ཤེས་ཆེན་པོར་བསྔོ། །འདི་ནས་བྱང་ཆུབ་སྙིང་པོའི་བར། །སྲས་བཅས་རྒྱལ་བས་དགྱེས་བཟུང་ནས། །མགོན་པོ་ཁྱེད་རྣམས་དང་མཚུངས་པའི། །ཡོན་ཏན་བསམ་མི་ཁྱབ་ཐོབ་ཤོག །གཉིས་པ་ཡེ་ཤེས་ཀྱི་ཚོགས་བསགས་པའི་སླད་དུ་ཀུན་རྫོབ་དང་དོན་དམ་གྱི་སེམས་བསྐྱེད་པ་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། དུས་འདི་ནས་བཟུང་སྟེ། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞི་སྐྱབས་སུ་མཆི། །ལན་གསུམ་གྱིས་སེམས་བསྐྱེད་རྟེན་སྐྱབས་འགྲོ་དང་། ཇི་སྙེད་སུ་དག་སོགས་ཡན་ལག་བདུན་པའི་ཚོགས་བསགས། དངོས་གཞི་གོང་ལྟར་དགོངས་གསོལ་སྔོན་དུ་འགྲོ་བས། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་ལྟར། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །བདག་ཀྱང་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་པ་བཞིནདུ་བསླབ་པར་བགྱི། །ལན་གསུམ་གྱིས་སྨོན་འཇུག་སྟབས་གཅིག་ཏུ་ལེན། རྗེས་དགའ་བ་བསྒོམ་པ་ནི། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །རྒྱལ་པོ་བློན་པོ་ལས་དང་པོའི། །ལྟུང་བ་ལྔ་ལྔ་བརྒྱད་ལ་སོགས། །རྩ་བ་དང་ནི་ཡན་ལག་གི། །ཉེས་ལྟུང་རྣམས་ཀྱིས་མ་གོས་པར། །ད་ནི་བདག་གིས་ཅི་ནས་ཀྱང་། །རིགས་དང་མཐུན་པའི་ལས་བརྩམ་སྟེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོགས་པར་མི་འགྱུར་དེ་ལྟར་བྱ། །བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་དེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱི། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །ཞེས་ཀུན་རྫོབ་དང་། སངས་རྒྱས་དང་བྱངཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ནམ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དངོས་པོ་ཐམས་ཅད་དང་བྲལ་བ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་གཟུང་བ་དང་འཛིན་པ་རྣམ་པར་སྤངས་པ། ཆོས་བདག་མེད་པ་མཉམ་པ་ཉིད་ཀྱི་ཕྱིར། རང་གི་སེམས་གདོད་ནས་མ་སྐྱེས་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དུ། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་བཞིན་དུ་བདག་གིས་ཀྱང་བསྐྱེད་དོ། །ཞེས་ལན་གསུམ་བརྗོད་ཅིང་དོན་དམ་སེམས་བསྐྱེད་སྤྲོས་བྲལ་མཉམ་པ་ཉིད་ཀྱི་ངང་དུ་ཅི་གནས་སུ་མཉམ་པར་བཞགདེ་ལས་ལང་པ་ན། བྱང་ཆུབ་སེམས་ནི་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པ་དང་། །གོང་ནས་གོང་དུ་འཕེལ་བར་ཤོག །བྱང་ཆུབ་སེམས་དང་མི་འབྲལ་ཞིང་། །བྱང་ཆུབ་སྤྱོད་ལ་གཞོལ་བ་དང་། །སངས་རྒྱས་རྣམས་ཀྱིས་ཡོངས་བཟུང་ཞིང་། །བདུད་ཀྱི་ལས་རྣམས་སྤང་བར་ཤོག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ་ཡིས་ནི་གང་དགོངས་པ། །སེམས་ཅན་རྣམས་ལ་དེ་འབྱོར་ཤོག །སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ངན་འགྲོ་ཐམས་ཅད་རྟག་ཏུ་སྟོང་པར་ཤོག །བྱང་ཆུབ་སེམས་དཔའ་གང་དག་སར་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་པར་ཤོག །ཅེས་སྨོན་ལམ་གདབ་བོ། །གསུམ་པ་ཁྱད་པར་གྱི་བྱ་བ་ལས། གཙོ་འཁོར་རེ་རེ་བཞིན་ཕྱག་མཆོད་སྨོན་ལམ་གདབ་པ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོག་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན། ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་འཁྲུངས་ཤིང་། །གཞན་གྱི་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་ལོ། །གསེར་གྱི་མདོག་ཅན་ཚན་དཔེས་སྤྲས་པའི་སྐུ། །ཡན་ལག་དྲུག་ཅུས་ཆོས་སྒྲ་སྒྲོགས་པའི་གསུང་། །ཇི་ལྟ་ཇི་སྙེད་ཡེ་ཤེས་ཐུགས་མངའ་བ། །ཐུབ་མཆོག་ཤཱཀྱའི་རྒྱལ་ལ་གུས་པས་འདུད། །དངོས་བཤམས་གཟུངས་རིག་མོས་སྟོབས་ཀྱིས་སྤྲུལ་པའི་། །མཆོད་ཚོགས་ཀུན་འབུལ་སྡིག་ལྟུང་ཐམས་ཅད་བཤགས། །དགེ་ལ་ཡི་རངས་བསྐུལ་ཞིང་གསོལ་བ་འདེབས། །འདིས་མཚོན་དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །མཉམ་མེད་ཤཱཀྱའི་རྒྱལ་པོའི་ཐུགས་བསྐྱེད་དང་། །མཛད་པ་སྨོན་ལམ་མཁྱེན་བརྩེནུས་པའི་ཚུལ། །བླ་མེད་ཡེ་ཤེས་སྒྱུ་འཕྲུལ་ཇི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །འདི་ནས་ཤི་འཕོས་གྱུར་ཚེ་སངས་རྒྱས་ཀྱི། །ཞལ་མཐོང་ལུང་བསྟན་དབུགས་དབྱུང་སྒྲིབ་ཚོགས་བྱང་། །རྒྱལ་མཆོད་དམ་ཆོས་ཀུན་འཛིན་འགྲོ་ཕན་སྒྲུབ། །ཀུན་བཟང་སྤྱོད་པ་རྒྱ་མཚོ་མཐར་ཕྱིན་ཤོག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན། ཤེས་བྱའི་མཁའ་དབྱིངས་ཟབ་ཅིང་ཡངས་པ་ལ། །བློ་གྲོས་དཀྱིལ་འཁོར་རྒྱས་པའི་འོད་ཟེར་གྱིས། །སྐྱེ་དགུའི་མ་རིག་མུན་པའི་ཚོགས་བསལ་བ། །རྗེ་བཙུན་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །གུར་གུམ་མདངས་འཛིན་གཞོན་ནུའི་ལང་ཚོ་ཅན། །གླེགས་བམ་ཟེའུ་འབྲུས་མཛེས་པའི་ཨུཏྤལ་བསྣམས། །སངས་རྒྱས་ཀུན་གྱི་ཡེ་ཤེས་མཛོད་འཆང་བ། །རྒྱལ་སྲས་དཔའ་བོ་འཇམ་དཔལ་ཞབས་ལ་འདུད། །དངོས་བཤམས་སོགས་གོང་ལྟར་ལ། རྒྱལ་སྲས་འཇམ་དཔལ་དབྱངས་ཀྱི་ཐུགས་བསྐྱེད་དང་། །སོགས་དང་། འདི་ནས་ཤི་འཕོས་གྱུར་ཚེ་འཇམ་དཔལ་གྱི། །སོགས་ཁ་བསྒྱུར་ནས་བརྗོད། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན། ཆོས་ཀྱི་དབྱིངས་ན་སྐྱེས་བུ་གཅིག་པུ་བ། །ཁམས་གསུམ་དག་ན་བཙུན་པ་སྤྱན་རས་གཟིགས། །ཟླ་ཞལ་པད་མདོག་དྲི་མ་མེད་པའི་སྐུ། །སྐྱོན་བྲལ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །ཁ་བ་མི་ཏིག་མདོག་མཚུངས་པད་དཀར་གཡོན། །དཀའ་ཐུབ་ཆས་ཅན་རི་དྭགས་པགས་པ་བསྣམས། །རྒྱལ་ཀུན་བརྩེ་བ་གཅིག་བསྡུས་འཇིག་རྟེན་མགོན། །འཁོར་བ་དོང་ནས་སྤྲུགས་པར་མཛད་ལ་འདུད། །དངོས་བཤམས་སོགས། རྒྱལ་སྲས་སྤྱན་རས་གཟིགས་ཀྱི་ཐུགས་བསྐྱེད་དང་། །སོགས། འདི་ནས་ཤི་འཕོས་གྱུར་ཚེ་སྤྱན་གཟིགས་ཀྱི། །སོགས་གོང་བཞིན་བྱ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན། ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ན། །གསང་སྔགས་རིག་སྔགས་ཀུན་གྱི་བདག་པོ་མཆོག །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པ། །བཅོམ་ལྡན་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །བཻཌཱུའི་ལྷུན་པོ་དང་མཚུངས་གཟི་བརྗིད་འབར། །མཐུ་སྟོབས་མངའ་བརྙེས་རྡོ་རྗེ་ཕྱག་ན་གསོར། །གསང་བ་ཀུན་བདག་སྲས་བཅས་རྒྱལ་ཀུན་ལ། །གླགས་ལྟའི་བདུད་ཚོགས་འཇོམས་པར་མཛད་ལ་འདུད། །དངོས་བཤམས་སོགས་གོང་བཞིན་ལ། རྒྱལ་སྲས་གསང་བའི་བདག་པོའི་དང་། །གསང་བདག་གི་ཞེས་ཁ་བསྒྱུར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་ཚབ་བྱམས་པ་མགོན་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན། བྱམས་ཆེན་མེ་ཡིས་ཞེ་སྡང་བུད་ཤིང་བསྲེགས། །ཡེ་ཤེས་འོད་ཀྱིས་མ་རིག་མུན་པ་སེལ། །ཆོས་ཀྱི་རྒྱལ་ཚབ་འགྲོ་བའི་མགོནགྱུར་པའི། །དགའ་ལྡན་བཞུགས་པ་དེ་ལ་ཕྱག་འཚལ་ལོ། །ལི་ཁྲིའི་མདངས་ཅན་ཀླུ་ཤིང་སྡོང་བུ་བསྣམས། །ཐོར་ཚུགས་གསེར་གྱི་མཆོད་རྟེན་མཛེས་པས་སྤྲས། །ཚངས་སྤྱོད་ཆས་ཅན་ཐུབ་པའི་ཆོས་མཛོད་སྲུང་། །རྒྱལ་ཚབ་ལྷ་བརྒྱའི་མགོན་པོའི་ཞབས་ལ་འདུད། །དངོས་བཤམས་སོགས་གོང་བཞིན་ལ། རྒྱལ་ཚབ་བྱམས་པ་མགོན་པོའི་དང་། །བྱམས་མགོན་གྱི་ཞེས་ཁ་བསྒྱུར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སའི་སྙིང་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན། གདུལ་བྱའི་ཞིང་དུ་འགྲོ་དོན་རྫོགས་མཛད་ཕྱིར། །མི་བསྙེལ་ཐུགས་རྗེས་འཁོར་བའི་མཐའ་ལ་གཟིགས། །ཐབས་མཁས་ཐུགས་རྗེ་འགྲོ་དོན་ལྷུར་མཛད་པ། །ས་ཡི་སྙིང་པོའི་ཞབས་ལ་ཕྱག་འཚལ་ལོ། །གསེར་མདོག་མེ་ཏོག་སྔོན་པོས་ཐོད་བཅིངས་ཤིང་། །ཤིང་ཏོག་པདྨ་ནོར་བུའི་མཚན་པ་བསྣམས། །བརྟན་གཡོའི་བཅུད་སྤེལ་དགེ་བའི་ལོ་ཏོག་སྐྱེད། །འཇིགས་པ་ཀུན་སྐྱོབ་ས་ཡི་སྙིང་པོར་འདུད། །དངོས་བཤམས་སོགས་གོང་བཞིན་ལ། རྒྱལ་སྲས་ས་ཡི་སྙིང་པོའི་དང་། །ས་སྙིང་གི་ཞེས་ཁ་བསྒྱུར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན། ཞིང་རྣམས་ཀུན་ཁྱབ་ཟབ་ཡངས་གསུང་སྒྲ་ཅན། །ཇི་ལྟ་ཇི་སྙེད་ཐམས་ཅད་མཁྱེན་པའི་ཐུགས། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་སྐྱེད་མཛད་པ། །སྒྲིབ་པ་རྣམ་པར་སེལ་ལ་ཕྱག་འཚལ་ལོ། །ཆུ་ཤེལ་མདོག་ཅན་བཅུད་ལྡན་བུམ་བཟང་དང་། །ཉ་རྒྱས་ཟླ་བས་མཚན་པའི་པད་དཀར་བསྣམས། །མཚན་གྱི་ཟེར་ཙམ་ལྷུང་བས་སྒྲིབ་པའི་མུན། །རྣམ་པར་སེལ་མཛད་བདེ་གཤེགས་སྲས་པོར་འདུད། །དངོས་བཤམས་སོགས་གོང་བཞིན་ལ། རྒྱལ་སྲས་སྒྲིབ་པ་རྣམ་སེལ་དང་། །སྒྲིབ་སེལ་གྱི་ཞེས་ཁ་བསྒྱུར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་ནམ་མཁའི་སྙིང་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན། གྲགས་པ་ཆེན་པོ་འགྲོ་བ་ཀུན་གྱི་སྐྱབས། །ཞལ་རས་རྒྱ་ཆེ་ནམ་མཁའི་སྤྱོད་ཡུལ་ཅན། །ས་ཡི་དཀྱིལ་འཁོར་ཐམས་ཅད་སྣང་མཛད་པ། །ནམ་མཁའི་སྙིང་པོའི་ཞབས་ལ་ཕྱག་འཚལ་ལོ། །སྤྲིན་མེད་ནམ་མཁའི་མདངས་ཅན་ཆོས་འཆད་རྒྱས། །རལ་གྲིས་མཚན་པའི་ཨུཏྤལ་ཡུ་བ་བཏེགས། །ལྟུང་བས་འཇིགས་ཤིང་དགེ་རྩ་ཆད་པ་ཡི། །འགྲོ་སྐྱོབ་དཔའ་བོ་ནམ་མཁའི་སྙིང་པོར་འདུད། །དངོས་བཤམས་སོགས་གོང་བཞིན་ལ། རྒྱལ་སྲས་ནམ་མཁའི་སྙིང་པོ་དང་། །ནམ་སྙིང་གིས་ཞེས་ཁ་བསྒྱུར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན། རྒྱལ་སྲས་དབུས་ན་ཡིད་བཞིན་ནོར་བུ་ལྟར། །སྲས་དང་བཅས་པའི་རྒྱལ་བས་རབ་ཏུ་བསྔགས། །སྨོན་ལམ་རྣམ་ཐར་མཁའ་བཞིན་ཚད་མེད་པ། །ཀུན་ཏུ་བཟང་པོའི་ཞབས་ལ་ཕྱག་འཚལ་ལོ། །ཉི་མའི་དཀྱིལ་འཁོར་ལྟར་གསལ་བུམ་པ་དང་། །པད་དཀར་སྡོང་བུ་ཉིན་བྱེད་མཚན་པ་བསྣམས། །བཟང་པོ་སྤྱོད་ཀུན་ཁྱོད་ཀྱི་རྗེས་སློབ་པ། །རྒྱལ་སྲས་ཐུ་བོ་ཀུན་ཏུ་བཟང་པོར་འདུད། །དངོས་བཤམས་གཟུངས་རིག་མོསསྟོབས་ཀྱིས་སྤྲུལ་པའི། །མཆོད་ཚོགས་ཀུན་འབུལ་སྡིག་ལྟུང་ཐམས་ཅད་བཤགས། །དགེ་ལ་ཡི་རངས་བསྐུལ་ཞིང་གསོལ་བ་འདེབས། །འདིས་མཚོན་དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །རྒྱལ་སྲས་ཀུན་ཏུ་བཟང་པོའི་ཐུགས་བསྐྱེད་དང་། །མཛད་པ་སྨོན་ལམ་མཁྱེན་བརྩེ་ནུས་པའི་ཚུལ། །བླ་མེད་ཡེ་ཤེས་སྒྱུ་འཕྲུལ་ཇི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །འདི་ནས་ཤི་འཕོས་གྱུར་ཚེ་ཀུན་བཟང་གི། །ཞལ་མཐོང་ལུང་བསྟན་དབུགས་དབྱུངསྒྲིབ་ཚོགས་བྱང་། །རྒྱལ་མཆོད་དམ་ཆོས་ཀུན་འཛིན་འགྲོ་ཕན་སྒྲུབ། །ཀུན་བཟང་སྤྱོད་པ་རྒྱ་མཚོ་མཐར་ཕྱིན་ཤོག །དེ་ནས་གཟུངས་བཟླ་བ་ནི། ཐུབ་པའི་དབང་པོ་སྲས་དང་བཅས་པའི་མཚན་དཔེའི་གཟུགས་སྐུ་དང་། ཚངས་པའི་དབྱངས། ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ལ་སེམས་འཛིན་པའི་ཚུལ་གྱིས་ཡིད་གཏད་ཅིང་། ཡོན་ཏན་རྗེས་སུ་དྲན་པས་གསོལ་བ་བཏབ་པ་དང་སྙིང་པོ་བཟླས་པའི་རྐྱེན་གྱིས། སྐུ་གསུང་ཐུགས་ཀྱི་གནས་ནས་བདུད་རྩི་འོད་ཟེར་དང་བཅས་པ་བྱུང་། བདག་དང་སེམས་ཅན་ཐམས་ཅད་ཀྱི་ལུས་ངག་སེམས་ལ་ཞུགས། ནད་གདོན་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས། ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཀྱི་ཡོན་ཏན་འཕེལ། སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པས་བྱིན་གྱིས་བརླབས་པར་བསམས་ལ། དེ་ཁོ་ན་ཉིད་ཡིད་ལ་བྱེད་པའི་ཚུལ་གྱིས་མཉམ་པར་བཞགསྤྲོ་ཞིང་ནུས་ན་མདོ་ཆོག་གཞུང་གསལ་ལྟར་སོ་སོའི་གཟུངས་དང་། བསྡུ་ན། གཙོ་སྙིང་། ཏདྱ་ཐཱ། ༀ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཞེས་དང་། ༀ་མ་ཧཱ་ཧཱུྃ་མ་ཧཱ་བཱི་ར་སྭཱ་ཧཱ། ཞེས་དང་། དེ་བཞིན་དུ། འཇམ་དཔལ་གྱི། ༀ་ཤྲཱི་ཨཾ་རྃ་ག་སྭཱ་ཧཱཿསྤྱན་གཟིགས་ཀྱི། ༀ་ཧྲཱི་ཧཱུྃ་པདྨ་པྲི་ཡ་སྭཱ་ཧཱ། ཕྱག་རྡོར་གྱི། ༀ་ཀུ་རུ་བྷ་ན་ར་ཧ་སྭཱཧཱ། བྱམས་པའི། ༀ་མཻ་ཧཱ་རཱ་ཎ་སྭཱ་ཧཱ། ས་སྙིང་གི། ༀ་ཀྵི་ཏི་ཧ་རཱ་ཛ་སྭཱ་ཧཱ། སྒྲིབ་སེལ་གྱི། ༀ་ན་སྭཱ་རཾ་བྷ་སྭཱ་ཧཱ། ནམ་སྙིང་གི། ༀ་ཨཱ་ག་ཤ་གརྦྷཱ་སྭཱ་ཧཱ། ཀུན་བཟང་གི། ༀ་སྭཱ་ཧྲི་རཱ་ཛ་ཡ་སྭཱ་ཧཱ། ཞེས་སོ་སོར་ཅི་ནུས་སུ་བཟླའོ། །གསུམ་པ་རྗེས་ལ། གཏང་རག་གི་དོན་དུ་ཡན་ལག་བདུན་པ་འབུལ་ཞིང་འདོད་དོན་ལ་གསོལ་བ་གདབ་པ་ནི། ཡང་དག་རྫོགས་པའི་སངས་རྒྱས་འཇིག་རྟེན་མཁྱེན། །དངོས་པོ་འདི་དག་ཅི་འདྲ་དེ་བཞིན་གསུངས། །བདུད་ཀྱི་སྟོབས་བཅོམ་མཆོད་པའི་ནུས་སུ་འོས། །བདེ་གཤེགས་རིག་པ་གསུམ་དང་ཞབས་སུ་ལྡན། །འདུལ་འོས་ཁ་ལོ་བསྒྱུར་བ་བླ་ན་མེད། །སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞབས་པདྨོར། །སྒོ་གསུམ་གུས་པས་ཕྱག་འཚལ་གསོལ་བ་འདེབས། །བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆི། །བཅོམ་ལྡན་སྤྱན་རས་དབང་པོ་འཇིག་རྟེན་མགོན། །ཐུགས་རྗེ་ཆེ་ལ་གུས་པས་ཕྱག་འཚལ་ལོ། །བཅོམ་ལྡན་མི་ཕམ་རྒྱལ་ཚབ་ཐམས་ཅད་གསོལ། །བྱམས་མཆོག་གཏིང་ལ་གུས་པས་ཕྱག་འཚལ་ལོ། །བཅོམ་ལྡན་ནམ་མཁའི་སྙིང་པོ་སྐྱོན་མི་ཆགས། །མཐའ་ཡས་བློ་ལ་གུས་པས་ཕྱག་འཚལ་ལོ། །བཅོམ་ལྡན་ཀུན་ཏུ་བཟང་པོ་སྲས་ཀྱི་གཙོ། །རྒྱ་མཚོའི་སྤྱོད་ལ་གུས་པས་ཕྱག་འཚལ་ལོ། །བཅོམ་ལྡན་འཇིགས་འཇོམས་ཕྱག་ན་རྡོ་རྗེ་བསྣམས། །དཔའ་ཆེན་གཙོ་ལ་གུས་པས་ཕྱག་འཚལ་ལོ། །བཅོམ་ལྡན་འཇམ་དཔལ་བླ་མེད་དཔལ་གྱི་བདག །དགེ་བཤེས་གཙོ་ལ་གུས་པས་ཕྱག་འཚལ་ལོ། །བཅོམ་ལྡན་སྒྲིབ་པའི་ཤུགས་དྲག་བཟོད་དཀའ་གནོན། །རྒྱལ་སྲས་མཆོག་ལ་གུས་པས་ཕྱག་འཚལ་ལོ། །བཅོམ་ལྡན་ས་ཡི་སྙིང་པོ་འབྱུང་གནས་མཆོག །གཟུངས་རབ་བརྟན་ལ་གུས་པས་ཕྱག་འཚལ་ལོ། །མཁའ་ལྟར་ཁྱབ་པའི་རྒྱལ་བ་སྲས་བཅས་ལ། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་ཀུན། །ལུས་འདི་ཞིང་རྡུལ་མཉམ་པར་རབ་སྤྲུལ་ནས། །རྟག་པར་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །དངོས་བཤམས་གཟུངས་རིག་མོས་སྟོབས་ཀྱིསསྤྲུལ་པའི། །མཆོད་ཚོགས་ཀུན་འབུལ་སྡིག་ལྟུང་ཐམས་ཅད་བཤགས། །དགེ་ལ་ཡི་རངས་བསྐུལ་ཞིང་གསོལ་བ་འདེབས། །འདིས་མཚོན་དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །བཅོམ་ལྡན་གདན་འཛོམས་ཆེན་པོ་དགོངས་སུ་གསོལ། །ཐུབ་དབང་མཆོག་དང་ཉེ་བའི་སྲས་རྣམས་ཀྱི། །མཚན་མཆོག་ཐོས་དང་དྲན་བརྗོད་ཕྱག་མཆོད་མཐུས། །བདག་ཅག་ལ་སོགས་སེམས་ཅན་གང་དང་གང་། །གནས་སྐབས་མཐར་ཐུག་མི་མཐུན་ཕྱོགས་ཀུན་ཞི། །བདེ་སྐྱིད་ཆོས་ལྡན་དཔལ་འབྱོར་རབ་ཏུ་འཕེལ། །ཐེག་མཆོག་དགེ་བའི་བཤེས་ཀྱིས་རྗེས་བཟུང་ནས། །གསུང་གི་བདུད་རྩིས་འཚོ་བར་བྱིན་གྱིས་རློབས། །ཚུལ་ཁྲིམས་དག་ཅིང་ཐོས་བསམ་སྒོམ་པར་ལྡན། །ངེས་པར་འབྱུང་དང་བྱང་ཆུབ་སེམས་གཉིས་འབྱོངས། །རྟག་ཏུ་གཞན་ཕན་སྤྱོད་ལས་མི་གཡེལ་བས། །རྣམ་མཁྱེན་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །རྒྱལ་བསྟན་དྲི་མེད་ཕྱོགས་མཐར་དར་ཞིང་རྒྱས། །བསྟན་འཛིན་མཆོག་རྣམས་ཞབས་པད་བསྐལ་བརྒྱར་བརྟན། །འཇིག་རྟེན་དགེ་ལེགས་ཆེན་པོས་ཁྱབ་པ་དང་། །དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་དང་། ནོངས་བཤགས་བཟོད་གསོལ་དང་། རྟེན་ཡོད་ན་བརྟན་བཞུགས་དང་མེད་ན་གཤེགས་གསོལ་སོགས་སྤྱི་ལྟར་བྱ། དེ་ནས། འདས་པའི་སངས་རྒྱས་རྣམས་དང་ཕྱོགས་བཅུ་ཡི། །སོགས་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གདབ། ཕུན་སུམ་ཚོགས་པ་སོགས་ཞལ་ནས་གསུངས་པའི་ཤིས་པ་བརྗོད་པ་ཅི་རིགས་པས་མཐའ་བརྒྱན་ཏེ་དགེ་ལེགས་སུ་བྱའོ། །མཚན་ཙམ་གྱིས་ཀྱང་སྲིད་པའི་འཇིགས་འཕྲོག་པའི། །ཐུབ་དབང་སྲས་ཀྱིས་བསྐོར་བའི་མགོན་པོ་རྣམས། །མཆོད་ཐབས་ཀུན་མཁྱེན་བླ་མའི་གསུངས་ལས་བཏུས། །དགེ་བས་རྫོགས་སྨིན་མཐར་ཕྱིན་སངས་རྒྱས་ཤོག །ཅེས་པའང་རྒྱལ་སྲས་འཇམ་དབྱངས་བློ་གྲོས་རྒྱ་མཚོའི་སྒྲ་དབྱངས་ཀྱིས་ཀུན་མཁྱེན་བླ་མ་ཡབ་སྲས་ཀྱི་གསུང་གི་སྙིང་པོ་བསྡུས་ཏེ་ཆུ་ཁྱི་ཆོ་འཕྲུལ་ཟླ་བའི་ཡར་ཚེས་བརྒྱད་ལ་བདེ་མཆོག་བཀྲ་ཤིས་དགེ་འཕེལ་གྱི་དབེན་སྤྱིལ་དུ་བྲིས་པ་རང་གཞན་སེམས་ཅན་ཐམས་ཅད་ཀུན་བཟང་སྤྱོད་པ་རྒྱ་མཚོར་འཇུག་པ་ལ་དཀའ་བ་མེད་པའི་མཐུ་ཐོབ་པའི་རྒྱུར་གྱུར་ཅིག། །།


previousཐུབ་དབང་ཉེ་སྲས་བརྒྱད་ལ་ཕྱག་མཆོད་བསགས་སྦྱང་བྱ་བའི་ཆོ་ག་སྙིང་པོ་བསྡུས་པ་ཀུན་ཕན་བདུད་རྩིའི་སྙིང་པོ། next